བཀའ་སློབ་ཕྱོགས་བཅུའི་མུན་པ་སེལ་བའི་རྟ་བདུན་དབང་པོའི་འོད་སྣང་།

[ཟླ་ཚེས། 2019-04-18 21:36:10][རྩོམ་པ་པོ། དགེ་བཤེས་ཚུལ་ཁྲིམས་གཙུག་ཕུད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  གངས་ལྗོངས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་ཆེན་མོ་དགེ་བཤེས་ཚུལ་ཁྲིམས་གཙུག་ཕུད་རིན་པོ་ཆེ་མཆོག་གིས་བདུན་ཕྲག་ཉིན་གསུམ་པར་སློབ་མ་རྣམས་ལ་བསྩལ་བའི་བཀའ་སློབ་ཕྱོགས་བཅུའི་མུན་པ་སེལ་བའི་རྟ་བདུན་དབང་པོའི་འོད་སྣང་།

  —གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དཀའ་གནད་གཞུང་བརྒྱའི་བགྲོ་གླིང་ཁང་ཆེན་ནས་སྤྱི་ལོ་༢༠༡༩ལོའི་ཟླ་༤ཚེས༡༤་ཉིན་སློབ་མ་རྣམས་ལ་བརྩལ་བའི་གཏམ་བཤད་སྒྲ་བཤུས།

1555594905283665.jpg

  འོ་ལེགས་སོ། ཐོག་མར་གོང་བཞུགས་ཀྱི་དགེ་བའི་བཤེས་གཉེན་རྣམ་པ་དང་། སློབ་མ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། (ཐལ་མོ་རྡེབ་སྒྲ) ང་རང་ཚོས་སློབ་གསོའི་ལས་རིམ་འདི་སྤེལ་གྱི་ཡོད་བ་བཞིན། ལས་རིམ་སྤེལ་སྟངས་ཀྱི་ཁྲོད་དུ་ཐོག་མར་ངས། རེ་བའམ་བསམ་འཆར་ཞིག་ཡོད་པ་ནི། ང་རང་ཚོ་ལས་དང་སྨོན་ལམ་གྱི་སྟོབས་ཀྱིས་དགེ་རྒན་དང་སློབ་མའི་འབྲེལ་བ་བྱུང་སོང་བ་རེད། དེ་འདྲ་ཡིན་ཙང་། ཁྱེད་རྣམ་པར་སློབ་གསོ་བྱེད་པའི་ཁ་ཐུག་ལ། འཁྲབ་སྟོན་དང་། གར་སྟབས་ཙམ་གྱི་རྣམ་པ་མི་འཛིན་པར། གང་བཤད་པའི་ནང་གི་ལེགས་ཆ་ཅི་ཡོད་པ་དེ། ཡང་དག་པའི་སྒོ་ནས་ཉམས་སུ་ལེན་རྒྱུ་དེ་ཐོག་མར་སེམས་གཏིང་གི་རེ་བ་ཡིན། དེ་མ་ཡིན་པར། དེ་རིང་གཅིག་གིས་རྫིག་པོ་ཞིག་བཤད་སོང་། གཉིས་ཀྱིས་ཡག་པོ་བཤད་མ་སོང་ཟེར་བ་འདྲ་བོ། ཕལ་ཆེ་བས་རྫིག་པོ་ཞིག་བཤད་དང་མ་བཤད་ཀྱི་ཁྱད་པར་ཙམ་ལས། དེའི་བཤད་ཡ་དེ་ང་ཚོས་ཉམས་སུ་ལེན་དགོས་ཟེར་བ་ནི་ཉུང་ཉུང་དུ་ཆཊ་བསྡད་བ་རེད། དེ་འདྲ་ཙམ་ནི། གོ་བའི་ལམ་འགག་ཧ་ཅང་ནོར་བ་རེད། འདི་འདྲའི་གླེང་སྟེགས་གཅིག་བསྐྲུན་ཏེ་ལམ་ལུགས་ཞིག་སྤེལ་བ་འདི་དགོས་པ་གང་རེེད་ལབ་ཚེ། ཚང་མ་ལ་ཅུང་ཙམ་གྱི་ཕན་འབྲས་ཡོང་བའི་ཆེད་དུ་བྱེད་ཀྱི་ཡོད་པ་རེད། དེའི་ཕན་འབྲས་ཀྱི་ལམ་ཁ་ནས། ང་ཚོ་དགེ་འདུན་པ་རྐྱང་རྐྱང་ཡིན་པ་སོང་ཙམ། ཚང་མ་འཇིག་རྟེན་བོན་བརྒྱད་ཀྱི་རྗེས་སུ་མ་སོང་བར། དངོས་གནས་ཆོས་ཀྱི་སེམས་ཅན་འདུལ་བའི་བསླབ་བྱའི་ལམ་དུ་འགྲོ་དགོས་བ་རེད། ཡིན་ནའང་། དེའི་ཕྱོགས་ནས། སྔར་སོང་གི་དགེ་རྒན་གོང་མ་རྣམ་པས་གསུངས་ཟིན་པ་དང་། དེའི་འོག་ནས། དགེན་བསོད་ནམས་ཚེ་རིང་འུ་གཉིས་ཀྱིས་བཤད་པའི་སྐབས་ལ་ཁེལ་དུས། འདིའི་ནང་ལ། ལེགས་ཆ་ག་རེ་ཡོད་པ་ཚང་མ་སོ་སོའི་རྒྱུད་ལ་ཉར་ཏེ་ཕན་འབྲས་ཀྱི་ཐོག་ལ་གོམ་པ་སྤོ་རྒྱུ་དེ་སེམས་ནས་རེ་ཞུ་བ་ཡིན། དེ་འདྲ་ཡིན་ཙང་། ང་རང་ཚོ་ལ་གང་དགོས་ཀྱི་ཡོད་རེད། ང་ཚོ་འདིར་འཛོམས་པ་དེ་གང་གི་ཆེད་དུ་རེད། སློབ་སྦྱོང་གི་ཆེད་དུ་ཡིན་པ་རེད། སློབ་སྦྱོང་བྱེད་པ་དེ་དགོས་པ་གང་རེད། ཕྱོགས་གཅིག་ནས་བཤད་ཚེ། ཐར་པ་བྱང་ཆུབ་འཐོབ་པའི་ཆེད་དུ་བསམ་བློ་གཏོང་དགོས་པ་རེད། དེ་གཏོང་མ་ཐུབ་པ་ཡིན་ནའང་། ང་ཚོ་གང་གི་གྲུབ་མཐའ་འཛིན་པ་ཡིན་པ་དེ་ངོས་ཟིན་པའི་སྒོ་ནས་སློབ་སྦྱོང་བྱེད་དགོས་བ་རེད་དྲན་གྱིན་འདུག རྒྱུ་མཚན་གང་རེད་ལབ་དུས།ང་ཚོ་བོན་པོ་རེད། གཞན་ཞིག་གིས་བོན་པོ་ངན་པ་ཞིག་དང་། དེ་ཡག་པོ་མ་རེད་སོགས་ལབ་ཡོང་དུས་ཏན་ཏན་གདོང་པ་ནག་པོ་ཆཊ་འགྲོ་བ་དེ་བདག་གཞན་ཚང་མར་མྱོང་བ་ཡོད་པ་རེད། དེའི་ལམ་ཁར་མི་འགྲོ་བ་དེ་ང་ཚོས་གང་དགོས་ཀྱི་ཡོད་རེད་ལབ་དུས། ཐོག་མར་རང་རང་གི་བསྟན་པ་གྲུབ་མཐའ་དང་། ང་ཚོའི་འོས་འགན་དེ་སློབ་སྦྱོང་བྱེད་རྒྱུ་དང་འདི་ལ་འཆད་ཉན་བྱས་རྒྱུ་དེ་ཡིན་པ་རེད། དེ་ཅིའི་ཕྱིར་ཞུས་བ་ཡིན་ན། རྗེ་ཐམས་བཅད་མཁྱེན་པའི་ཞལ་ནས། “བསྟན་པ་ལ་ཨེ་ཕན་ལ་བསམ་ན། ཕྱོགས་ཕྱོགས་ནས་འཆད་ཉན་ལ་རེམས”གསུངས་ཏེ་གདམས་ངག་གསེར་ནང་བཞིན་གནངས་ཡོད་པ་རེད། དེ་བཞིན་དུ། རྗེ་ལྷ་རི་གཉེན་པོའི་ཞལ་ནས། “ཐོས་བསམ་བསྟན་པའི་སྒྲོན་མེ་ཡིན། སློབ་གཉེར་བསྟན་པའི་སྲོག་ཤིང་ཡིན་”གསུངས་ཏེ། ཐོས་བསམ་བྱས་ཡ་དང་། སློབ་གཉེར་བྱས་ཡ་དེ། བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ལམ་འགག་གཙོ་བོ་ཆགས་བསྡད་བ་རེད། ང་ཚོའི་ལམ་ཁ་དེ་འཆད་ཉན་བྱེད་ཡ་དེ་རེད། དེ་འདྲ་ཆགས་བསྡད་ཡོད་པའི་རྒྱུ་མཚན་གྱིས་ང་ཚོའི་ལམ་ཁ་དེ་ཐོས་བསམ་བྱེད་རྒྱུའི་ལམ་ཁ་དང་། ལ་རྒྱ་འཛིན་སྟངས་ཀྱི་ཆ་ནས་བཤད་ན་ང་ཚོའི་ལ་རྒྱ་འཛིན་རྒྱུ་དེ། ཐོས་བསམ་ལ་བསྟེན་ནས་ཐོས་བསམ་གྱི་ལ་རྒྱ་འཛིན་དགོས་པ་དེ་ཡིན་དུས། དེའི་ཐད་ལ་འབད་བརྩོན་དྲག་པོ་བསྐྱེད་དགོས་ཡ་དེ། ང་ཚོ་རྒན་གཞོན་ཚང་མ་ལ་རག་ལས་བསྡད་ཡོད་བ་རེད། ལྷག་པར་ཏུ་ཁྱེད་སློབ་མ་རྣམས་ལ་རག་ལས་བསྡད་ཡོད་བ་དེ་བརྒྱ་ཆ་བརྒྱ་ཡིན་པ་རེད། འདིའི་ནང་ལ། སློབ་མ་ལྔ་བརྒྱ་དྲུག་བརྒྱ་ཙམ་ཚོགས་བསྡད་ཡོད་རེད། མ་འོངས་པའི་ལས་དོན་གྱི་ཆ་ནས། གཡུང་དྲུང་བོན་གྱི་བསྟན་པ་འདི་ལྟར་འཛིན་ནས་འགྲོ་དགོས་རེད་མ་གཏོགས། གཞན་གོང་ལ་བཞུགས་པའི་མི་བུ་བཅུ་ཁ་ཙམ་ཞིག་གིས་བཟུང་བསྡད་པ་ཞིག་རྩ་བ་ནས་ཡོད་མ་རེད། དེའི་ཕྱོགས་ལ་བསམ་བློ་གཏོང་ནས། སློབ་སྦྱོང་རྣམ་པར་དག་པ་ཞིག་བྱེད་རྒྱུ་དེ་གལ་ཆེན་པོ་རེད། སློབ་སྦྱོང་བྱེད་པ་དེ་དུས་རབས་འདི་དང་འཚམས་པའི་སྒོ་ནས་ཡར་རྒྱས་གཏོང་དགོས་ཀྱི་ཡོད་པ་དང་། ཡར་རྒྱས་ལ་མཐའ་མེད་དུས། གཞན་སྡེ་དེ་ཚོས་གང་འདྲ་ཡག་པོ་ཡར་རྒྱས་གཏོང་གི་འདུག ང་ཚོ་དེར་མིག་འདྲ་ཚ་ནས་འདུག་རྒྱུ་ལས་བྱ་བ་གང་ཡང་བྱེད་རྒྱུ་མེད་པའི་རྣམ་པ་གང་ཡང་མ་རེད། ང་ཚོ་ལ་གང་དགོས་ཀྱང་ཡོད་པ་རེད། འཆད་པ་བྱེད་རྒྱུ་དང་། རྩོད་པ་བྱེད་རྒྱུ། རྩོམ་པ་བྱེད་རྒྱུ་དང་། ཐོས་བསམ་སྒོམ་གསུམ་གང་གི་བྱ་བ་ལ་འབད་པ་བྱས་ཚེ། འབད་ཆོག་ཆོག་གི་གཞུང་ལུགས་ཀྱི་རྒྱུ་ཆ་ང་ཚོ་ལ་ཡོད་བ་རེད། དེའི་ཕྱོགས་ལ་ང་ཚོས་འབད་རྒྱུ་དེ། གལ་ཆེན་པོ་རེད། དེས་མ་ཚད་པར། དེང་སང་གི་དུས་ལ། ཅི་ཞིག་གིས་གནོད་པ་འགྲོ་གི་ཡོད་རེད་ལབ་ཚེ། སློབ་སྦྱོང་བྱེད་པ་ལ་གེགས་བར་ཆོད་མང་པོ་ཡོང་གི་ཡོད་རེད། ཆེས་གེགས་གཙོ་བོ་དེ་གང་ཆགས་ཀྱི་ཡོད་རེད། ང་ཚོ་ཚང་མས་རྒྱུས་ཡོད་ལྟར། ཁ་པར་འདི་ཆགས་ཀྱི་ཡོད་པ་རེད། ཁ་པར་ཟེར་བ་འདི་ཉིན་མཚན་དབྱེར་མེད་ལ་བལྟས་བསྡད་དུས། སློབ་སྦྱོང་ཟེར་བ་འདི་དངོས་གནས་དྲང་གནས་གར་སོང་མེད་པར་གྱུར་འགྲོ་བ་རེད། དེའི་ནང་དུ། ལྷག་ཏུ་ལྟ་མི་ཉན་སར། རྒྱའི་སྐད་ལ། (抖音 )ཟེར་བ་འདི་ལྟ་བུ། དེའི་ནང་དུ་འཛམ་བུ་གླིང་ཡིན་ན་རེད། དེ་བཞིན་རྒྱ་ནག་གི་རྒྱལ་ཁབ་འདི་ལ་མཚོན་ན་བརྒྱ་ཆ་དགུ་བཅུ་གོ་ལྔ་རྩེད་མོ་དང་ཁྲམ་ཤད་ལ་དགའ་མཁན་རིགས་ཏག་ཏག་ཡིན་པ་རེད། དེའི་ཕྱིར་འདིའི་རྗེས་སུ་སོང་སྟེ། ཉིན་ལྟར་དེ་ལ་བལྟས་ཏེ་ཉིན་ནས་ཉིན་དང་ཟླ་ནས་ཟླ་ལ་འགོར་ཚེ། ཉིན་ཞིག་ཁྱོད་དེའི་རྗེས་སུ་རྒྱུག་འགྲོ་ནས་ཕལ་ཆེར་སྐྲ་མདོག་སེར་པོ་བྱས་པའི་སྐབས་ལ་ཁེལ་རྒྱུ་ཡོད་རེད། དེ་ལ་བལྟས་བལྟས་ནས། ཁོས་འཛམ་བུ་གླིང་ཐོག་གི་རྫིག་པོ་རྫིག་པོ་ཏག་ཏག་དེ་ལྟ་ནས་བསམས་ཏེ་ཕལ་ཆེར་རླངས་འཁོར་ཁྲི་ཚོ་བརྒྱ་རིམ་པ་ཞིག་སྐོར་བསྡད་བ་འདྲ་མཐོང་ནས་དེ་འདྲར་བྱ་དགོས་བསམས་སྟེ། ལམ་ཁ་འདི་ནས་བུད་འགྲོ་བ་རེད། ཡིན་ནའང་། སོང་ནས་ཟླ་བ་གཉིས་ཙམ་གྱི་རྗེས་སུ། འདིའི་ཕྱོགས་ཀྱི་མི་ཞིག་ཡིན་ཚེ། གྱང་རྡུང་མཁན་ཞིག་ཆཊ་བསྡད་ཡོད་རེད། དེ་ལས་ལམ་ཁ་ཆེན་པོ་ཞིག་རག་འགྲོ་ཡ་གང་ཡང་ཡོད་མ་རེད། (ཚང་མའི་བཞད་སྒྲ) དེའི་ཕྱོགས་ནས། ཐམས་ཅད་ཀྱིས་ཁ་པར་ལ་ནན་ཏན་གྱིས་གཟབ་དགོས་ཀྱི་འདུག་མ་གཏོགས་དངོས་གནས་འགྲིག་གི་མི་འདུག ད་དུང་། དེའི་ནང་དུ་དམག་རྒྱག་(绝地求生)ཟེར་བ་ཞིག་རྩེད་རྒྱུ་འདུག་བཱ། ཁྱོས་བསམ་བློོ་ཐོངས་དང་། དེའི་ནང་དུ་མང་པོ་ཞིག་བསད་ཐུབ་པས་ཁྱོད་ལ་ཕན་འབྲས་གང་ཡོང་གི་འདུག ཕན་འབྲས་གང་ཡང་ཡོད་མ་རེད། འདི་ནང་གི་རྒན་པ་རྣམ་པས་རང་དོན་ཡིན་པ་དོན་རྟོགས་ཀྱི་ཡོད་རྒྱུ་རེད་གཞོན་པ་རྣམ་པས་ཡིན་གཅིག་མིན་གཉིས་དེའི་ཐོག་ཏུ་བསམ་གཞིགས་གཏོང་དགོས་ཀྱི་འདུག ང་གྲྭ་པ་ཡིན་པ་དང་། གྲྭ་པའི་ནང་གི་གཡུང་དྲུང་བོན་སྒོ་ལ་ཞུགས་པའི་གྲྭ་པ་ཞིག་ཡིན་པས་ངའི་ལས་འགན་ཅི་ཞིག་རེད། ང་བོན་པོའི་ལ་རྒྱ་འཛིན་མཁན་ཞིག་ཡིན་དུས། མཁས་པ་ཆེན་པོ་ཞིག་འགྱུར་ན་ཐང་མི་འགྱུར་ན་ཐང་། དེ་ཧ་གོ་གི་མ་རེད། ངའི་ལས་འགན་དེ་ཐོས་བསམ་བྱས་རྒྱུ་དེ་རེད། ངས་འགྱོད་པ་མེད་པའི་ཐོས་བསམ་ཞིག་བྱེད་དགོས། མ་འོངས་པ་ལོ་བཞི་བཅུ་ལྔ་བཅུ་ཆགས་དུས་འགྱོད་པ་མེད་པ་ཞིག་བྱེད་དགོས་བསམ་པའི་ཨུ་ཚུགས་ཤིག་རྒྱོབ་དང་། འཆར་གཞི་བརྟན་པོ་ཞིག་ཟུངས་དང་། ཁྱེད་རྗེས་སུ་བརྒྱ་ཆ་བརྒྱ་ཡིན། ལམ་འགག་གང་ལ་ཅི་འཚམས་ཤིག་བསླེབ་ཡོང་གི་རེད། ཡིན་ནའང་། དེ་རིང་འཚོགས་བསྡད་ཀྱང་། ཟ་མ་ཞིམ་པོ་ཟ་མཁན་འགྲོ། སང་ཉིན་སྐྱིད་པོ་ཞིག་འགྲོ། གནངས་ཉིན་ཐད་གཏོང་ལ་བལྟ། གཞིས་ཉིན་ཁ་པར་རྩེ་དེ་འདྲ་བྱས་སྡོད་དང་། ཟླ་མཇུག་དེར་བསླེབས་དུས། ཁྱོའི་རོགས་པ་རྣམ་པས་ཡར་རྒྱས་གང་འདྲ་བཏང་འདུག ཁྱོད་གང་འདྲ་ཞིག་ཆགས་འདུག དེའི་ཐོག་ཏུ་བསམ་བློ་ཞིག་ཐོངས་དང་། ཁྱོད་ལ་བསམ་བློ་ཞིག་འཁོར་ཡོང་རྒྱུ་ཡོད་རེད།

  ད་ནས་བཟུང་། འདི་འཛིན་མི་ཆོག་ཟེར་དུས། མི་ཟེར་བ་འདིའི་བསམ་པ་ངན་པ་ཡིན་པ་རེད། ཡིན་གཅིག་འཛིན་བསམ་གྱི་རེད། འཛིན་དགོས་དང་མི་དགོས་རང་རང་གི་བསམ་བློ་ཞིག་ཐོངས་དང་རང་ཉིད་ཀྱིས་སྐབས་ཤིག་ལ་འདིས་གནོད་པ་འདི་འདྲ་ཞིག་གཏོང་གི་འདུག་བསམ་པའི་ཚོར་ཤེས་ཤིག་ཡོང་གི་རེད། དེ་དུས་དཀའ་ངལ་གང་ཡང་མེད་པའི་ཐོག་ཏུ་ཁ་པར་དང་བྲལ་འགྲོ་ཐུབ་ཀྱི་རེད། དེའི་ཕྱིར་དེའི་ཕྱོགས་ནས་འབད་པ་ཆེན་པོ་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན།

1555594905978757.jpg

  གཉིས་པ། སློབ་མའི་སྤྱོད་ལམ་ལ་བརྩལ་བའི་གདམས་ངག་ཐོས་པ་རང་གྲོལ།

  དེའི་འཕྲོ་ནས་སྤྱོད་ལམ་ཡིན། རབ་ཞིག་ཏུ་བྱུང་ན། མཁས་བཙུན་བཟང་གསུམ་འཛོམས་དགོས་ཀྱི་ཡོད་པ་རེད། དེ་མ་འཛོམས་ཀྱང་། མཁས་པ་མཆོག་ཏུ་གྱུར་པ་ཞིག་འགྱུར་དང་མི་འགྱུར་ཅི་རིགས་ཡིན་ན་འང་ཐང་མོད། བཟང་པོ་ཞིག་བྱེད་རྒྱུ་དེ་རང་རང་ལ་རག་ལས་བསྡད་ཡོད་པ་རེད། སྤྱོད་ལམ་རྣམ་པར་དག་པ་བྱུང་དགོས་པ་ཞིག་བྱེད་དགོས་རྒྱུ་དེ་རེད། སྤྱོད་ལམ་ཟེར་བ་འདི་གང་འདྲ་དགོས་པ་རེད། ཕྱིའི་རྣམ་པ་དང་། ནང་གི་ཀུན་སློང་ཡིན་ནའང་ཆོག སྤྱི་ཚོགས་གང་ལ་ཞུགས་ཀྱང་། སྒྲིག་ལམ་ཅི་ཞིག་གི་ནང་དུ་ཡོད་ན། དེ་ལ་འགན་ཁུར་ཡོད་པ་དང་། ལྷག་བསམ་ཡོད་པ་ཞིག་བྱུང་དགོས་དུས། དེའི་མི་དེ་ཏན་ཏན་སྤྱོད་ལམ་ཅན་ཞིག་ཆཊ་སོང་བ་རེད། དཔེར་ན། སྤྱོད་ལམ་གྱི་ཆ་ནས་མི་ལ་མཐོང་ཆེན་བྱས་ཚུལ་གྱི་འཛམ་གླིང་ཐོག་ཏུ་དཔེ་ཞིག་དྲངས་རྒྱུ་འདུག་བ། ཆེས་ཡོན་ཏན་ཕུལ་བྱུང་གི་སློབ་ཆེན་མི་སྣ་རེ་ཞིག་རྒྱུགས་སྤྱོད་བྱེད་དུས། རྒྱུགས་ལེན་པ་པོས། ལམ་ཁར་ཕྱགས་མ་དང་གད་སྙིགས་ཀྱི་སྣོད་སོགས་གཏོར་བཞག་ནས། ཁོང་ཉིད་ཁང་འགོ་ནས་བལྟས་བསྡད་དུས། རྒྱུགས་སྤྲོད་མཁན་རྣམས་རིམ་པར་ཡོང་ནས་རང་རང་གི་ཅོག་ཙེ་ཐོག་ཏུ་བསྡད་པ་རེད་ཟེར། ཡིན་ནའང་། མིག་ཅིག་ཁོང་རང་རྗེས་སུ་ལུས་ཏེ་དུས་ཚོད་འགོར་གྲབས་ཡོད་ཀྱང་། ལམ་བར་གྱི་ཕྱགས་མ་དང་། སྒྱེལ་བཞག་པའི་གད་སྙིགས་ཀྱི་སྒམ་དེ་ཚོ་གཙང་མ་དང་གྲ་འགྲིག་པོའི་ངང་དུ་བཞག་སྟེ་རང་གི་ཅོག་ཙེའི་ཐོག་ཏུ་བསྡད་དུས། རྒྱུགས་ལེན་མཁན་གྱི་ཞལ་ནས། རྒྱུགས་སྤྲད་ཟིན། ད་ཁྱེད་རྣམ་པ་ཕེབས་དང་ཆོག་གསུངས་བ་རེད། དེའི་རྒྱུ་མཚན་དྲིས་དུས། ཁྱེད་རྣམ་པ་ཚོ། ཡོན་ཏན་གྱི་ཆ་ནས་རྩེ་གྲས་ཏག་ཏག་རེད། དེ་སུས་ཀྱང་ཁྱད་པར་འབྱེད་ཤེས་ཀྱི་མ་རེད། ཡིན་ནའང་། སྤྱོད་ལམ་དང་། མི་གཞི་དེ་གཙོ་བོ་ཡིན་པས། དེའི་ཕྱིར་ཁོང་གིས་རྒྱུགས་སྤྲད་དེ་མི་བསལ་ཚར་བ་ཡིན་ལབ་པ་རེད། མི་གཞི་དང་ཀུན་སྤྱོད་ལ་དེ་འདྲའི་བརྩི་ཐང་འཇོག་གི་ཡོད་བ་རེད། ལྷག་བསམ་ཟེར་བ་དེ་འདྲ་ཞིག་གི་སྟེང་ནས་བྱུང་གི་ཡོད་བ་རེད། སྤྱི་ཚོགས་གང་གི་ནང་དུ་ཡིན་ན། ཆེ་ཆུང་སུ་ཞིག་ཡིན་ན། དེའི་སྤྱི་ཚོགས་དེ་ལ་ལྷག་བསམ་དང་། མི་གཞི་དེ་ཡག་པོ་བྱུང་བ་ཡིན་ན། ཡར་རྒྱས་དེ་བཞིན་འགྲོ་གི་ཡོད་བ་རེད་ལ། ཚོགས་པ་གང་ཞིག་ཡིན་ཚེ་ལས་སླ་བོའི་ངང་དུ་ཡར་རྒྱས་འགྲོ་གི་ཡོད་བ་རེད། དཔེ་དེ་ནང་བཞིན། རྒྱལ་བ་མཉམ་མེད་ཆེན་པོའི་རིང་ལུགས་འཛིན་མཁན་གྱི་འདིར་བཞུགས་ཀྱི་སློབ་མ་དགེ་འདུན་པ་ལྔ་བརྒྱ་དྲུག་བརྒྱ་ཞིག་འཛོམས་བསྡད་པ། འདི་ཚོ་ཚང་མ་ལ། དེ་འདྲའི་རྒྱལ་བ་གཤེན་གྱི་བསྟན་པ་ལ་ལྷག་བསམ་རྣམ་པར་དག་པ་ཞིག་ཡོད་རྒྱུ་ན། ང་ཚོའི་གཞུང་ལུགས་དང་བསྟན་པ་ཡར་རྒྱས་ཀྱི་ངང་ནས་སེམས་ཁྲལ་བྱེད་དགོས་ཡ་ཡོད་མ་རེད། བརྒྱ་ཆ་བརྒྱ་ཐམ་པ་གཅིག་རྗེས་གཉིས་མཐུད་དུ་ཡར་རྒྱས་འགྲོ་ཐུབ་ཀྱི་རེད། སོ་སོའི་བསམ་ཚུལ་ལའང་། ང་ཚོ་ཡག་པོ་མི་བྱུང་རྒྱུ་དེ། སྤྱི་ཚོགས་གང་ལ་ཡིན་ན། དེའི་སྤྱི་ཚོགས་ཐོག་ཏུ་ལྷག་བསམ་མེད་པའི་རྟགས་ཤིག་གི་ཐོག་ནས། ཡར་རྒྱས་འགྲོ་གི་མེད་པར་རེད་བསམ་བསམ་ཞིག་འདུག དེའི་སྟེང་དུ་བསམ་གཞིགས་ཐོངས་དང་། དེ་འདྲ་མ་རེད་བསམས་ན་གཡུག་ཤོག རེད་བསམས་ཚེ་གང་ཟག་སྒེར་གྱི་ཐོག་ནས་བཅོས་བསྒྱུར་གཏང་ཨེ་ཐུབ་ལ་འབད་དང་། ང་ཚོ་སློབ་གླིང་འདིའི་ནང་དུ་ཞུགས་བཞག་བ་རེད། སློབ་གླིང་འདི་ལ་ལྷག་བསམ་རྣམ་པར་དག་པ་ཞིག་ཁུར་ནས། མཐར་ཕྱིན་སོང་བ་ཡིན་ན། ཁྱོད་ཀྱིས་སློབ་སྦྱོང་སྣ་ཁ་གཉིས་ཞིག་བྱས་བཞག་ཡོད་བ་རེད། སྒྲིག་དང་སྤྱོད་ལམ་དང་། མི་གཞི་ཤེས་ཡོན་གྱི་སློབ་སྦྱོང་གཉིས་བྱས་བཞག་བ་རེད། སང་ཉིན་དགེ་བཤེས་བཞེངས་དུས་དོན་གྱི་ལག་འཁྱེར་གཉིས་རག་བསྡད་ཡོད་པ་རེད། དེའི་ཕྱོགས་ལ་ཧ་ཅང་གལ་ཆེན་བྱེད་དགོས་པ་ཡིན།

1555594905596377.jpg

1555594905421281.jpg

  གསུམ་པ། གུང་སེང་བེད་སྤྱོད་སྟངས་སྐོར་ལ་བསྩལ་བའི་ཕན་བདེའི་བློ་སྒྲོམ་འབྱེད་པའི་ལྡེ་མིག

  དགེ་འདུན་པ་འདིར་བཞུགས་མཁན་དང་ཕྱོགས་གཞན་ལ་ཕེབས་མཁན་སུ་ཞིག་ཡིན་རུང་། ངེས་ཅན་དུ། གུང་སེང་ངལ་གསོའི་དུས་སུ་ཕ་ཡུལ་ལ་ཕེབས་ནས། ཡིན་གཅིག་དཔེ་ཁྲིད་གནོངས་རྒྱུ་དང་། གཞན་ལ་ཡི་གེ་བསླབ་རྒྱུ་དང་། གྲོང་པ་ཚོ་ལ་སྐྱབས་འགྲོ་སེམས་བསྐྱེད་དང་། མཐའ་ན་སྙིང་པོ་རྣམ་གསུམ་གྱི་ཚོགས་པ་ཞིག་འཚོགས་ཐུབ་ཚེ། དེ་བཙུགས་ནས་བཞུགས་ཡ་དེ་གལ་ཆེན་པོ་རེད་འདུག བརྟག་དཔྱད་ཡག་པོ་ཞིག་བྱོས་དང་། ཕྱོགས་མང་པོ་ཞིག་ལ་ང་ཚོའི་རིང་ལུགས་འཛིན་མཁན་དག་ཉུང་རུ་ཆགས་ཏེ། གང་མང་ཞིག་མེད་པར་ཆགས་འགྲོ་གི་ཡོད་བ་རེད། དེའི་ཕྱིར། ཁྱེད་ལ་དགེ་བཤེས་ཤིག་གི་མཚན་སྙན་མེད་ཀྱང་། བླ་མ་ཞིག་གི་མིང་གྲགས་མེད་ཀྱང་། ཁྱོས་ཡི་གེ་སློབས། དཔེ་ཁྲིད་བྱོས། སྐྱབས་འགྲོ་སེམས་བསྐྱེད་དང་། སྙིང་པོ་རྣམ་གསུམ་སློབས་དང་། སྐྱབས་འགྲོ་སེམས་བསྐྱེད་དང་དཔེ་ཁྲིད་ཡི་གེ་བསླབ་པ་ལ། བླ་མ་དགེ་བཤེས་ཀྱི་མིང་དགོས་ཀྱི་ཡོད་མ་རེད། དེ་ཚོར་བསླབས་ཚེ། ཁྱོས་བླ་མ་དང་དགེ་བཤེས་ཀྱི་གོ་ཆོད་བསྡད་བ་རེད། དེང་སྐབས་བོན་པོ་ཚང་གི་འདོན་རྒྱུའི་ཆོ་ག་གང་མང་ཞིག་ལག་ལེན་མི་ཡོང་བའི་དུས་སྐབས་སུ་བསླེབས་འདུག ཡིན་གཅིག་མིན་གཉིས་སློབ་མ་རྒན་གཞོན་རྣམ་པས་ཕ་ཡུལ་ལ་ཕེབས་དུས་ལས་འགུལ་དེ་འདྲ་སྤེལ་དགོས་བ་རེད། སྤྱིར་སྟངས། དེ་བཞིན་སྤེལ་མཁན་དུ་མ་ཞིག་ཡོད་པ་གོ་ཐོས་བྱུང་། ཧ་ཅང་ཡག་པོ་རེད། བཀའ་དྲིན་ཆེ། མ་འོངས་པར་ཁྱེད་ཚོ་སུ་ཞིག་ཡིན་ན། རང་ཡུལ་དུ་ཕེབས་པའི་ཁ་ཐུག་ལ་མི་གསུམ་ལས་འཆད་ས་མ་རག་ཀྱང་། འཆད་དགོས་པ་དེ་དངོས་གནས་ཡིན་གནད་འགག་ཆེན་པོ་རེད། ང་ཚོས་སློབ་སྦྱོང་བྱས་པའི་དགོས་པ་ཡང་དེ་རེད། སྤྱིར་སྟངས། མི་ཞིག་ཐར་པ་བྱང་ཆུབ་ཀྱི་ལམ་ལ་བཀོད་ཟེར་ན་དཀའ་མོ་ཡིན་ཡང་། གཡུང་དྲུང་བོན་རིན་པོ་ཆེའི་བསྟན་པ་འདི་འཛིན་སྐྱོངས་སྤེལ་གསུམ་གྱི་ལམ་ལ་ཞུགས་ཏེ། དེའི་ལ་རྒྱ་བརྟན་པོ་ཞིག་བཟུང་ཡ་དང་། སློབ་སྦྱོང་ཡག་པོ་བྱེད་རྒྱུ་ན། བསྟན་པའི་ལ་རྒྱ་དང་། མི་རིགས་ཀྱི་ལ་རྒྱ་གཉིས་ཀ་དེས་བཟུང་ཡོད་པ་རེད། མི་རིགས་ཀྱི་རིགས་གཞུང་གཙང་མ་དེ་ཤེས་རིག་འདི་ཆཊ་བསྡད་ཙམ། མི་རིགས་ཀྱི་ལ་རྒྱ་ཟེར་བ་དེ་འདིའི་སྟེང་ནས་ཟིན་གྱི་འདུག་མ་གཏོགས། འདིའི་ཕན་ཆད་ནས་རྡོ་ཁུ་ཚུར་ལ་ཟེར་གྱི་ཡོད་མ་རེད། ཡིན་གཅིག་མིན་གཉིས་དོན་གྱི་ལ་རྒྱ་ཤེས་ཡོན་གྱིས་འཛིན་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་ཡིན་པ་རེད། དགེ་འདུན་པ་ཚོ་འདིར་བཞུགས་པའི་ཁ་ཐུག་ལ་ཕྱོགས་གཅིག་ནས་ཐོས་བསམ་སློབ་གཉེར་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་བཤད་ན་འདོན་པ་གསུངས་ཡ་དེ་གལ་ཆེན་པོ་ཞིག་རེད་འདུག བདུན་ཕྲག་ངལ་གསོའི་དུས་སུ་ཉིན་གཉིས་ཀར་འདོན་པ་གསུངས་མ་ཐུབ་ཀྱང་། ཉིན་གཅིག་ལ་ཡིན་གཅིག་འདོན་ཨེ་ཐུབ་བལྟ་དགོས་ཀྱི་འདུག འདོན་པ་གསུངས་དུས་གཞུང་ལུགས་གང་ཞིག་ཡིན་ཀྱང་དེའི་བརྗོད་བྱ་ལ་བསམ་གཞིགས་དང་། ཆོ་གའི་ལག་ལེན་གང་འདྲ་བྱེད་དགོས་སོགས་ཞོར་དུ་བལྟ་དགོས་ཀྱི་འདུག དེ་མིན་ཚེ། བདག་གཞན་གཉིས་ཀས་དེ་ཚོ་ལ་ལག་ལེན་མ་ཤེས་བའི་རྐྱེན་གྱིས་མཚན་ཉིད་པ་མང་ཆེ་བས་འདོན་པ་གསུངས་ཟེར་ན་ཕལ་ཆེལ་དཀོན་པོའི་ལས་ཀྱི་གནས་སྟངས་ཆགས་བསྡད་པ་མ་ཚད། རང་གིས་འདོན་སྟངས་མི་ཤེས་བས། གཞན་གྱིས་ཤེས་པ་དེ་ལའང་རྒོལ་བ་ཅིག་རྒྱག་ནས་འདུག་འཇོག་གི་ཡོད་རེད། དངོས་གནས་ཡིན། དེ་རྩ་བ་རང་ནས་བྱེད་ཉན་གྱི་མི་འདུག སྤྱིར་བསྟན་པ་ཟེར་བ་འདི་འཆད་ཉན་དང་ཐོས་བསམ་ལ་གཙོ་བོོ་རག་ལས་བསྡད་ཡོད་ཀྱང་། ཞོལ་དུ་འདོན་པ་གསུངས་ཡག་འདིས་ཀྱང་བསྟན་པ་འཛིན་བསྡད་ཡོད་རེད། དཔེར་ན། ས་ཆ་ལ་ལ་འདོན་པའི་ཆོ་ག་གསུངས་མཁན་མེད་པའི་དབང་གིས། ལོ་བཅུ་དང་ཉི་ཤུའི་ནང་དུ་བོན་པོ་གཞན་སྡེ་ལ་འགྱུར་སོང་བའི་རྒྱལ་རོང་བ་དེ་ཚོར་གཏམ་མང་པོ་ཞིག་བཤད་རྒྱུ་ཡོད་པ་དེ་ལའང་རྒྱུ་མཚན་གནད་འགག་ནི་ཞབས་བརྟན་གསུངས་མཁན་མ་རག་པའི་དབང་གིས་རེད་ལབ་པ་ལས། དེ་ལས་གཞན་གང་ཡང་ཡོད་མ་རེད། དེའི་ཕྱིར་དགེ་འདུན་པ་སུ་ཡིན་རུང་འདོན་པའི་སྐོར་ལའང་བསམ་གཞིགས་ཐོངས་ཨེ་ཐུབ་ལྟ་ཡ་དེ་དང་། ལྷག་པར་དུ། ཁ་འདོན་མང་པོ་ཞིག་བྱེད་མ་ཐུབ་ཀྱང་ཅུང་ཙམ་འདོན་རྒྱུ་དེ་གལ་ཆེ་པོ་རེད་འདུག མ་ཟད་ད་ཆར་མ་གཏང་ཚེ། རྗེས་སུ་ལམ་ལུགས་དེ་མེད་པར་ཆཊ་འགྲོ་བའི་ཉེན་ཁ་ཡང་འདུག དེས་མ་ཚད་ངོ་ཚ་ཉོ་རྒྱུ་ཡོང་བའི་སྐད་ཆ་དེ་འདྲ་བཤད་རྒྱུ་འདུག། དཔེར་ན། དགོང་མོ་མར་གཟིམས་དུས་རྒྱ་ཉལ་ཉལ་དང་། ཡར་བཞེངས་དུས་རྒྱ་ལངས་ལངས་མ་གཏོགས། ཕྱག་འཚལ་རྒྱུ་མི་འདུག ཁ་འདོན་ཡང་གསུངས་རྒྱུ་མི་འདུག དེ་ཚོ་དངོས་གནས་ཡག་པོ་རྩ་ནས་ཡོང་གི་མི་འདུག འཁོར་བ་ལ་ངེས་འབྱུང་སྐྱེས་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་དགོས་ཟེར་ན་ཁག་པོ་ཡིན་ཡང་། ཡིན་ནའང་། མིའི་ཚུལ་གྱི་རྣམ་པ་ཅི་ལྟ་བ་ཞིག་བཟུང་བའི་སྒོ་ནས་བསྟན་པ་འཛིན་ཚེ་ཅི་འདྲའི་ཡག་པོ་འདུག དཔེར་ན། གཞན་སྡེ་དེ་ཚོས་བསྟན་པ་ཅི་འདྲའི་ཡག་པོ་འཛིན་གྱི་འདུག དེ་བཞིན་འཛིན་དང་། ངའི་ལུགས་དང་ཁོའི་སྲོལ་ཟེར་བ་ལྟ་བུ་མ་ཡིན་པར་རྣམ་པར་དག་པའི་རྒྱལ་བའི་གཞུང་ལུགས་དང་མཐུན་པའི་སྒོ་ནས་སྲོལ་རྒྱུན་འཛིན་དང་། རིག་པ་རང་ཤར་གྱི་སྟོབས་ཀྱིས་ཐར་བ་བྱང་ཆུབ་ཀྱི་ལམ་འགོད་འགྲོ་མཁན་གྱི་དམིགས་བསལ་བ་མ་གཏོགས། གཞན་པ་ཚང་མ་བསྟན་པ་འཛིན་བ་ལ། རྟགས་དང་རྒྱུ་མཚན་རིགས་པ་སྨྲ་བའི་སྒོ་ནས་གནས་ལུགས་ཀྱི་དོན་རྟོགས་ཏེ་སངས་རྒྱས་དགོས་པ་ཡིན་ཙང་། ཡིན་གཅིག་བསྟན་པའི་ལ་རྒྱ་འཛིན་པ་ལ། གཅིག་གོང་དུ་བཀུར་བའི་དགོས་ནས་ཡང་དག་པ་ཞིག་རྒྱུན་སྐྱོངས་བྱས་ཚེ་ངོ་མ་ཡིན་ཡག་པོ་ཡོད་རེད། ཡང་དེ་དང་མི་འཛའ་རྒྱུའི་ལམ་ལུགས་དེ་འདྲ་འདུག་ཚེ་བླང་དོར་བྱོས་ཤོག་དང་། འགྲིག་གི་རེད། ལྷག་ཏུ་ང་ཚོ་ཚོགས་པ་འདིའི་ནང་དུ་ཞུགས་བསྡད་དུས་འདིའི་ནང་ལ་སློབ་མ་དང་སློབ་མའི་བར་གྱི་མཐུན་སྒྲིལ་དང་། དགེ་རྒན་དང་སློབ་མའི་བར་གྱི་མཐུན་སྒྲིལ་དེ་དགོས་པ་རེད། གཅིག་གིས་གཅིག་ལ་སེམས་གཏིང་ནས་དགེ་རྒན་དང་སློབ་མའི་འདུ་ཤེས་འཛིན་ནས་ལྷག་བསམ་རྣམ་དག་དགོས་པ་དང་། སློབ་སྦྱོང་བྱེད་དེ་འཆད་རྩོད་རྩོམ་གསུམ་གྱི་ལམ་ཁ་ལ་ཞུགས་དགོས་ཀྱི་ཡོད་བ་རེད། དེ་ཚོའི་ཆ་རྐྱེན་ཡོངས་སུ་འཛོམས་པ་ཞིག་བྱུང་ཚེ། བརྒྱ་ཆ་བརྒྱད་ཅུ་ཐམ་པ་ཡག་པོ་ཡོང་གི་རེད་ལ། དེའི་དབང་གིས་བརྒྱ་ཆ་ཉི་ཤུ་དེ་ཡག་པོ་མེད་ཀྱང་ཁོང་རྣམ་པ་ཚོས་ཡར་ཡག་པོའི་ས་རུ་དྲུད་འགྲོ་ཐུབ་ཀྱི་རེད། དེ་མིན་བརྒྱ་ཆ་ཉུ་ཤུ་ཙམ་ལས་བརྒྱད་ཅུ་ཐམ་པ་སྡུག་པོ་ཏག་ཏག་ཆགས་བསྡད་ཚེ། ཉི་ཤུ་ཐམ་པ་མཆོག་ཏུ་གྱུར་པ་ག་ཚད་ཡོད་ཀྱང་ཏན་ཏན་དེ་ཚོས་མར་དྲུད་འགྲོ་གི་ཡོད་པ་རེད། དེའི་ཕྱིར་ཚང་མས་ཡིན་གཅིག་ཐུགས་བསམ་བཞེས་དགོས་ཀྱི་ཡོད་པ་རེད། བསམ་གཞིགས་ཀྱང་བྱ་དགོས་ཀྱི་ཡོད་པ་ཡིན།

  བཞི་པ། འདིར་བཞུགས་བླ་སྤྲུལ་རྣམས་ལ་བསྩལ་བའི་གདམས་དག་བདུད་རྩིའི་ཐིགས་པ།

  ལྷག་ཏུ་བཤད་དགོས་ས་ཤིག་ཡོད་པ་ནི། ད་ལྟའི་ང་ཚོའི་ལམ་ལུགས་སྲོལ་དང་། བོད་པ་ནི་ཐུན་མོང་གི་ཆ་ནས་བླ་མས་བཟུང་བསྡད་ཡོད་པ་རེད། བླ་མས་བཟུང་བསྡད་དུས་བླ་མ་ཡི་འགན་འཁྲི་ག་རེ་ཡོད་པ་རེད། ཐོས་བསམ་སྒོམ་གསུམ་བྱེད་རྒྱུ་དེ་གཙོ་བོ་ཡིན་པ་རེད། དེ་ཡིན་ཙང་། འདིར་བཞུགས་ཀྱི་སྤྲུལ་སྐུ་རྣམ་པ་དང་བླ་མ་རྣམ་པས་དངོས་གནས་ང་བཟང་ཡང་རུང་མ་བཟང་ཡང་རུང་། སང་ཉིན་ང་རང་ཚོ་ཁྲི་མཐོན་པོ་ཞིག་དང་། གོས་སེར་པོ་ཞིག་དང་། ཟས་ཞིམ་པོ་ཞིག་ཡོད་བསམ་པ་ཙམ་སྒོམ་ནས་མི་འདུག་རྒྱུ་དེ་དཔེ་གལ་ཆེན་པོ་རེད་འདུག་མ་གཏོགས། ང་རང་ཚོ་ད་དུང་བླ་མའི་རིང་ལུགས་ཀྱིས་བཟུང་བསྡད་ཙང་ཁྱེད་རྣམ་པ་མ་འོངས་པར་གཙུག་ཏུ་བཀུར་རྒྱུ་ཆགས་འགྲོ་བས། མ་འོངས་པ་གཙུག་ཏུ་བཀུར་བའི་ཁ་ཐུག་ལ། ཤེས་ཡོན་དང་འཇོན་ཐང་ལྡན་པ་ཞིག་མེད་དུས་ཟུར་ཏུ་ཁྱོའི་ཡར་ནང་དུ་གཅིག་བསླེབས་ཚེ་དེ་དུས་སྟབས་བདེ་ཡོང་གི་ཡོད་མ་རེད། དཀའ་ལས་འཕྲད་ཀྱི་རེད། དེ་མི་ཡོང་བའི་ཐབས་སུ་ཁྱེད་རྣམ་པས་དངོས་གནས་ཡིན། ངེས་པར་དུ་དགེ་འདུན་པ་གཞན་ལས་འཕགས་པ་ཞིག་སྦྱོང་བརྩོན་བྱེད་དགོས་ཀྱི་ཡོད་པ་རེད། སེམས་གཏིང་གི་རེ་བ་དང་སེམས་ཀྱི་སྐད་ཆ་ཡིན། རེ་བ་ཆེ་ཤོས་ཤིག་ནི་དེ་ཡིན། འདིའི་ནང་དུ་སྤྲུལ་སྐུ་དཔེ་མང་པོ་ཡོད་པ་མ་ཚད་བླ་མ་ཡང་མང་པོ་ཡོད་པ་རེད། ཡིན་ནའང་། ཁྱེད་རྣམ་པས་ངེས་པ་དོན་གྱི་སྤྲུལ་པའི་སྐུ་ཞིག་དང་ངེས་པ་དོན་གྱི་བླ་མ་ཞིག་བྱེད་མིན་རང་གིས་རང་ལ་དཔྱད་རྒྱུ་དེ་གལ་ཆེན་པོ་རེད་འདུག ངས་སྐབས་འགར་རེར་འདི་ལྟར་དྲན་གྱི་ཡོད། སྤྲུལ་སྐུ་ངོས་བཟུང་ཚར་བ་མ་ཟད་བླ་མའི་མིང་བཏགས་ཚར་བ་ཡིན་པས་དངོས་གནས་བླ་མ་སྤྲུལ་སྐུ་ཞིག་ཡིན་རྒྱུ་རེད། ཡིན་པའི་དབང་དུ་བཏང་སྟེ། སྦྲུལ་ལག་པས་བཙན་གྱིས་གཅུས་ཚེ་རྐང་ལག་བརྐྱངས་རྒྱུ་ཡོད་པ་བཞིན། ཁོང་ཚོར་གཅར་ཏེ་སློབ་སྦྱོང་བྱེད་དུ་བཅུག་བ་ཡིན་ན། ཁྱེད་རྣམས་ཚོ་ལ་དམིགས་བསལ་གྱི་རིག་པ་ཤར་རྒྱུ་ཡོད་རྒྱུ་རེད་ཏན་ཏན་དྲན་གྱི་ཡོད། དངོས་གནས་ཡིན་ཁྱེད་རྣམ་པས་སེམས་གཏིང་ནས་སློབ་སྦྱོང་གནོངས་རྒྱུ་དེ་སེམས་ཀྱི་རེ་བ་ཆེན་པོ་ཞིག་ཡིན། ཁྱེད་རྣམས་པས་དགོངས་པ་བཞེས་མི་ཉན། དྲང་པོར་བཤད་ན། ང་དགོན་པ་འདིའི་ནང་འབྱོར་ནས་ལོ་ངོ་དྲུག་ལྷག་ཙམ་ཞིག་འགོར་གྱི་ཡོད་ཅིང་། ཚད་མའི་རིགས་སྒྲའམ་གཡས་རུའི་འཆད་རྩོད་གང་མང་འཚོགས་སོང་ཡང་། ཁྱེད་རྣམ་པ་ཕལ་ཆེ་བ་ཞིག་མཐོང་རྒྱུ་ཐོས་རྒྱུ་མེད་པ་ཆགས་འདུག དགོངས་པ་ཚོམ་ཉན་ཀྱི་མ་རེད། རང་རང་གི་ལམ་ནས་བསམ་བློ་ཞིག་ཐོངས་དང་། ཆེས་མཚན་ཉིད་ཡག་ཤོས་རྣམ་པས་དེའི་དུས་སུ་དམ་བཅར་ཕེབས་པ་དང་ལུང་དང་རིགས་པའི་དཔའ་རྩལ་ངོམ་གྱི་ཡོད་ཀྱང་། བླ་མ་སྤྲུལ་སྐུ་རྣམ་པ་དེ་ཙམ་རིག་རྒྱུ་མི་འདུག དངོས་གནས་དྲང་གནས་ང་ཚོ་བླ་མའི་ལམ་ལུགས་ཏག་ཏག་དང་བླ་མས་འཛིན་སྐྱོངས་བྱེད་ས་ཁོ་ནར་ཆགས་བསྡད་ཡོད་ཙང་། ཁྱེད་རྣམ་པས་སློབ་གཉེར་ཡག་པོ་ཞིག་མ་བྱས་དུས། མ་འོངས་པར་ཡང་ང་ཚོ་སྔར་བཞིན་འདི་ལྟར་ཞིག་ཆགས་འགྲོ་རེད་བསམས་ནས། སྐབས་འགར་ཁོ་ཆད་འགྲོ་ཡ་དང་། རེ་འགར་སྤྲོ་ལངས་འགྲོ་རྒྱུ་དེ་འདྲ་ཡོང་གི་འདུག བར་སྐབས་ཁྱབ་ལོག་བྲིས་བའི་དུས་སུ་སྤྲོ་ལངས་བའི་དབང་གིས་ཁྱབ་ལོག་ཡང་འབྲི་བསམ་རྒྱུ་མེད་པ་དེ་འདྲ་ཆགས་འགྲོ་གི་འདུག རྣམ་པ་ཚོས་ཐུགས་སྤོབས་མི་བཞེས་པར། བསྟན་དང་བསྟན་པ་ལ་བསམ་བློ་ཡག་པོ་ཞིག་གཏོང་སྟེ། བསྟན་པའི་ལ་རྒྱ་ལ་ཐུགས་བསམ་ལེགས་པོ་ཞིག་བྱེད་དེ་སློབ་གཉེར་རྣམ་པར་དག་པ་ཞིག་བྱེད་རྒྱུ་དེ་ཁྱེད་རྣམ་པ་ལ་སེམས་གཏིང་གི་རེ་བ་ཡིན། བླ་སྤྲུལ་རྣམ་པ།

1555594905192739.jpg

  ལྔ་པ། མཐར་ཕྱིར་བཤེས་གཉེན་རྣམས་ལ་གནངས་བའི་ཐར་ལམ་ཉི་མ་རང་ཤར།

  དེའི་འཕྲོ་ནས་གང་ཡོད་ལབ་ཚེ། སློབ་མ་ཕལ་ཆེར་ཞིག་མཐར་ཕྱིན་ཅིང་དགེ་བཤེས་བཞེངས་ནས་བཟུང་། འཆད་རའི་ནང་དུ་ཡོང་རྒྱུ་ནི། ཤིན་ཏུ་དཀོན་མོ་ཞིག་ཆགས་འདུག ཚང་མས་འདྲེ་སྲིན་གསེང་ལ་འགྲོ་དགོས་པ་ནང་བཞིན་ཞིག་འཛེམ་དོགས་གནངས་ཀྱི་འདུག ཡིན་ནའང་། བྱུང་ཚར་བ་རྣམས་ཚར་བཞག་པ་རེད། ཐབས་ཤེས་ཡོད་མ་རེད། ཁྱེད་རྣམ་པ་དགེ་བཤེས་ཀྱི་ཉེ་བར་ལེན་པའི་རྒྱུ་ཁོ་ན་ཡིན་ཙང་མ་འོངས་པར་ངེས་ཅན་དུ་དགོན་སྡེ་འདི་ལ་བཞུགས་པའི་དུས་སུ་ཉིན་རྟག་པར་འཆད་རར་ཕེབས་མ་ཐུབ་ཀྱང་། སྔ་དྲོ་དང་ཕྱི་དྲོ་གང་ཞིག་ཁོམ་ཚེ་འཆད་ར་ནང་དུ་ཕེབས་རྒྱུ་ཆེས་རེ་བ་ཉག་གཅིག་ཡིན། ཁྱོས་སྐར་ཆ་བཅུ་ཙམ་ལས་དམ་བཅའ་དང་རྟགས་གསར་གཏོང་མ་ཐུབ་ཀྱང་། ཕེབས་དགོས་ཀྱི་འདུག་མ་གཏོགས། སློབ་གླིང་ནས་མཐར་ཕྱིན་པའི་ཕྱི་ཉིན་ནས་བཟུང་། འཆད་ར་ནང་དུ་འགྲོ་ཟེར་བ་དེ་འཛེམ་དོགས་དང་ངོ་ཚ་ཞིག་བརྩི་བའི་བཟོ་འདྲ་བྱེད་ཀྱི་འདུག དོགས་དང་ངོ་ཚ་བརྩི་དགོས་ཡ་གང་མི་འདུག ང་ཚོའི་ལས་བྱ་དང་། ལས་རིགས་དེ་ཡིན་པས། འཆད་རར་རྟག་པར་འགྲོ་ཐུབ་པ་ཁག་པོ་ཡིན་ཡང་། གང་ཁོམ་ཚོད་ལྟར་འཆད་རའི་ནང་ཕེབས་རྒྱུ་དེ་གཙོ་བོ་འཛིན་གྲྭ་རྒན་གཞོན་རྣམ་པས་མཁྱེན་དགོས་པ་དང་། དེའི་ལམ་ལུགས་དེ་གོང་ནས་གོང་དུ་འཕེལ་རྒྱས་སུ་གཏང་རྒྱུ་དེ། རེ་བ་ཡིན། ང་ཚོའི་བྱ་བ་དེ། འཆད་རྩོད་རྩོམ་གསུམ་གྱི་བྱ་འགུལ་སྤེལ་རྒྱུ་དེ་ཆགས་བསྡད་པ་མ་ཚད། གཞུང་ལུགས་འདི་གཙོ་ཆེ་ཤོས་འཆད་རའི་ནང་དུ་ཡར་རྒྱས་གཏང་དགོས་ཀྱི་ཡོད་རེད། གཞན་སྡེ་དེ་ཚོ་ལ་མཚོན་ལ། དཔེ་ཆ་གོ་བ་ཅན་རྣམས་འཆད་རའི་ནང་ནས་ཡར་རྒྱས་ཕྱིན་སོང་བ་ལས། དེ་མིན། ཉིན་གསུམ་ཙམ་ནང་དུ་དཔེ་ཁྲིད་རེ་རེ་ཙམ་མ་གཏོགས་རག་གི་མེད་པ་ཡོང་གི་ཡོད་པ་རེད། ཡིན་གཅིག་རྒན་གཞོན་ཚང་མས་འཆད་རའི་ནང་ནས་ཡར་རྒྱས་གཏོང་བའི་འགན་འཁྲི་བཞེས་རྒྱུ་དེ་དཔེ་གལ་ཆེན་ཡིན། འཆད་ར་ནང་དུ་དུས་ཚོད་ཅི་འགྲོ་བྱས་བསྡད་ཚེ་སང་ཉིན་གོ་བ་ཐབས་ཆགས་སྣ་དགུ་ཞིག་ཡོང་ན་ཐང་མོད། གནད་འགག་ཅིག་དཀྲོལ་ཐུབ་པ་ཞིག་རྩ་བ་རང་ནས་ཡོང་གི་མེད་པ་རེད། འཆད་ར་ནང་དུ་བརྡར་ཤ་བཅད་ནས་དངོས་གནས་རིགས་པ་ཞིག་རྒྱས་ཐུབ་ཚེ། མ་འོངས་པར་མི་ཚང་མ་བརྒྱ་ཆ་བརྒྱ་བོ་གཅིག་པ་ཡིན་པ་མ་རེད་དེ། གང་ལ་གང་འཚམས་ཤིག་ཆགས་ངེས་ཡིན་པ་རེད། དེ་མིན། ལག་འཁྱེར་སྤྲད་ནས་བཟུང་། འཆད་ར་ནང་མིག་གི་རིག་རྒྱུ་ཡོད་མ་རེད། གཞན་གྱིས་ལྟས་ཚེ་ཡོང་མ་ཕོད་པའི་བཟོ་འདྲ་ཆགས་མ་བསྡད་པར་ཁྱེད་རྣམ་པ་དཔེ་ཆ་ལྟ་མཁན་ཚོས་མ་འོངས་པར་དེའི་ལམ་ལུགས་འཛིན་སྐྱོངས་གནོངས་རྒྱུ་དེ་བཀའ་དྲིན་ཆེ་ཞུ་བ་ཡིན། ཡིན་གཅིག་ཐུགས་བསམ་བཞེས་རོགས། ལྷག་པར་དུ་འཛིན་གྲྭ་རྒན་པ་རྣམ་པས་གཞུང་གཙོ་བོ་འཆད་ཉན་བྱེད་རྒྱུ་དེ་སྔགས་རྫོགས་ཡག་པོ་ཞིག་བྱུང་ཡ་བལྟ་རྒྱུ་དེ་གལ་ཆེན་པོ་ཡིན་པ་རེད། ང་ཚོ་བོན་པོ་ཚོ་ལ་འབུར་དུ་ཐོན་པའི་ཁྱད་ཆོས་ཤིག་ཡོད་པ་འདི་སྔགས་རྫོགས་འདི་ཡིན་པ་རེད། སྔགས་རྫོགས་གཉིས་ཀ་ཡག་པོ་ཞིག་འཛིན་སྐྱོངས་སྤེལ་གསུམ་གནངས་རྒྱུ་དེ་དཔེ་གལ་ཆེན་པོ་ཡིན་པ་རེད། དེ་ལ་འཆད་རྩོད་རྩོམ་གསུམ་བྱས་ཡ་དང་། འབད་པ་བརྩོན་འགྲུས་ཆད་མེད་ཅིག་གནངས་ཡ་དེ་གལ་ཆེན་པོ་ཆགས་བསྡད་ཡོད་ས་རེད་དྲན་གྱི་ཡོད་ལ་བདག་གི་བླ་མས་(སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ)ཀྱང་བཀའ་སློབ་ལམ་སྟོན་དེ་འདྲ་གནངས་སོང་། “ཡིན་གཅིག་མིན་གཉིས་སྔགས་རྫོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཡག་པོ་ཞིག་སྦྱོང་བརྩོན་ཨེ་ཡོང་ལྟ་རྒྱུ་འདི་ཁྱེད་རྣམ་པ་ལ་རག་ལས་བསྡད་ཡོད་པ་རེད། བོད་གངས་ཅན་ལྗོངས་ལ་ཡོད་པའི་ཕྱི་ནང་གི་དགེ་བཤེས་གང་ཡིན་ཡང་བོན་པོ་ཚང་ལ་ཡོད་པའི་ནོར་བུ་བདག་སྐྱོངས་ཡག་པོ་བྱེད་དེ་རྩལ་དུ་འདོན་རྒྱུ་དེའི་འགན་འཁྲི་ལེགས་པོ་ཁུར་དགོས་པ་དེ་མི་བགྲེས་པོའི་རེ་བ་ཡིན་”གསུངས་སོང་། དངོས་གནས་དྲང་གནས་ཁོང་དགུང་གྲངས་དགུ་བཅུ་གོ་བཞི་བཞེས་བསྡད་པ་མ་ཚད་མི་ཚེ་གང་པོར་དཔེ་ཆ་གཟིགས་བསྡད་མཁན་ཡིན་ཙང་། དངོས་གནས་བོན་པོ་ཚང་གི་བསྟན་པའི་སྙིང་པོ་སྔགས་རྫོགས་འདི་གཉིས་ཡིན་ས་རེད་བསམ་པའི་རང་ལ་དེ་ལྟར་གྱི་སེམས་གཏིང་ནས་ཡིད་ཆེས་སྐྱེས་བྱུང་། དེའི་བསམ་བློ་དེ་ཁྱེད་རྣམ་པ་ལ་མར་ཞུས་བ་ཡིན། འོ་ལེགས་སོ། ད་དེ་ཙམ་ཞིག་ཡིན། བཀའ་སློབ་ཟེར་ནས་མང་པོ་ཞིག་སློབ་འགྲོ་རྒྱུ་མེད་ཀྱང་སོ་སོའི་སེམས་གཏིང་ནས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་རེ་བ་རྒྱག་སྟངས་དང་། དྭངས་གཙང་ལྷད་མེད་ཀྱི་སྐད་ཆ་ནི་དེ་འདྲ་ཞིག་ཡིན། །མ་འོངས་པའི་ཆ་ལ་སློབ་སྦྱོང་ཡག་པོ་ཞིག་བྱེད་རྒྱུ་དང་། འཕྲུལ་རིགས་སམ་གཡེང་ས་རྩེད་ས་དེའི་ཕྱོགས་སུ་རྟག་ཏུ་མི་འགྲོ་རྒྱུ་དང་། ལྷག་བསམ་རྣམ་དག་དང་སྤྱོད་ལམ་གཙང་མ་དང་ལ་རྒྱ་ཡོད་པའི་ངང་དུ་ཐོས་བསམ་སློབ་གཉེར་གནོངས་རྒྱུ་དེ་སེམས་ཁོང་གི་རེ་བ་ཡིན། མཇུག་མཐར་དཔལ་ལྡན་སྨན་རི་བ་ཆེན་པོ་སྐྱབས་རྗེ་མཁན་སློབ་ཉི་ཟླ་ཟུང་གི་ཐུགས་ཀྱི་དགོངས་པ་ཡིད་བཞིན་དུ་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ཆབས་གཅིག་ཏུ། ཁྱེད་རྣམ་པ་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག་ཞུ་བ་དང་མཇུག་ཡོངས་སུ་རྫོགས་པ་ཡིན། (ཐལ་མོ་རྡེབ་སྒྲ)

  ཞེས་དམ་པ་གོང་གི་སློབ་བུ་ཡོངས་ཀྱི་གྲལ་མཐའ་བ་ཤེལ་ཞིག་ཚང་ནམ་མིང་པའམ་ཐོག་ཆར་དུ་འབོད་པས་གོང་འོག་བར་གསུམ་ཚང་མར་ཕན་པ་དང་བདེ་བའི་རྒྱུ་རུ་འགྱུར་བའི་སླད་དུ་དམ་བཅའ་གྲོལ་རྗེས་རང་ཤག་དཔེ་མང་དཔུང་པའི་དཀྱིལ་དུ་ཤར་མར་ཡིག་གཟུགས་སུ་བཏབ་པ་དགེ་ལེགས་འཕེལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།