གྱེར་ཆེན་དཔའ་བོ་དྲན་པའི་གདུང་དབྱངས།

[ཟླ་ཚེས། 2017-04-14 09:47:25][རྩོམ་པ་པོ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

IMG_4337.JPG
༡༩༥༠ __༢༠༡༦
སྙིགས་དུས་ཀྱི་སྐྱབས་དང་དཔུང་གཉེན་དམ་པ༧རྩེ་སྟོན་གྲུབ་པའི་དབང་ཕྱུག་སྐྱབས་རྗེ་པད་མ་རིན་ཆེན་བློ་གྲོས་མཆོག་གི་དགོངས་པ་བོན་དབྱིངས་སུ་གཟིམས་ནས་ལོ་འཁོར་གཅིག་ལོན་པར་རྗེས་དྲན་ཞུ།
རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།

བརྩེ་ཆེན་སྙིང་རྗེ་འབར་བའི་དཀྱིལ་འཁོར་དེ་ཟླུམ་ཞིང་།།
ཤེས་རབ་རླབས་ཀྱིས་འགྲོ་ཀུན་ཕན་བདེ་ལ་འགོད་པའི།།
དོན་གཉིས་ལྷུན་གྲུབ་རྣམ་འདྲེན་ཐོད་དཀར་གྱི་སྲས་པོ།།
མ་འདྲིས་འགྲོ་བའི་སེམས་ཀྱི་ཉི་མ་རུ་མཆོད་དོ།།

སྟོང་དང་རྟེན་འབྱུང་རྟོགས་པའི་བློ་གྲོས་ཀྱི་སྤོབས་པས།།
བོན་ཀུན་བདེན་གཉིས་སྣང་བའི་རང་གཤིས་སུ་སྟོན་པར།།
བརྗོད་བྱ་དོན་ལྡན་སྨྲ་བའི་གཡུང་དྲུང་གི་བོན་མཆོག །
རྣམ་དཀར་ཡོན་ཏན་བྱེ་བའི་བང་མཛོད་དུ་གོ་ཡོད།།

ལུང་རྟོགས་གཉིས་ལྡན་མདོ་སྔགས་རྫོགས་གསུམ་གྱི་བོན་སྡེ།།
ཚེ་གཅིག་སངས་རྒྱས་སྒྲུབ་པའི་ཐར་ལམ་གྱི་གཞུང་ཤིང་།།
ཡོངས་རྫོགས་ཐེག་པའི་ཕྱི་མོ་གྱེར་བསྟན་གྱི་རིང་ལུགས།།
གྲུབ་མཐའ་རིན་ཆེན་བྱེ་བའི་འབྱུང་གནས་སུ་འདུད་དོ།།

བཀའ་རྟགས་ཕྱག་རྒྱ་རྣམ་བཞིའི་ཆུ་ཤེལ་གྱི་སྙིང་པོར།།
ལྷག་པའི་བསླབ་གསུམ་རི་བོང་མཚན་མ་ཡིས་བརྒྱན་པའི།།
སྒོ་བཞི་མཛོད་ལྔའི་བོན་སྒོ་བདུད་རྩི་ཡི་འབྱུང་གནས།།
སྲིད་ཞིའི་ཚ་གདུང་གཞིབ་པའི་དཔུང་གཉེན་དུ་མཚར་བ།།

གསལ་རིག་སེམས་ཀྱི་རྣམ་ཤེས་ཚོང་འདུས་ཀྱི་མགྲོན་པོ།།
ལས་ཉོན་རླུང་དམར་བཙན་པོའི་ཁ་ཟས་སུ་གྱུར་ཞིང་།།
བརྩེ་ལྡན་དགེ་བའི་བཤེས་ཀྱི་མིག་བུ་ཡིས་སྟོར་བའི།།
མི་བཟོད་སྐྱོ་ཤས་མིག་ཆུའི་གླུ་དབྱངས་ལ་བྲི་ན།།

ཡིན་ལུགས་མ་བཅོས་སྣང་བཞིའི་འོད་གསལ་གྱི་ཁྲི་ལ།།
སྟོང་གཟུགས་བདེ་བ་ཆེན་པོའི་ཡེ་ཤེས་ལས་གྲུབ་པའི།།
ཀུན་གཞི་བྱང་ཆུབ་སེམས་ཉིད་སྒྲིབ་བྲལ་གྱི་དཔོན་གསས།།
འཁོར་འདས་ཡང་མྱེས་ཆེན་པོའི་སྤྱི་དཔལ་དུ་བཞུགས་མཛོད།།

གང་ཐུགས་བརྗོད་འདས་རིག་སྟོང་བོན་སྐུ་ཡི་རང་བཞིན།།
གསུང་དབྱངས་ངེས་པ་ལྔ་ལྡན་ལོངས་སྐུ་ཡི་འཆར་ཚུལ།།
སྐུ་མཆོག་མཁྱེན་བརྩེ་ནུས་པའི་སྒྱུ་འཕྲུལ་གྱི་རོལ་གར།།
གཞི་གནས་སྐུ་གསུམ་བླ་མས་བོན་དབྱིངས་ནས་དགོངས་དང་།།

སྤངས་རྟོགས་མཐར་ཕྱིན་འདྲེན་པ་སངས་རྒྱས་ཀྱི་གདུང་འཚོབ།།
ལུང་རྟོགས་གཉིས་ལྡན་སྐྱོབ་པ་བཀའ་རྒྱུད་ཀྱི་འཇུག་ངོགས།།
སློབ་པ་ལམ་ཞུགས་འཕགས་ཚོགས་དགེ་འདུན་གྱི་གཙོ་བོ།།
རྩ་བརྒྱུད་བླ་མ་མཆོག་གསུམ་ཀུན་འདུས་ཀྱིས་གསོན་དང་།།
ཕྱི་ལྟར་བྱིན་རླབས་འབྱུང་གནས་དྲིན་ཆེན་གྱི་བླ་མ།།
ནང་ལྟར་དངོས་གྲུབ་རྩ་བ་ཡི་དམ་གྱི་ལྷ་ཚོགས།།
གསང་བར་འཕྲིན་ལས་མྱུར་འགྲུབ་ཡེ་ཤེས་ཀྱི་མཁའ་འགྲོ།།
རྩ་གསུམ་རིགས་བརྒྱ་འདུས་པའི་གྱེར་ཆེན་དུ་བསྙེན་ནོ།།

མཐའ་བཞི་རྒྱ་གྲོལ་བོན་དབྱིངས་བདེ་ཆེན་གྱི་ཀློང་ན།།
གསལ་སྟོང་མི་འགྱུར་སོར་རྟོག་ཡེ་ཤེས་ཀྱི་མགོན་དེས།།
ཚིག་དང་ཡི་གེ་བྲལ་བ་དགོངས་ཉམས་ཀྱི་རྟོགས་པའི།།
བྱིན་རླབས་སྦྲང་ཆར་མཐའ་དང་ཟད་མེད་དུ་སྩོལ་ཤོག །

སྲིད་གསུམ་ཤིས་པར་སྒྲུབ་པའི་རྣམ་ཐར་ལ་བརྟེན་ནས།།
ཕྱི་དར་བསྟན་པ་གསལ་མཛད་ཀླུ་དབང་གི་མཚན་ཅན།།
གང་དེའི་བརྒྱུད་འཛིན་བྲུ་ཞུ་སྤ་རྨེའུ་དང་ཁྱུང་རབས།།
འཕགས་པ་གསུམ་དང་ཞིག་པོ་བཅོ་བརྒྱད་དུ་འཕེལ་ཡོད།།

རིགས་རུས་ལྷ་ལས་གྲོལ་བའི་རྒྱུད་ཁུངས་དེ་བཙན་ཞིང་།།
འཁྲུལ་བ་དབྱིངས་སུ་ཞིག་པའི་གདུང་རྒྱུད་ཀྱི་ཁྲོད་ན།།
རིག་འཛིན་མཁའ་འགྲོའི་བརྡ་རྟགས་གསེར་ཞུན་གྱིས་འཁྱིལ་བའི།།
རྩེ་ཞིག་གདུང་གི་རི་དབང་མདོ་ཁམས་སུ་བརྗིད་དོ།།

ས་ཆེན་དབང་དུ་བསྒྱུར་བའི་མི་རྗེ་ཡི་བླ་རུ།།
གྱེར་བསྟན་ཀ་བ་འདེགས་པའི་བྱེད་པོ་རུ་བཞེངས་པ།།
མཐུ་སྟོབས་གྲུབ་པའི་མངའ་བདག་རྩེ་ཞིག་གི་གདུང་རབས།།
རྒྱལ་གྱི་སྐུ་སྲོག་འཚོ་བའི་གཤེན་ཆེན་གྱི་རྒྱུད་ཡིན།།

ངེས་གསང་རྟོགས་པ་འབར་བའི་ཐུགས་སྟོབས་ཀྱི་སྲོག་དབང་།།
མུ་མེད་འཕྲིན་ལས་འབྲས་བུའི་ཁུར་ཆེན་གྱིས་དུད་ཅིང་།།
ཟབ་རྒྱས་མདོ་སྔགས་རོ་མཆོག་དགའ་སྟོན་དུ་རྫོགས་པའི།།
གདུང་འཛིན་དཔག་བསམ་འཁྲི་ཤིང་བྱིན་རླབས་ཀྱིས་གཏམས་པ།།

དེ་ཚེ་མདོ་ལ་རིང་མོའི་གསེར་ལྡན་གྱི་ལྗོངས་སུ།།
འཁོད་པའི་གཤེན་སྡེ་རྒྱ་མཚོ་ངེས་ལེགས་ཀྱི་རྩ་བ།།
སྨིན་གྲོལ་ཆུ་བོའི་རྒྱུད་ཁུངས་རྩེ་ཞིག་ཏུ་ངེས་པའི།།
གྲགས་སྙན་བྱང་རྒྱུད་འཛིན་མའི་བསོད་ནམས་སུ་འབར་ཡོད།།

ཐུགས་རྒྱུད་བྱམས་དང་སྙིང་རྗེ་འོ་མ་ཡིས་གཏམས་ཤིང་།།
དུས་གསུམ་རྒྱལ་བའི་ཟབ་གདམས་ལག་མཐིལ་དུ་འཇོག་ལ།།
བཀའ་དྲིན་སངས་རྒྱས་ལས་ཀྱང་བླ་ལྷག་ཏུ་ལྕི་བའི།།
གདུང་རབས་གསེར་རིའི་ཕྲེང་བ་ས་ཆེན་འདིའི་རྒྱན་ཡིན།།

སྙིགས་མའི་འགྲོ་འདྲེན་ཞུ་སྒོམ་འཁྲུལ་ཞིག་གི་སྲས་མཆོག །
འབྱུང་བཞིར་དབང་ཐོབ་སྐུ་ལུས་མཁའ་སྤྱོད་དུ་བགྲོད་པའི།།
རྩེ་ཞིག་སྟོན་པ་སྟོང་ཉིད་བྱ་འཕུར་དུ་བསྔགས་པ།།
གྲུབ་བརྙེས་རིག་འཛིན་བྱེ་བའི་སྤྱི་དཔལ་དུ་མཆོད་དོ།།
གང་དེའི་སྐྱེ་ཕྲེང་གནས་ཆེན་ཉེར་བཞི་ཡི་དབུས་སུ།།
ཞབས་དྲུང་བསོད་ནམས་གཡུང་དྲུང་དབང་རྒྱལ་ཞེས་གྲགས་པ།།
བརྟན་གཡོའི་ལེགས་ཚོགས་སྡུད་ལ་འགྲན་ཟླ་དང་བྲལ་བས།།
རྨད་བྱུང་དཔོག་དཀའི་རྣམ་ཐར་ས་ཆེན་གྱིས་ཐེག་དཀའ།།

མགོན་པོ་གང་ཉིད་སླར་ཡང་བསྟན་དོན་ལ་བྱོན་པའི།།
སྐྱབས་རྗེ་པདྨ་གསང་མཆོག་མཐར་ཐུག་གི་རྣམ་རོལ།།
མཐོང་ན་མི་མཐུན་མེད་པའི་མཚན་དཔེ་ཡི་མཛེས་སྐུ།།
ཀུན་འདུས་རྒྱལ་བའི་ངོ་བོ་རོ་གཅིག་ཏུ་བཞུགས་ཡོད།།

ངོ་མཚར་དགེ་བའི་ལྟས་བཟང་སྤྲིན་དཀར་གྱི་ཀློང་ལས།།
དམ་པའི་རང་རྟགས་རྫོགས་པའི་གསེར་ཞལ་གྱི་ཉི་གཞོན།།
ཡུམ་གྱི་མངལ་རྒྱ་ཤར་རིའི་ཕྲག་པ་ནས་ཐོན་ཚེ།།
འགྲོ་མང་དད་པའི་པད་མོ་ལྷུག་ལྷུག་ཏུ་འཛུམ་བྱུང་།།

ཕྱི་ལྟར་བསྐལ་བཟང་པད་མ་དབང་རྒྱལ་དུ་གསོལ་ཞིང་།།
སྤྲུལ་བའི་སྐུ་མཆོག་རིན་ཆེན་བློ་གྲོས་ཀྱི་གཏེར་མཛོད།།
ཐུན་མོང་སྣང་ངོར་ཨ་མགོན་ཨ་ལགས་སུ་གྲགས་པའི།།
ལེགས་བྱས་མཚན་གྱི་དབྱངས་སྙན་རྣ་བ་ཡི་བཅུད་ཡིན།།

ཆུང་ནས་ལམ་རྟོགས་གྲུབ་པའི་གོ་འཕང་ལ་དབང་བས།།
སྒྲིབ་མེད་འོད་གསལ་སྣང་བ་འབྱམས་ཀླས་སུ་བདལ་ཞིང་།།
ཡི་དམ་ཞལ་གཟིགས་དམ་ཅན་རྒྱ་མཚོ་ཡི་ཚོགས་ཀྱིས།།
རྣམ་བཞིའི་འཕྲིན་ལས་སྒྲུབ་པའི་འཁོར་བསྒྱུར་དུ་བཞུགས་སོ།།

རྩེ་སྟོན་བསོད་ནམས་གཡུང་དྲུང་དབང་རྒྱལ་གྱི་གདུང་སྲས།།
སྦས་པའི་རྣལ་འབྱོར་བསྟན་འཛིན་དབང་རྒྱལ་གྱི་མཚན་ཅན།།
ཚེ་གཅིག་སངས་རྒྱས་སྟེར་བའི་བླ་མ་རུ་བསྟེན་ཏེ།།
དགོངས་རྒྱུད་གདམས་པའི་བྱིན་རླབས་ཐོག་བབས་སུ་བསྐྱིལ་བྱུང་།།

སྐྱེ་དང་སྐྱེ་བའི་བློ་གྲོས་དཀྱིལ་འཁོར་དེ་རྫོགས་ཤིང་།།
ཁྱིམ་དུ་གནས་ཀྱང་ལེགས་མཛད་འོད་སྟོང་གི་ཟེར་ཅན།།
དམན་ས་བཟུང་ཡང་ཆེ་རྒུའི་རལ་ཀླུང་གི་རྩེ་ན།།
བསྟན་འཛིན་རྒྱུ་སྐར་ཁྲོད་ཀྱི་དུང་ཟླ་རུ་བཞེངས་སོང་།།

ལྷག་དོན་བྱང་ཆུབ་ལམ་གྱི་གྲུ་བོ་རུ་ཞུགས་ནས།།
གསང་ཆེན་བདེ་སྟོང་མཆོག་གི་མཚོ་ཆེན་དེ་བརྒལ་རྗེས།།
རིག་པ་རྐྱང་འདེད་ཡིད་བཞིན་ནོར་བུ་ལ་དབང་བའི།།
རིག་འཛིན་རིགས་ལྡན་གྲུབ་པའི་ཁྱུ་མཆོག་ཏུ་འཕགས་ཡོད།།

སྒམ་ཞིང་མཛངས་པའི་བློ་དང་རླབས་ཆེན་གྱི་དགོངས་སྤྱོད།།
ཕན་ཚུན་འགྲན་བཞིན་ཡར་ཟླའི་དཀྱིལ་འཁོར་དེ་རྫོགས་ཚེ།།
ཁྲི་ཤོར་རྒྱལ་མོའི་ཕྱོགས་ཀྱི་མཐའ་གྲུ་རུ་འཁོད་པའི།།
གཤེན་བསྟན་གྲུབ་སྡེ་ཡོངས་ཀྱི་རེ་ས་དེ་ཁྱེད་ཡིན།།
ལྷ་སྔགས་རིམ་གཉིས་ཟབ་མོའི་ཏིང་འཛིན་གྱི་ཀློང་ན།།
ངེས་གསང་རྟོགས་པ་འབར་བའི་རིག་རྩལ་གྱི་འཇོ་སྒེག །
གང་འདུལ་སྤྲུལ་བའི་དཀྱིལ་འཁོར་འབྱམས་ཀླས་སུ་རྫོགས་པའི།།
མཐུ་ཆེན་རྒྱལ་སྲས་དཔའ་བོའི་སྔགས་བདག་ཏུ་མཆོད་དོ།།

དམར་སྨུག་གཟི་མདངས་འབར་བའི་གྲུབ་ཐོབ་ཀྱི་ཆས་ཅན།།
གང་སྣང་རྒྱན་ཤར་བརྟུལ་ཤུགས་སྤྱོད་པ་ཡི་རླབས་ཅན།།
བདེ་སྟོང་ཡེ་ཤེས་གཞོལ་བའི་དགོངས་ཉམས་ཀྱི་རྩལ་ཅན།།
མཆོག་ཐུན་དངོས་གྲུབ་སྩོལ་བའི་ཐུགས་སྟོབས་ཀྱི་ཀློང་ཅན།།

རིག་སྟོང་རྗེན་འཆར་བློ་འདས་ཡེ་ཤེས་ཀྱི་ལྟ་བ།།
རིམ་གཉིས་བདེ་སྟོང་ཟུང་འཇུག་འོད་གསལ་གྱི་སྒོམ་པ།།
བྱམས་དང་སྙིང་རྗེ་གཞན་ཕན་འཕྲིན་ལས་ཀྱི་སྤྱོད་པ།།
ལྟ་སྒོམ་སྤྱོད་པའི་རྒྱལ་སྲིད་མངའ་ཐང་གིས་ཕྱུག་ཡོད།།

བྱིན་རླབས་མེ་དཔུང་འབར་བའི་ཞབས་སེན་གྱི་ནོར་བུ།།
གདན་ས་དོ་ཤུལ་རིག་འཛིན་བོན་གླིང་དུ་བཀོད་དེ།།
བསྟན་ལ་བགྱིད་པའི་ཕྱག་རྗེས་རི་མོ་རུ་མཆིས་ན།།
སྟོང་གསུམ་སྣོད་དུ་བྱས་ཀྱང་ཤོང་བ་རང་མི་འདུག །

དེ་ཚེ་གསར་རྙིང་སྤྱི་ཚོགས་རྫ་རི་ལས་ཐོན་པའི།།
དུས་འགྱུར་རླབས་ཀྱིས་ས་ཆེན་ཡོམ་ཡོམ་དུ་གཡོས་ཀྱང་།།
སྡུག་བསྔལ་གཏོང་ལེན་ནུས་པའི་རྒྱལ་སྲས་ཀྱི་སྤྱོད་པའི།།
ཐབས་ཤེས་ཕྱག་རིང་རྐྱོང་ལ་འགྲན་ཟླ་ཞིག་མ་བྱུང་།

ཀྱེ་མ་བྱང་རྒྱུད་གྱེར་བསྟན་དངུལ་དཀར་གྱི་གྲུ་གཟིངས།།
རྐྱེན་ངན་རིག་གསར་རྙོག་མའི་འདམ་རྫོབ་ཏུ་བྱིང་ཡང་།།
མི་འཇིགས་ཐུགས་སྟོབས་མཆོག་གི་དཔུང་བ་ཡིས་འདོན་ལ།།
དཔའ་བོ་ཁྱེད་ཀྱི་མཛད་རྗེས་རྡོ་རིང་དུ་བཞེངས་འདུག །

ཐུགས་བསྐྱེད་རྩ་བ་བརྟན་པའི་གསེར་ལྡན་གྱི་ལྟོ་བར།།
གཞན་ཕན་གངས་ལ་བྱས་པའི་ཏི་སེ་ཡི་ལྷུན་པོ།།
རྣམ་བཞིའི་འཕྲིན་ལས་འཕྱུར་བའི་ཁ་འབབ་དང་བསྡོངས་ཏེ།།
བསྟན་དོན་ལེགས་བྱས་གཡང་གི་རུ་མ་ལ་བསུས་བྱུང་།།

དྲུག་ལྡན་བྱིན་རླབས་བརྒྱུད་པའི་བོན་མཆོག་གི་གདམས་པ།།
ཚད་མེད་རྣམ་བཞིས་སྐྱེ་རྒུའི་དགའ་སྟོན་དུ་འགྱེད་ཅིང་།།
བདག་བས་གཞན་གཅེས་ཕྱིན་དྲུག་སྡེ་བཞི་ཡི་སྤྱོད་པས།།
སྐལ་བཟང་གདུལ་བྱ་སྐྱོང་བའི་མེས་པོ་རུ་བཞེངས་སོ།།

ལྐོག་གྱུར་ཡུལ་ལ་གཟིགས་པའི་མངོན་ཤེས་ཀྱི་སྤྱན་ཡོད།།
གཟུར་གནས་མཁས་པ་མགུ་བའི་རྣམ་དཔྱོད་ཀྱི་རླབས་ཡོད།།
ལུགས་གཉིས་འཁོར་ལོས་བསྒྱུར་བའི་བསོད་ནམས་ཀྱི་བརྗིད་ཡོད།།
མཆོག་གསུམ་དབྱིངས་ནས་དགྱེས་པའི་བདེན་སྟོབས་ཀྱི་མཐུ་ཡོད།།

ཁྱད་པར་གསོ་རིག་འབུམ་བཞིའི་བསྟན་དོན་གྱི་དཀའ་གནད།།
ཐུགས་གསང་ཤེལ་དཀར་བུམ་པའི་སྲོག་བཅུད་དུ་བླངས་ཏེ།།
གསོ་ཐབས་སྨན་སྦྱོར་ལག་ལེན་བརྒྱུད་ལྡན་གྱི་ཆུ་བོས།།
ནད་བརྒྱའི་གཅོང་ཆེན་བཀྲུ་བའི་དྲང་སྲོང་དེ་ཁྱེད་ཡིན།།

སྟོང་ཉིད་སྙིང་རྗེ་འབར་བའི་བོན་དབྱིངས་ཀྱི་ཀློང་ནས།།
ལྷ་སྔགས་ཏིང་འཛིན་ཟབ་མོའི་ཐོག་ཆར་དེ་ཕབ་ཚེ།།
བདག་འཛིན་འགོང་པོའི་ཆོ་འཕྲུལ་ཉེ་ཞོ་ཡི་བྲག་རི།།
གནོད་བྱེད་ཐལ་བར་བརླག་པའི་ངང་ཚུལ་དེ་བརྗིད་པ།།

རྟོག་གེའི་སྤྱན་ལྡན་ཚོགས་ཀྱང་ལྐུགས་པ་རུ་འཇོག་པའི།།
སྙན་རྒྱུད་ཡིད་བཞིན་ནོར་བུའི་གསང་ཚིག་ལ་དབང་ཞིང་།།
མཁའ་འགྲོའི་བརྡ་ལས་དུས་གསུམ་རྗེན་པ་རུ་སྟོན་པར།།
ལུང་བསྟན་ཐོགས་མེད་སྨྲ་བའི་མངོན་ཤེས་དེ་མཚར་བ།།

སེམས་དཔའ་ཆེན་པོའི་བདེན་སྟོབས་ཉི་འོད་ཀྱིས་བཞད་པའི།།
རྒྱ་བོད་ཧོར་སོག་མ་ངེས་རིགས་གསུམ་གྱི་གདུལ་བྱ།།
སྐར་ཚོགས་འཛིན་མར་བབས་པའི་ངོ་མཚར་གྱི་རླབས་རིས།།
ཐར་འདོད་ཞི་བའི་ཀློང་ན་རྣམ་གྲོལ་གྱིས་འཚེར་ཡོད།།

དམ་པའི་རང་རྟགས་འབར་བའི་ཁབ་ལེན་གྱི་རྡོ་ལ།།
བན་བོན་སེར་སྔགས་ཆེ་རྒུ་ལྕགས་ཕྱེ་ལྟར་འདུད་པའི།།
ངོ་མཚར་འདི་འདྲ་གཞན་དུ་མཐོང་བ་ནི་དབེན་པས།།
འཇིག་རྟེན་ཀུན་གྱི་སྲོག་གི་ཀ་བ་རུ་བཀུར་འདུག །

སྔོན་གོམས་ཐུགས་སྟོབས་མཁྱེན་དཔྱོད་ལྡེ་མིག་གི་རླབས་ཀྱིས།།
བཟོ་རིག་གཞུང་བཟང་སྒོ་འཕར་ཡངས་པོ་རུ་ཕྱེ་ནས།།
དོན་ལྡན་རི་མོའི་སྒྱུ་རྩལ་ཟིལ་ཤུགས་དེ་མཐོ་བའི།།
ཡ་མེད་བརྩམས་ཆོས་ནོར་བུའི་ཕྲེང་བ་ལ་བརྒྱུས་ཡོད།།

སྙིང་རྗེ་སྤྱན་རས་ཉམ་ཐག་གདུལ་བྱ་ལ་གཡོ་ཞིང་།།
བརྩེ་བའི་ཕྱག་ཟུང་རིས་མེད་འགྲོ་ཀུན་ལ་རྐྱོང་བའི།།
གཞན་ཕན་མཛེས་སྡུག་ལྷུན་རྫོགས་མ་འདྲིས་ཀྱི་མཛའ་བཤེས།།
མཐུ་ཆེན་རྒྱལ་སྲས་དཔའ་བོའི་ངང་ཚུལ་དེ་དགེ་བ།།

འཕྲིན་ལས་སྒོ་འཕར་རྨ་འབྲི་རྫ་གསུམ་ལས་བབས་པའི།།
དཔག་མེད་ཡོན་ཏན་མཐའ་ཡས་རྒྱ་མཚོ་ཡི་ཀློང་ཆེན།།
སྡེ་བཞིའི་མངའ་ཐང་ནོར་བུའི་གཏེར་ཆེན་གྱིས་བརྗིད་པ།།
མཁས་གྲུབ་ཀླུ་དབང་བྱེ་བའི་བསྟི་གནས་སུ་གྱུར་སོང་།།

ཡི་དམ་གསང་མཆོག་རོལ་བ་མདོ་ཁམས་ཀྱི་ལྗོངས་སུ།།
མི་ཡི་ཚུལ་འཛིན་རྩེ་སྟོན་ཡབ་སྲས་ཀྱི་བཀའ་སྲོལ།།
བྱིན་རླབས་ཞལ་ངད་འཐུལ་པའི་དགོངས་རྒྱུད་ཀྱི་འོ་མས།།
བུ་སློབ་སེང་ཆེན་བསྟན་རྩའི་དཔུང་གཉེན་དུ་ཁྱབ་ཡོད།།

བོད་རྒྱ་ཧོར་སོག་མི་རིགས་འདུས་སྡོད་ཀྱི་མཚམས་ན།།
མཉམ་མེད་རིང་ལུགས་བཤད་སྒྲུབ་ཀ་ཆེན་དེ་འདེགས་པར།།
ཡོངས་རྫོགས་བསྟན་པའི་མངའ་བདག་ཕན་བདེ་ཡི་འཇུག་ངོགས།།
རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་དེ་ཁྱེད་ཡིན།།

དེ་ལྟའི་མགོན་ཁྱེད་ས་བཅུའི་ཡང་གོང་གི་དབྱིངས་སུ།།
སེམས་ཉིད་འཁོར་འདས་ཐིག་ལེ་ཉག་གཅིག་ལ་རྫོགས་པས།།
གསལ་སྟོང་མི་འགྱུར་འཆི་མེད་གཡུང་དྲུང་གི་སྐུ་རུ།།
དཔལ་ལྡན་ཕྱོགས་ལས་རྣམ་པར་རྒྱལ་བ་རུ་བཞེངས་ཡོད།།

འོན་ཏེ་རྟག་འཛིན་ཅན་རྣམས་བྱང་ཆུབ་ལ་བསྐུལ་ཕྱིར།།
ཁྱེད་སྐུ་ལན་གཅིག་མྱ་ངན་འདའ་ཚུལ་ཙམ་བཟུང་བའི།།
རྣམ་པ་སྟོན་འདི་སྤྲོ་དང་བསྡུ་བ་ཡི་ཀློང་དུ།།
དཀྱིལ་འཁོར་རིགས་བརྒྱ་འགྱེད་པའི་སྣང་ཚུལ་ཞིག་ལོས་ཡིན།།

དེས་མཚོན་བསམ་མི་ཁྱབ་པའི་འདུ་བྱེད་ཀྱི་གནས་ལ།།
འཇུག་པའི་ཚུར་མཐོང་བློ་ངན་ཉམས་རྟོགས་ཀྱིས་ཕོངས་པ།།
ནང་ཆ་ཕྱི་ལ་ངོམ་པའི་ཚོགས་དྲུག་གི་ཡུལ་དུ།།
ཕན་བདེ་སྲོག་རྩ་ཆད་པ་སུ་ཞིག་གིས་བཟོད་ནུས།།

བྱིན་རླབས་ཉམས་ཀྱི་ཡལ་ག་ཁྱོན་ཡངས་སུ་བསྟར་ནས།།
གདུལ་བྱའི་སྙིང་ལ་བརྩེ་ཆེན་གྲིབ་བསིལ་དེ་འཕོ་བའི།།
བརྒྱུད་ལྡན་བླ་མ་མཉམ་མེད་དཔག་བསམ་གྱི་ལྗོན་བཟང་།།
ད་ནས་མཐོང་བའི་སྐལ་བ་དབེན་པ་འདིས་སྐྱོ་བ།།

ཀུན་ལ་སྙོམས་པའི་འཕྲིན་ལས་གཟི་འོད་ཀྱི་ཞགས་པས།།
མོས་ལྡན་ཐར་འདོད་སེམས་ཀྱི་པད་དཀར་དེ་གྲོལ་ཞིང་།།
བཤད་སྒྲུབ་སྦྲང་རྩིའི་མཆོད་ཡོན་འདོད་དགུ་རུ་སྨིན་པར།།
རེ་བའི་མིག་ཟུང་གཏོད་སའི་ཉིན་བྱེད་དེ་གཟིམས་སོང་།།

འགྲོ་རྣམས་མི་རྟག་འཆི་བའི་གཉན་འཕྲང་གི་གཡང་ན།།
འཇིགས་རུང་ཡ་ང་བར་དོའི་འགག་ཆེན་དེ་བགྲོད་སྐབས།།
བཟོད་དཀའི་འཁྲུལ་སྣང་སྨག་གིས་ངན་འགྲོ་རུ་ལྷུང་ཚེ།།
བྱིན་རླབས་ལྕགས་ཀྱུས་འདྲེན་པའི་མཐུ་ལྡན་གཞན་མཆིས་སམ།།

མགོན་ཁྱེད་ཐུགས་རྗེའི་སྟོབས་ཀྱིས་གེགས་མེད་དུ་འཚོ་བའི།།
བདག་སོགས་ཉམ་ངའི་རྗེས་འཇུག་བུ་སློབ་ཀྱི་འཁོར་ཚོགས།།
ད་ནས་བདག་མེད་ནགས་ཀྱི་སྦྲེལ་བུ་ཡི་དཔེ་བཞིན།།
འཇིགས་ཤིང་ཡ་ང་ཅི་བྱ་གཏོལ་མེད་དུ་ལུས་ཡོད།།

སྟོབས་ལྡན་བདག་འཛིན་དགྲ་བོའི་མགོ་འཕང་དེ་མཐོ་བས།།
ཉོན་མོངས་དཔུང་གིས་རྣམ་དཀར་དགེ་རྩ་ཡི་ཟག་ཕུང་།།
རིད་པར་གྱུར་ན་བོན་མཆོག་སྨན་བཟང་དེ་སྩོལ་བའི།།
དྲིན་ཅན་ལྷ་རྗེས་བསྐྱུར་བའི་ཉམ་ཆུང་ཚོགས་སྐྱོ་བ།།

སྙིང་འདི་ཧམ་སེམས་རི་མོའི་འཇའ་ཚོན་ལ་འཁྲེང་ནས།།
གང་ཡང་མ་འགྲུབ་ཡོད་ཚད་ཐོབ་འདོད་ཀྱི་རེ་བས།།
འདིར་སྣང་སྲེད་པ་སྒྱུ་མའི་གྲོང་ཁྱེར་གྱི་ཀློང་ནས།།
ཅང་མེད་སྟོང་བའི་བུ་ང་མགོན་སྐྱབས་དང་བྲལ་སོང་།།

འདི་ན་ཁྱེད་ལ་རེ་བའི་གདུལ་བྱ་ཡི་ཚོགས་ཀྱི།།
ལེགས་བྱས་སྣང་བའི་ཆ་ཤས་མར་ངོ་རུ་རྒྱུ་ཞིང་།།
སྒྲུབ་རྒྱུད་བསྟན་པའི་ཀླུང་བཟང་སྐམ་པ་ལ་ཕྱོགས་ཚེ།།
གྱེར་སྤུངས་སེང་ཆེན་དྲན་ནས་སྡོད་ཐབས་ཤིག་མི་འདུག།

དམ་པའི་གསང་གསུམ་མཛད་འཕྲིན་ཕྱོགས་མེད་དུ་སྤེལ་ལ།།
རླབས་ཆེན་ཐུགས་བསྐྱེད་ཟབ་མོ་གཞན་དོན་དུ་རྫོགས་པའི།།
གཞར་ཡང་འཁྲུལ་བྲལ་ཡང་སྲིད་ཉི་མ་ཡི་འོད་ཅན།།
རིང་མིན་མྱུར་དུ་འཆར་ཤོག་དྲིན་ཅན་གྱི་རྗེ་གཅིག །

སྐྱེ་བའི་ཕྲེང་བར་སྙིང་རྗེ་རང་གཟུགས་སུ་སྤྲུལ་པས།།
ཕན་བདེ་འབྱུང་གནས་རྒྱལ་བསྟན་རྣམ་དཀར་གྱི་ཆུ་ཀླུང་།།
ཉེས་བརྒྱའི་དྲི་མ་འཁྲུད་པའི་བདུད་རྩི་རུ་བསྙིལ་ནས།།
སྲིད་ཞིའི་ལེགས་ཚོགས་སྒོ་འཕར་མཐའ་མེད་དུ་འབྱེད་དགོས།།

དེང་ནས་བྱང་ཆུབ་མ་ཐོབ་དེ་སྲིད་ཀྱི་བར་དུ།།
བདག་སོགས་ཐུགས་རྗེ་ལྕགས་ཀྱུས་འདོར་མེད་དུ་བཟུང་སྟེ།།
དབྱིངས་རིག་ཡེ་ཤེས་བདལ་བའི་མཁའ་སྤྱོད་ཀྱི་ཞིང་དུ།།
རིག་འཛིན་དཔའ་བོ་དཔའ་མོའི་ཚོགས་གྲལ་ལ་ཁྲིད་རོགས།།

དེ་རུ་མི་ཕྱེད་དད་པའི་གཤོག་ཟུང་རང་རྐྱོང་བཞིན།།
བླ་མའི་དགོངས་སྤྱོད་ནམ་མཁའི་དབྱིངས་རུམ་དུ་འཕུར་ཞིང་།།
གཞན་ཕན་ཟེར་ཞགས་སྤྲོ་ལ་མཐུ་སྟོབས་དེ་རྫོགས་པའི།།
བྱིན་རླབས་ཉི་མ་གཞོན་ནུ་སྙིང་ཁོང་དུ་བསུས་ཡོང་།།

ཀྱེ་ཧོ་བདག་སྙིང་འདབ་བརྒྱའི་ཟེའུ་འབྲུ་རུ་བཞུགས་པའི།།
རྒྱལ་ཀུན་མཐུ་སྟོབས་གཅིག་བསྡུས་དཔལ་ལྡན་གྱི་བླ་མ།།
དགོངས་རྒྱུད་གདམས་པའི་བྱིན་རླབས་ཐོག་བབས་སུ་ཕོབས་དང་།།
དོན་གཉིས་ལྷུན་གྲུབ་རྣམ་མཁྱེན་བདག་གིར་རང་བྱེད་དོ།།

མ་དག་སྲིད་པའི་ཀློང་ན་སྙིང་རུལ་གྱི་བུ་ངས།།
རླུང་དམར་བུ་ཡུག་འཚུབ་པའི་དགུན་སྨད་ཀྱི་ཚེས་ལ།།
སེམས་ཀྱི་རྨ་ཁ་གསོ་ཕྱིར་ཤུགས་རིང་གི་གླུ་འདི།།
མི་བཟད་ཁ་བའི་གྲང་འཁྱག་ལྷགས་པ་དང་བསྡོངས་ཏེ།།

རྒྱལ་བས་ལུང་བསྟན་ཁ་སྟེ་མུ་ཡ་ཡི་གདུལ་ཞིང་།།
གཙུག་ལག་རྩིས་ཀྱི་བསྟན་པའི་བབས་སོ་ཡི་སྨན་ལྗོངས།།
མདོ་སྨད་མཁན་བརྒྱུད་རྣམ་ལྔའི་མཛད་འཕྲིན་དེ་སྤེལ་སའི།།
གནའ་བོའི་ག་ཅུ་གཡར་མོ་ཐང་ཆེན་དུ་བྲིས་སོ།།

   དེ་ལྟར་ཡི་དམ་གསང་མཆོག་རོལ་བ་ཆེན་པོའི་སྒྱུ་འཕྲུལ་ཟླ་མེད་པ། རྩེ་སྟོན་རིན་པོ་ཆེ་སྐྱབས་རྗེ་པད་མ་རིན་ཆེན་བློ་གྲོས་དབང་གི་རྒྱལ་པོ་ཞེས་རིག་འཛིན་དཔའ་བོ་གྲུབ་ཐོབ་རྒྱ་མཚོའི་གཙུག་རྒྱན་གང་ཉིད་གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་སྣང་ངོར། རེ་ཞིག་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏེ་ལོ་འཁོར་གཅིག་འདས་རྗེས་སུ། མགོན་པོ་གང་གི་གསང་གསུམ་གྱི་མཛད་པའི་ཆ་ཤས་འགའ་ཞིག་ཡི་གེའི་ལམ་ནས་ཚིག་ཕྲེང་དུ་བསྟར་བ་པོ་ནི། དཔལ་ལྡན་གྱེར་སྤུངས་ཆེན་པོ་གང་ཉིད་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་ཀྱང་། ལས་ཀྱི་དབང་གིས་རྨོངས་པར་ལུས་པའི་གྱི་ན་བ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བར་འབོད་པས་སྒོ་གསུམ་གུས་པ་ཆེན་པོས་ཕྱག་དང་བཅས་ཏེ་ཕུལ་བ་དགེ་བར་གྱུར་ཅིག་གུ།། ༢༠༡༧ལོའི་ཧོར་ཟླ༣ཚེས༡༨ལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།