ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ནང་གི་ཉི་གཞོན།

[ཟླ་ཚེས། 2018-01-02 14:37:17][རྩོམ་པ་པོ། བླ་ཁྲི་གཡུ་རིའི་སློབ་གཉེར་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1514876680126844.jpg

  སྨན་རིའི་དགེ་བཤེས་བསྟན་འཛིན་ཕུན་ཚོགས་མཆོག་གིས་བཀའ་དགོངས་ལྟར། ངེད་བླ་ཁྲི་གཡུ་རིའི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་ཡན་ལག་འཕྲིན་ཚོམས་"དགེ་སློབ་གྱེས་འཛོམ"ཚང་གིས། སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་དད་འདུན་གྱིས་བསུས་པའི་མཉམ་བྲིས་སྙན་ངག་གི་ཡུལ་དངོས།
གསལ་བཤད། རྩོམ་རྩལ་བཟང་ངན་ལ་མ་ལྟོས་པར་དད་སེམས་ཤུགས་ཀྱིས་སྒུལ་བའི་མཉམ་བྲིས་འདི་བྲེལ་འཚུབས་ཀྱི་ངང་ནས་བྲིས་པ་ཡིན་པས་དག་བསྒྲིགས་སོགས་ཀྱི་ཐད་ནོར་སྐྱོན་མང་པོ་ཡོད་སྲིད་པས་གཟིགས་པོ་ཀུན་གྱིས་དེ་བཞིན་ཡིད་འཇགས་གནང་བར་འཚལ།

1514876680322092.jpg

ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ནང་གི་ཉི་གཞོན།  

མེས་པོའི་རྒྱུད་འཛིན།

རྒྱལ་བ་གཉིས་པའི་འདའ་ཁའི་ཞལ་ཆེམ། །  
རྗེས་འཇུག་རྣམས་ལ་གདམས་པ་ཇི་བཞིན། །
ཡོངས་འཛིན་མཆོག་གིས་བཀའ་བཀོད་འོག་ནས། །  
ཡང་སྟོན་བླ་མས་གཙོ་འགན་བཞེས་ཏེ། ། 
བོན་འབངས་རྣམས་ཀྱི་རེ་བ་འགྲུབ་སོང་། །  

རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་དཔལ་ཡོན། ། 
གཅིག་དུ་བསྡུས་པའི་ཞོགས་པའི་ཉི་གཞོན། །  
ཤར་རིའི་ཕྲག་ནས་གསར་དུ་བཞད་པས། །
འུ་ཅག་བོན་འབངས་སྤྲོ་དགས་ཁེངས་སོང་། །  

༢༠༡༨. ༡. ༡ཉིན།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ནང་གི་ཉི་གཞོན། 

ས་མཐའ་བ།

དུས་བཟང་ཡིན་ཀྱང་ཆོག་ལ། །
གཏམ་བཟང་ཡོད་ན་ཆོག་པས། །
བོན་ཀྱི་ཏོག་གི་ཏོག་ཞིག།
བཞད་པ་བསོད་ནམས་ཡིན་སྐད། །

ལྷ་ཡིས་འོད་ཅིག་བཀྱེས་པས། །
ཁྱེད་ལ་ཐིམ་པ་བྱུང་སོང་། །
བདག་དང་བདག་གི་མགོན་དུ། །
འཇའ་ལམ་བརྒྱུད་ནས་ཕེབས་དང་། །

བོན་ལ་མགོན་ཞིག་ཡོད་པའི། །
མགོན་དེ་ཁྱེད་ཉིད་ཡིན་པས། །
ལྷ་ཡི་ལྷ་ཞེས་འབོད་དུས། །
ཡང་ཡང་གཟིགས་པ་གནང་དང་། །

སྐུ་དེ་བྲག་ཞིག་ཡིན་པས། །
གསུང་ཡང་བྲག་ལ་དོད་ཤོག།
ཐུགས་དེ་བྲག་བཞིན་བརྟན་ནས། །
འདོད་དགུ་ཆར་དུ་བརྙིལ་དང་། །

2018/1/1/ཉིན།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ནང་གི་ཉི་གཞོན།

མི་འགྱུར་ལྷུན་གྲུབ།

འཚེ་མེད་འོད་ཟེར་མཁའ་ལ་འཕུར་ནས།།
མུན་པས་གཡོག་པའི་བསྐལ་པ་སེལ་སོང་།།
བོན་བསྟན་མངའ་བདག་གསར་དུ་བཞད་ནས།།
མེས་པོས་བཞག་པའི་བོན་ཤུལ་རྗེས་འཛིན།

ིསྒྱུ་མའི་ཟང་ཟིང་དུས་འགྱུར་ཀློང་ནས།།
སྐར་ཆེན་བཞད་པའི་སྨན་རི་ཁྲི་འཛིན།།
བསྟན་སྲུང་རྒྱལ་མཚོས་ཐུགས་ལ་མངའ་ནས།།
མཚེ་མེད་འོད་ཟེར་ཀུན་ལ་བརྩེ་སྦྱིན།

མུན་སེལ་ཉི་གཞོན་གསར་དུ་འཆར་ནས།།
བོན་འབངས་མུན་རླབས་མངའ་ནས་གཅོད་ཅིང་།།
སྒྲིབ་མེད་བོན་བསྟན་ཕྱོགས་མཐར་ཁྱབ་པའི།།
ཁྲི་འཛིན་སྐུ་ཚེ་བསྐལ་བརྒྱར་རྟག་བརྟན།།

2018/1/1 ཉིན།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ནང་གི་ཉི་གཞོན།

བསོད་བློ།

མཉམ་མེད་བླ་མའི་རྒྱལ་ཚབ་གསེར་རིའི་ཕྲེང་།།

སྨྲ་སེང་མི་གར་རོལ་བའི་ཤ་ཚུགས་ཅན།།
འཛམ་གླིང་བོན་འབངས་ཀུན་གྱི་གཙུག་གི་ཏོག།
འཕགས་པའི་མཁན་རབས་དོན་གྱི་བླ་མ་ཨང་།།

ཤར་ནས་འཛུམ་པའི་གཤེན་གྱི་སྟོན་པ་ཞིག།
རྒྱལ་བསྟན་གསལ་བའི་ཟླ་བ་དཀར་པོའི་མདངས།།
སྨན་གྱི་རི་ན་འཕྲོས་པའི་བསྐལ་བཟང་ཉིན།།
དགའ་དད་སྟོང་གི་ཁ་བཏགས་གནམ་ལ་གཡུག།

2018-1-1-ཉིན།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ཀྱི་ཟླ་གཞོན།

སྒོ་སྙུག་སྲས།

གསེར་གྱི་ཉི་གཞོན་ཞིག
སྨན་གྱི་རི་བོ་ནས་འཛུམ་པས།
གངས་ཅན་པའི་མུན་པ་རྩ་བ་ནས་ཡལ་སོང་།

སྐྱེས་ཆེན་གཅིག་ཕེབས་སོང་ནའང་།
རྒྱལ་ཚབ་ཞིག་འགྱིང་སོང་བས།
དྭ་ཕྲུག་ཚོའི་གདུང་བ་སེལ་སོང་།

སྲིད་པའི་མགོན་པོ་ཞིག
འཛུམ་མུལ་ལེར་བཞུགས་པས།
རེ་བ་ཚང་མ་འགྲུབ་སོང་།

གསེར་ཁྲི་ལ་མངའ་གསོལ་བའི་བོན་གྱི་མངའ་བདག།
མཛད་འཕྲིན་དར་རྒྱས་སུ་ཤོག་ཅིག

2018/1/1/ཉིན།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ནང་གི་ཉི་གཞོན།

ཤེས་རབ་ཚེ་དབང་།

སྐུ་གསུམ་བསྟན་འགྲོ་ཤར་རིའི་ཕྲག་གོང་ནས།། 
དུག་ལྔའི་རྦ་རླབས་སེལ་བའི་ཉི་གཞོན་བཞད།། 
བོན་བསྟན་འཛིན་པའི་སྐྱེས་མཆོག་སྨན་རི་བ།།
སླར་ཡང་བསྟན་འགྲོའི་མགོན་དུ་ཕེབས་པར་དགེ།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ནང་གི་ཉི་གཞོན།

ཚེ་དབང་རྒྱལ་མཚན།

མུན་པའི་དཔུང་ལས་གྲོལ་བའི་ཉི་གཞོན་བཞད།།
རྒྱལ་བ་མཉམ་མེད་འོད་ཟེར་གདུང་ལས་འཁྲུངས།།
དུས་རབས་གསར་བའི་མུན་སེལ་སྨན་རི་བ།།  
དུས་ཀུན་འགྱུར་མེད་རྟག་བརྟན་ཨེ་མ་རྨད།།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞེད་པའི་སེམས་ནང་གི་ཉི་གཞོན། 

རྫ་ཉི་དབང་།

རི་བོ་ཆེན་པོ་གངས་དཀར་ཏི་སེ་ནས།།
ཁ་འབབ་ཆུ་བོ་རྣམ་བཞི་རྒྱུན་དུ་འབབ༎
རྒྱལ་བ་གཉིས་པའི་བྱིན་རླབས་མ་ཡལ་བ༎
ལྷ་དང་སྲུང་མའི་ཡེ་ཤེས་སྤྱན་གཟིགས་འོག༎
ཡོངས་འཛིན་མཆོག་དང་ཡང་སྟོན་བླ་མ་གཙོས།།
རྒྱལ་བ་སྨན་གྱི་ཁྲི་འཛིན་སོ་བཞི་པ༎
གནམ་ལོ་གསར་པ་ཞོགས་པའི་ཉི་གཞོན་ནས༎
ཤར་རིའི་ཕྲག་ནས་གསར་དུ་བཞད་པ་ཡི༎
ཨེ་མ་བོན་འབངས་ཡོངས་ཀྱི་སྐྱབས་མགོན་ཕེབས།།

1/1/2018 རྫ་ཉི་དབང་ནས།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ནང་གི་ཉི་གཞོན།

ཆབ་འཛུམ་སྨྱུག

འགྲོ་བའི་སྐྱབས་མགོན་ཞྭ་དཀར་རྒྱལ་བོ་སྟེ། །
རླབས་ཆེན་སྨན་རིའི་ཁྲི་འཛིན་སོ་བཞི་བ། །
སྣང་བའི་དམུ་ཐག་དཀར་པོ་ལ་འཇུས་ནས།།
གནམ་འོག་བོན་འབངས་ཀུན་གྱི་ཏོག་ཏུ་འཕགས།།

ཉི་ཟེར་མཁའ་ནས་བཀྲ་བའི་འོད་མདངས་སྟེ། །
གདུལ་བྱ་ཐམས་ཅད་འདྲེན་མཛད་རྒྱལ་བའི་སྲས། །
འཆད་བརྩོད་རྩོམ་གྱི་རིག་ལ་མངའ་བརྙེས་པའི། །
སྔོན་བྱོན་གོང་མའི་རྗེས་འཛིན་ཨེ་མ་རྨད། །

རྣམ་དག་ཚུལ་ཁྲིམས་མི་ཉམས་སྲུང་བ་དང་། །
ཐུགས་སེམས་མཁྱེན་བརྩེ་རྒྱ་མཚོའི་གཏིང་ལས་ཟབ། །
བླ་མའི་བླ་མ་ཁྲི་འཛིན་སོ་བཞི་བ། །
སྐུ་ཚེ་བརྟན་པའི་སྨོན་ལམ་ལན་བརྒྱར་ཞུ། །

བཅུ་ཕྲག་རིག་པའི་གནས་ལ་བྱང་ཆུབ་པའི།།
སྐུ་ལུས་ངུར་སྨྲིག་གར་གྱིས་རབ་བརྒྱན་པ། །
ཉམས་ཐག་འགྲོ་བ་སྐྱོང་བའི་འཕྲིན་ལས་ཅན། །
གཙུག་རྒྱན་སྨན་རིའི་བ་ཁྱོད་རྒྱལ་གྱུར་ཅིག །

2018/1/1/ཉིན།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ནང་གི་ཉི་གཞོན།

མཐོང་བ་འཛུམ་ཤོར།

གནམ་འོག་བོན་འབངས་ཡོངས་ཀྱི་སྐྱབས་ཀྱི་ཕུལ།།

འཛམ་གླིང་གོ་ལ་ཧྲིལ་པོའི་ཡང་རྩེ་ནས།།
ཞོགས་པའི་ཉི་ཟེར་ལྷན་དུ་ཕེབས་པ་ཁྱེད།།
མགོན་མེད་དྭ་ཕྲུག་ངེད་ཚོས་མཇལ་བར་དགའ།།

ངེད་ཅག་བོན་འབངས་ཡོངས་ཀྱི་སྐྱེས་མཆོག་ཁྱེད།།
དམ་ཅན་ལྷ་དང་སྲུང་མས་གསེར་ཁྲིར་བསུས།།
ཁྱེད་ནི་སྨག་རུམ་སེལ་བའི་སྒྲོན་མེ་དངོས།།
འགྲོ་བའི་མགོན་དུ་ཕེབས་པ་ཨེ་མ་རྨད།།

བོན་བསྟན་མཁའ་རུ་བསྒྲེངས་བའི་བསྟན་བདག་ཁྱེད།།
ཕྱི་ནང་གཉིས་ཀ་གངས་རི་ལས་ཀྱང་དཀར།།
ཁྱེད་ནི་འདི་ཕྱི་གཉིས་ཀྱི་སྐྱབས་མགོན་ཨང་།།
ནམ་ཡང་ཁོ་བོས་ཁྱེད་ལ་ངོ་སོ་བསྟོད།།

རྒྱལ་བསྟན་འཛིན་པའི་སྐྱེས་མཆོག་སྨན་རི་བ།།
འདྲེན་བྱེད་རྟ་བདུན་དབང་པོ་ཀུན་ལ་ཁྱབ།།
ཐམས་ཅད་འགྲོ་འདྲེན་ཐུགས་རྗེའི་སྤྱན་རས་ཅན།།
མཚན་སྙན་ལྡན་པའི་སྐྱེས་མཆོག་ཨེ་མ་རྨད།།

ལྷག་བསམ་དུང་ལས་དཀར་བའི་སྐྱེས་ཆེན་དངོས༎
འཆད་རྩོད་རྩོམ་གསུམ་ཀུན་ནས་ཕུལ་ཕྱིན་པའི།།
མ་འོངས་བོན་བསྟན་འཛིན་པའི་སྐྱེས་མཆོག་ལགས།།
ཁྱེད་ཀྱི་སྐུ་ཚེ་འཁྲི་ལོར་བརྟག་བརྟན་ཤོག །

༢༠༡༨/༡/༡/ཉིན།


ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ནང་གི་ཉི་གཞོན།

གཡུང་དྲུང་ནོར་བུ།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ཀྱི་ཉི་གཞོན།།
ལྷ་སྲུང་ཡེ་ཤེས་ཀྱིས་བདམས་ཀ་གནང་བའི་གསེར་གྱི་ཀ་ཆེན།།
ཁ་བ་གངས་ལྗོངས་ནས་གསར་དུ་བཞད་པའི་བོན་གྱི་སྐྱབས་མགོན།།
སྙིགས་དུས་མུན་སེལ་གྱི་འོད་དཀར་སྩོལ་བའི་རྟ་བདུན་དབང་པོ།།
སྨྲས་པ།
གངས་ལྗོངས་ཀྱི་སྨག་རུམ་སེལ་བའི་སྨན་རིའི་ཁྲི་འཛིན་དེ་
ངལ་དུབ་མིན་པའི་དད་པས་བསུས་ཡོད་ལ།
སོས་དལ་མིན་པའི་གསོལ་འདེབས་ཀྱི་དབྱངས་རྟ་འཐེན་བཞིན་ཡོད།།
༢༠༡༨// ཉིན།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ནང་གི་ཉི་གཞོན།

གངས་གཡུ་སྨྱག

སྨན་རིའི་མཉམ་མེད་བླ་མའི་ཕྱག་སྲོལ་བཞིན།།
ལྷ་སྲུང་བདེན་པ་བདར་ནས་གསོལ་བ་བཏབ།།
བསྒྲུབས་མཐར་འཁྲུལ་མེད་སྐྱེས་ཆེན་དམ་པ་ཞིག།
མཁན་རབས་སོ་བཞིའི་གསེར་གྱི་ཁྲི་ལ་འཁོད།།

རྒྱལ་སྲས་མི་ཡི་རྣམ་རོལ་གར་དུ་བཞེངས།།
རྒྱལ་གཤེན་སྨན་རིའི་མཁན་རབས་རིམ་བྱོན་བཞིན།།
རྒྱལ་བསྟན་སྲིད་པའི་མཁའ་ལ་རབ་བསྒྲེང་ཞིང་།།
རྒྱལ་བའི་མཛད་སྤྱོད་སྐྱོང་བར་གདོན་མི་ཟ།།

ཁྱེད་སྐུ་མཚན་དཔེ་ཤར་གྱི་ཡུལ་ནས་བཞད།།
ཁྱེད་གསུང་གྲངས་མང་སྨན་གྱི་ཡུལ་ནས་གྲགས།།
ཁྱེད་ཐུགས་ཤེས་བྱའི་བང་མཛོད་མངོན་པར་མཛེས།།
ཁྱེད་ཉིད་བོན་འབངས་ཀུན་གྱིས་གཙུག་རྒྱན་ནོ།།

༢༠༡༨// ཉིན།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ནང་གི་ཉི་གཞོན།

རྣོ་ལྡོམ།

ཁྱེད་ནི་ཉི་མ་གཞོན་ནུ་ཡིན་པས
རྨོངས་པ་བདག་ཅག་ལ་ཉི་ཟེར་འཕྲོ་བར་སྨོན
ཁྱེད་ནི་མུན་སེལ་གྱི་སྒྲོན་མེ་ཡིན་པས
སྒྲིབ་ཅན་བདག་ཅག་གི་བློ་མུན་སེལ་བར་སྨོན
ཁྱེད་ནི་འགྲོ་བའི་སྐྱབས་མགོན་ཡིན་པས
འུ་ཅག་བོན་འབངས་ཚོའི་མགོན་དུ་ཕེབས་བསུ་ཞུ

༢༠༡༨// ཉིན།

ཤར་རིའི་ཕྲག་ནས་གསར་དུ་བཞད་པའི་སེམས་ནང་གི་ཉི་གཞོན།

གཤེན་ཚ་དཀར་པོ།

ཟླུམ་གཟུགས་གོ་ལ་ཧྲིལ་པོའི་ཡང་རྩེ་རུ།།
གྱེར་བསྟན་ཕྱོགས་ཀུན་སྤེལ་བའི་ཕྲིན་ལས་ཅན།།
མ་རིག་སྨག་རུམ་སེལ་བའི་ཉི་གཞོན་དེ།།
གེགས་མེད་གསར་དུ་སྐྱེས་པའི་རྒྱལ་སྲས་མཆོག།

ཡིད་སྐྱེས་ཤད་བུའི་ངོས་འཛིན་མ་གནོང་བས།།
ལྷ་དང་སྲུང་མ་རྣམ་པ་འཁྲུལ་མེད་ངང་།།
འབངས་སྐྱོང་བཤེས་གཉེན་དམ་པ་མཁྱེན་ཡངས་ཤིག།
ངེད་ཅག་མགོན་དུ་ཕེབས་པར་དགའ་བས་བསུ།།

སྔོན་བྱོན་མཉམ་མེད་བླ་མའི་སྲོལ་བཟང་ངང་།།
བཤེས་གཉེན་དུ་མའི་མཚན་བྱང་རིལ་བུར་བསྒྲུབས།།
ཉིན་ཞག་མང་པོའི་རིང་དུ་སྒྲུབ་བསྒྲུབས་པའི།།
རེ་བའི་བོན་གྱི་གཙུག་རྒྱན་ང་ཚོས་བསུ།།

ང་ཚོའི་སྔོན་ལས་བཟང་པོའི་རྐྱེན་དབང་གིས།།
ད་ལྟའི་བོན་བསྟན་འཛིན་པའི་ཐུ་བོ་ཁྱེད།།
དུག་ལྔའི་མུན་པ་འཇོམས་མཛད་སྲིད་པའི་མིག།
དུས་ངན་སྙིགས་མའི་མགོན་པོ་ཁྱེད་ཉིད་བསུ།།

༢༠༡༨// ཉིན།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ནང་གི་ཉི་གཞོན།

དགེ་རྩེའི་ཀུན་ཁྱབ།

ཨེ་མ་བོན་རྒྱལ་ལོ།
དེ་རིང་སྟེ།
དམངས་གཙོའི་ཤེས་རབ་དང་།
ཞི་བའི་སྤྱན་མིག་གིས་གདམས་པའི།
འཛམ་གླིང་བོན་འབངས་ཀུན་གྱི་སྤྱི་ནོར་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༤པ།
གསེར་གྱི་ཉི་མ་བཞིན་འོད་དུ་འཚེར་བའི་དུས་ཚིགས།
དོ་མི་མཉམ་པའི་འཛམ་གླིང་ཤར་ནུབ་ཀུན་གྱི་མིག་སྔར།
རྒྱལ་བ་མཉམ་མེད་པའི་འོད་ཟེར་ཡོད་ན།
སྨན་རིའི་ཁྲི་ལ་བདག་པོ་མེད་པའི་གསལ་བཤད་ཀྱི་རྡོ་རིང་སྲ་མོ།
བོན་རྒྱལ་ལོ།
ཉི་འོད་ཀྱིས་དྲོས་པའི་ཞྭ་དཀར་བ།
གངས་རིའི་རྒྱལ་ཁམས་ཀྱི་ཡུལ་ངོས་ནས་འབུས་པའི་
ཞྭ་དཀར་དང་གོས་སྔོན་གྱིས་བརྒྱན་པའི་གནམ་འོག་གི་མེ་ཏོག
སྔར་ལྟར། ཁ་བའི་བླ་ཚེ་སྲོག་གསུམ་གྱི་གཅེས་ནོར་ཏེ།
བཅུ་ཕྲག་རིག་གཞུང་གི་རི་རླུང་ཐང་གསུམ།
རང་དཔྱད་གཞན་བཀུར་དང་།
འཚེ་མེད་ཞི་བ་གསོན་པོས་མཛེས་སྡུག་གི་གཞིས་ཀར་་བསྐྲུན།
གསོལ་བ་དང་དད་པས་ཕྱག་རྒྱ་བཅའ།

1/1/2018/ ཉིན།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ནང་གི་ཉི་གཞོན།

འོད་ཀྱི་དམུ་ཐག་མ་ཡལ་བར་མཉམ་མེད་བླ་མའི་ཁྲི་འཛིན་མཆོག།
ཐུགས་ཀྱི་མཁྱེན་དགོངས་མ་ཞིག་པར་གདུལ་བྱའི་བསོད་ནམས་དཔལ་དུ་བཞད།།
གསེར་གྱི་ཉི་མ་ནུབ་གཏིང་དུ་དུང་གི་ཟླ་བ་ཚེས་བྱུང་བས།།
ཡིད་ཀྱི་དགའ་སྐྱོའི་ཚོར་བ་དག་ཚིག་གི་ལམ་ནས་མཚོན་ནུས་མིན།།

རྒྱལ་བ་སྨན་རིའི་རིང་ལུགས་བཞིན་ཕྱོགས་དང་རིས་སུ་མ་བཅད་དེ།།
ལྷ་དང་སྲུང་མར་འཕྲིན་བཅོལ་ནས་གསེར་གྱི་ཁྲི་ལ་མངའ་གསོལ་མཛད།།
ེསྐྱེས་བུ་སྒེར་དང་རེ་ཟུང་གིས་མོ་ཕྱྭ་རྨི་ལམ་ཙམ་མིན་པར།།དོན་དམ་མཁས་པའི་གཞི་གྲལ་
ནས་བྱིན་རླབས་དངོས་གྲུབ་རང་འབབ་གཅིག།

རིགས་དང་རུས་ཀྱི་ཕྱེས་པ་མིན་ཐོབ་དང་སྙན་གྲགས་ལྟོས་པ་མེད།།
བསམ་མེད་བྱིས་པ་ཁྲིར་མ་བཀོད་ལོ་གྲངས་བཅུ་ཕྲག་དུ་མ་རུ།།
སྦྱངས་པས་དགེ་བའི་བཤེས་གཉེན་མཚན་ཤེས་བྱ་རིག་པ་ཐུགས་ལ་ཆུད།།
བསམས་ན་གསེར་ཁྲི་མངའ་མཛད་ཚུལ་ཡིད་ལ་ཅི་སྟེ་མི་འཐད་ཨང་།།

བདག་ཅག་དུབ་པའི་འོབས་ལ་ལྷུང་སྡུག་གི་མུན་པ་མཐུག་ན་ཡང་།།
ད་ནི་སླར་ཡང་སྐྱ་རེངས་ཀྱིས་ཤར་ཀའི་སྨག་ནག་ཡོངས་སུ་བསལ།།
མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱིས་འཛམ་གླིང་གོ་ལ་ཆོམ་ལ་ཕབ།།
བོན་གྱི་བསྟན་དང་རིག་པའི་གཞུང་ཉམས་མེད་མཁའ་ནས་འོད་འཚེར་འཚེར།།

སྨན་གྱི་རི་ནས་སྨན་རི་བཞིན་ནད་ཀྱིས་གདུང་བར་ཕན་གདབ་སྟེ།།
ཁྲི་འཛིན་སོ་བཞིའི་ཕྲིན་ལས་དེ་གོ་ལའི་ཁྱོན་ལ་འཕྲོ་བ་དང་།།
དམ་པའི་སྐྱབས་འོག་ཚུད་ཀྱིན་པའི་བོན་འབངས་སྐྱ་སེར་རིས་མེད་ཀུན།།
དགའ་བདེའི་དཔལ་ལ་རོལ་བ་ཡི་ཡིད་ཆེས་བརྟན་པོ་ཁོང་ནས་རྙེད།།

༢༠༡༨//༡ཉིན་སྨན་རིའི་ཁྲི་འཛིན་༣༤པར་ཕུལ།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ནང་གི་ཉི་གཞོན།

ཁོང་སྔོན་ཚང་སྐལ་བཟང་སྨོན་ལམ་ནས།

མཉམ་མེད་བླ་མའི་འོད་ཟེར་དཀར་པོའི་མདངས་ཀྱི་འཁྱུད་པའི་སྨན་རི་པ།།
ཐབས་དང་ཤེས་རབ་གཤོག་ཟུང་བཏེགས་ཏེ་མི་ཡི་གཟུགས་སུ་སྤྲུལ་པའི་སྐུ།།
གསར་ཚེས་ཉི་མ་གཞོན་ནུ་ཇི་བཞིན་ཤར་རིའི་ཕྲག་ནས་འཛུམ་པའི་དུས།།
གདུང་ཤུཊ་དྲག་པོའི་གསོལ་བ་བཏབ་པས་མི་འགྱང་ཐུཊ་རྗེས་གཟིཊ་ཤིག་ཀྱེ།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ནང་གི་ཉི་གཞོན།

སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་དྲིན་ཅན་བླ་མ།།
ཞོགས་པའི་སྐྱ་རེངས་དང་མཉམ་དུ་ཏི་སེ་ནས་འཕྲོས་བྱུང་།
འགྲོ་བའི་སྡིག་སྒྲིབ་དང་ཉོན་མོངས་དག

བ་མོ་བཞིན་བཅམ་ནས།།
སླར་ཡང་བོད་ཁམས་ཡོངས་ལ་བདེ་བ་ཞིག་སྩོལ་ཀྱེ།
མཉམ་མེད་བླ་མའི་ཐུགས་རྒྱུད་ཀྱི་འོད་ཟེར་དངོས་མ།།
ལྷ་དང་སྲུང་མས་གདམས་པའི་དུས་རབས་ཀྱི་སྟོན་པ།།
ཨེ་མ་བོན་འབངས་རྒྱལ་ལོ་བོན་བསྟན་ཡང་དར་རོ།།
ཁྲི་འཛིན༸སོ་བཞི་པ་ཁྱེད་བདག་ཅག་གིས་མགོན་ཡིན།།

བོད་རྒྱལ་ལོ༢༡༤༤/༡༡/༡༤ སྤྱི་ལོ་2018/1/1ཉིན་གུས་པ་འཛུམ་དཀར་ནས་ཕུལ།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ནང་ཉི་གཞོན།

དུག་ལྕེ།

རྙོག་འཛིང་ལོ་ཟླ་ཞིག་གི་འཁོར་སྐྱོད་ཁྲོད་ནས།                 
གནས་ལུགས་གཅེར་བུ་འདི་ཡི་དངོས་དོན་མཐོང་བའི།                        
བདག་འཛིན་སྡུག་བསྔལ་དོར་བའི་མི་བུ་ཁྱེད་ཉིད།                    
སྨན་རིའི་ཁྲི་འཛིན་ཉིད་དུ་སྲུང་མ་བསྐོས་ཐལ།  
 
ཕྱི་ནང་དྲན་རྟོག་རྒྱུ་བའི་གནམ་འོག་འདི་ན།
མག་མོག་འཇིག་རྟེན་ཞིག་གི་སྨག་རུམ་སེལ་བའི།
དུས་རབས་ཉེ་གཅིག་ཁྲོད་ཀྱི་གདོང་དམར་དཔའ་བོ།
ཞྭ་དཀར་བོན་གྱི་གཙུག་རྒྱན་ཁྱེད་མིན་སུ་ཞིག

ཁྱེད་ནི་གསར་དུ་བཞད་པའི་མེ་ཏོག་ཨུད་དཔལ།
ཁྱེད་ནི་མཁའ་ལ་ཤར་བའི་ཉི་མ་འོད་ཆེན།
ཁྱེད་ནི་གངས་རིའི་ལྗོངས་ཀྱི་གངས་སེང་དཀར་མོ།
ཁྱེད་ནི་འགྲོ་བ་མི་ཡི་དད་པའི་རྗེ་དཔོན།

༢༠༡༨/// ཉིན་ཕུལ།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ནང་གི་ཉི་གཞོན།

ཉི་མ་བསྟན་འཛིན།

གཤེན་རྒྱལ་རིང་ལུགས་འཛིན་པའི་རྒྱལ་སྲས་དམ་པ་དུ་མའི་གདན་ས་རུ།།
འགྲོ་ཀུན་བློ་མུན་སེལ་བའི་སྤྱན་གཅིག་མཁའ་ཡི་ཐིག་ལེའི་འོད་ཟེར་དེ།།
རྒྱལ་བསྟན་ས་ཆེན་འགེངས་པའི་གངས་ཅན་སྨན་ལྗོངས་གཡུ་ལོའི་ཚལ་དུ་འཕྲོས།།
དྲི་བྲལ་ཨུ་དུམ་ཝ་རའི་ཞལ་ཁ་མངོན་པར་བཞད་པའི་སྐལ་བཟང་བསུ།།

སྨྲ་དབང་ཤེས་བྱ་འབུམ་དཀྲིགས་ངུར་སྨྲིག་འདབ་བརྒྱ་བཞད་པའི་དགའ་ཚལ་དུ།།
ཉམ་རྟོགས་གཡུ་ལོས་བརྒྱན་པའི་ཀུ་མུད་མུ་ཏིག་ཟེག་མའི་དགྱེས་ཞལ་འཛུམ་།།
བཤད་སྒྲུབ་ཟློས་གར་བསྒྱུར་བའི་གཤོག་ལྡན་རྭ་ཡིག་གཉིས་པའི་སྐལ་ལྡན་ཚོས།།
སྙིང་རྗེའི་འདབ་བརྒྱའི་ལང་ཚོས་འབྲས་བཟང་སྲིད་གསུམ་ཁྱབ་པའི་སྐལ་བཟང་བསུ།།

ཟབ་རྒྱས་འཕྲུལ་སྒྲོན་ལུགས་བཟང་ཚང་ཚིང་གཡུ་ལོ་རྒྱས་པའི་ཚལ་གསེབ་དུ།།
འདུལ་ཁྲིམས་བསླབ་གསུམ་རྨ་མེད་རྣམ་དག་སྐུ་མཆོག་ཙན་དན་སྡོང་པོ་ལ།།
འཆད་རྩོད་རྩམ་གསུམ་རིག་པའི་ལོ་འདབ་ཕང་ཕུན་ཕྱོགས་མེད་ཀུན་ཏུ་རྒྱས།།
སྙན་ཤིང་གྲགས་པའི་དྲི་བཟང་འཛམ་གླིང་ཧྲིལ་པོར་ཁྱབ་པའི་སྐལ་བཟང་བསུ།།

འོད་ཟེར་ལམ་ལམ་འཕྲོས་པའི་སྨན་ལྗོངས་དབྱིག་འཛིན་དགའ་མའི་ལྟེ་བ་རུ།།
ཐེག་དགུའི་བཀའ་ཡི་གཏེར་མཛོད་གཡུ་མདོག་མཚེའུ་རླབས་རིས་ཤིག་ཤིག་གཡོ།།
ལུང་རིགས་མཐའ་རྒྱ་ཆོད་པའི་མཁས་དབང་གསེར་མིག་ཉ་མོའི་འཁྱུག་རྩལ་ངོམ།།
མཁྱེན་བརྩེའི་ནུས་རྩལ་རྫོགས་པའི་སྤྱན་གཅིག་ཁྲི་འཛིན་སོ་བཞིའི་སྐལ་བཟང་བསུ།།

༡༠༡༨//༡ཉིན་ཕུལ།

ཤར་རིའི་ཕྲག་གོང་ནས་གསར་དུ་པའི་བཞེད་པའི་སེམས་ནང་གི་ཉི་གཞོན།

འཇིགས་མེད་གཡུང་དྲུང་།

འཇིག་རྟེན་བོན་འབངས་ང་ཅག་བསོད་ནམས་དེ་ཆེ་གི
ཉེར་གཅིག་ཉི་གཞོན་གསར་བསྐྲུན་སྐུ་གཟུགས་ཀྱི་རྔོམ་བརྗིད།
འཁོར་བའི་འདམ་དུ་བྱིང་བའི་འགྲོ་དྲུག་གི་སླད་དུ།
མྱུར་དུ་ནམ་ཤར་རྒྱུས་པའི་ཉི་གཞོན་ཁྱེད་མཁྱེན་ནོ།

དུས་རབས་གསར་བའི་སྐྱ་རེངས་དགུང་སྔོན་ནས་འཛུམ་དུས།
གངས་ཕྲུག་ན་གཞོན་ངེད་ཅག་རིག་གཤོག་དེ་རྒྱས་ཐལ།
འཇིག་རྟེན་ནག་ནོག་གསལ་བའི་དཀར་གསལ་གྱི་དུང་ཟླ།
དད་ལྡན་ཁྲི་ཕྲག་མང་པོའི་མཆོད་གནས་སུ་ཕེབས་སོང་།

དགའ་ན་ཁྱེད་ལ་དད་པའི་བླ་དཀར་དེ་བསྟན་ཞིང་།
སྡུག་ན་ཁྱེད་ལ་རེ་བའི་སྟ་གོན་ཡང་བགྱིས་ཟིན།
དགའ་སྡུག་ཐལ་མོ་སྦྱར་དེ་འོ་དོད་ཀྱིས་འབོད་བཞིན།
ཇི་སྲིད་བསྐལ་བའི་བར་དུ་དེ་སྲིད་དུ་མཆོད་ངེས།

འཇིག་རྟེན་རྣམ་རྟོག་རྒོད་པའི་གཡང་གཟར་གྱི་འཕྲང་ནས།
རིས་མེད་བྱམས་བརྩེའི་འོད་ཟེར་འགྲོ་ཀུན་ལ་གཟིགས་ཤིང་།
བཅུ་ཕྲག་རིག་པའི་ཆར་ཆེན་དུས་ཀུན་ཏུ་འཇོ་བའི།
རེ་བའི་མེ་ལྕེ་དམར་པོ་དྲག་ཤུགས་ཀྱིས་སྤར་ཡོད།

སྔོན་ཚེ་གྲངས་མེད་དུས་ནས་ཚོགས་བསགས་ཀྱིས་དབང་གིས།
མཉམ་མེད་བླ་མའི་ཐུགས་ཀྱིས་འོད་ཟེར་རུ་རྫུས་པའི།
མདོ་སྨད་ཤར་གྱི་དབང་པོ་མུན་སེལ་གྱི་ཟླ་གཞོན།
མཛད་འཕྲིན་ཡར་ངོའི་ཟླ་ལྟར་ནུབ་མེད་དུ་འཆར་ཤོག

༢༠༡༨//༡ཉིན་ཕུལ།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞེད་པའི་སེམས་ནང་གི་ཉི་གཞོན།

ཀུན་བཟང་གཡུང་དྲུང་།

མཉམ་མེད་བླ་མ་ནས་རིམ་གྱིས་རྒྱུད་དེ།
མདོ་སྔཊ་རྫོཊ་གསུམ་གྱི་ཐུགས་རྒྱུད་བརླན་པའི།
མི་ཡི་སེང་ཆེན་ཞིག་མགོན་དུ་ཕེབས་པར།
སྐྱེ་དགུ་བོན་འབངས་ཡོངས་དགའ་བས་མྱོས་སོང་།

རྣམ་མང་འགྲོ་འདུལ་གྱི་དེད་པའི་གཉེན་དུ།
ཕྱོགས་ཞེན་རྒོད་པ་དེའི་གསེབ་ནས་བཞེངས་ཏེ།
རྒྱལ་བའི་གསེར་ཁྲི་ལ་ཕེབས་པའི་དུས་འདིར།
མཛེས་སྡུག་ཡོད་ཚོད་ཀྱིས་བསུ་མ་གྱིས་ཤིག

སྐུ་མཆོག་འགྱུར་མེད་དེ་རིང་དུ་བརྟན་ཞིང་།
ལུགས་རྟོགས་བཤད་སྒྲུབ་ཀྱི་ཉི་ཟླ་གཉིས་པོས།
ཆེས་སྙིགས་རྐང་གཉིས་ཀྱི་ཤེ་མུན་གསལ་ནས།
རྒྱལ་ཁམས་ཕན་བདེ་ཡིས་ཁྱབ་པར་གྱུར་ཅིག

༢༠༡༨//༡ཉིན་ཕུལ།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་གསེར་གྱི་ཉི་གཞོན།

དགོད་འཛུམ།

སྨན་གྱི་ཞིང་ཁམས་དེ་ཤར་རིའི་གཟུགས་སུ་བཀོད།།
ཤར་རིའི་ཕྲག་གོང་ནས་གསེར་གྱི་ཉི་གཞོན་འཆར།།
ཉི་མའི་ཤར་ལམ་དུ་དར་གྱི་གདན་ཞིག་འདིང་།།
གདན་དེའི་དངོས་མིང་ལ་གདིང་བ་གཡུ་མདོག་གསོལ།།


མཉམ་མེད་གསེར་ཁྲི་ལ་ཡང་བསྐྱར་ཁྲ་ཞིག་མདོག
ཁྲ་དེའི་དཔེར་བརྗོད་དུ་དགའ་སྤྲོའི་སྙན་ངག་འབྲི།།
ཚིག་གི་སྡེབ་སྦྱོར་ལ་གསེར་གྱི་གཡུང་དྲུང་རྒྱན།།
གཡུང་དྲུང་བཀོད་པ་དེ་འགྱུར་བ་མེད་པའི་བརྡ།།


གཡུང་དྲུང་བོན་བསྟན་འདི་གངས་ཤིག་ཡིན་པ་འབྲི།།
གངས་དེའི་ལྟེ་བ་རུ་སྨན་གྱི་རི་ཞིག་འབྲི།།
རི་དེའི་རྩེ་མོ་ནས་ཁྲི་གདུག་འཛུམ་པ་འབྲི།།
ཉི་མའི་འོད་ཟེར་གྱིས་འཇིག་རྟེན་བསྒུལ་བ་འབྲི།།

༢༠༡༨//༡ཉིན་ཕུལ།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ནང་གི་ཉི་གཞོན།

ཁྱུང་ཚ་བཀྲ་ཤིས་ལྷུན་གྲུབ།

མཆོག་གསུམ་རྩ་གསུམ་གྱིས་ཁ་ཡིག་ཐོད་ལ་བྲིས།།
བོན་སྐྱོང་བསྟན་སྲུང་གིས་དབུས་ལམ་ཡངས་མོར་མངགས།།
གོ་ལའི་ཡང་རྩེ་ན་སླར་ཡང་ཤར་བའི་གཉེན།།
ཁྲི་འཛིན་སོ་བཞི་ཡི་ཉི་གཞོན་གསར་པ་བསུ།།

གཤེན་རབ་མྱི་བོ་ཡི་ཐུགས་དམ་དབུ་ལ་བཅིངས།།
མཉམ་མེད་བླ་མ་ཡི་དགོངས་རྟོགས་ཁོག་ལ་བཀྲམ།།
མཁན་རབས་སོ་གསུམ་གྱི་དམུ་ཐག་སྐེད་ལ་དཀྲིས།།
སྨན་གྱི་རི་རྩེ་ན་སེང་ཞིག་འགྱིང་པ་རྨད།།

ལྷོ་ཕྱོགས་ཤར་ཁོག་གི་ཨུ་དུམ་ཝ་ར་ཞིག།
བྱང་ཕྱོགས་འཕགས་ཡུལ་གྱི་ཁྲི་ལ་བཞད་པ་དེ།།
གནམ་གྱིས་བསྐོས་པ་ཡི་རྒྱལ་སྲས་དག་མ་ཡིན།།
དད་བརྒྱའི་ཡིད་ཁུང་ནས་རྟེན་འབྲེལ་འབུམ་ཕྲག་བརྩེགས།།

གཡུང་དྲུང་བོན་པོ་ཡི་ལྷ་རྔ་བརྡུང་བའི་མཆོག།
བཤེས་གཉེན་སྟོང་འདུས་ཀྱི་བྱིན་རླབས་རང་འབར་ཁྱེད།།
སྨན་གྱི་རི་བོ་ཡི་གཅན་ལྔས་བཏེགས་པའི་ཁྲིར།།
བསྐལ་བ་བརྒྱ་ཕྲག་གི་བར་དུ་བརྟན་གྱུར་ཅིག།

ཅེས་གཤེན་གྱི་འབྱུང་ལྡན ༣༠༡/ ཉག་མ ༣༤ དཀར་ཕྱོགས་སྟོང་པ་གསུམ་པའི་དུས་བཟང་ཉིན་ཁྱུང་ཚ་བཀྲ་ཤིས་ལྷུན་གྲུབ་ཀྱིས་ཤར་ཕྱོགས་མ་ཧཱ་ཙི་ནའི་ཡུལ་ནས་གུས་པས་བཏེགས།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ནང་གི་ཉི་གཞོན།

ཡེ་ཤེས་གཡུང་དྲུང་།

རྒྱལ་བ་གཉིས་པ་མཉམ་མེད་བླ་མ་ཡིས།།
འོད་ཟེར་ཕོག་པའི་མཁན་རབས་སོ་བཞི་བ།།
བདག་ཅག་བོན་འབངས་ཡོངས་ཀྱི་གཙུག་རྒྱན་དུ།།
ཤར་བའི་བསྐལ་བ་བཟང་སོང་དགའ་བ་ལ།།

ཡབ་རྗེ་བླ་མའི་ཐུགས་རྗེའི་ནུས་མཐུ་དང་།།
རིམ་བྱོན་མཁན་རབས་བྱིན་རླབས་གཅིག་བསྡུས་པ།།
གཞིས་བྱེས་བོན་འབངས་ཡོངས་ཀྱི་སྐྱབས་མགོན་དུ།།
འདྲེན་པ་ཁྱེད་ཉིད་ཕེབས་པ་བཀའ་དྲིན་ཆེ།།

ཨ་མ་འདི་ནི་རྒྱལ་བའི་ཐུགས་སྲས་ཏེ།།
གུས་ཕྲན་ཁྱེད་ཀྱི་གམ་དུ་གཅར་ན་འདོད།།
གཏིང་ཟབ་བོན་གྱི་དགོངས་པ་གསེད་ན་འདོད།།
གསང་གསུམ་དབྱངས་ཀྱི་སྒྲའང་མཉན་ན་འདོད།།

དམ་པ་ཁྱེད་ཀྱི་སྐུ་ཚེའི་འཛུམ་ཟེར་ལ།།
མི་མཐུན་སྤྲིན་ནག་ཡོལ་བས་མི་སྒྲིབ་ཅིང་།།
གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ།།
མཁའ་མཐར་སྤེལ་བའི་བདག་པོ་གྱུར་ཅིག་གུ།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ནང་གི་ཉི་གཞོན།

བསྐལ་བཟང་ཟླ་བ་དར་རྒྱས།

བཅུ་ཕྲག་བརྒྱད་དང་དགུ་ལ་ཉེ་བའི་སྲིད་པའི་སྒྲོན་མེ་ཞིག།
བསྐལ་པ་དུས་ཀྱི་ལམ་འཕྲང་ཞིག་ནས་ནུབ་རིའི་ཕག་ཏུ་ཡིབ།།
འགྲོ་ཁམས་མུན་གླིང་མྱ་ངན་ལོ་ཟླའི་དུས་ཤིག་གྱུར་ན་ཡང་།།
མཇུག་མཐའ་གསུམ་རྫོགས་གསར་ཚེས་སྐལ་བཟང་ལས་ཀྱི་ཉི་གཞོན་ཤར།།


སོ་སྐྱེའི་བློ་ཡིས་མ་དཔོག་ཆུ་བུར་མིག་གིས་མ་གསལ་ཡང་།།
ཡེ་ཤེས་ལྷ་དང་སྲུང་མས་གདམས་པའི་སངས་རྒྱས་མི་ཡི་གཟུགས།།

དངོས་སུ་གསེར་ཁྲིར་ཕེབས་མཛད་ལུང་དང་རྟོགས་པའི་བདག་ཉིད་ཅན།།
ཁྲི་རབས་སོ་བཞི་འཛམ་གླིང་བོན་གྱི་གཙུག་རྒྱན་བླ་ན་མེད།།

སྨན་གྱི་རི་བོའི་གདན་ས་ཆེན་མོ་རུ།།
གསར་དུ་ཕེབས་པའི་སངས་རྒྱས་མངོན་བྱོན་མཆོག།

རྒྱལ་བ་གཉིས་པའི་རྒྱལ་ཚབ་སོ་བཞི་པ།།

བོན་འབངས་ཡོངས་ཀྱི་དེད་དཔོན་ཨེ་མ་རྨད།།


ཡུལ་མཆོག་གནས་བཞིའི་མཐུ་སྟོབ་གཅིག་བསྡུས་པ།། སྐྱེ་དགུ་འགྲོ་བའི་སྐྱབས་མགོན་བླ་ན་མེད།།
བསྟན་པའི་བདག་པོ་རྒྱལ་བ་སྨན་རི་བ།།
སྐུ་ཚེ་གེགས་མེད་བསྐལ་བརྒྱར་རྟག་བརྟན་ཤོགས།།

འཕགས་ཡུལ་སྨན་གྱི་རི་བོའི་གདན་ས་རུ།།
གསེར་ཉིའི་ཐུ་སྲས་དུང་གི་ཟླ་དཀར་བཞད།།
ཕྲིན་ལས་འོད་སྟོང་ཕྱོགས་མཐའ་ཀུན་ལ་ཁྱབ།།
མ་རིག་མུན་ཚོགས་འཇོམས་པའི་རྟགས་སུ་ཤར།།

༢༠༡༨///ཉིན།

ཤར་རིའི་ཕྲག་གོང་ནས་བཞད་པའི་སེམས་ནང་གི་ཉི་གཞོན།

ལང་ཚོའི་རྨི་ལམ།

བསྟན་དོན་ཁོ་ནར་བསྐྱངས་བའི་རྒྱལ་སྲས་ཞིག།
ངེད་ཅག་བསྐལ་པ་དབེན་པས་ཞིང་གཞན་གཤེགས།།
སླར་ཡང་བླུན་རྨོངས་འཁོར་ཚོགས་ཁྲོད་འདི་རུ།།
ཉིད་དང་དབྱེར་མེད་སྐྱེས་ཆེན་ཕེབས་འདི་སྤྲོ།།

འཇིག་རྟེན་ཁམས་ན་ཉི་གཞོན་གསར་བ་ཞིག།
ཆོལ་གསུམ་བོན་གྱི་རེ་ལྟོས་ལྷ་ལ་བཅོལ།།
བོན་བསྟན་མཁའ་རུ་བསྒྲེང་བའི་སྐྱེས་ཆེན་ཞིག།།
མྱི་ཡི་གཟུགས་སུ་སྤྲུལ་འདི་བསྐལ་པ་བཟང་།།

བོན་གྱི་དབུ་ཁྲིད་ཁྲི་འཛིན་སོ་བཞི་ལ།།
བསྐལ་བཟང་གསེར་གྱི་མཎྡལ་མཆོད་པའི་རྟེན།།
འབུལ་བ་འདོད་ཀྱང་གནས་དང་དུས་ཀྱི་བསྐལ།།
རྒྱང་རིང་ཞིག་ནས་དད་པའི་མཇལ་ཕྱག་བརྩེགས།།

རྒྱལ་བ་གཉིས་པའི་རྣམ་སྤྲུལ་སོ་བཞི་པ།།
གསེར་གྱི་ཁྲི་རུ་འགྱིང་བའི་བསྐལ་བཟང་འདི།།
བོན་འབངས་ཡོངས་ཀྱིས་རེ་འདོད་གྲུབ་པ་དང་།།
སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ།།

༢༠༡༨///ཉིན།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ནང་གི་ཉི་གཞོན།

གནམ་རྒན་མ།

རབ་འཇམ་ཕྱོགས་བཅུར་གྲགས་པའི་སོ་བཞི་བ།།
སྐྱེས་ཆེན་དམ་པ་མཉམ་མེད་བརྒྱུད་འཛིན་མཁན།།
སྨག་རུམ་གསལ་མཛད་རྟ་བདུན་དབང་པོ་དངོས།།
ཞྭ་དཀར་བོན་བསྟན་འཛིན་པ་ཁྱེད་ལ་བསྟོད།།

ལོ་ཟླ་གསར་བས་དྲངས་པའི་སྐལ་བཟང་ཉིན།།
བཀའ་ལུང་རིག་པས་བསྔགས་པའི་སྨན་རི་བ།།
བཅུ་ཕྲག་རིག་པའི་གནས་ལྔ་འཛིན་པའི་གཤེན།།
སོ་བཞི་བ་ཡི་མཛད་འཕྲིན་རྒྱས་གྱུར་ཅིག།

དོན་གྱི་རང་བཞིན་ཐུགས་རྗེས་སྤྲུལ་པའི་སྐུ།།
མདོ་སྔགས་སེམས་གསུམ་ཉམས་ལེན་མཐར་ཕྱིན་པ།།
མཉམ་མེད་བླ་མའི་རྗེས་འཛིན་དམ་པ་མཁན།།
སྐྱོན་བྲལ་བསླབ་གསུམ་རྣམ་དག་དྲི་མ་མེད།།


ལུང་རྟོགས་བསྟན་པའི་ཉི་མའི་གདུང་ཚོབ་མཆོག།
འཆད་རྩོད་རྩོམ་པས་གདུལ་བྱའི་མེ་རོ་སྤར།།
འདི་ཕྱི་གཉིས་ཀྱི་ལམ་སྟོན་སྐྱེས་མཆོག་པ།།
སྨན་རིའི་ཁྲི་འཕང་འཛིན་པའི་ཨེ་མ་རྨད།།

དེ་ཡང་གཞན་གྱི་འགྲོ་བའི་དོན་མཛད་པ།།
མདོ་བསྔགས་རྫོགས་གསུམ་དོན་གྱི་པན་ཊི་ཏ།།
ལུང་རྟོགས་བསྟན་པའི་ཉི་མའི་རྒྱུད་འཛིན་མཁན།།
ཀུན་གྱི་སྐྱབས་ཡུལ་ཁྱེད་ལ་རྟག་ཏུ་གུས།།

༢༠༡༨ / / ཉིན།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞེད་པའི་སེམས་ནང་གི་ཉི་གཞོན།

ཞོགས་པའི་ཅོང་བརྡ།

ཨེ་མ།
དྲོད་ལམ་ལམ་གྱི་གོ་ལ་འདིའི་ཡང་རྩེ་ན།
དཀར་སངས་སངས་གྱི་ཤར་རིའི་ཕྲག་གོང་ན།
འོད་སྟོང་འབར་བའི་ཉི་མ་ཉིད་བཞད་ཏེ།
འཇའ་ཚོན་སྣ་ལྔའི་སེམས་བསྐྱེད་ཀྱི་མེ་ཏོག་འཐོར།
ཨེ་མ།
གསོལ་འདེབས་བསིལ་གྲིབ་ཀྱི་འོག་ཏུ་འཚོ་བའི་བོན་མི་ཚོས།
རེ་བའི་ལོ་ཟླར་སྒུག་པའི་ཉི་མ་སེར་པོ།
དུས་ཀྱི་ཉི་ཞག་ལ་བསྒྲུགས་པའི་སྨོན་ལམ་བཟང་པོ།
དེ་རིང་འཆར་ཤིང་དེ་རིང་འབུས།
ཨེ་མ།
ངའི་ཡར་ཁོག་ན་འཁྱིལ་བའི་འོད་སྣང་སེར་པོ།
ཤེས་རིག་སྐར་ལྟར་བཀྲ་བའི་ཡིག་འབྲུའི་གླེགས་བམ།
ཁྱེད་ནི་དབལ་མོས་གྱེན་དུ་བརྩེགས་པའི་ལྷ་ཤིང་ཤུག་པ་ཡིན་ལ།
འགྲོ་དྲུག་བདེ་ལ་བཀོད་པའི་ལམ་སྟོན་གྱི་སྐྱེས་བུའང་ཅི་ལ་མིན།
ཨེ་མ།
མཛེས་ཤིང་མངོན་པའི་ཡབ་རྗེ་བླ་མའི་ཁྲི་སྟེང་ནས།
ཁྱེད་ཀྱི་འོད་སྣང་གང་སར་འཐོར་ཤིང་།
ཁྱེད་ཀྱིས་སྤར་བའི་གྱེར་བསྟན་གྱི་མེ་ལྕེ་དགུང་ལ་ཕྱུར།

༢༠༡༨///ཉིན།

ཤར་རིའི་ཕྲག་གོང་ནས་གསར་དུ་བཞད་པའི་སེམས་ནང་གི་ཉི་གཞོན།

དུག་མདའ་བ།

ལྷ་སྲུང་གིས་གདམས་པའི་གཤེན་གྱི་དབུ་ཁྲིད་ཞིག་གནམ་ནས་བབས་པར།
དབུ་ལ་ཞྭ་དཀར་གསོལ་བའི་ལྷ་མི་ཀུན་གྱིས་
དད་འདུན་ཁྲི་མ་འབུམ་གྱིས་ཁ་བཏགས་འཐེན་པའི་དུས་ཚིགས་ནི་ལོ་རྒྱུས་ཀྱི་རྡོ་རིང་ཡིན
ཨེ་མ་རྨད།
རྒྱུན་ལྡན་མིན་པ་གཡའ་དག་པའི་མཁའ་དབྱིངས་ནས་ལམ་མེར་བཞད་པའི་གསེར་གྱི་ཉི་མ།
བོན་རྒྱལ་ལོ།
ས་ཆེན་མོའི་རྒྱལ་ཁམས་ནས་ལྷང་ངེར་བཞེངས་པའི་གྱེར་འབངས་ཀུན་གྱིས་གསོལ་གདབ་བྱེད་ཡུལ་ཁྲི་འཛིན་སོ་བཞི་པ་གསེར་ཁྲིར་འགྱིང་བའི་ཉི་མ།
བསྐལ་པ་བཟང་།
བསྟན་སྲིད་ཀྱི་རྒུད་པ་ཡོད་ཚད་རྡོག་འོག་དུ་མནན་ཏེ་གཤེན་རབ་མྱི་བོའི་འཕྲིན་ལས་ཀྱི་སྒལ་གཞུང་ནས་འཛུམ་པའི་རྒྱལ་བ་མཉམ་མེད་པའི་འོད་ཟེར་འཕྲོས་་བའི་ཉི་མ།།
དགའ་བས་བསུ།

1514876573667121.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།