སྐྱོ་བས་བརླན་པའི་ཞུ་བ་སེམས་ཀྱི་གཏིང་།

[ཟླ་ཚེས། 2017-09-24 22:00:48][རྩོམ་པ་པོ། ཐེ་བོ་སྐལ་བཟང་ཚུལ་ཁྲིམས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

QQ图片20170504152047.jpg

ཉིན་འདི་དག་ལ་བསྟུད་མར་དྲ་དང་དྲ་ཚོམས་སོགས་ཀྱི་གདན་ཁྲི་མཐོན་པོའི་སྟེང་དུ་སྐྱེས་ཆེན་ཞིག་གི་སྟངས་སྟབས་མི་གཅིག་པའི་སྐུ་བརྗིད་པོའི་འདྲ་པར་སྣ་ཚོགས་བཤམས་ཤིང་།      སོ་སོའི་སེམས་ཀྱི་གཏིང་ལས་དྲངས་བའི་ནང་དོན་འདྲ་མིན་གྱིས་བཞེངས་ཏེ་གྲུབ་པའི་ཡི་གེའི་ཕྲེང་བ་སྣ་ཚོགས་ཀྱིས་གདུང་འབོད་ཞུ་ཡི་འདུག      དེའི་ཁར་རིན་པོ་ཆེའི་རིགས་ཀྱི་མཆོད་རྫས་གྲངས་མེད་ཅིག་གུང་དུ་བསྒྲིགས་ཤིང་།      

མིའི་རིགས་ཀྱི་བཟའ་བཏུང་གི་མཆོག་ཏུ་གྱུར་བ་ཕུན་སུམ་ཚོགས་པར་དྲངས་ནས་གདུང་མཆོད་ཞུ་ཚུལ་སོགས་ཀྱིས་བོད་ཀྱི་སྤྱི་ཚོགས་སུ་ཚ་ཚ་འུར་འུར་གྱི་དྲག་རླབས་ཆེན་པོ་ཞིག་གྱེན་དུ་བསྐྱོད་པར་བྱས།      མི་བུ་དག་གི་གདུང་མཆོད་བྱེད་སྟངས་འདི་ལ་ཞིབ་ཏུ་བརྟགས་ནས་ཡོང་ན་རྒྱལ་ཁབ་ཆུང་ཆུང་གི་རྒྱལ་པོ་ཞིག་སྐུ་གྲོངས་བ་མིན་ནམ་སྙམ་པ་ཞིག་སྐྱེས་འོས་པ་འདྲ་བོ་ཞིག་ཡིན་ནའང་།      རྒྱལ་པོ་ཞིག་གི་ངོའམ་གཙིགས་ཡོད་པ་ལས་རྒྱལ་པོའི་གོ་གནས་ལྡན་པའི་མི་ཞིག་ཁྱོན་ནས་མིན་པ་སྟེ།     

    ཁོང་ནི་འུ་ཚོས་ཡེ་ཤེས་ཀྱི་སྤྱན་དང་མངོན་ཤེས་སོགས་ལ་མ་བརྟེན་པར་རྨོངས་པའི་མིག་གིས་དངོས་སུ་མཇལ་ཐུབ་པའི་སྤྱི་བོའི་གཙུག་གི་ལྷ་མཆོག་རྗེ་སྨན་རི་བ་ཚང་རེད།      སྤྱི་ལོ་ཉིས་སྟོང་བཅུ་བདུན་ལོའི་ཟླ་བ་དགུ་བའི་ཚེས་བཅུ་བཞིའི་ས་སྲོས་ཀྱི་དུས་ཚོད་དྲུག་དང་སྐར་མ་ཉེར་ལྔའི་སྟེང་འཛམ་གླིང་གི་ཉི་མ་འོད་པོ་ཆེ་སར་ལྷུང་བ་ནང་བཞིན་ཁོང་ནི་ང་ཚོ་དང་ཐག་ཤིན་ཏུ་རིང་བར་གྱེས་སོང་བ་ནས་བཟུང་ཚ་ཚ་འུར་འུར་གྱི་གདུང་མཆོད་འདིའི་དབུ་རྩ་བ་ནས་ལངས་པ་རེད།      དེ་ནས་བཤད་ཡོང་ན་འུ་ཅག་གི་གནམ་དང་ས་ནི་ཉི་ཟླ་སྐར་གསུམ་སར་བརྡབས་ཏེ་གས་ཆག་ཤོར་ཚར་ནས་འོད་ཐིག་ཙམ་ཡང་མཐོང་རྒྱུ་དཀོན་པའི་སྨག་རུམ་ཆེན་པོ་བཞིན་ནག་ཐུམ་མེར་གྱུར།      སྔར་གྱི་འོད་སྣང་ཡོད་ཕྱོགས་ལ་རེ་བའི་མིག་ཟུང་ཅེར་ནས་ཅི་ཙམ་བལྟས་ཀྱང་དེ་ཙམ་སྨག་མཐུག་པོར་བཏིབས་པ་ལས་གང་ཡང་མཐོང་རྒྱུ་མེད།        མུན་པའི་ཀློང་དུ་ངེད་ཅག་གི་མདུན་བསྐྱོད་ལམ་གྱི་ཁ་ཕྱོགས་བོར།      རེ་བའི་མིག་ཟུང་རུབས།      སྐྱིད་པའི་འཛུམ་མདངས་སྡུག་གི་མཆི་མས་བརླགས་ཏེ་མྱ་ངན་གྱིས་མནར་གཅོད་དྲག་པོ་བྱེད་ཀྱི་ཡོད་པ་ཁྱེད་ཀྱིས་དབྱིངས་ནས་གཟིགས་སམ་ཅི།      

   རྗེ་སྨན་རི་བ་ཚང་ལགས།      ཁྱེད་ཀྱིས་སྐུ་ཚེ་ཧྲིལ་བོར་དཀའ་བ་བརྒྱ་དང་འབད་པ་སྟོང་གིས་བཞེངས་བའི་བྱས་རྗེས་འོད་ལམ་མེ་བ་དེ་ང་ཚོས་དར་ཆར་དུ་བསྒྲེངས་ཏེ་གདུང་མཆོད་ཞུ་ཡི་ཡོད་པ་ཁྱེད་ཀྱིས་མཁྱེན་ལགས་སམ།      ངས་ཁྱེད་ཀྱིས་སྐུའི་གཟི་མདངས་མཇལ་བ་མེད་ལ་གསུང་གི་བདུད་རྩིའང་རོལ་བ་མེད་སྟབས།      ངས་རང་ལ་སྐལ་མེད་དང་བསོད་ཟད་ཅེས་གཤེ་བཞིན་ཡོད།        དག་པའི་ཀློང་དུ་བདེ་བར་བཞུགས་ལགས་རྗེ་སྨན་རི་བ་ཚང་།      ངའི་ཡ་ཆུང་གི་གདན་ཁྲི་མཐོན་པོའི་སྟེང་ན་དུས་ནམ་ཡང་ཁྱེད་ནི་འཚོ་བཞུགས་གནང་ཡོད།      ཁྱེད་ནི་ངའི་ཐོད་རུས་གཏུག་སའི་དད་རྟེན་ཡིན།      ཁྱེད་ནི་ངའི་ལྷ་དར་འཐེན་སའི་སྐྱབས་མགོན་ཡིན།      ཁྱེད་ནི་ངའི་མཆོད་པ་སྣ་ལྔ་འབུལ་སའི་ལྷ་མཆོག་དེ་ཡིན་ནོ།།     

ཞེས་ཐེ་བོ་སྐལ་བཟང་ཚུལ་ཁྲིམས་ནས་ཡིད་སྤྲུལ་གྱི་མཆོད་པ་ཞིག་གི་དོད་དུ་བྲིས་ཏེ་གུས་པས་སྦྱར་བའོ།།    

 ༢༠༡༧/༩/༡༧ 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།