སྙན་བརྒྱུད་ལྟ་སྒོམ་ཐག་ཆོད་དོན་གྱི་མན་ངག

[ཟླ་ཚེས། 2014-08-12 11:55:44][རྩོམ་པ་པོ། གསང་བདག་མུ་ལ་རང་གྲོལ་རྩལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མཁའ་འགྲོ་ཟླ་འོད་འབར་མའི་སྙན་བརྒྱུད་ལྟ་སྒོམ་ཐག་ཆོད་དོན་གྱི་མན་ངག་བཞུགས།
45.jpg

༄༄།། འདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་འཁོར་འདས་ཀུན་ཏུ་ཁྱབ་ལ་ཕྱག་འཚལ་ལོ༔

   ཞང་ཞུང་ལྷོ་ནུབ་ཁ་ཡུག་རྒྱལ་པོའི་ཡུལ༔ ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་པའི་ཚལ༔ གཡུང་དྲུང་འོད་དུ་འཕྲོ་བའི་གསང་ཕུག་ན༔ བླ་ཆེན་དྲན་པ་ཡབ་ཡུམ་སྲས་དང་བཅས༔ བླ་མེད་ཡང་དག་ལྟ་བར་གནས་པའི་དུས༔ མཁའ་འགྲོ་ཡུམ་ཆེན་ཟླ་འོད་འབར་མ་ཡི༔ བྱུ་རུའི་འཁོར་ལོ་རྩེབ་བརྒྱད་འབར་བ་ལ༔ གཡུ་ཡི་གཡུང་དྲུང་རིས་སུ་བྲིས་པ་ཕུལ༔ སྐྱེ་མེད་དོན་རྟོགས་བླ་ཆེན་ཁོད་སྤུངས་ལགས༔ ལྟ་སྒོམ་ཐག་ཆོད་ཉམས་ཀྱི་མན་ངག་ཅིག༔ ཁོ་མོ་འོད་ལྡན་བདག་ལ་གསུང་བར་ཞུ༔ ཞུས་པས་ཁོད་སྤུངས་ཡབ་ཀྱི་ཞལ་འཛུམ་པས༔ ཕྱག་རྒྱའི་མཁའ་འགྲོ་ཟླ་འོད་འབར་མ་ལགས༔ ཉིད་ཀྱིས་ཞུས་བཞིན་བདག་གིས་བཤད་པར་བྱས༔ བླ་མེད་གཡུང་དྲུང་ཐེག་པའི་སྒོར་འཇུག་ནས༔ རྒྱུ་འབྲས་མཚན་བཅས་བྱང་ཆུབ་བློ་སྦྱང་སྟེ༔ མཚན་མེད་སེམས་ཉིད་གཏན་ལ་འབེབ་པར་བྱ༔ སྔོན་སྦྱང་ལས་འཕྲོ་སད་པའི་སྐལ་ལྡན་གྱི༔ སེམས་ཀྱི་མཚན་ཉིད་ངེས་པ་གོ་བར་གྱིས༔ ཡོད་མེད་རྟག་ཆད་མཐའ་ལས་འདས་པ་ཡི༔ དྲན་རྟོག་བློ་བྲལ་རང་བྱུང་རིག་པ་འདི༔ ཡེ་ནས་དྲི་བྲལ་ཀ་ནས་དག་པའི་བོན༔ སྟོང་ལ་རང་གསལ་ཆོ་འཕྲུལ་འགག་པ་མེད༔ རང་ལས་རང་ཤར་འོད་ལྔ་རང་བཞིན་གཡོ༔ རང་གཤིས་རྣོ་པོའི་རིག་ངོར་གསལ་གྱི་རྟོགས༔ རང་བྱུང་ཀློང་དུ་དང་པོའི་སངས་རྒྱས་སོ༔ རང་འོད་གཞན་འཛིན་རིག་སྟོང་རང་གཤིས་ཉམས༔ སྣང་བར་ཕྱིར་ལྟས་འོད་ལྔར་འཛིན་པ་ཡི༔ ཕྱི་ཡི་ཡུལ་ལྔ་ནང་གི་ཕུང་པོའི་ཁམས༔ མཚོ་ལ་དར་ཆགས་ཅི་བཞིན་རང་ལ་སྣང་༔ གཟུགས་འཛིན་རག་པའི་འདོད་པའི་ཁམས་སུ་གྲུབ༔ ཀུན་ཏུ་བརྟགས་པའི་སྣ་ཚོགས་ཡུལ་ལ་ཡེངས༔ དྲན་བློའི་རྟོག་འཛིན་ཉོམ་མོངས་བརྒྱད་ཁྲི་སྐྱེད༔ ཚེ་རབས་སྦྱངས་འཕྲོ་ལྡན་པའི་སྐལ་ལྡན་གྱི༔ ད་ལྟའི་ཤེས་པ་ཆམ་མེར་གནས་པའི་ཐོག༔ སྣ་ཚོགས་དྲན་པའི་རྟོག་པ་སྐྱེས་མ་ཁར༔ ནང་དུ་བརྟགས་པའི་འདི་ཞེས་དངོས་མ་རྙེད༔ སྟོང་ལ་རང་གསལ་བློ་བྲལ་ས་ལེ་བ༔ འདི་ནི་རང་རིག་བོན་སྐུའི་དགོངས་པ་སྟེ༔ བཟང་ངན་རྟོག་ཚོགས་དྲན་ཙམ་དེ་ངོར་ལྟ༔ རང་ཤར་ཀློང་གྲོལ་སྟོང་པ་ཧ་རེ་བ༔ ཕྱི་ཡི་ཡུལ་སྣང་གང་ཤར་འཛིན་མེད་བ༔ སྣང་ཙམ་དེར་ཐོགས་རང་གཤིས་ཧེད་དེ་ཀློད༔ གང་གི་བཅོས་སུ་མེད་པའི་ལྟ་བ་འདི༔ སྣང་སྲིད་བོན་རྣམས་རིག་པའི་རང་མདངས་ཞེས༔ གཟུགས་འཛིན་གཉིས་བྲལ་རང་རིག་ངོ་ཐོག་ཏུ༔ སྣང་ཙམ་དངོས་མེད་རིག་པའི་རང་གཟུགས་ཏེ༔ རིག་པ་རང་ལ་སྐྱེ་འགག་གཉིས་བྲལ་བའི༔ སྟོང་པ་རང་གསལ་རིག་པའི་རང་བཞིན་གཤིས༔ རིག་པའི་དབྱིངས་མཇལ་སྣང་བ་འོད་གསལ་བ༔ ཐོད་རྒལ་སྣང་བ་སངས་རྒྱས་མིག་སྒོར་གནས༔ སྣང་སྲིད་བོན་རྣམས་བོན་ཉིད་གཞིར་བཞེངས་ཏེ༔ གཡུང་དྲུང་སྐུར་ཐོབ་སྐྱེ་འཆི་མེད་པའོ༔ ཡང་དག་བླ་མེད་ལྟ་བ་ངོ་མཚར་ཆེ༔ འདི་ནི་སྐལ་ལྡན་བློ་ཡི་གཤིས་ལ་གཏད༔ འཛིན་པའི་ཆེད་བྲལ་ཀློང་ཆེན་གཅིག་གི་ངང་༔ ལྟ་བའི་མཐར་ཐུག་ཐེག་པའི་ཡང་རྩེ་རྟོགས༔ བློ་ནི་རྟོག་ཚོགས་བཟང་ངན་དྲན་པ་སྟེ༔ གཅིག་རྒྱུ་གཅིག་འགག་ཁྱབ་ཚུལ་ཟད་པ་མེད༔ ཡིད་ཀྱི་འཛིན་པའི་ཀུན་གཞིར་བག་ཆགས་བསགས༔ བློ་ཡི་མཁན་པོ་འདི་ཞེས་མ་གྲུབ་པར༔ དྲན་རྟོག་འགག་མེད་ཤར་རུང་རང་ལ་དག༔ ཡིད་ཀྱི་འཛིན་པ་དངོས་མེད་རིག་པའི་ངོར༔ ས་ལེ་གནས་པའི་ཐ་མལ་རང་གཤིས་འདི༔ ཐེག་པ་བླ་ན་མེད་པའི་སྒོམ་པ་ཡིན༔ སྒོམ་དུ་མ་བརྟག་བློ་ཡི་འཛིན་རྒྱ་རལ༔ མ་སྒོམ་ཡེངས་མིན་རྟོག་པ་གཞི་ལས་དག༔ གང་ཡང་བརྟེན་མེད་རང་སོར་གནས་པ་འདི༔ རིག་པའི་རྒྱལ་པོ་རང་ས་ཟིན་པའོ༔ སྒོམ་ཡོད་སྒོམ་མེད་བློ་ཡི་འཛིན་བྱ་སྟེ༔ སྒོམ་བྱ་དང་བྲལ་སྒོམ་བྱེད་རང་དག་པའི༔ འདི་ཡིན་མེད་པའི་རིག་པ་ས་ལེ་བ༔ ཐེག་པ་བླ་ན་མེད་པའི་སྒོམ་པའོ༔ བློ་ཡི་འཛིན་ན་རྟག་ཆད་མུ་བཞི་གོལ༔ ཡིད་ཀྱི་གཏད་ན་འཕྲོ་རྒོད་སྒོམ་སྐྱོན་གོལ༔ ཐ་མར་ལུས་༄༄ ན་བྱིང་རྨུག་གཉིས་ཀྱིས་སྒྲིབ༔ གང་སྣང་ཡུལ་ལ་འཛིན་མེད་རང་གསལ་ངང་༔ གང་ཤར་དྲན་རྟོག་དངོས་མེད་རང་དག་པ༔ སྟོང་ལ་རང་གསལ་རིག་པའི་རྒྱལ་པོ་འདི༔ དུས་ཀུན་རང་བབས་བསྒོམ་པས་ཀློང་གྱུར་བའི༔ གཞི་དབྱིངས་ཉག་གཅིག་བོན་སྐུ་ཆེན་པོའོ༔ རྒྱུ་འབྲས་གཉིས་གཟུང་བློ་ཡི་རྒྱུ་སྐྱེད་ཅིང་༔ ཡིད་ཀྱི་འཛིན་པའི་བཟང་ངན་གཉིས་སུ་དབྱེ། ཀུན་གཞི་བག་ཆགས་མཐོ་རིས་ངན་སོང་སྲིད༔ བློ་དང་བྲལ་བའི་རང་རིག་རང་གསལ་བ༔ འདི་སྤྱོད་མེད་པར་གང་ཤར་ཐད་ཀར་གྲོལ༔ ཡུལ་ལ་ཆགས་མེད་མེ་ལོང་སྣང་བྱ་བཞིན༔ དྲན་རྟོག་འཛིན་མེད་ཆུ་རླབས་ཆུ་ཐིམ་འདྲ༔ རྟོགས་པ་འགྱུར་མེད་རུས་སྦལ་སྐུམ་པའི་དཔེ༔ དེ་ལྟར་རྟོགས་ངོར་གང་ཤར་ཅི་སྤྱོད་པ༔ བཟང་ངམ་ངན་ཞེས་དབྱེ་བའི་མཁན་པོ་ཟད༔ རང་ལ་རང་ཤར་རང་གྲོལ་ཀློང་དུ་བདེ༔ ཅི་ལྟར་སྤྱད་ཀྱང་ཀུན་ཏུ་བཟང་པོའོ༔ བློ་ཡི་ཆེད་སྤྱད་ཐེག་པ་འོག་མ་གོལ༔ ཡིད་ཀྱི་འཛིན་པ་ཐ་མལ་སྐྱེ་བོར་ལྷུང་། རིག་པའི་རང་གཟུགས་ངང་གི་མཇལ་བ་ཡི༔ འགག་མེད་རང་ཤར་འཛིན་མེད་རང་གསལ་གྲོལ༔ ཐེག་པ་བླ་ན་མེད་པའི་སྤྱོད་པའོ༔ སྤྱོད་པ་མཉམ་རོལ་བོན་ཉིད་ཐེག་ལེའི་དོན༔ ཡེ་ཤེས་རྒྱན་ཤར་ཀུན་བཟང་སྤྱོད་པའོ༔ སྣང་སྲིད་བོན་རྣམས་བོན་ཉིད་ཉག་གཅིག་ཀློང་༔ སྣང་ཙམ་དངོས་མེད་རང་བྱུང་རིག་པའི་མདངས༔ དྲན་ཙམ་འཛིན་མེད་ཡེ་ཤེས་འཆར་ཚུལ་ཏེ༔ རང་གཤིས་རང་བབས་རང་ངོ་རང་གསལ་བ༔ འདི་ནི་འབྲས་བུའི་མཐར་ཐུག་བོན་གྱི་སྐུ༔ འདོད་ཁམས་ཡུལ་སྣང་ཨ་མཐས་བློ་འཛིན་ཞིག༔ གཟུགས་ཁམས་འོད་སྣང་ཡེངས་བྱེད་མཁན་པོ་ཟད༔ གཟུགས་མེད་མ་རིག་འདི་བྱེད་རྟོག་པ་དག༔ ཕྱི་གསལ་སྣང་ཆ་ནང་གསལ་རིག་པའི་དབྱིངས༔ སྣང་ཙམ་དངོས་མེད་རིག་པའི་དབྱིངས་སུ་བདེ༔ ཐམས་ཅད་ཀློང་འགྱུར་ཚོན་གང་བོན་གྱི་སྐུ༔ སྣང་ཆ་མ་འགག་ཕྱིར་གསལ་རྫོགས་སྐུར་སྟོན༔ ཆོ་འཕྲུལ་མི་ཟད་ཅི་ཡང་སྤྲུལ་སྐུར་ཤར༔ སྐུ་གསུམ་དབྱེར་མེད་འགྲོ་དོན་མཛད་པའོ༔ ཟབ་མོ་གནད་ཀྱི་ངེས་དོན་གདམས་པ་འདི༔ སྐྱེ་མེད་དོན་རྟོགས་ཁོད་སྤུངས་དྲན་པ་ངས༔ འགྱུར་མེད་གཡུང་དྲུང་ངེས་ཚིག་རང་ལ་ཤར༔ ལས་ཀྱི་ཕྱག་རྒྱ་མཁའ་འགྲོ་ཡུམ་ལ་གཏད༔ ཡེ་ཤེས་མཁའ་འགྲོའི་ཐུགས་ཐིག་ཟབ་གསང་བོན༔ ཕྱི་རབས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ དེས་ཀྱང་གཅིག་བརྒྱུད་མན་ངག་ཟབ་མོའི་གནད༔ དུས་ཀྱི་མཐའ་ལ་མི་ནུབ་འགྲོ་དོན་མཛད༔ ལས་ཅན་གྲངས་མེད་གྲོལ་བ་དངོས་གྱུར་ཤོག༔ ས་མ་ཡ༔ རྒྱ༔རྒྱ༔རྒྱ༔ ཁོད་སྤུངས་དྲན་པ་ནམ་མཁའི་དགོངས་ཉམས་མཁའ་འགྲོ་འོད་ལྡན་འབར་མའི་ཐུགས་ཐིག་མན་ངག་གནད་བསྡུས་དམར་ལ་ཟབ་པ་འདིའང་གཡུང་དྲུང་འོད་འཕྲོ་སྤུངས་བའི་གནས་མཆོག་སྒྲུབ་ཕུག་རིན་ཆེན་འབར་བའི་ཀེའུ་ཚང་དུ་མཁའ་འགྲོ་ཟླ་འོད་འབར་མའི་སྙན་དུ་བརྒྱུད་པ་ཅི་བཞིན་གསང་རྒྱུད་བླ་ན་མེད་པའི་སྐལ་བ་ཐོབ་པ་མུ་ལ་རང་གྲོལ་རྩལ་གྱིས་རིག་རྩལ་འགག་མེད་དུ་ཕབ་པའོ། དགེའོ། བཀྲ་ཤིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།