བདེར་གཤེགས་གཙོ་བོ་བཞི་ལ་བསྟོད་པ་འཆི་མེད་གྲུབ་པ་སྤྲིན་གྱི་རོལ་མོ།

[ཟླ་ཚེས། 2013-10-10 00:10:24][རྩོམ་པ་པོ། མཁས་དབང་དཔལ་ལྡན་ཚུལ་ཁྲིམས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

909.jpg909.jpg

 རྫོགས་པའི་སངས་རྒྱས་རྣམ་པ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །

༡ བློ་ལྡན་གང་ཞིག་མཚན་ཙམ་འཛིན་ནམ་འོན་ཏེ་ཐོས་པ་དག་གིས་ཀྱང་། །
སྣ་ཚོགས་འཇིགས་སྟེར་སྡུག་བསྔལ་ཚོགས་ཀུན་ཉེ་བར་བཅོམས་ཏེ་དེ་མ་ཐག །
རིགས་དྲུག་ཡིད་ཅན་རང་ཁམས་སྡུག་བསྔལ་རྐྱེན་གྱིས་མི་འཕྲོག་ལང་ཚོའི་སྟོབས། །
དད་དང་ཤེས་རབ་བསོད་ནམས་འབྱོར་བ་མངོན་དུ་སྩོལ་མཛད་དེར་བསྟོད་བྱ། །

༢ བོད་ཉིད་མི་འགྱུར་གཡུང་དྲུང་དབྱིངས་ཆེན་ཁྱབ་གདལ་ཀློང་ཡངས་ནས། །
མཁྱེན་གཟིགས་འགག་མེད་འགྲོ་བའི་དོན་དུ་འོད་ཟེར་ཡིག་འབྲུ་ཤིན་ཏུ་གསལ། །
ཐུགས་རྗེ་ཚད་མེད་མཐའ་ཀླས་ཡིད་ཅན་ཕུང་ཁམས་སྐྱེ་མཆེད་ཡོངས་ལ་ཁྱབ། །
དབྱིངས་ཀྱི་ཡུམ་ཆེན་ས་ཏྲིག་ཨེར་སངས་བདེར་གཤེགས་འབྱུང་གནས་དེ་ལ་འདུད། །

༣ གཟོད་མ་ཉིད་ནས་བསྐལ་པ་དུ་མར་ཚོགས་གཉིས་ཆུ་གཏེར་བསྲུབས་པ་ལས། །
ཐར་པ་མཆོག་གི་ཆ་ཤས་ཡོངས་གང་གཞི་ལམ་འབྲས་བུའི་དོན་རྫོགས་པར། །
རི་དྭགས་གཞོན་ནུའི་རྟགས་ཀྱིས་མངོན་རོལ་བདེར་གཤེགས་གསས་ཁང་རྟེན་མཆོག་གི། །
གཞལ་ཡས་ཁང་ཆེན་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བ་དེ་ལ་འདུད། །

༤ དེ་དབུས་རྟག་བརྟན་ནོར་བུའི་ཚོགས་ཀྱིས་གཡུང་དྲུང་བཀྲ་བའི་ས་གཞི་ལ། །
ཨིན་ཏྲ་ནི་ལ་བཻཌཱུརྱ་དང་པད་མ་རག་ག་མར་གད་སོགས། །
རིན་ཆེན་ཁྲི་རྐང་སྣ་ཚོགས་གསོས་ཀྱི་བླ་གབ་མཛེས་པའི་ཁོང་གསེང་ན། །
གསེར་སེང་གཡུ་ཡི་རལ་པ་མཛེས་ཚོགས་རྩེད་འཇོས་བཏེགས་པ་དེ་ལ་འདུད། །

༥ དེ་སྟེང་ཆར་སྤྲིན་དཀར་པོའི་བར་བར་སྣ་ཚོགས་ཚོན་གྱིས་མདངས་པ་བཞིན། །
སྲབ་འཇམ་མཉེན་ལྕུགས་མཆོག་ཏུ་ཡིད་འོང་འདབ་སྟོང་རྒྱས་པའི་ཆུ་སྐྱེས་རྩེར། །
བརྒྱད་གཉིས་ཆ་ལྡན་རྙོག་པའི་ར་རི་ཀུན་ནས་བྲལ་བའི་དཔལ་དེ་ཡིས། །
ཁྱེད་ཞབས་འཁོར་ལོ་རེ་ཁས་མཚན་པ་ཉེ་བར་བརྟེན་པ་དེ་ལ་འདུད། །

༦ གང་སྐུ་མར་ཞིའི་ལྷུན་པོར་ཉི་གཞོན་བྱེ་བའི་འོད་ཀྱིས་འཁྱུད་ལྟར་གསལ།
།སྤྱན་གྱི་གེ་སར་རྣམ་པར་མཛེས་ལྡན་འགྲོ་ལ་རྗེས་སུ་བརྩེ་བའི་གཟུགས། །
གནག་སྣུམ་རལ་པའི་ཆུན་པོ་གཡོ་བ་པུན་ཊ་རི་ཀས་རྣམ་བཅིངས་རྩེར། །
བོན་དབྱིངས་ཡེ་ཤེས་རྟགས་ཀྱི་མཚན་མཆོག་ཡིད་བཞིན་ནོར་བུས་མཛེས་དེར་འདུད། །

༧ ཞལ་དཀྱིལ་ཛམ་བུའི་གསེར་མདོག་ལ་མཛེས་སྤྱན་གྱི་ཡེ་ཤེས་མེ་དཔུང་གིས། །
སྡུག་བསྔལ་གསུམ་གྱི་གཅོང་རོང་གཏིང་ཟབ་འཁོར་བའི་ཚང་ཚིང་བསྲེགས་ནས་སླར། །
དུས་གསུམ་ཀུན་ཏུ་ཇི་ལྟ་ཇི་སྙེད་མངོན་སུམ་མཁྱེན་པའི་སྣང་བ་དེས། །
ཁམས་གསུམ་འཛིན་པའི་རབ་རྨོངས་མུན་པ་ཡོངས་སུ་བསལ་མཛད་དེ་ལ་འདུད། །

༧ གཡས་གཡོན་ཕྱག་གཉིས་ཐབས་ཤེས་ཟུང་འཇུག་ཐུགས་ཀར་པད་སྐོར་མཐེབ་མཛུབ་ཀྱིས། །
ཉེར་བཟུང་ཡུ་བ་ལོ་འདབ་ཀྱིས་མཛེས་ཕན་ཚུན་གཡས་གཡོན་ཨུད་དཔལ་འདབ་སྟོང་དབུས། །
མཚར་སྡུག་གེ་སར་རྒོད་པ་ལ་རྩེ་གཡས་ན་དཔའ་བོ་འབྲུ་ལྔ་གསལ། །
གཅིག་ཤོས་ཛམ་བུའི་གསེར་སྦྱངས་སྣང་གསལ་འཕྲུལ་གྱི་མེ་ལོང་མཛེས་ལ་འདུད། །

༩ བརྟེན་པ་མེད་པར་མཁའ་དབྱིངས་ལ་ཤར་དབང་པོའི་གཞུ་ཡི་ཞུན་མ་ཡིས། །
ཁ་དོག་བསྒྱུར་འདྲའི་ལྷ་རྫས་རེག་བྱ་ལྕིད་ཀྱིས་སྤངས་པའི་ཤམ་ཐབས་དང་། །
མར་གད་བྱི་རུའི་མདངས་ལྡན་ཆུན་དཔྱང་སྟོད་གཡོག་སར་པས་མཛེས་བྱས་ཤིང་། །
ཡན་ལག་འཁྲི་ཤིང་རིན་ཆེན་དྲྭ་བའི་རྒྱན་གྱིས་ཀུན་ཏུ་སྤྲས་ལ་འདུད། །

༡༠ ཞལ་དང་སྐུ་ཡི་འོད་ཁྱིམ་ཕྱི་ན་འཇའ་ཚོན་བཀྲ་བའི་ཧོས་གུར་དང་། །
ཕན་ཚུན་རབ་དཀར་གདོང་ལྔ་གཉིས་ཀྱིས་མཆེ་བར་བྲམ་ཟེའི་གཟུགས་ཟ་མངོན། །
དེ་སྟེང་གཡུ་འབྲུག་མེ་ཡི་གཤོག་ཅན་ངར་བས་ཀླུ་སྲིན་གདུག་པ་ཟ། །
སྤྱི་གཙུག་མཁའ་ལྡིང་ཁྲོས་པས་ཆུ་སྲིན་ཟ་བའི་གཟུགས་ཀྱིས་བརྒྱན་ལ་འདུད། །

༡༡ གང་ཞིག་ཀུན་ཏུ་ཉེ་བར་རབ་ཞི་གདོད་ན་རྣམ་དག་ཡེ་ཤེས་ནི། །
སྣ་ཚོགས་གཟུགས་འཛིན་སྤྲོས་པ་ཀུན་བྲལ་འོད་གསལ་རྫོགས་པའི་བོན་ཉིད་ཅན། །
འཕོ་འགྱུར་མེད་བཞིན་གང་འདུལ་མཛད་པ་ལྷུན་གྱིས་གྲུབ་པར་རྟག་འཇུག་པའི། །
ཟག་བྲལ་མཆོག་གི་ཡོན་ཏན་གྱིས་དགྱེས་གཤེན་ལྷ་བོན་གྱི་སྐུ་ལ་འདུད། །

༡༢ སྨོན་ལམ་སྟོབས་ཀྱིས་མངོན་པར་བསྐྱེད་བསྲིངས་དཔག་ཡས་དག་པའི་ཞིང་ཁམས་སུ། །
རྨད་བྱུང་ཚོགས་གཉིས་བྱེད་པོས་རབ་བསྐྲུན་མཚན་དཔེའི་འོད་ཟེར་དྲྭ་བ་ཡིས། །
ཁྲག་ཁྲིག་བདུད་ཀྱི་མུན་པ་ཕམ་བགྱིད་གདུལ་བྱའི་ཁམས་དབང་བསམ་པ་དང་། །
རྗེས་སུ་མཐུན་པར་དགའ་བས་སངས་པོ་ ལོངས་སྤྱོད་རྫོགས་པར་དེ་ལ་འདུད། །

༡༣ འགྲོ་འདིའི་ཀུན་རྟོག་རྒྱ་མཚོའི་རླབས་བཞིན་ཐ་དད་བར་མེད་མངོན་འཕྱོ་བ། །
རྒ་ན་འཆི་དང་སྐྱེ་བ་ལས་སོགས་སྡུག་བསྔལ་འཛིན་འཁྲིའིགྲོང་ཁྱེར་ཅན། །
དེ་ལས་སྣ་ཚོགས་ཐབས་ཚུལ་དུ་མའི་མཛད་པ་དཔག་ཡས་རིན་ཆེན་གྲུས། །
ཞི་བདེ་ཐར་པའི་གླིང་དུ་འདྲེན་མཛད་སྟོན་པ་སྤྲུལ་པའི་སྐུ་ལ་འདུད། །

༡༤ འཁོར་གྱི་ཚོགས་ནི་བྱིན་རླབས་ཐུགས་རྗེ་སྤྲུལ་པ་འོད་ཟེར་ལས་བྱུང་བའི། །
བདེ་བར་གཤེགས་པ་ལྷ་མོ་ལྷ་ཆེན་སྲིད་པ་གཤེན་རབ་རྣམ་བཞི་ནི། །
ལྔ་བཅུའི་ལྷག་པའི་ཉིས་བརྒྱའི་ཚོགས་དང་མཚན་ལྡན་གཡུང་དྲུང་སེམས་དཔའ་བཞི། །
སྣ་ཚོགས་མཚན་འཛིན་འཁྲོ་རྔམ་གཏུམ་པའི་གཟུགས་ཅན་ཁྲོ་བཞི་བཅས་ལ་འདུད། །

༡༥ གཟི་འོད་མཐའ་ཡས་ལྷ་ཆེན་འོད་དཀར་འཆང་བའི་ཐུགས་རྗེའི་ཆུ་གཏེར་ལས། །
ཐབས་ཀྱི་མཆོག་དང་ཤེས་རབ་ཕུལ་ཕྱིན་སྙིང་རྗེ་ཆེན་པོའི་ཟླ་ཤེལ་དབང་། །
མངོན་པར་སྤྲུལ་འཐོན་ཕན་དང་བདེ་བའི་འཛུམ་ཟེར་གསར་པའི་འཇོ་སྒེག་གིས། །
སྲིད་པའི་མུན་ནག་ཕུང་པོ་རྣམ་རྒྱལ་ཞི་བའི་ཀུ་མུད་བཞད་དེར་འདུད། །

༡༦ གང་གསུང་སྒྲ་དང་ཚིག་གིས་མི་མཚོན་ལུང་རྟོགས་ཆར་སྤྲིན་རོལ་མོ་ནི། །
སྐལ་བཟང་གཉིས་སྐྱེས་རྣ་བའི་བཅུད་ལེན་རྟག་པར་སྦྱིན་པ་དེ་མ་ཐག །
བྱང་ཆུབ་སྤྱོད་པའི་སྒྲོ་གཤོག་ཟླུམ་པོས་གྲུབ་གཉིས་རོལ་གར་བསྒྱུར་བ་དང་། །
ལྷན་གཅིག་རྣམ་གྲོལ་མཆོག་གི་མངལ་ཁུར་མངོན་པར་འཛིན་མེད་དེ་ལ་འདུད། །

༡༧ ཁྱེད་ནི་འཇིག་རྟེན་གསུམ་གྱི་ཐོར་ཚུག་རིན་ཆེན་དྲྭ་བས་སྤྲས་པ་དེར། །
ཞབས་མཐིལ་བཀོད་ལ་ངོ་མཚར་ཅི་ཞིག་དེ་ཀུན་འདྲེན་པའི་རྒྱལ་བ་ཡིས། །
ཐུགས་རྗེས་བསྐུལ་བའི་ཡེ་ཤེས་རབ་བསྐྱེད་ཡུམ་འགྱུར་ཤེས་རབ་ཕ་རོལ་ཕྱིན། །
ངོ་བོར་གཡོ་མེད་མཉམ་པར་བཞུགས་པའི་ངོ་མཚར་མཆོག་དེར་བསྟོད་པར་བགྱི། །

༡༨ རྟག་ཏུ་མི་འབྲལ་ཏིང་འཛིན་བྱེད་པོས་ཁྱེད་སྐུ་རབ་མཛེས་ལྷུན་སྡུག་པ། །
ཡིད་ཀྱི་ཐིག་ལེར་རོ་གཅིག་བཀོད་ཅིང་གྲགས་སྟོང་གསང་སྔགས་རོལ་མོ་ནི། །
མགྲིན་པའི་རྒྱན་དུ་བར་མེད་འཁྲོལ་བར་དགྱེས་པའི་སྤྱན་ཟུར་གཡོ་བའི་འོད། །
གུས་པ་ཆེན་པོའི་ཆུ་སྐྱེས་རྩེར་སོན་དགེ་མཚན་འདབ་བརྒྱ་རྒོད་པར་ཤོག །

༡༩ བརྟན་གཡོ་འབྱུང་ལྔའི་དྭངས་མ་ཀུན་དང་ཕུན་ཚོགས་རིང་འཚོའི་ཟིལ་ངར་གྱིས། །
སྲོག་གི་མདུད་པ་དམ་པོར་བཅིངས་གྱུར་ལྷ་དང་དྲང་སྲོང་གྲུབ་པ་སྟེ། །
སྐྱེ་སོགས་རྒས་དཀའི་ཕ་མཐར་སོན་པའི་སྲས་བཅས་རྒྱལ་བའི་ཐུགས་རྗེའི་དཔལ། །
ཀུན་ནས་བསྡུས་ཏེ་རྣལ་འབྱོར་ལ་བརྩོན་སྐལ་ བཟང་འགྲོ་ལ་རྒྱ་ཆེར་སྩོལ། །

༢༠ དེ་མཐུས་མི་བགྲེས་ལང་ཚོའི་སྟོབ་ཀྱིས་གཉིས་འཐུང་དབང་པོ་ཟིལ་གནོན་ཅིང་། །
བསླུབས་སྐྱེས་བདུད་རྩིའི་བཅུད་ལེན་གྲུབ་བཞིན་བསྐལ་པར་མི་ཤིག་རྡོ་རྗེའི་སྲོག །
ཚེ་གྲངས་མེད་པར་ཀུན་ནས་ཐབ་པའི་ལྷ་ཡི་སྐྱེད་ཚལ་གོ་བི་དྭ། །
བསོད་ནམས་ཡེ་ཤེས་ལོ་འདབ་རབ་གཡོ་མཆོག་གི་འབྲས་བུ་འཛིན་པར་ཤོག །

༢༡ ཁྱད་པར་དུས་མིན་འཆི་བའི་འཇིགས་སྦྱིན་ཤ་ཟ་འཁྲོས་པའི་གདོང་པ་ལྟའི། །
ནད་ཀྱིས་འཚེ་དང་རྒྱལ་པོའི་ཆད་པ་གཅན་གཟན་ཆུ་གཏེར་འཁྲུགས་པའི་རླབས། །
ཆོམ་རྐུན་བྲང་འགྲོ་སེང་གེ་ཁྲོས་དང་གཉིས་འཐུང་མེ་དང་ལྕེ་འབབས་སོགས། །
གདུག་རྐྱེན་ཐུགས་བརྩེའི་ཤུགས་ཀྱིས་བཅོམས་ནས་བདེ་བའི་གོ་སར་སོན་གྱུར་ཅིག །

༢༢ ལམ་གསུམ་འགྲོ་བས་རྟག་པར་བཀྲུས་ཀྱང་ཅུང་ཟད་དག་པའི་སྐབས་བྲལ་ཞིང་། །
ལྷ་ཡི་དབང་པོའི་ལག་ན་ཉལ་བའི་པྲ་ཕུད་མཚོན་གྱིས་བརྡར་བས་མིན། །
ཤིན་ཏུ་གནག་པའི་ལས་ཀྱི་མུན་པས་ མཐའ་མེད་འཁོར་བར་འཕྱན་གྱུར་གང་། །
ཁྱེད་ཞལ་དྲན་ཅིང་མཚན་འཛབ་བཟླས་པའི་ཟླ་བའི་ཟག་མས་མྱུར་བཅོམ་མཛོད། །

༢༣ སྔོན་བྱུང་རྒྱལ་ཕྲན་ཁྱོ་ཤུགས་སྲས་སོགས་མི་དགུ་སུམ་སྟོང་དམག་མི་བཅས། །
མ་རུངས་ཤི་བས་ངན་འགྲོའི་སྡུག་བསྔལ་ཕུང་པོར་མངོན་པར་འཇུག་ཐོབ་ཚེ། །
ཀུན་ནས་གདུང་བའི་འབར་བའི་སྒྲོན་མས་གཤེན་རབ་མཆོག་ལ་གསོལ་བའི་མདོ། །
ཁྱེད་ཀྱི་མཚན་བརྗོད་བསྟན་ནས་དྲངས་བཞིན་བདག་ཀྱང་དེ་འདྲར་མཛད་དུ་གསོལ། །

༢༤ འདི་ན་པད་མ་གཞོན་ཤ་ཆགས་པས་འགྲམ་པའི་འཇོ་སྒེག་བསྟན་བྱས་པའི། །
རི་དྭགས་ཚོགས་རྣམས་ནགས་ན་རོལ་བཞིན་རྣལ་འབྱོར་ལ་བརྩོན་འཁོར་བཅས་ཀྱང་། །
བས་མཐའི་གནས་མཆོག་ཤིན་ཏུ་ཉམས་དགར་ཤིང་ཤུན་འཇམ་པོའི་ཁང་བཟང་དབུས། །
སྦྱངས་ཡོན་བཅུ་གཉིས་ཚུལ་བཞིན་སྤྱོད་ནས་སྲོག་གི་ལྷག་མ་དོན་ལྡན་ཤོག །

༢༥ སྟོང་ཉིད་སྙིང་རྗེའི་ཤིང་རྟའི་དབང་གྱུར་ཁྱོད་ཞབས་པད་མའི་རྩ་ལག་གིས། །
བརྒྱད་གཉིས་འཇིགས་པའི་མུན་པ་རབ་ཞི་རིག་པའི་བློ་དང་བསོད་ནམས་དཔལ། །
དད་ནོར་གཏང་སོགས་ཡོན་ཏན་བདུན་ལྡན་ཨུརྦརགཞོན་ནུ་ཉེར་རྒྱས་ཤིང་། །
ལེགས་ཚོགས་དབང་གྱུར་ཚུལ་མིན་ཀུ་མུད་ཀུན་ནས་ཀུན་ཏུ་ཟུམ་པར་མཛོད། །

༢༦ ནམ་ཞིག་འདིར་སྣང་ནུབ་པར་གྱུར་ཚེ་གང་གི་ཐུགས་རྗེའི་ཕྱག་སོར་གྱིས། །
དགྱེས་པར་བཟུང་ནས་ཉམ་ངའི་འཕྲང་ལ་དབུགས་འབྱིན་སྩོལ་བའི་དེ་མ་ཐག །
ཆུ་སྐྱེས་གཞོན་ནུའི་མངལ་ལས་གྲོལ་བའི་དག་པའི་ལུས་མཆོག་འཛིན་པའི་མོད། །
ཐུགས་བྱིན་ཡེ་ཤེས་འོད་སྤྲུལ་དཔག་མེད་བདེར་གཤེགས་གཙོ་བཞིའི་ཞལ་མཐོང་ཤོག །

༢༧ དེ་ལྟར་གུས་པས་གསོལ་བ་བཏབ་ཅིང་ལུས་ཀྱི་བ་སྤུའི་འཁྲི་ཤིང་གཡོ། །
ངག་གི་གདུང་དབྱངས་མགྲིན་པར་བརྩེགས་ནས་ཡིད་ཀྱིས་ཉིན་མཚན་བར་མེད་དུ། །
དབྱིངས་ཡུམ་མཆོག་གི་ཡོན་ཏན་ལ་དད་བསྟོད་པའི་རྒྱལ་པོ་འདི་བཀླགས་པས། །
ཇི་ལྟར་སྨོན་པའི་དོན་རྣམས་གྲུབ་སྟེ་སྐལ་པ་བཟང་པོ་ལྡན་འགྱུར་ཤོག

   ཅེས་དེ་ལྟར་ཡུམ་ཆེན་མོ་ས་ཏྲིག་ཨེར་སངས་ལྷ་གཤེན་སྲིད་པ་བཅས་བདེ་བར་གཤེགས་པ་གཙོ་བོ་བཞི་ལ་སྔགས་བསྟོད་མཆི་་མེད་སྤྲིན་གྱི་རོལ་མོ་འདི་ནི་གཙང་ལྗོངས་ས་ཡི་ཐིག་ལེ་གཡས་རུ་བཀྲ་ཤིས་སྨན་རིའི་འདུས་ཚོགས་སུ་མེ་ཏོག་མཆོད་པ་ཞལ་མཇལ་སྐབས་རྩེ་གཅིག་འདུས་པ་ཆེན་པོས་བསླངས་ཏེ་གནས་དེ་ཉིད་དུ་སྡོད་པའི་མཚན་མོ་སྣང་གསལ་ཞིག་གི་ངོག་ཏུ་ཤར་མར་བྲིས་པ་ལ་སླར་ཚིག་སྦྱོར་སྙན་པར་བཅོས་ཏེ་གསོལ་བ་འདེབས་པོ་ནི་རྒྱལ་ཁམས་ཀྱི་སྤྲང་པོ་སྙན་ངག་སྨྲ་བ་ཚངས་སྲས་དགྱེས་པའི་གཡུང་དྲུང་ངོ་། ། ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།