དྲན་གདུང་གི་འབོད་པ།

[ཟླ་ཚེས། 2017-09-24 11:33:29][རྩོམ་པ་པོ། ཤེས་རབ་སྒྲ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506224091104554.jpg

དབལ་སོ་གངས་རིས་སྐོར་བའི་ཞིང་མཆོག་ན།།

མཁས་དང་གྲུབ་པའི་གཙུག་རྒྱན་སྨན་རི་བ།།

བསྟན་འགྲོའི་དོན་དུ་སྐུ་ཚེ་ཧྲིལ་བོ་ལ།།

མདོ་སྔགས་སེམས་ཀྱི་བཤད་སྒྲུབ་མཁའ་ལ་བསྒྲེང་།།


སྐུ་ལ་མཚན་དཔེའི་དཀྱིལ་འཁོར་ལྷུན་གྱི་གྲུབ།།

གསུང་དབྱངས་ཡན་ལག་དབྱར་རྔའི་སྒྲ་དབྱངས་སྒྲོག།

ཐུགས་རྗེས་བརྩེ་བ་འཛམ་གླིང་ཐ་གྲུ་ཁྱབ།།

འགྲོ་དྲུག་སེམས་ཅན་ཐར་པའི་ལམ་ལ་བཀོད།།


སངས་རྒྱས་ཀུན་གྱི་བདག་ཉིད་སྨན་རི་བ།།

མི་འཇིགས་སྟོབས་ལྡན་གཟི་བརྗིད་ཆེན་པོར་ངང་།།

རིས་མེད་ཆོས་རྒྱུད་རྣམས་ཀྱི་མགོན་དུ་གྱུར།།

དཔལ་ལྡན་བླ་མའི་མཛད་འཕྲིན་ཕྱོགས་མཐའ་ཁྱབ།།


གངས་ཅན་འགྲོ་བའི་མགོན་པོ་ཁྱེད་ཉིད་ཀྱིས།།

རྒྱ་བོད་ཕྱི་ནང་ཀུན་ཏུ་བོན་བསྟན་སྤེལ།།

ཕྱོགས་བཅུའི་འདུས་པ་རྒྱ་མཚོོའི་ཞིང་སར་ལ།།

རྣམ་དག་ཚུལ་ཁྲིམས་གཙང་མའི་དྲི་ཞིམ་འཐུལ།།


མཛེས་སྐུ་གསེར་གྱི་ཀ་ཆེན་འོད་སྣང་ལ།།

ལྷུན་གྲུབ་རིག་འཛིན་ཡེ་ནས་མངོན་དུ་གྱུར།།

མ་རིག་སེམས་ཅན་སྣང་ངོར་མི་རྟག་ཚུལ།།

དགོངས་པ་ཡེ་ཤེས་འོད་གསལ་ཀློང་དུ་ཐིམ།།


རྗེ་བཙུན་བླ་མ་ཞིང་གཞན་ཕེབས་ཉིན་ནས།།

མགོན་མེད་འཁོར་འབངས་ཡོངས་ཀྱིས་སེམས་ལ་ཡང་།།

སྐྱོ་གདུང་དྲག་པོས་མནན་ནས་དྭ་ཕྲུག་ལུས།།

མིག་ཆུ་འཛག་པའི་ངང་ནས་ཁྱེད་ལ་གུས།།

   འཛམ་གླིང་སྲིད་པའི་སྒྲོན་མེ་རྒྱལ་བ་སྨན་རི་བའི་རྒྱལ་ཚབ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་སྨན་རིའི་ཁྲི་འཛིན་སོ་གསུམ་པ་༧སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དགོངས་པ་བོན་གྱི་དབྱིངས་སུ་ཐིམ་སོང་བའི་གནས་ཚུལ་འདི་ཐོས་ནས་སྐྱོ་གདུང་ངང་དུ་རྫ་ཆུ་ལྷུང་ལྷུང་འབབ་པའི་འགྲམ་གྱེར་ཟ་གཡུང་དྲུང་ལྷུན་པོའི་མདུན་དཔལ་རྒྱལ་དབང་ཤར་རྫ་པའི་གདན་ས་རི་ཁྲོད་བར་མ་དགེ་ཐང་བཤད་སྒྲུབ་པདྨ་རྒྱས་པའི་དགའ་ཚལ་ནས་ ༢༠༡༧  ༩   ༢༢   ཉིན་གུས་ཟླ་ཁྱུང་ཤེས་རབ་སྒྲ་རྒྱལ་གྱིས་གསོལ་བ་རྩེ་གཅིག་ཏུ་བཏབ་པའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།