བསོད་ནམས་ཀྱིས་རྒུམ་པའི་མཆོད་ཚིག

[ཟླ་ཚེས། 2017-09-24 00:38:46][རྩོམ་པ་པོ། ཁྱུང་མུ་ཝེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

622b9c754306124077dc5bd76ab26cd1.jpg

རྒྱལ་བའི་རྒྱལ་ཚབ་ལུ༷ང་རྟོ༷གས་བོན་གྱི་མཛོད།།

རྣམ་འདྲེན་གཤེན་གྱི་བསྟན༷་པ༷འི་རྩ་ལག་གང་།།

ཕྱོགས་བཅུར་སྤེལ་བའི་ཉི༷་མ༷་འོད་པོ་ཆེ།།

བསླབ་གསུམ་པད་དཀར་འདབ་མའི་ལང་ཚོ་མཛེས།།


ཉི་ཤུའི་རླུང་གིས་འཇིག་རྟེན་བླ་སྒུལ་ནས།།

བསྟན་པའི་མེ་སོན་ས་ཞབས་སིམ་ཉེ་དུས།།

རྒྱལ་འཕགས་གོང་མ་སྤྲུལ་པའི་ཟློས་གར་གྱི།།

སངས་རྒྱས་མི་གཟུགས་སྤྲུལ་པ་ཁྱེད་མིན་སུ།།


ཕྱི་ནང་ཉེར་འཚེ་གང་གི་མ་བཟོད་པར།།

གྱེར་གྱི་བསྟན་པའི་ཀ་ཆེན་གྱེན་ལ་བསླངས།།

བསླབ་གསུམ་བསྟན་པའི་མེ་རོ་ཕྱོགས་བཅུར་སྦར།།

ལུང་རིགས་དབྱར་རྔ་གོ་ལའི་དབུ་ནས་བརྡུངས།།


འཆད་པའི་གཤེན་ངག་བློ་གསལ་རྣ་བར་སྟིམ།།

རྩོད་པའི་མེ་ཆར་ལོག་སྨྲའི་བྲག་རི་བཅོམ།།

རྩོམ་པའི་ལུང་རིགས་རྒྱལ་བསྟན་དཔྱིས་སུ་འཇོ།།

སྒོ་གསུམ་སྤྱོད་ལམ་འཛམ་གླིང་མིག་གི་གཏོས།།


ཟབ་དགུའི་བདག་ཉིད་ཕྱི་ནང་ལུང་གི་སྙིང་།།

ཆེ་དགུའི་གཙུག་རྒྱན་དྲིན་ཅན་བླ་མ་རྗེ།།

རྟག་ཏུ་རེ་འཛིན་ཅན་ལ་བརྡ་གཏོང་ཕྱིར།།

གློ་བུར་གཤེགས་ཟེར་འཇིག་རྟེན་མུན་ནག་གྱུར།།


གྱེར་གྱི་བསྟན་པའི་ཀ་ཆེན་འགྱེལ་སོང་ཞེས།།

འཇིག་རྟེན་གསལ་བའི་སྒྲོན་མེ་ནུབ་སོང་ཞེས།།

མྱ་ངན་འབོད་ཚིག་གོ་ལའི་ཁྱོན་ཀུན་འགུལ།།

བསྐལ་པ་ཆག་འཇིགས་སོང་བའི་ཚོར་བ་ཞིག།


དད་འབངས་འཁོར་མཚོར་འཁྱམ་པའི་དྭ་བུ་ཚོ།།

མགོ་བོ་ཐེག་པར་དཀའ་བའི་ལོ་ཟླ་འདིར།།

འཁྱོལ་བར་དཀའ་བའི་ཉིན་ཞག་ལོ་ལ་འཁྲུལ།།

གདོང་གི་སྐྱི་པགས་ཀམ་དུས་ག་ལ་སྲིད།།


མགོན་ཁྱེད་གཤེགས་བཞུགས་ཐོག་པ་མེད་པ་ཡི།།

རེ་ཞིག་ཀུན་བཟང་རྒྱལ་སར་གཟིགས་གྱུར་ཀྱང་།།

དྭ་ཕྲུག་ཁྱུ་ཡི་དད་པའི་ལྷ་ཕྱག་དང་།།

གདུང་ཤུགས་དྲག་པོས་གསོལ་བཏབས་རེ་སྨོན་བཞིན།།


ཐུགས་རྗེའི་རྩལ་ཤུགས་འོད་ཀྱི་ཉི་མ་ཞིག། 

དད་ལྡན་མུན་པར་འཁྱམ་པའི་མཁའ་དབྱིངས་སུ།།

མི་འགྱང་འཛུམ་པའི་སྐྱབས་འཇུག་མ་གཡེལ་བའི།།

ཕྲིན་ལས་དམ་ཅན་རྒྱ་མཚོས་དཔུང་གཉེན་མཛོད།།

  ཅེས་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྨན་རིའི་མཁན་རབས་སོ་གསུམ་པ་རྗེ་༧ལུང་རྟོག་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གདུལ་བྱ་རྟག་འཛིན་ཅན་ལ་སུན་འབྱིན་ཕྱིར་གཟུགས་སྐུ་བཀོད་བསྡུས་པའི་གནས་ཚུལ་རྣ་བར་ལྷུང་མ་ཐག་ལུས་སེམས་གཉིས་ཀ་མི་བཟོད་པའི་སྡུག་བསྔལ་གྱི་རྒྱ་རུ་ཚུད་པའི་ཉི་མ་འདིར།  སྒོ་གསུམ་གུས་པའི་ཀློང་ནས་རྗེ་བླ་མའི་བཀའ་དྲིན་རྗེས་སུ་དྲན་བཞིན་སྐྱོ་གདུང་གི་མི་ཆུ་དང་ལྷན་དུ་སྒོང་སྲས་དམུ་རྒྱལ་ཉི་མའམ་ཁྱུང་མུ་ཝེར་ནས་ཕུལ་།


 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།