སྤུ་ལ་ཁྱུང་ནག་བླ་མ་བསོད་ནམས་ཡེ་ཤེས་མཆོག་གི་བརྟན་བཞུགས་ཤིས་རྩོམ།

[ཟླ་ཚེས། 2017-07-02 00:32:37][རྩོམ་པ་པོ། གཟི་མིག་དགུ་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20170702003522.jpg

ཤིས་སྨོན་རིན་ཆེན་འཁྱིལ་བ།

                                      གཅུང་གྱེར་སད།

ཆུང་ནས་དད་པའི་ས་བོན་དཀར་པོ་ཁོར་མོ་ཡུག་ནས་ཁྱེད་ཀྱིས་བསྐྲུན།།

དྭངས་ཤིང་གཙང་བའི་དྲི་མེད་ལྷ་དར་ངང་གིས་འཁོར་བའི་ཡིད་ཀྱི་ངོར།།

རྣམ་གསུམ་དད་པའི་མྱུ་གུ་འཁྲུངས་ཤིང་གདམས་པ་རིན་ཆེན་ཐང་མར་བརྡལ།།

མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་རིན་ཆེན་ནང་ནས་རྩེ་ཕུད་ཡིན།།

 

སྐུ་མཆོག་མཚན་དཔེའི་བསོད་ནམས་ཚོགས་ཀྱི་གསེར་རིའི་བང་རིམ་མངོན་པར་མཐོ།།

གསུང་གིས་བརྒྱད་ཁྲིའི་བོན་སྒོ་སྟོན་ཞིང་ཚངས་པའི་དབྱངས་ཀྱི་ཟླ་ལ་བྱོན།།

ཐུགས་བསྐྱེད་ཡེ་ཤེས་འོད་ཟེར་རླབས་ཀྱིས་འགྲོ་ཀུན་ངན་འགྲོའི་སྡུག་བསྔལ་གཞོམ།།

མི་རྗེ་བླ་མ་བརྟན་དུ་བཞུགས་པར་མི་ཚད་དད་པས་གསོལ་བ་འདེབས།།

 

བདེན་ཚིག་སོ་སྐྱེའི་ཚོད་འབོད།

                            གཅུང་གངས་མྱུག

བསོད་ནམས་རྡུལ་མང་བསགས་པ་ལས།།

རབ་དཀར་ཡེ་ཤེས་རྒྱུད་བསྐུལ་ཏེ།།

བྱུང་བ་མི་དབང་ལྷུན་པོ་མཆོག།

རྡོ་རྗེའི་ཁམས་སུ་བརྟན་པར་མཛོད།།

 

བསོད་ནམས་ཁྱུང་སྔོན་སྐྱེས་ཀྱིས་ཉེར་དྲངས་པའི།།

ལྷུན་གྲུབ་ཡེ་ཤེས་ཉི་མ་ཁོང་ནས་འཆར།།

དྲང་སྲོང་ཆེན་པོའི་རྟུལ་ཞུགས་རེ་རེ་ཡིས།།

མགོན་པོ་མཆོག་ཀྱེ་སྲིད་མཐའི་བར་དུ་བཞུགས།།

 

སྐྱེས་བུ་སྤྲུལ་སྐུ་མི་མཆོག་རྣམས།།

བགྲེས་རྒུད་ཟུག་རྔུའི་ཉེར་འཚེ་ལས།།

བྲལ་བའི་འཕགས་པ་ཅིས་མ་ཡིན།།

ནམ་ཡང་གཞོན་ནུའི་རོལ་པར་མཛོད།།

 

བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པའི་མཐུས།།

འགྲོ་བའི་མགོན་དུ་བསམ་བཞིན་རོལ་པའི་གར།།

ཉེར་འཚེ་རྒུད་པའི་མིང་ཡང་མི་གྲགས་པར།།

བླ་མའི་མཛད་པ་ནམ་ཡང་མ་བསྡུ་ཞིག།

ཅེས་དབྲ་ཁྱུང་བླ་མ་བསོད་ནམས་ཡེ་ཤེས་བརྟན་བཞུགས་ཉིན་མཆེད་པོ་གྱེར་སད་ཀྱིས་བཀའ་ཕེབས་ལྟར་༢༠༡༧/༦/༣༠ཉིན་གཅུང་གངས་མྱུག་གིས་ཕུལ། 

 

བརྟན་བཞུགས་ཤིས་སྨོན།

                          བསོད་ནམས་གཡུང་དྲུང་།

ཡས་དབུབ་བླ་མེད་ལྟ་བ་ཀ་དག་རིག་པའི་ཀློང་།།

མས་འཛེགས་སེམས་སྤྱོད་ཟབ་མོ་བསོད་ནམས་ནུས་པའི་མཐུས།།

སྙིང་རྗེའི་གཞི་མ་རང་བྱུང་ཡེ་ཤེས་གཅེར་གྱིས་མངོན།།

ཕྱིན་བཅུའི་བླང་དོར་ཤན་འབྱེད་ཤི་གསོན་བདེ་ལ་སྦྱར།།

 

ཕྱྭ་གཤེན་ཁོག་དབུབ་ཐུགས་བརྟག་མངོན་པར་ཤེས་པའི་འཕྲུལ།།

སྣང་གཤེན་གྱེར་སྒོ་མཚན་མེད་སྒྲུབ་པ་གསལ་བའི་མཚན།།

འཕྲུལ་གཤེན་མཐུ་དབང་རྫུ་འཕྲུལ་རྣམ་ཤེས་བར་སར་འགོད།།

ལྟ་བ་རླབས་བསྐྱོད་ཀྱི་མགོན་པོ་ཁྱུང་ཆེན་རྗེ།།

 

སྤྱོད་པ་མ་ངེས་ཚོགས་གཉིས་བསོད་ནམས་གཏེར་དུ་རྡོལ།།

སྒོམ་པ་ངེས་མེད་ཡང་རྩེའི་ཡེ་ཤེས་གོམས་ཤིང་བརྟན།།

འཕྲིན་ལས་ཞི་དྲག་ལས་ཟབ་དཔོན་གསས་གཙུག་ཏུ་བཀུར།།

གུས་གཅུང་བསོད་གཡུང་པས་སྒོ་གསུམ་གུས་པའི་སྒོ་ནས་གསོལ་བ་ཕུར་ཚུགས་སུ་བཏབས་ཏེ་ཕུལ། སྤྱི་ལོ་2017ཟླ་6ཚེས་30ཉིན།

 

རྗེས་དྲན་དང་བརྟན་བཞུགས།

                                 དཔོན་འབྲུག་རྒྱལ།

འགྲོ་བའི་དོན་དུ་ཉིན་མཚན་འདུར་བ་དང་།།

བསྟན་པའི་ཆེད་དུ་ལུས་སྲོག་བློས་གཏོང་བ།།

བླ་མ་ཁྱེད་ཀྱི་སྐུ་ཚེའི་མཛད་འཕྲིན་ཡིན།།

དེ་དག་མི་བརྗེད་སྙིང་གི་དབུས་ནས་དྲན།།

 

འགྲོ་ལ་སྙིང་རྗེའི་སྤྱན་གྱིས་ད་དུང་གཟིགས།།

བསྟན་ལ་འཕྲིན་ལས་འོད་ཟེར་སླར་ཡང་སྤྲོས།།

བདག་ཅག་གདུལ་བྱ་རྒྱ་མཚོའི་དཔལ་མགོན་དུ།།

ཞབས་པད་གཡུང་དྲུང་ཁྲི་རུ་བརྟན་བཞུགས་ཞུ།།

 

བརྟན་བཞུགས་སྨོན་ཚིག

                               རག་བཙུན་དྲུང་ཉི།

སྒྱུ་འཕྲུལ་རོལ་པའི་གར་གྱིས་ནད་གདོན་འདུལ།།

ཉམས་རྟོགས་དམིགས་པའི་ཀློང་ནས་བྱིན་ཆེན་འབེབས།།

ཐབས་མཁས་ཐུགས་རྗེའི་ལྕགས་ཀྱུས་འགྲོ་བ་འདྲེན།།

བཀའ་དྲིན་སུམ་ལྡན་རྩ་བའི་བླ་མར་འདུད།།

 

མདོ་སྟོད་གཅུང་པ་ཤོག་དགུའི་མགོན་གཅིག་པུ།།

བརྗོད་མེད་བསམ་མཐའ་ཡས་པའི་བཀའ་དྲིན་ཅན།།

དེ་རིང་བསྐལ་བཟང་གསེར་གྱི་ཉིན་མོ་འདིར།།

རྗེས་དྲན་ཡིད་ཀྱིས་བརྟན་བཞུགས་སྨོན་གསོལ་འདེབས།།

 

སྒོ་གསུམ་མི་ཕྱེད་དད་པའི་དམིགས་བློ་ཡིས།།

རྩེ་གཅིག་སྙིང་ནས་གསོལ་བ་འདི་བཏབས་པས།།

གོང་ཉིད་འུ་ཅག་འགྲོ་བའི་སྐྱབས་མགོན་དུ།།

སྲིད་མཐའི་བར་དུ་གཟིགས་པར་མཛད་གསོལ་ཞུ།།

 

བརྟན་བཞུགས་ཤིས་ཚིག

                               བྱམས་ལྡན་སྤྱང་ཀི

གང་གི་བྱམས་བརྩེས་འགྲོ་བ་རིས་སུ་མ་བཅད།།

སྲིད་པའི་ཚ་གདུང་སེལ་བའི་མཚན་མོའི་མགོན་ལ།།

བཀའ་དྲིན་རྒྱ་མཚོའི་ཀློང་ནས་དྲན་པས་འབོད་ཅིང་།།

བསྐལ་བཟང་གདུལ་བྱ་སྐྱོང་ཞིང་རྟག་བརྟན་བཞུགས་མཛོད།།

 

བརྟན་བཞུགས་ཤིས་ཚིག

                         གཡོལ་པོ་གསེར་འོད།

རྣམ་དཀར་བསོད་ནམས་ཡོངས་སུ་རྫོགས་པས་འགྲོ་བའི་མགོན་དུ་སྐྱེ་ཕྲེང་བརྒྱུད།།

ཡེ་ཤེས་མཁའ་ནས་དམིགས་མེད་སྙིང་རྗེས་འཕྲིན་ལས་རྒྱུན་ཆད་མེད་པར་འཇུག།

སྐྱ་སེར་གཉིས་ཀྱི་མཚམས་ན་འགྲེང་ཡང་སྐྱ་སེར་ཀུན་གྱིས་སྙོམས་པར་བཀུར།།

ཐེག་པ་རིམ་དགུའི་ཀློང་ན་ཡིབ་ཀྱང་རྨོངས་འགྲོའི་ལམ་སྟོན་དམ་པར་བསྔགས།།

 

བརྟན་བཞུགས་སྨོན་ཚིག

                                    བོན་གྱི་བཙུན་པ།

རབ་དཀར་བསོད་ནམས་ཆུ་གཏེར་ལས་འཁྲུངས་ཤིང་།།

རབ་ཟབ་ཡེ་ཤེས་ཚོགས་ཆེན་རིན་ཆེན་གཟུགས།།

རབ་ལེགས་རྒྱལ་ཁྱུང་རྒྱལ་མཚན་རྩེ་མོར་མཆོད།།

རབ་མང་སྐྱེ་རྒུའི་མགོན་དུ་རྟག་བརྟན་གསོལ།།

བརྟན་བཞུགས་སྨོན་ཚིག

                                  བཙན་ཞགས།

ཀ་ནས་དག་པའི་སེམས་དཔའ་ཡིན་ཞེས་ཁོ་བོས་འཐད་ཚིག་སྨྲ་མི་སྤོབས།།

དེ་བཞིན་སྤྲུལ་སྐུའི་མཚན་ཅན་རེད་ཅེས་བདེན་ཚིག་ཏག་ཏག་གོ་ཐོས་མེད།།

འོན་ཀྱང་སྤུ་ལའི་དགོན་སྡེ་གཉིས་ལ་ལམ་སྟོན་མཛད་པའི་བཀའ་དྲིན་ཅན།།

བསོད་ནམས་མཚན་ཅན་མགོན་དུ་གྱུར་པའི་དམ་པ་གང་དེ་རྟག་གྱུར་ཅིག།

 2017/6/30/ཉིན། ཆ་རྒྱུས་གང་ཡང་མེད་སྟབས་བསྟོད་བསྔགས་ཡག་ཙམ་འབྲི་མ་ཤེས། འོན་ཀྱང་སྤུན་མཆེད་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་བཀའ་ཕེབས་ལྟར་རྟེན་འབྲེལ་ཙམ་ཞིག་གིས་དོད་དུ་ཤར་མར་བྲིས་ཏེ་སྤེལ།

 

ཞབས་བརྟན་སྨོན་ཚིག

                       ཤེས་རབ་ཕར་ཕྱིན།

ཨ་བླའི་ལས་ཐམ་རྡོ་རྗེ་རྒྱ་གྲམ་དང་།།

དབུ་ཞྭ་གསེར་མདོག་མུ་མེན་ཏོག་འཆང་ཆེ།།

བསོད་ནམས་ཡེ་ཤེས་ཚོགས་ཆེན་རབ་རྫོགས་པའི།།

མི་རྗེ་བླ་མ་ཡིད་བཞིན་ནོ་བུ་མཆོག།

 

རིག་གསར་གོད་ཆགས་སྨག་རུམ་འཁྲིགས་པའི་ནང་།།

སྦས་པའི་ཐབས་ཀྱིས་ཐོས་བསམ་སྒོམ་བརྩོན་ཅིང་།།

ཆོས་དད་རང་མོས་བསྐལ་བཟང་དུས་ཀྱི་ཆར།།

དགོན་སྡེ་དུ་མའི་ཞིག་ཤུལ་བསྐྱར་གསོ་མཛད།།

 

ཉམ་ཆུང་འབྱོར་མེད་ན་ཤི་དུར་གསུམ་དུས།།

ཕུང་པོ་དུར་བསྐྱལ་གསོན་ལ་སྦྱིན་སྟོབས་ཆེ།།

སྟོང་ཉིད་སྙིང་རྗེའི་རྩལ་ཆེན་ཡོངས་རྫོགས་པའི།།

རྩ་བའི་བླ་མ་ཞབས་པད་རྟག་བརྟན་ཤོག།

                བླ་རུ་བཙུན་པ་ཤེས་རབ་ཕར་ཕྱིན་ནས། 2017/6/30ཉིན།

 

ཞབས་བརྟན་སྨོན་ཚིག

                                གཅུང་གངས་ཆབ།

བཀོད་ལེགས་རབ་ཡངས་ཚོགས་ཆེན་འདུ་ཁང་དུ།།

དད་ལྡན་ཁྲི་མ་འབུམ་ཚོ་འདུས་པ་ན།།

སྤྱོད་གཙང་ཞི་དུལ་མདངས་དང་བརྩེ་ཉམས་ཀྱིས།།

འཁོར་ཚོགས་རྒྱ་མཚོའི་དད་པ་འདྲེན་པ་ཡི།།

བསོད་ནམས་ཡེ་ཤེས་རྒྱ་མཚོ་རྒྱས་གྱུར་ཅིག།

ཕེབས་པའི་མོད་ལ་དད་ལྡན་གུས་ཤིང་བཀུར།།

མཛེས་བརྗིད་ཆོས་ཀྱི་ཁྲི་ལ་བཞུགས་མ་ཐག།

གདངས་སྙན་སྨོན་ལམ་གསུམ་གྱི་སྒྲ་དབྱངས་དང་།།

སིལ་སྙན་གླིང་བུའི་ཁྲོད་ནས་སྤྲོ་བྱེད་དུས།།

དད་གདུང་ལྷང་གིས་འདྲེན་ལ་གསོལ་བ་འདེབས།།

ཉམས་དགའ་སྤྲོ་བའི་སྣང་བས་རྫོགས་པ་ན།།

སྙན་ཞིང་མཐོ་བའི་གདངས་ཀྱིས་བྱང་ཆུབ་ལམ།།

ཉམས་མྱོང་ཀློང་ནས་ཟབ་རྒུའི་ཐར་པའི་རོ།།

བསྩལ་བས་བྱང་ཆུབ་ས་བོན་ཐེབས་ངེས་པའི།།

ཁྱུང་ནག་བསོད་ནམས་ཡེ་ཤེས་ཞབས་བརྟན་ཤོག།

 

གསང་གསུམ་དགྱེས་པའི་བརྟན་བཞུགས་ཌཱཀྐིའི་གླུ་དབྱངས།

ཡེ་ཤེས་གོང་འཕེལ།

ཐུགས་རྗེ་བྱམས་མ་རྒྱལ་ཀུན་བསྐྱེད་པའི་ཡུམ།།

སྐྱེ་མ་འོད་མཚོ་ཡི་དམ་དཀྱིལ་འཁོར་བདག།

བསྐལ་པ་བཟང་མོ་མཁའ་འགྲོ་འབུམ་གྱི་གཙོ།།

གསང་གསུམ་སྲུངས་ལ་ཕྱི་ནང་བར་ཆོད་སོལ།།

 

ལྟ་བ་ཡེ་གྲོལ་བོན་སྐུའི་དབྱིངས་ཡངས་སུ།།

སྒོམ་པ་རིག་སྟོང་གཤིས་ཀྱི་ཉི་ཟླ་ཤར།།

སྤྱོད་པ་རྫུ་འཕྲུལ་རྡུལ་ཤུགས་རོལ་པའི་གར།།

རིག་འཛིན་ཆེན་པོའི་སྐུ་རུ་རྟག་འཚོ་བཞེས།།

 

བར་ཆོད་ཚེ་བདུད་ཀ་དག་ངང་དུ་ཞི།།

ལྷུན་གྲུབ་རོལ་རྩལ་རིང་འཚོའི་དཔལ་དུ་རྫོགས།།

ཟུང་འཇུག་རིག་སྟོང་གཤིས་ལས་མ་གཡོས་པར།།

ཉག་གཅིག་ངང་དུ་བརྟན་བཞུགས་ཨེ་མ་ཧོ།།

 

བསོད་ནམས་ལས་འཁྲུངས་འབྱུང་ཕུང་ལྷ་སྐུར་སྨིན།།

ཐུགས་ཉིད་གསལ་སྟོང་ཡེ་ཤེས་བདེ་ཆེན་གྲུབ།།

གསུང་གསང་ལྷ་ཡི་སྔགས་འཛབ་རང་སྒྲ་གྲགས།།

སྐུ་གསུང་ཐུགས་གསང་མི་ཟད་བརྒྱན་དུ་ཤིས།།

ཞེས་གཤེན་བཙུན་ཡེ་ཤེས་གོང་འཕེལ་གྱིས་༢༠༡༧/༦/༣༠ཉིན་ཤར་གྲོལ་སྨིན་གླིང་དགོན་དུ་ཐུན་མཚམས་སུ་གསོལ་བ་བཏབས་པའོ།།

 

ཤིས་སྨོན་དུ་ཕུལ་བ།

                                     གཟུབརྩེ་སྨྱུག

དཀར་ཤོད༵་ཡུལ་དུ་ལྟེ་ཁྲག་འཕོས་བས་དམ་པ་ཁྱེད་ལ་ལན་བརྒྱར་འདུད།།

ཁྱེད་ཀྱིས་མཛད་འཕྲིན་ཕྱོགས་བཞིར་ཁྱབ་ཅིང་དཀར༵་ཤོད༵་ཡུལ་དུ་འོད་འཁྱུག་ཤོག།

དཀར༵་ཤོད༵་ཡུལ་གྱི་ཉི་ཤུའི་སྨག་རུམ་ཁྱེད་ཀྱིས་གསལ་ཞིང་འཚེར་བར་ཤོག།

བདེན་པའི་རང་སྒྲའི་གད་རྒྱང་དང་པོ་མགོན་པོ་ཁྱེད་ཀྱིས་བསྒྲོག་པར་སྨོན།།

                                                  2017/6/30ཉིན།

 

བརྟན་བཞུགས་དད་པའི་མེ་ཏོག

                                     -ཁམས་གངས་ཐིག

སྔ་འགྱུར་དུས་ཀྱི་སྨག་རུམ་གཤགས་པའི་འོད་ཀྱི་གོང་བུ་ཞིག།

ལས་ལྡན་བསོད་ནམས་སྐལ་དུ་བབས་པའི་ལྷ་མཆོག་གསོན་པོའི་གཟུཌ།

འབྱོར་ཕྱུག་མི་ཡི་ངོ་སོ་མི་ལྟ་ཤི་གསོན་ཡོངས་ཀྱི་མགོན།།

རིས་མེད་བསྟན་འགྲོའི་དཔལ་དུ་ཤར་བའི་ཐུགས་རྗེའི་ཉི་བཞོན་མཆོག།

 

ཞལ་རས་པད་མ་རྒྱས་པའི་བྱམས་བརྩེའི་འཛུམ་ཟེར་རབ་བཞད་དེ།།

དད་སེམས་ཡིད་ཀྱི་རྟེན་དུ་མི་འགྱུར་བསྐལ་བརྒྱར་བཞུགས་མཛད་གསོལ།།

བྱིན་ཆགས་གསེར་གྱི་ལྷུན་བཞིན་ཁྱེད་སྐུ་མཚན་དཔེའི་ལང་ཚོ་འདི།།

མི་ནུབ་སྲིད་པའི་མཐའ་ཡང་བྱིན་རླབས་འོད་ཟེར་སྤྲོ་རུ་གསོལ།།

ཤར་ལྷོ་རྒྱ་མཚོའི་འགྲམ་ནས།2017/6/30ཉིན་དད་ཕྱག་དང་བཅས་ཏེ་ཕུལ།

 

རྟག་བརྟན་སྨོན་ཚིག

                                         སྙིང་གསོན་པོ།

གངྒཱའི་རྡུལ་སྙེད་རྒྱལ་བའི་སྲོག་གི་ཁམས།།

མཚན་དཔེའི་ཚོམ་བུར་སྤུངས་པ་ལྷག་པའི་ལྷ།།

རྒྱལ་ཀུན་ཡུམ་མཆོག་མྱུར་མ་དཔའ་མོ་སོགས།།

བན་བོན་ཚེ་ལྷའི་ཚོགས་ཀྱིས་སྲུང་དུ་གསོལ།།

 

མདོ་ཁམས་དཀར་ཤོད་སཱ་ལའི་སྨན་ལྗོངས་ཞེས།།

སུམ་རྩེན་སྐྱེངས་པ་སྟེར་བའི་གནས་མཆོག་དེའི།།

གྲུབ་མཐའ་གསུམ་གྱི་ཡ་གྱལ་གཡུང་དྲུང་བོན།།

བསྟན་པའི་སྲོག་འཛིན་དམ་པ་ཁྱུང་ནག་པ།།

 

བསོད་ནམས་ཡེ་ཤེས་མཚན་སུ་གསོལ་བ་གང་།།

ཞབས་པད་གཡུང་དྲུང་རིས་སུ་བརྟན་པ་དང་།།

དཀར་ཤོད་ལྗོངས་འདིར་ཆོས་ལུགས་འཆམ་འཐུན་ངང་།།

གནས་ཤིང་འགྲོ་རྣམས་བདེ་དགས་འཚོ་བར་སྨོན།།

ཅེས་དཀར་ཤོད་ཤུགས་ཆེན་མགོ་ཤུལ་གྱི་གྲྭ་སྐལ་བཟང་དངོས་གྲུབ་ཀྱིས་ཁྱུང་ནག་བླ་མའི་བླ་གཟའི་ཉིན་མོར་ཕུལ།

 

བརྟན་བཞུགས་ཤིས་ཚིག

                                གཡུང་དྲུང་འཇིགས་བྲལ།

དུས་འགྱུར་སྲིད་པའི་བུ་ཡུག་ཁྲོད་ནས་བསྟན་པའི་མེ་རོ་ཁྱེད་ཀྱིས་སྤར།།

ཤི་གསོན་གཉིས་ཀྱི་འདི་དང་ཕྱི་མའི་རེ་འདོད་མ་ལུས་ཁྱེད་ཀྱིས་བསྒྲུབས།།

ཕྱུག་དང་དབུལ་པོའི་ལྟ་བ་མེད་པར་རིས་མེད་བྱམས་དང་སྙིང་རྗེས་བསྐྱངས།།

སྐྱབས་རྗེ་དམ་པ་བསོད་ནམས་ཡེ་ཤེས་སྐུ་གེགས་མི་མངའ་རྟག་བརྟན་ཤོག།

 

སྨོན་ཚིག་དར་དཀར་ཆུན་པོ།

                                        མྱི་ཁྲ་ཁྲ།

ཁྱུང་རབས་སྲིད་པའི་གདུང་ལས་སྐུ་བལྟམས་ཤིང་།།

ཁྱུང་ནག་སྤུ་ལ་ལྷ་སྡེའི་བླ་རུ་གྱུར།།

ཁྱུང་གི་ཨ་བླའི་རྒྱུད་པ་མ་ཆད་པ།།

ཁྱུང་ནག་བླ་མ་བསོད་ནམས་མཚན་ཅན་རྨད།།

 

མེས་པོའི་རིག་གཞུང་སྲོག་ལྟར་གཅེས་སྐྱོངས་གནང་།།

ཉིན་མཚན་བར་མེད་འགྲོ་བའི་ཕན་བདེ་བསྐྲུན།།

ཤི་གསོན་ཀུན་གྱི་རེ་བའི་འཁྲིང་ཐག་ཁོང་།།

མི་ཤིགས་སྐུ་རུ་གཡུང་དྲུང་རྟག་བརྟན་ཤོག།

 

རྟག་བརྟན་ཤིས་ཚིག

                                        ཁམས་ཉག་ཕྲན།

སྐྱེ་རྒུའི་བསོད་ནམས་ཤར་རིའི་རྩེ་ནས་མངོན་འཕགས་བྱམས་བརྩེའི་འོད་སྟོང་སྲིད་ན་རབ་མཛེས་ཤིང།།

རྒྱལ་ཀུན་ཡེ་ཤེས་ཐུགས་རྗེ་མ་ལུས་གཅིག་ཏུ་བསྡུས་པའི་འཕྲིན་ལས་དུང་ཟླའི་ཆ་ཤས་རྫོགས།།

རྒྱལ་བསྟན་རིས་མེད་གཞུང་ལུགས་སྤྱི་དང་ཁྱད་པར་ཞྭ་དཀར་གཡུང་དྲུང་བོན་བསྟན་གསལ་མཛད་པ།།

མདོ་སྟོད་གཅུང་ཡུལ་འགྲོ་བའི་བླ་མ་བསོད་ནམས་ཡེ་ཤེས་བསྟན་འགྲོའི་མགོན་དུ་ཞབས་བརྟན་ཤོག།

 

སེམས་ཀྱི་མཆོད་དབྱངས།

                                        ཁམས་བྲག་རྩའི་བུ་རྒྱུད།

འགྱུར་མེད་གཡུང་དྲུང་ཐུགས་གཤིས་རྒྱན་གསོལ་མ་བྲལ་བའི།།

དད་ཕྱག་ཕྲེང་བའི་ཁ་གཡང་ཟད་མེད་འགྲོ་ལ་བཏང་།།

མེས་པོ་གོང་མའི་གདུང་རྒྱུད་ཉམས་མེད་སྐྱོང་མཛད་པའི།།

སྐུ་བརྗིད་མི་འགྱུར་ལྷུན་པོ་མི་གཟུགས་དངོས་སུ་འཁྲུངས།།

 

གདུང་རབས་རྣམས་ཀྱི་ཐུགས་རྫེའི་བྱིན་རླབས་མ་ཡལ་བའི།།

རྟ་བདུན་བཞིན་དུ་ནུབ་མེད་སྲིད་འདིར་འཕྲོས་པ་ལ།།

མི་འགྱུར་རྟག་ཏུ་གནས་པའི་སེམས་ཀྱི་མཆོད་སྤྲིན་འབུལ།།

སྐུ་རྗེ་བྲག་ལས་སྲ་ཞིང་བསྟན་འགྲོའི་མགོན་སྐྱབས་གསོལ།།

 

རྟན་བཞུགས་ཤིས་ཚིག

                                   ཨུཏྤལ་ནག་པོ།

ཁྱུང་རབས་རིམ་པའི་རིགས་ཀྱི་གཡང་རྟེན་ཁྱེད།།

ཡོངས་རྫོགས་བསྟན་པའི་མངའ་བདག་བོན་གྱི་རྗེ།།

འགྲོ་དྲུག་ཀུན་ཀྱི་ཡབ་གཅིག་ཁྱུང་ནག་བླ།།

ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།

 

རྟན་བརྟན་མཆོད་པའི་ལྷ་རྫས།

                                     སོག་གསེར་ཐིག

སྐུ་མཆོག་མཚན་དཔེའི་དཔལ་འབར་བརྒྱད་ཁྲིའི་འོད་སྟོང་འཕྲོས།།

གསུང་མཆོག་གསང་སྔགས་བདག་པོ་འགགས་མེད་གདོང་ལྔའི་དབྱངས།།

ཐུགས་མཆོག་འཁོར་འདས་མངོན་གཟིགས་མ་ལུས་གང་སྣང་ཤར།།

མཆོག་གསུམ་འགྲོ་བའི་བླ་མ་ཁྱུང་ནག་མི་ཡི་རྗེ།།

 

ལྷར་གཅས་གདུལ་བྱའི་མགོན་དུ་བསོད་ནམས་ཚོགས་གཉིས་ཆེ།།

རྒྱལ་ཀུན་མཁྱེན་བརྩེ་གཅིག་བསྡུས་ཡེ་ཤེས་ཐུགས་རྒྱུད་བརླན།།

མ་རིག་གཉིས་འཛིན་གཅོག་པའི་མུན་སེལ་ལམ་སྟོན་པ།།

སེམས་ཀྱི་མཆོད་པའི་ལྷ་རྫས་དད་པའི་རྟེན་དུ་འབུལ།།

 

མགོན་ཁྱེད་བསྟན་འགྲོའི་དོན་དུ་ཇི་སྲིད་རབ་བཞུགས་ནས།།

མ་དག་འཁོར་བའི་སེམས་ཅན་ཐར་ལམ་འདྲེན་པའི་ཕྱིར།།

སྐུ་ཚེ་བསྐལ་བརྒྱའི་བར་དུ་གེགས་མེད་བརྟན་བཞུགས་ནས།།

འགྲོ་དོན་ལྷུན་གྲུབ་ཡོང་བའི་བསྟོད་ཚིག་མཆོད་རྫས་འབུལ།།

སོག་གསེར་ཐིག་ནས་བླ་མའི་བཀའ་དྲིན་དྲན་པའི་བསྟོད་ཚིག་མཆོད་པའི་ལྷ་རྫས་འདི་ནི་གྲོགས་གྱེར་སད་ཀྱིས་བཀའ་མངགས་ལྟར་ཕུལ་བས་བྲིས་དོན་ལྟར་འགྲུབ་པར་སྨོན།

 

ཁྱེད་ཀྱི་བཀའ་དྲིན་བདག་གི་སེམས་ལ་ཡོད།

                       སྤེ་ཐོག་མདའ།

དུས་འགྱུར་གོད་ཆག་སྟོང་གི་བསྐལ་ཁུག་ཏུ།།

དུས་མི་ཀླ་ཀློས་རྒྱལ་ཁམས་ཡོངས་གཙེས་ཀྱང་།།

དུས་མཐའི་བསོད་ནམས་དཔལ་དུ་འཚོ་བཞུགས་པ།།

དུས་ཐོག་ནོར་བུ་ཟུང་གི་ཡ་གྱལ་ཡིན།།

 

ཆོས་ལུགས་དད་གུས་རང་མོས་བཞགས་ཀྱང་རུང་།།

ཆོས་མཁན་སེར་གཟུགས་ཙམ་ཡང་ཆེས་དཀོན་དུས།།

ཆོས་རྨོངས་ཆོལ་ཁའི་དད་ལྡན་མང་ཚོགས་ལ།།

ཆོས་ཀྱི་དགོས་མཁོ་སྐོང་མཁན་ཁྱེད་ལས་སུ།།

 

ཡུལ་དབུས་འདི་དང་ཉེ་འཁོར་ཡུལ་ལུང་གི།

གསོན་པོའི་ལེགས་ཉེས་བློ་ཕུགས་བཅོལ་ས་དང་།།

གཤིན་པོའི་བདེ་སྡུག་རེ་ལྟོས་འཆའ་ས་སོགས།།

ཐམས་ཅད་ཀུན་གྱི་ཡོད་ཚད་ཡོད་ཚད་ཡིན།།

 

ཁྱེད་སྐུ་དཔག་བསམ་ལྗོན་པའི་གྲིབ་བསིལ་འོག།

དད་འབངས་ཤི་གསོན་ཁྲི་སྟོང་རྣམ་ཤེས་དེ།།

རང་མོས་དགའ་བ་འབུམ་གྱི་དད་གུས་བཅས།།

ངལ་གསོ་འཚོ་སྡོད་བྱས་པ་དུས་ཐུང་མིན།།

 

སྒྲིབ་སྦྱོང་མུན་སེལ་སྒྲོན་མེའི་འོད་སྣང་གི།

ཆོ་གའི་ལས་ཚོགས་ཟབ་མོའི་འཇུག་སྒོ་ནས།།

བརྩེ་བས་གཤིན་དོན་དམིགས་པའི་ཧིགཿསྒྲ་དེས།།

སྡིག་ཅན་བཙན་ཐབས་འཕོ་བའི་རྣམ་པ་བསྟན།།

 

གཉིས་འཛིན་གཅོད་པའི་དཔའ་བོའི་གད་རྒྱང་དེ།།

མི་འཇིགས་ཁ་ལྔ་ཁྲོས་པའི་ངར་དབྱངས་ལས།།

དྲག་པོར་བཀྱོན་པའི་ཕཊཿསྒྲ་རེ་རེ་ཡིས།།

རྨོངས་ངོར་ལྷ་འདྲེའི་གཅན་ཚོགས་ཕམ་སྣང་འཆར།།

 

གང་དག་འབྱོར་བར་མ་ལྟོས་དད་འབངས་ལ།།

གང་ཐད་ཆོས་དང་འབྲེལ་བའི་དགོས་མཁོ་དག།

གང་དགོས་སྐོང་ལ་ངལ་བ་མི་འཛེམ་ཞིང་།།

གང་ཞིག་དམ་པའི་རྣམ་ཐར་རྗེས་སུ་འཛིན།།

 

ཇི་སྲིད་འབངས་ཀྱི་དད་སེམས་མ་སྟོང་བར།།

དེ་སྲིད་ཡུལ་གྱི་ལྷ་མིའི་གཡང་རྟེན་དུ།།

མི་འགྱུར་གཡུང་དྲུང་བརྟན་པའི་བྲག་ཐོག་ཏུ།།

མི་ཤིགས་རྡོ་རྗེའི་གུར་གྱིས་རབ་སྲུངས་ཤིག།

 

བརྟན་བཞུགས་སྨོན་ཚིག

                                གཅུང་ཁྲི་ལོ།

ཚེ་རབས་ལས་ཀྱི་བླ་མ་བསོད་ནམས་མཚན།།

སྔོན་བསགས་ཚོགས་གཉིས་འབྲས་བུ་ཡེ་ཤེས་གཏེར།།

ཁྱུང་ནག་གདུང་ལས་འཁྲུངས་པ་གཙུག་གི་ནོར།།

རྩ་བའི་བླ་མའི་ཞབས་པད་རྟག་བརྟན་ཤོག།

 

དེད་དཔོན་ལགས།

                         ——— འབྲུཿདུག་མདའ།

རྣམ་དཀར་དགེ་བའི་གཙུག་རྒྱན་བསོད་ནམས་ཅན།།

ཡེ་ཤེས་རྣམ་པར་རྟོགས་པའི་ཁྱུང་ནག་མགོན།།

ལུང་རྟོགས་ཆོས་གྱི་རྗེ་བོ་གསང་བའི་བདག།

ལྷད་མེད་དད་པའི་བསམ་བློས་ཕྱག་འཚལ་ལོ།།

 

དྲང་པོའི་ཚད་མ་དཀའ་བའི་འཇིག་རྟེན་འདིར།།

དྲང་གི་ཐིག་ཤིང་ཡོད་ན་ཁྱེད་ཉིད་སུ།།

ཡུལ་སྡེ་སྤུ་ལའི་ཕྱོགས་ཀྱི་དེད་དཔོན་ལགས།།

ས་མཐའི་ཨ་ཇོ་ང་ཡིས་ཁྱེད་ལ་དད།།

 

སེམས་ཀྱི་ཉི་གཞོན་འདྲ་བའི་བླ་མ་ལགས།།

ཁྱེད་ཀྱི་དྲོད་སྐྱིད་མེད་སའི་ཟུར་མོ་མེད།།

ཐུགས་ཞེ་གངས་དཀར་འདྲ་བའི་སྐྱབས་མགོན་ལགས།།

ཁྱེད་ནི་སྨན་ལྗོངས་སྤུ་ལའི་ཁྱུང་ཆེན་རེད།།

 

སེམས་ཀྱི་མཆོད་སྤྲིན།

                                     ཤེས་རབ་གྲགས་པ།

ངེས་འབྱུང་ཚུལ་ཁྲིམས་གསེར་རིའི་ལྷུན་པོ་ལ།།

གཞན་ཕན་བྱང་སེམས་དཔག་བསམ་ལོ་འབྲས་ཕྱུག།

རིམ་གཉིས་ཟབ་མོའི་ཞེན་གནང་དབྱིངས་སུ་ཟད།།

སྐུ་གཞི་ཡེ་ཤེས་བླ་མར་བརྟན་བཞུགས་གསོལ།།

 

མཐའ་བྲལ་ལྟ་བའི་རྩེ་མོ་དགུང་དུ་མཐོ།།

འོད་གསལ་བསྒོམས་པའི་ཉི་གཞོན་མཁའ་ལ་ཤར།།

མ་བཅོས་གཤིས་ཀྱི་རིག་པའི་སྤྱོད་པ་འཆང་།།

འོད་གསལ་བླ་མེད་བླ་མར་བརྟན་བཞུགས་གསོལ།།

 

བཀྲ་ཤིས་བརྟན་བཞུགས་སྨོན་ཚིག

  སོག་སྐལ།

སྐྱབས་གནས་མཆོག་གསུམ་བླ་མེད་བདེན་མཐུ་ཡིས།།

སྐུ་ཚེ་མི་འགྱུར་རྡོ་རྗེའི་ཚེ་མཐའ་རུ།།

ཆོལ་གསུམ་གངས་ཅན་བོད་པའི་བསྟན་འགྲོའི་མགོན།།

མི་འཇིགས་གཡུང་དྲུང་ཁྲི་ལ་ཡུན་གནས་ཤོག།

 

བསོད་ནམས་བཟང་པོའི་ཞིང་ས་གཤིན་པོ་རུ།།

ཡེ་ཤེས་ཀློང་ལས་འཁྲུངས་པའི་མི་བོ་མཆོག།

མི་འགྱུར་དད་པ་བརྟན་པོའི་གདུལ་བྱའི་དོན།།

ནམ་ཡང་སྐུ་ཚེ་ཡུན་དུ་བརྟན་པར་ཤོག།

 

སྟག་སེང་ཁྱུང་ལས་གྲུབ་པའི་བོན་སྐུ་ཆེ། །

བཀྲ་ཤིས་གསེར་གྱི་ཉི་མ་རང་ཤར་ནས། །

བཤད་སྒྲུབ་འཁོར་ལོ་བཟང་པོའི་ལྟེ་བ་རུ། །

ནད་མེད་ཚེ་ཡི་དཔལ་ལ་སྤྱོད་པར་ཤོག།

གཅེན་པོ་གཅུང་གངས་མྱུག་གི་བཀའ་ལྟར་ཁྱུང་ནག་བསོད་ནམས་ཡེ་ཤེས་ཀྱི་བརྟན་བཞུགས་སྨོན་ཚིག་༢༠༡༧/༧/༡ཉིན་སོག་སྐལ་གྱིས།  

 

བརྟན་བཞུགས་གསོལ་འདེབས་གླང་ཆེན་མ་ཞེས་པ་བཞུགས།

ཨཱོཾ་སོ་ཏི།

ལེགས་བྱས་བསོད་ནམས་འཁྱིལ་བའི་རྒྱ་མཚོ་ལས།།

ལེགས་འཁྲུངས་ཡེ་ཤེས་དཀྱིལ་འཁོར་གདལ་པ་ཆེར།།

བརྩེ་ཆེན་འོད་ཀྱི་ཟེགས་མ་འབུམ་གཡོ་བས།།

རྒུད་པའི་མུན་སེལ་ཁྱེད་ལ་གུས་པས་འདུད།།

 

དེ་ལྟར་རྩེ་གཅིག་དད་པས་གསོལ་བཏབས་མཐུས།།

མགོན་པོ་ཁྱེད་ཀྱི་གསང་གསུམ་ཡིད་བཞིན་དབང་།།

བདག་སོགས་སྐྱེ་དགུའི་དཔལ་དུ་རྟག་བཞུགས་ནས།།

ཡངས་པའི་ཞིང་ཀུན་ཞི་བདེས་བརྒྱན་གྱུར་ཅིག།

ཅེས་རྒྱལ་ཁྱུང་མི་ཡི་དབང་པོ་ཁྱུང་ནག་བསོད་ནམས་ཡེ་ཤེས་མཆོག་བརྟན་བཞུགས་གསོལ་འདེབས་འདི་རྗེ་བླ་མའི་སློབ་མའི་གྲལ་མཐར་གྱུར་བ་གུས་བསྟན་རྣམ་པས་གནས་ཆེན་གླང་ཆེན་འགྱིང་བའི་རི་བོ་ནས་ཕུལ་བ་དགེ་ལེགས་འཕེལ།།

གསལ་བཤད། ༧སྐྱབས་རྗེ་ཁྱུང་ནག་བསོད་ནམས་ཡེ་ཤེས་མཆོག་གི་བརྟན་བཞུགས་མནྜལ་འབུལ་བའི་བསྐལ་བཟང་དུས་དང་བསྟུན་ཏེ་སྤུ་ལ་གཡུང་དྲུང་བརྟན་འཕེལ་གླིང་གི་བཙུན་མིང་བ་གཅུང་གྱེར་སད་ཀྱིས་གཙོ་སྒྲུབ་དང་བཀའ་མངགས་བཞིན་གུས་གཟི་མིག་དགུ་པས་བརྟན་བཞུགས་ཤིས་ཚིག་རྣམས་འབྱོར་རིམ་ལྟར་ཕྱོགས་བསྒྲིགས་བྱས་ཏེ་སྤེལ་བ་དགེའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།