དྲང་རྒན་དང་བོད་ཀྱི་ཤར་མཐའི་དམངས་སྲོལ་བར་གྱི་འབྲེལ་བའི་སྐོར་གླེང་བ།

[ཟླ་ཚེས། 2024-10-18 10:27:13][རྩོམ་པ་པོ། ངག་དབང་རྒྱ་མཚོ། ལྷུན་གྲུབ། འཇིགས་བྱེད་ཚེ་རིང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དྲང་རྒན་དང་བོད་ཀྱི་ཤར་མཐའི་དམངས་སྲོལ་བར་གྱི་འབྲེལ་བའི་སྐོར་གླེང་བ།
ངག་དབང་རྒྱ་མཚོ། ལྷུན་གྲུབ། འཇིགས་བྱེད་ཚེ་རིང་།
ནང་དོན་གནད་བསྡུས། དམངས་ཁྲོད་ཀྱི་བོན་གྱི་ཡིག་ཆར་དྲང་རྒན་ནི་སྲིད་པའི་གཟུ་བོ་རྣམ་གསུམ་སྟེ། དྲང་པོ་དང་གཟུ་བོར་གནས་ཏེ་གཉན་བར་འདུམ་འགྲིག་བྱེད་མཁན་གྱི་འཇིག་རྟེན་པའི་ལྷའི་རིགས་ཤིག་ཡིན། དཔྱད་རྩོམ་འདིར་མདོ་སྨད་ཤར་མཐའི་བོད་ཀྱི་དམངས་ཁྲོད་དུ་དྲང་རྒན་དང་འབྲེལ་བའི་གཏམ་རྒྱུད་དང་གཏམ་དཔེ། གླུ་ཚིག་སོགས་འཚོལ་བསྡུ་བྱས་ནས། ཡིག་ཆའི་ཁྲོད་ཀྱི་དྲང་རྒན་དང་དམངས་སྲོལ་དུ་ཡོད་པའི་དྲང་རྒན་བར་གྱི་འབྲེལ་བ་དང་། དྲང་རྒན་གྱི་སྤྱི་ཚོགས་བྱེད་ནུས་སོགས་ལ་དཔྱད་པ་བཏང་ཡོད།
གནད་ཚིག །དྲང་རྒན། དམངས་སྲོལ། དམངས་ཁྲོད་ཀྱི་བོན་གྱི་ཡིག་ཆ།
   སྲིད་པའི་བོན་ནི་བོད་ཀྱི་རིག་གནས་ཀྱི་རྨང་གཞི་རུ་གྱུར་ཅིང་། ལྷག་ཏུ་བོད་ཀྱི་དམངས་སྲོལ་དང་འབྲེལ་བ་དམ་ཟབ་ཡོད། 2019ལོར་ལོ་སར་གྱི་སྔ་ཕྱིའི་ཉིན་ཉི་ཤུ་ལྷག་བེད་སྤྱད་ནས་ཆེད་དུ་ཐེ་ཆུ་(白龙江)དང་། འཕན་ཆུ།(达拉河)ཆུ་དཀར་(白水江)བཅས་ཀྱི་རྒྱུད་དུ་དྲང་རྒན་གྱི་སྐོར་ལ་བརྟག་དཔྱད་བྱེད་པར་ཕྱིན་ཏེ།①མདོ་དབུས་མཐོ་སྒང་གི་ཤར་མཐའི་བོད་ཀྱི་དམངས་ཁྲོད་དུ་མི་རབས་ནས་མི་རབས་སུ་བརྒྱུད་པའི་སྲིད་པའི་དྲང་རྒན་སྐོར་གྱི་གཏམ་རྒྱུད་དང་གཏམ་དཔེ། གླུ་ཚིག་སོགས་གྱ་ནོམ་པོ་ཡོད་པ་རྟོགས་ཐུབ་པ་བྱུང་། དེ་ཡང་དམངས་ཁྲོད་དུ་དྲང་རྒན་ཨ་བོ་དང་ཕ་དྲང་རྒན་ཨ་བོ།②དྲང་མཁན་ཨ་བོ། དྲང་རྒན་ཨ་ཡེ། སྲིད་པའི་དྲང་རྒན། ཨ་མྱེས་རྒད་པོ། ཅང་རྒན་ཨ་བོ། ཅང་རྒན་ཨ་ཝ་སོགས་འབོད་སྟངས་སྣ་ཚོགས་མཆིས་ཤིང་། ཐེངས་འདིར་དྲང་རྒན་སྐོར་གྱི་གཏམ་རྒྱུད་དང་། དྲང་རྒན་དང་འབྲེལ་ཡོད་ཀྱི་གཏམ་དཔེ་དང་གླུ་ཚིག་གང་མང་འཚོལ་སྡུད་བྱས་པ་དེ་དང་། དེ་ནས་ཡིག་ཆའི་ཁྲོད་ཀྱི་དྲང་རྒན་དང་དམངས་སྲོལ་དུ་ཡོད་པའི་དྲང་རྒན་བར་གྱི་འབྲེལ་བའི་སྐོར་ནས་གླེང་བར་བྱ་བ་ལ།
དང་པོ། དྲང་རྒན་ཡིག་ཆའི་ནང་དོན་མདོར་བསྟན་པ།
ཉེ་བའི་ལོ་དུ་མའི་རིང་ལ་བོད་ཀྱི་ཤར་མཐའི་ཅོ་ནེ་དང་ཐེ་བོ། འབྲུག་ཆུ། མདའ་ཚང་།③གཟི་ཚ་སྡེ་དགུ་གཙོ་བྱས་པའི་ས་ཁུལ་ནས་དམངས་ཁྲོད་བོན་གྱི་ཡིག་ཆ་འབོར་ཆེན་བཏོན། དེ་དག་ལས་དྲང་རྒན་སྐོར་གྱི་ཡིག་ཆ་དབུ་མེད་ལག་བྲིས་ཅན་སོ་གསུམ་ཡོད། ཚབ་མཚོན་གྱི་ཡིག་ཆ་སྟེ་ཐེ་བོ་ས་ཆ་ནས་རྙེད་པའི་《སྲིད་པའི་དྲང་མཁན་དབུ་ལགས་སོ་》ལ་ཤོག་གྲངས་སོ་དྲུག་དང་། གཟི་ཚ་སྡེ་དགུ་ནས་རྙེད་པའི་《དྲང་མཁན་གཏོ་ཐིག་གོང་མ་དབུ་ལགས་སོ་》ལ་ཤོག་གྲངས་ཞེ་བཞི།《སྲིད་པ་གཏོའི་ཕྱག་བཞིན་དང་དྲང་མཁན་གཞི་བཏིང་དབུ་ལགས་སོ་》ལ་ཤོག་གྲངས་ཞེ་གཉིས།《དྲང་མཁན་གཏོ་ཐིག་གཞི་བཏིང་སྒྲོན་འཛུགས་དབུ་ལགས་སོ་》ལ་ཤོག་གྲངས་བཞི་བཅུ་བཅས་ཡོད། དེ་ནས་འབྲུག་ཆུའམ་གསེར་པོ་རོང་ནས་རྙེད་པའི་《སྲིད་པའི་དྲང་མཁན་ཤན་འབྱེད་》ལ་ཤོག་གྲངས་བཅོ་བརྒྱད་ཅན་དང་། བཅུ་དགུ་ཅན། ཉེར་གཉིས་ཅན་བཅས་གསུམ་འདུག ཡང་མདའ་ཚང་ནས་རྙེད་པའི་《དྲང་རྒན་བླ་འགོ་དབུ་ལགས་སོ་》ལ་ཤོག་གྲངས་བཅོ་བརྒྱད་ཡོད། ཡིག་ཆ་དེ་དག་གི་ནང་དོན་ལ་དབྱེ་ན་རྒྱས་འབྲིང་བསྡུས་གསུམ་དུ་སྲིད། དྲང་རྒན་ཡིག་ཆ་རྒྱས་པ་ལ་ཤོག་ངོས་བཞི་བཅུ་ཅན་གཉིས་དང་། ཤོག་ངོས་ཞེ་གཉིས་ཅན་གཅིག ཞེ་བཞི་ཅན་གཅིག སོ་དྲུག་ཅན་གཅིག བཅོ་བརྒྱད་ཅན་གཅིག་④བཅས་བསྡོམས་པས་དྲུག་ཡོད། འདིར་གཟི་ཚ་སྡེ་དགུ་ནས་རྙེད་པའི་《དྲང་མཁན་གཏོ་ཐིག་གོང་མ་དབུ་ལགས་སོ་》ཞེས་པ་གཞིར་བཟུང་ནས་ནང་དོན་ལ་དབྱེ་ཞིབ་བྱས་ན། ཡིག་ཆ་འདི་ལ་ཚན་པ་དགུ་ཡོད་དེ། དུག་དབྱུང་⑤དང་གཏོ་ཡག་པའི་གཞི་བཏིང་། གཟུ་དཔང་སྤྱན་འདྲེན། གཟུ་དཔང་གསས་རྡོ་བསྔོ་བ། སྤྲེལ་དཀར་སྲིད་ཐབས། ཁྲོ་ཆུ་གསས་རྡོ་གཟུ་བོ། སྲུང་བསྐོར་བ། སྟོར་བདུད་སྟོར་བཙན་སྒྲོགས་སུ་བཞུགས་པ། སྟག་གི་སྤྱན་འདྲེན་བཤད་ལ་རང་ལུས་གཉན་དུ་བསྒྱུར་བ་བཅས་སོ། །
གཅིག །དུག་དབྱུང་ལ་དམངས་ཁྲོད་ལེའུ་ཡིག་ཏུ་《ཀླུའི་ནད་སོལ་དུག་འབྱིན་དབུ་ལགས་སོ་》དང་།《གེ་ཁོད་དུག་དབྱུང་ཚན་དཀར་དམེ་བསང་དཀར་བཞུགས་སོ》《དུག་དབྱུང་རིག་འཛིན་ཚན་ཁྲུས་བསང་དཀར་ཐར་གླུད་རྣམས་བཞུགས་སོ》《སིལ་ཚན་དུག་སིལ་དབུ་ལགས་སོ》《ཚེ་དབང་དུག་ཕྱུང་རིན་འཛིན་ཚན་ཁྲུས་བཞུགས་སོ》《ཀེ་ཁོད་དུག་སིལ་》སོགས་ཡོད་ལ། དུག་དབྱུང་དང་དུག་ཕྱུང་། དུག་འབྱིན། དུག་སེལ་བཅས་ཅི་རིགས་བྱུང་། མཁར་རྨེའུ་བསམ་གཏན་ལགས་ཀྱིས་《བོན་གྱི་ལོ་རྒྱུས་དང་གྲུབ་མཐའ། ཆོ་ག གཏམ་རྒྱུད་སྐོར་རགས་ཙམ་གླེང་བ་》ཞེས་པའི་ནང་དུ་“གཏོ་ཡོད་ཚད་ལ་དག་གཙང་རིམ་པ་གསུམ་བརྒྱུད་ནས་སྤེལ་གྱི་ཡོད་དེ། དང་པོ་དུག་ཕྱུང་དང་། གཉིས་པ་ཚན་ཁྲུས། གསུམ་པ་མནོལ་བསང་བཅས་སོ་”⑥ཞེས་བཤད་པ་ལྟར་གཏོའི་མགོ་ལ་དང་པོ་དུག་དབྱུང་དགོས།《དྲང་མཁན་གཏོ་ཐིག་གོང་མའི་དབུ་ལགས་སོ་》ལས། “གནམ་ལ་ཟླ་རྩིས་ན། ཟླ་རྩིས་ཚེས་རེ་བཟང་། ས་ལ་ཞག་རྩིས་ན། ཁྲི་གདུགས་བདལ་རེ་དྲོ། ལྷ་ལ་ཡོན་འབུལ་ལོ། བོན་ལ་བརྔན་བཞིན་(བྱིན་)ནོ། འདྲེ་ལ་ཡས་བཞིན་(བྱིན་)ནོ། བདུད་ལ་གླུད་འབུལ་ལོ། ཤིང་རྩི་བཏུས་ནས་ཐོད་རུས་བགྲང་། ཁ་དུག་ལྕེ་དུག་དང་། དམེ་ནལ་གཟུན་(གཟུ་)གསུམ་དེ། ལྷ་སར་མི་གཏོང་ངོ་།”⑦ཞེས་སྐབས་འདིར་དུག་དབྱུང་བའི་རྒྱུ་མཚན་ནི་ཁ་དུག་ལྕེ་དུག་དང་དམེ་ནལ་གཟུ་གསུམ་སོགས་མི་གཙང་བའི་རིགས་རྣམས་དག་པར་བྱས་ཏེ་ལྷ་ཡི་སར་མི་གཏོང་བའི་ཆེད་ཡིན། དུག་གི་བྱུང་ཚུལ་ལ་《གེ་ཁོད་གསང་བ་དྲག་ཆེན་》ལས། “ཀྱེེ་དུག་འདི་དང་པོ་གང་ནས་བྱུང་། དུག་འདི་ངམ་གྱི་ཡུལ་ནས་སྲིད། ངམ་རྗེ་རྩོལ་པོའི་མཁྲིས་པ་དེ། ངམ་གྱི་ཡུལ་དུ་དུག་མཚོ་འཁྱིལ། ངམ་མི་ནག་པོས་དུག་བདག་བྱེད། ངམ་མཚོ་ནང་ནས་དུག་ཡར་སྐྱེས། ངམ་ལས་དུག་གི་ས་བོན་སྲིད། དེ་ལས་དུག་ནག་རུ་དགུ་སྲིད། །”⑧ཅེས་པ་ལྟར་དུག་ནི་ངམ་ལས་བྱུང་བར་འདོད་མོད། འདི་དང་《དྲང་མཁན་གཏོ་ཐིག་གོང་མ་》ཡི་ནང་དུ་བཀོད་པའི་དུག་རིགས་དང་ཅུང་མི་འདྲ་སྟེ། འདིར་ཁ་དུག་དང་ལྕེ་དུག དམེ། ནལ། གཟུ། གཟའ་དུག་དལ་ཁ། ས་དུག་མཁར་བ། མེ་དམིགས་ངན་པ། བོན་པོ་ཁ་ངན་ལྕེ་དུག ཕྱག་ཚང་ལག་པ་སྨེ་བ།ཡས་སྟག་བསོག་ཉེས། གསས་གཞིའི་དུག སྨན་མའི་དུགགསས་མདའི་དུག ཡས་སྟགས་ཀྱི་དུག སྦ་ཆུག་གི་དུག ཡོན་བདག་གི་དུག བུ་ཙའི་དུག ཁྱིམ་མཚེས་ཀྱི་དུག མནའ་མའི་དུག ཐབས་གཞོབ། བྱད། ཁ་སྨེ་ལག་སྨེ། ར་དུག ཁྱི་དུག་སོགས་འདུག དུག་དབྱུང་ཚུལ་ལ་དེ་རུ་“གསས་གཞི་འདི་ལ་དུག་ཡོད་ན། རེ་བའི་གསས་གཞི་དུག་མར་དབྱུང་། སྨན་མ་འདི་ལ་དུག་ཡོད་ན། རམས་བུ་སྨན་མ་དུག་མར་དབྱུང་། གསས་མདའ་འདི་ལ་དུག་ཡོད་ན། ར་དུག་སྟག་མས་དུག་མར་དབྱུང་། ཡས་སྟགས་འདི་ལ་དུག་ཡོད་ན། ཡས་འུར་(བུར་)ཐག་བུར་རྣམས་ཀྱིས་བཤལ། སྦ་ཆུག་འདི་ལ་དུག་ཡོད་ན། སྙུགས་ལོག་བལ་མཚོན་རྟིང་པའི་བཤལ། ཡོན་བདག་འདི་ལ་དུག་ཡོད་ན། བཐེལ་བཤགས་བྱ་བའི་ཡས་ལ་བགྲང་། ལྷ་བདག་མེ་ལ་མནལ་ཡོད་ན། སྦལ་སྤྲུལ་སྐྱོན་ཉི་འདི་ལ་བགྲང་། བུ་རྩ་རྣམས་ལ་དུག་ཡོད་ན། རི་འོང་ལོང་འོང་གསོབ་ལ་བགྲང་། འཁོར་གཡོག་རྣམས་ལ་དུག་ཡོད་ན། ན་རོ་བུ་དགུའི་བཞུག་མས་བཤལ། ཁྱིམ་མཚེས་ལ་རྣམས་དུག་ཡོད་ན། སྟག་གཟིག་གཉིས་ཀྱི་སྤུ་ལ་བགྲང་། མནའ་མ་ཆེ་ཆུང་རྣམས་ལ་དུག་ཡོད་ན། སྲག་པ་སྐག་གའི་གསོབ་ལ་བགྲང་།”⑨ཞེས་དང་། དམངས་ཁྲོད་དུ་གྲོང་པས་གཏོ་བྱེད་དུས་དུག་བསྲེག་ཚུལ་འདི་ལྟར་ཡོད་དེ། “དུག་བསྲེག་པ་རྣམ་པ་གཅིག མི་བསྲེག་པ་རྣམ་པ་གཉིས། ནམ་མཁའ་ལྷ་ཡི་སྔུན་སོར་དུག་བསྲེག་ནི་མིན། བར་སྣང་གཉན་གི་སྔན་སོར་དུག་བསྲེག་ནི་མིན། ས་གཞི་ཀླུ་ཡི་སྔུན་སོར་དུག་བསྲེག་ནི་མིན། བུ་མོ་ཕར་འགྲོའི་སྔུན་སོར་དུག་བསྲེག་ནི་མིན། མནའ་མ་ཚུར་ཡོང་གི་སྔུན་སོར་དུག་བསྲེག་ནི་མིན། བརྒྱ་ཡར་འགྲོའི་སྔུན་སོར་དུག་བསྲེག་ནི་མིན། སྟོང་མར་འགྲོའི་སྔུན་སོར་དུག་བསྲེག་ནི་མིན། མྱི་ནག་རྔ་མ་ཅན་པོའི་སྔུན་སོར་དུག་བསྲེག་ནི་ཡིན། རྟ་ནག་རྭ་ཅོ་ཅན་པོའི་སྔུན་སོར་དུག་བསྲེག་ནི་ཡིན། ཕག་ནག་སྡེར་མོའི་ཅན་པོའི་སྔུན་སོར་དུག་བསྲེག་ནི་ཡིན།”⑩ཞེས་དུག་བསྲེག་ས་དང་མི་བསྲེག་ས་བཤད་ཡོད།
གཉིས། གཏོ་ཡག་པའི་གཞི་བཏིང་ལ་གཞི་བཏིང་ཚུལ་དང་གཞི་བཏིང་མཁན། གཞི་བཏིང་བའི་ཡོན་ཏན་གསུམ་འདུས། གཞི་བཏིང་ཚུལ་ལ་“མྱེ་དྲོ་བ་ལ་མདའ་སྒྲོན། ཆུ་དལ་བ་ཟམ་འཛུགས་སོ། གོང་དུ་དུག་བཤལ་ཡག་པའི། གཏོ་ཕན་སྨྲང་ཙི་(བརྩིགས་)གསས་གཞི་བཏིང་། དེ་རིང་གཏོའི་བདག་པོ་འདིས། མེ་བཏབ་བོ་བཤུས་ན། ཡག་པའི་སྨྲང་རྒྱུད་བརྗོད་པར་དྲན། འཕྲུལ་བོན་ཡོན་རྣམས་གཏོང་བར་དྲན། ལྷ་དང་བོན་པོ་ཡོན་གིས་(གྱིས་)མཉེས། གདོན་སྲོག་ཡོན་གིས་(གྱིས་)བཅད། འཕྲུལ་བོན་ཡོན་བཏང་ལྷ་ལ་ཡོན་བཞིན་(བྱིན་)ནོ། །བོན་ལ་བརྔན་བཏབ་འདྲེ་ལ་ཡས་བཞིན་(བྱིན་)ནོ། །བདུད་ལ་གླུད་འཇལ་ལོ། བཙན་ལ་ཐར་འགྱེར། སྲི་ལ་ཟུམ་(ཟམ་)འཛུགས་སོ། བཟང་པོ་སེམས་ལ་བསམ་པ་གྲུབ། ཕུ་ལས་ཤིང་བཏུས་འདྲེ་འདོན་སྐྲ་ལས་བཏུས། མདོ་ལས་ས་བླངས་འདྲེ་དང་གདོན་གྱིས་(གྱི་)བསྙིང་(སྙིང་)། ལུང་ལ་ཆུ་བཅུས་འདྲེ་དང་གདོན་གྱི་ཁྲག བོན་པོ་འབོད་པའི་དུས་བཏབ་ན། འདྲེ་སྲིན་རེ་ཡང་སྨད། བོན་ལ་འཕྲིན་བཏང་ན། འདྲེ་སྲིན་ཁ་ཡང་བཅད། བོན་པོ་སྤྱན་དྲངས་ན། འདྲེ་གདོན་གབ་སྐུ་ཕུ། བོན་ལ་གདན་བཏིང་ན། འདྲེ་གདོན་སྐང་ཀྱང་བཅོམས། མགུལ་དུ་སྐྱེམས་གསོལ་ན། འདྲེ་གདོན་ཤ་དང་ཁྲག ལྷ་འཕང་བསྟོད་ཕྱིར་གསས་གྲལ་གཡས་སུ་བཅས། མི་གྲངས་སྤེལ་ཕྱིར་སྨན་མ་བཅལ་དུ་བཀྲམ། གསས་རྡོ་སྤྱན་དྲང་ལྷ་མིའི་བླ་བྲག་བསྟོད། ལྷ་མིའི་བླ་ཤིང་བསྟོད་ཕྱིར་གསས་མདའ་གོང་དུ་བཙུགས།”⑪ཞེས་དང་། གཞི་བཏིང་མཁན་ལ་ཡེ་སྨོན་རྒྱལ་པོ་དང་ཡེ་ཤེས་དབང་རྫོགས། གནམ་བོན་གསེར་མགོ སྲིད་པའི་སྟངས་དབྱལ་སོགས་བཀོད། གཏོའི་གཞི་བཏིང་བའི་ཡོན་ཏན་ལ་“སྔོན་ནས་ཡེ་སྨོན་རྒྱལ་བོ་དང་། ཡེ་ཤེས་དབང་རྫོགས་གིས། གཏོའི་གཞི་མ་བཏིང་ཡག་པའི། དུང་ཁྱུང་རྒྱལ་བས་སྐྱེད་ཀྱིས་ག་(ཀ་)བ་བཙུགས། ཕམ་ནས་ངམས་(ངམ་)རྗེ་ནག་པོ་ཕམས(ཕམ)། ནམ་མཁའ་མཐོའ་(མཐོ་)ལ་ས་གཞི་བདེ། མི་ནི་སྐྱིད་ལ་གཡང་ནི་འཚོ། ཡང་ཡ་བླ་བདལ་དྲུག་སྐུ་རིང་ལ། གནམ་བོན་གསེར་གྷོ་(མགོ་)ཡིས། གཏོའི་གཞི་མ་བཏིང་ཡག་པའི། རྒྱལ་བཞི་ལྕམ་ལྔ་ཕྱ་ཁམས་གཡས་སུ་རྒྱལ། ཕམས་(ཕམ་)ནི་ཟངས་ལྕགས་རྒན་རྒོན་ཕམས་(ཕམ)། ཐུགས་དཀར་སྤུན་དགུ་ཡང་། ནམ་མཁའ་མཐོ་ལ་ས་གཞི་བདེ། ཉི་མ་དྲོ་ལ་ཟླ་བ་གསལ། མི་ནི་སྐྱིད་ལ་གཡང་ནི་འཚོ། ཡང་ན་སྨན་མོ་བྲག་སྟེང་ན། སྲིད་པ་སྟང་དབྱལ་གིས(གྱིས)། གཏོའི་གཞི་མ་བཏིང་ཡག་པས། རྫུ་འཕྲུལ་བྱན་(བྱ་)གླག་ཡང་། གནམ་གི་གཡས་སུ་རྒྱལ། སྡིག་བྱེད་སྟག་གཡག་ཡང་། གནམ་སའི་གཡོན་དུ་ཕམས(ཕམ)། སྲིད་པ་སྟང་དབྱལ་ཡང་། ནམ་མཁའི་མཐོ་ལ་ས་གཞི་བདེ། ཉི་མ་དྲོ་ལ་ཟླ་བ་གསལ། མི་ནི་སྐྱིད་ལ་གཡང་ནི་འཚོ། དེ་རིང་གཏོའི་གཞི་བཏིང་སོ། སྤྱི་བོ་གང་གིས་ནམ་མཁའ་མཐོ། རྟེང་ས་གང་གིས་ས་གཞི་བདེ། མིག་རྒྱང་གང་གི་(གིས་)ཉི་ཟླ་གསལ། ལྷ་དང་བོན་གི་མཐུ་བྱིན་ཆེ། གསས་གྲལ་གསེར་གྱི་ས་གཞི་ཙམ། སྨན་མ་སྐྱི་རི་བྱེ་ཕུང་ཙམ། གསས་རྡོ་སྨན་བྲག་དཀར་པོ་ཙམ། གསས་མདའ་རྩི་ཤིང་ནགས་མཚལ་ཙམ། གསེར་སྐྱེམས་རྒྱ་མཚོའ་(མཚོ་)ཚད་རྣམས་ཙམ། དེ་རྣམས་ཆེ་ལ་རག་པ་བཞིན། དེ་རིང་གཏོའི་བདག་པོ་འདི། གནམ་ས་གཉིས་བས་རྒྱ་རེ་ཆེ། རྩི་ཤིང་བས་ཀྱང་གྲངས་ནི་མང་། ལོ་འདབ་ཤིང་བཞིན་རྒྱས་བ་དང་། མི་གྲངས་ནས་བས་འཕེལ་བ་དང་། མྱི་རྒྱུད་ཆུའི་རིང་བ་དང་། མི་འབྲུ་གསེར་བས་བཟང་བར་མཛོད།”⑫ཅེས་པའོ། །
གསུམ། གཟུ་དཔང་སྤྱན་འདྲེན་གྱི་ནང་དོན་ལ་དྲང་མཁན་གྱི་སྐྱེ་རྒྱུད་དང་ལས་མཛད། རིགས། དྲང་རྒན་བརྔན་པའི་ཡོན་ཏན་བཅས་འདུས། ཚན་པ་འདིའི་ནང་དུ་དྲང་རྒན་གྱི་ཆོས་ལུགས་བྱེད་ནུས་གསལ་པོར་བསྟན་ལ། དྲང་རྒན་ཡིག་ཆ་རྒྱས་འབྲིང་བསྡུས་གསུམ་རྩ་བའི་དོན་འདིས་གྲུབ་འདུག
བཞི། གཟུ་དཔང་གསས་རྡོ་བསྔོ་བ་ལ་《དྲང་མཁན་གཏོ་ཐིག་གོང་མ་》རུ། “ཀྱེའོ་སུར་ཀར་(དཀར་)མཚུན་གིས་(གྱི་)གསས་རྡོ་ཡིན། སྦ་ཀར་ཕོ་ལྷའི་གསས་རྡོ་ཡིན། ཤུག་པ་གཉན་གི་(གྱི་)གསས་རྡོ་ཡིན། སྤེན་མ་ཀླུའི་གསས་རྡོ་ཡིན། ཚར་བུ་གཏོད་ཀྱི་གསས་རྡོ་ཡིན། དབྱར་པ་ས་བདག་ཐུབ་པའི་གསས་རྡོ་ཡིན། ལྗང་མ་གཟུང་འདྲེ་ཐུབ་པའི་གསས་རྡོ་ཡིན། འོ་བུ་བདུད་བཙན་ཐུབ་པའི་གསས་རྡོ་ཡིན། སྐྱེར་པ་དམེ་འདྲེ་ཐུབ་པའི་གསས་རྡོ་ཡིན། སྨར་མོ་བྱད་ཁ་ཐུབ་པའི་གསས་རྡོ་ཡིན། རྡོ་ནག་སྐར་མའི་རི་མོ་ཅན། མནའ་སྲི་ཐུབ་པའི་གསས་རྡོ་ཡིན། ཁྲོ་ཆུ་སྨེ་མནོལ་ཐུབ་པའི་གསས་རྡོ་ཡིན། གསས་རྡོ་ཀར་ནག་དེ་རྣམས་ཀྱང་། དང་པོ་སྨོན་པའི་གསས་རྡོ་གཙུག་པ་ཡིས། ངམས་(ངམ་)རྗེ་ནག་པོ་ཐུབ་པ་ཡིན། ཡ་བླས་གསས་རྡོ་བཙུགས་པས་འོ། ཟང་(ཟངས་)ལྕགས་རྒན་རྒོན་ཐུབ་པ་ཡིན། རྒྱའུའི་(རྒྱལ་བུ་)གསས་རྡོ་བཙུགས་པས། ཐིལ་མོ་སྟག་རིས་ཐུབ་པའི། སྲིད་པ་རྒན་རྒོན་གསས་རྡོ་ཡིན། བདུད་གཡག་སྲིན་སྟག་ཐུབ་པའི་གསས་རྡོ་ཡིན། དམུའི་གསས་རྡོ་བཙུགས་པ་འོ། ངམས་(ངམ་)མི་དམར་ནག་ཐུབ་པ་ཡིན། དབྲ་ཡིས་གསས་རྡོ་བཙུག་པས། ཁྱི་ནག་རྒྱ་ཐན་ཐུབ་པ་ཡིན། ལྡེང་(ལྡོང་)གི་གསས་རྡོ་བཙུགས་པས་འོ། ནག་བྲེ་སྦོ་སེར་ཐུབ་པའི་གསས་རྡོ་ཡིན། འབྲུའི་གསས་རྡོ་བཙུགས་པས། གཡོན་གྱི་སྔ་བགྲེན་(འདྲེ་)ཐུབ་པའི་གསས་རྡོ་ཡིན། འ་ཞའི་གསས་རྡོ་བཙུགས་པས། ར་ཁྱོ་སྣ་དམེ་ཐུབ་པའི་གསས་རྡོ་ཡིན། སྒོའི་གསས་རྡོ་བཙུགས་པས། སྡི་ན་ངེས་སོ་ཐུབ་པའི་གསས་རྡོ་ཡིན། སྔོན་གསས་རྡོས་དམེ་འདྲེ་ཐུབ་པ་དེ་ལྟར་བསྲིད། དེ་རིང་ལེའུ་ལྷ་བདག་གིས། དྲང་མཁན་གསས་རྡོ་སྤྱན་དྲང་ན། གཙང་ཙོག་འདྲེ་རྣམས་ཐུབ་པར་གྱིས།”⑬ཞེས་གསས་རྡོའི་རིགས་དང་། གསས་རྡོ་བཙུགས་པའི་ཡོན་ཏན། གསས་རྡོ་སྤྱན་འདྲེན་པའི་དགོས་པ་བཅས་བཤད་ཡོད་དོ། །
ལྔ། སྤྲེལ་དཀར་སྲིད་ཐབས་ནང་དུ་སྤྲེལ་དཀར་གྱི་སྐྱེ་རྒྱུད་དང་ཁྱས་ཆོས། ལས་མཛད་བཅས་བཤད་ཡོད་དེ། སྤྲེལ་དཀར་གྱི་སྐྱེ་རྒྱུད་ལ་“དང་པོ་དབལ་གི་བྱི་བ་དེ། ཡེ་སྨོན་དོན་ཕྱིར་དམག་རྣམས་སྦྲན། སྨོན་ལྕམ་བྱི་བའི་ཁབ་ཏུ་བཞེས། བྱི་བ་རྫུས་རུ་(རྫུ་འཕྲུལ་)མཐུ་ཆེན་དང་། སྨོན་ལྕམ་ཀར་(དཀར་)མོ་སྡེ་(བསྡེབས་)བ་(པ་)ལ། སྤྲེལ་དཀར་ལྕམ་དྲལ་གསུམ་དུ་བསྲིད། རྫུ་འཕྲུལ་སྤྲེལ་དཀར་གསེར་གྷོ་(མགོ་)དང་། གཟུ་ཕྲེམ་ཀར་མོ་འཕུར་ཤེས་དང་། སྤྲེལ་ཀར་ལྕམ་མོ་རྫུས་ཤེས་གསུམ། དྲལ་གཉིས་ལྕམ་གསུམ་མཚེ་མར་བྱུང་།”⑭ཞེས་དང་། སྤྲེལ་དཀར་གྱི་ཁྱད་ཆོས་ལ་“རྫུ་འཕྲུལ་སྤྲེལ་ཀར་གསེར་མགོ་ཁྱེད། མགོ་བོ་མི་རུ་འདུག་པ་དེ། ཨ་ཟ་ཡུམ་ལ་རིག་པ་ཡིན། མཇུག་མ་བྱི་བ་འདུག་པ་དེ། ཨ་བོ་ཡབ་ལ་རིག་པ་ཡིན། ཞང་པོ་སྨོན་མི་ཡིན་པས་རྫུ་འཕྲུལ་ཆེན། མྱེས་པོ་བདུད་ལ་རིག་པས་མཐུ་རྩལ་ཆེ། མེས་པོ་གཉན་ལ་རིག་པས་སྤྲུལ་པ་ཆེ། སྨོན་མི་གདུང་རྒྱུད་ཡིན་པའི་བློ་དང་ལྡན། སྤུན་གསུམ་མཚེ་མར་བྱུང་བས་མཚེ་འགོང་ཐུབ། ཡང་མྱེས་བླ་བུ་ཡིན་པས་མོག་འགོང་ཐུབ། མྱེང་སྲེང་(མིང་སྲིང་)ཙོག་(བཙོག་)ནལ་བྱས་པས་ནལ་འདྲེ་ཐུབ། དབུ་ལ་གཟུང་རྡོ་ཡོད་པས་གཟུང་འདྲེ་ཐུབ། ཡེ་ངམས་(ངམ་)ཆེ་བཞི་བྱས་པས་མནའ་བྱད་ཐུབ། ལྷ་འདྲེ་ཆེ་བཞི་བྱས་པས་དལ་ཡམ་ཐུབ། ཕ་མི་སྨ་བོན་མ་བྱས་སྣ་སུར་ཐུབ། ཡེ་ངམས་(ངམ་)འཐབ་སྲུངས་བྱས་པས་འཁྲུག་འདྲེ་ཐུབ། སྣང་སྲིད་འཁྲུག་སྲུངས་བྱས་པས་གཟུ་ལ་མཁས། དེ་བས་རྫུ་འཕྲུལ་སྤྲེལ་ཀར་ཁྱེད། དཔྲལ་བར་དར་གྱིས་ཐོད་ཀྱང་བཅིང་། དབུ་ལ་གསེར་གྱི་རྨོག་ཞུ་གསོལ། མགུལ་དུ་དུང་གི་བཀའ་རྟགས་བཏགས། ཕྱག་ཏུ་དངུལ་གྱི་མདུང་དར་བྱིན། སྦ་ཀར་བསམ་གྲུབ་རྟ་ལ་སྐྱོན། ཐང་གར་བདུང་རེང་ཁྲེལ་ལ་བསྟོད།”⑮ཅེས་པ། སྤྲེལ་དཀར་གྱི་ལས་མཛད་ལ་“དེ་རིང་ཡོན་གྱི་བདག་པོའི། ལྷ་འདྲེ་མི་གསུམ་གཟུའོ་(གཟུ་བོ་)མཛོད། གཙང་སྨེ་(དམེ་)གཉིས་ཀྱི་ཤན་འབྱེད་མཛོད། རྩི་དུག་གཉིས་ཀྱི་གོ་རིམ་ཕྱེ། ཡག་ཉེས་གཉིས་ཀྱི་དཔང་པོ་མཛོད། བདེན་རྫུན་གཉིས་གི་ཤན་འབྱེད་མཛོད། ཡོ་དྲང་གཉིས་ཀྱི་ཐིག་འདེབ་མཛོད། བཟང་ངན་གཉིས་གིས་(ཀྱིས་)གྲལ་རིམ་མཛོད། ལྷ་འདྲེ་གཉིས་གིས་ཤན་འབྱེད་མཛོད།”⑯བཅས་སོ། །
དྲུག །ཁྲོ་ཆུ་གསས་རྡོ་གཟུ་བོ་ལ་ཡིག་ཆ་ལ་ལའི་ནང་དུ་ཁྲོ་ཆུ་གསས་རྡོ་ཞེས་བྲིས་འདུག དེའི་ནང་དུ་ཁྲོ་ཆུ་གསས་རྡོའི་སྲིད་ཚུལ་དང་ལས་མཛད་བཤད་ཡོད་དེ། སྲིད་ཚུལ་ལ་“དང་པོ་ཁྲོ་ཆུ་གསས་རྡོ་ཅི་ལྟར་བསྲིད། སྔོན་ཚེ་ཝེར་མ་མ་ཆེན་བསྲིད་ཙམ་ན། དབལ་གྱི་ཁྲོ་ཆུ་ངར་ཆེན་བསྲིད། དུང་རྣ་ཀར་(དཀར་)པོ་བསྲིད་ཙམ་ན། དབལ་གྱི་ཁྲོ་ཆུ་ངར་ཆེན་བསྲིད། དུང་རྣ་ཀར་(དཀར་)པོ་ངར་ཆེན་བསྲིད། དུང་རྣ་གར་པ་(དཀར་པོ་)སྲིད་ཙམ་ན། དབལ་ཀྱི་ཁྲོ་ཆུ་ངར་ཆེན་སྲིད། དུང་རྣ་ཀར་པོ་(དཀར་)གླང་པ་ལ། ཝེར་མ་མཐུ་ཆེན་གྷོ་(མགོ་)ཆུ་མས། དབལ་གྱི་ཁྲོ་ཆུ་ངར་ཆེན་བསྲིད།”⑰ཅེས་དང་། ཁྲོ་ཆུ་གསས་རྡོའི་ལས་མཛད་ལ་“གནམ་ལྕགས་ཁྲོ་ཆུ་ངར་ཆེན་འདི། སྲིད་པའི་བོན་པོའི་དབང་ཡང་བསྐུར། མཐུ་ཆེན་ཝེར་མའི་ངར་ཡང་བསྐྱེད། སྔོན་ཚེ་ཡེ་ངམས་(ངམ་)འཐབ་པའི་ཚེ། སྨོན་པའི་ཁྲོ་ཆུ་གསས་རྡོ་བཙུགས། སྨོན་མྱི་(མི་)རྒྱལ་བ་ཁྲོ་ཆུའི་དྲིན། ངམས་(ངམ་)རྗེ་ཕམ་པ་ཁྲོ་ཆུ་མཐུ། ཕྱ་དང་བདུད་དུ་འཐབ་པའི་ཚེ། ཕྱའི་ཁྲོ་ཆུ་གསས་རྡོ་བཙུགས། ཕྱ་ཁམས་རྒྱལ་བ་ཁྲོ་ཆུའི་དྲིན། བདུད་འཁམ་(ཁམས་)ཕམ་པ་ཁྲོ་ཆུ་མཐུ། ལྷ་སྲིན་གཉིས་སུ་འཐབ་པ་ལ། ལྷའི་ཁྲོ་ཆུ་གསས་རྡོ་བཙུགས། ལྷ་ཁམས་རྒྱལ་བ་ཁྲོ་ཆུ་མཐུ། སྲིན་ཁམས་ཕམ་པ་ཁྲོ་ཆུ་མཐུ། གནམ་ལྕགས་ཁྲོ་ཆུ་ངར་ཆེན་འདི། འཁོར་རྣམས་སྲུང་བའི་ཁྲོ་ཆུ་ཡིན། འཐབ་སྐྱེན་རྣ་ནག་གྷོ་(མགོ་)ཆུ་ཡིན། དུང་རྣ་གར་(དཀར་)པོ་རུ་པ་(བ་)ཡིན། མཐུ་ཆེན་སྤྲུལ་པ་བསྡུས་པ་ལ། ཁྲོ་ཆུ་བྲག་དང་རྫོང་དུ་ཡོད། སྲིན་དང་ངམས་(ངམ་)རྗེ་མཐུའི་འདུལ། ཁྲོ་ཆུ་སྤྲུལ་པའི་མཁར་དུ་ཡོད། ཁྲོ་ཆུ་སྤྲུལ་པའི་ཞ་ཉེ་འདལ། ཡེ་སྨོན་དམེ་དང་སྨོན་ལྕམ་ནལ། ཞ་ཉེ་མཁར་བུ་ལོག་ལ་ཞེན། ཁྲོ་ཆུ་སྤྲུལ་པའི་དམེ་ནལ་བཏུལ(འདུལ)། ཁྲོ་ཆུ་གསས་རྡོ་དཔའ་བོ་ཡིན། དམེ་འདྲེ་ཁྲོ་ཆུ་གསས་རྡོས་ཐུབ། ནལ་གྱི་བླ་སྐོང་ཁྲོ་ཆུ་བཅོམས། ཁྲོ་ཆུ་སྲིན་ཁོང་(ཁུང་)ཡོད་པ་དེ། སྒྲ་བླའི་དམག་མི་སྐུང་ས་ཡིན། ཁྲོ་ཆུ་མཛེར་པ་ཡོད་པ་དེ། དམེའི་ཟུགས་རྡོ་འབྱིན་པ་ཡིན། ཁྲོ་ཆུ་ཟུར་དུ་འདུག་པ་དེ། ནལ་གི་(གྱི་)སྐྱེ་རྒྱུད་གཅོད་པ་ཡིན། རྩ་བ་ཆུར་དུ་འདུག་ན་དེ། གཙང་སྨེ་(དམེ་)ས་འཚམས་(མཚམས་)འབྱེད་པ་ཡིན། ཁྲོ་ཆུ་ཁྲོ་བ་དམེ་ལ་ཁྲོལ། ངར་ཆེན་ངར་བ་ནལ་ལ་ངར། བྱད་ཀྱི་སྐྱེ་རྒྱུད་ཁྲོ་ཆུ་(ཆུས་)བཅད། དམེ་ནལ་ལྐུགས་པ་ཁྲོ་ཆུས་འབྱིན(ཞི)། ཁྲོ་ཆུ་གསས་རྡོ་ཡོན་ཏན་ཆེ། དེ་རིང་ཁྲོ་ཆུ་གསས་རྡོ་འདིས། བདག་གི་ལེའུ་འདི་དག་ལ། མཁོན་དང་འཁྲུག་པའི་རྣ་འདྲེན་སྒྱུར། ན་ཚ་གོད་ཁ་ཁྱེད་ཀྱིས་བཟློག(ཟློག)བདུད་ཀྱི་སྐུ་ཁང་ཁྱེད་ཀྱིས་ཆེམས(བཅོམ)། དམེ་ནལ་གཟུང་(ཟུག་)གསུམ་ཐུབ་པར་གྱིས།”⑱ཞེས་པའོ། །
བདུན། སྲུང་བསྐོར་བ་ལ་སྲུང་འཛུགས་པའི་དགོས་པ་དང་སྲུང་བཀོད་ཚུལ། སྲུང་གི་ཁྱད་ཆོས་བཅས་བཤད་ཡོད་དེ། སྲུང་འཛུགས་པའི་དགོས་པ་ལ་“གོང་དུ་ལྷ་ལ་བསང་ཡར་བྱེད། འོག་ཏུ་འདྲེ་ལ་ཡས་མར་བཞིན(བྱིན)། ཕྱའི་སྲུང་སུ་རུ་བཞི་བསྐོར། གཏོའ་(གཏོའི་)གོང་སྟོད་པ་འདི་དག་ཏུ། ཕོ་རོ་ཁྱེར་གཡས་སུ་སོང་བ་དང་། མོ་ཞབས་བཤལ་གཡོན་དུ་སོང་བ་དང་། བྲན་ཟློ་འོད་(གདོལ་འོན་)གིས་(ཀྱིས་)ཡས་བཅལ་བ་ལ། ཞ་(ཞར་)ལོང་དང་གླེན་ལྐུག་གིས་གསས་གྲལ་བཅག་པ་དང་། དེ་འདྲེ་སྨེ་ཙོག་(དམེ་བཙོག་)ཅི་མཆིས་པ། གཏོའ་(གཏོའི་)ས་དཔྱད་ས་མ་མནོལ་ཅིག་”⑲ཅེས་འདྲེ་དམེ་བཙོག་སོགས་མི་གཙང་བས་གཏོ་ས་དང་དཔྱད་ས་མི་མནོལ་བའི་ཆེད་ཡིན། སྲུང་བཀོད་ཚུལ་ལ་གཉན་ཆེན་སྡེ་བཞི་སྟེ་ཕྱོགས་བཞིའི་གཉན་ཆེན་བཞིས་སྒྲ་བླ་སྲུངས་ཀྱི་ནང་དུ་བཀོད་དེ་དགྲ་རྐུན་ཡེ་འདྲོགས་གནམ་སའི་རྒྱབ་ཏུ་ཕུད་ནས་ཕྱིའི་སྲུང་མཛོད་ཚུལ་དང་། ཤར་གྱི་གར་གསས་དང་ལྷོའི་གནམ་གསས། ནུབ་ཀྱི་གསས་རྗེ། བྱང་གི་རྒོད་གསས་བཅས་གསས་ཆེན་རུ་བཞིས་ཕྱོགས་བཞིའི་གཏོ་སྒོ་སྲུང་སྟེ་ནང་གི་ར་བ་སྡོངས་ཚུལ་བཀོད་ཡོད། སྲུང་གི་ཁྱད་ཆོས་ལ་“དོག་མོ་སྲུངས་ཀྱི་གདན་ཐབས་ཡིན། རྒུ་ཚིག་(དགུ་ཚིགས་) སྲུངས་ཀྱི་གདུང་མ་ཡིན། ཉི་ཟླ་སྲུངས་ཀྱི་སྒྲོན་མ་(མེ་)ཡིན། ཆུ་ལམ་སྲུངས་ཀྱི་རྩ་རྒྱུད་ཡིན། རྩི་ཤིང་སྲུངས་ཀྱི་བ་སྤུ་ཡིན། ཉིན་སྲིབ་སྲུང་གི་འདབ་མ་ཡིན། གསས་རྡོ་སྲུངས་ཀྱི་སྙིང་པོ་ཡིན། རྡོ་བྲག་སྲུངས་ཀྱིས་རུས་པ་ཡིན། ལྷ་ཁམས་སྲུངས་ཀྱིས་རྫིའུ་ཡིན། འགྱེགས་དོར་(སྒྱེད་རྡོ་)སྲུངས་ཀྱི་མཐུ་དཔུང་ཡིན།”⑳ཞེས་པའོ། །
བརྒྱད། སྟོར་བདུད་སྟོར་བཙན་སྒྲོགས་སུ་བཞུགས་པ་ལ། “དང་པོ་མེད་ལས་ཡོད་སྲིད། སྟོང་ལས་གང་དུ་སྲིད། དེ་ལས་སྨྲག་(སྨག་)དང་སྨྲིག་(སྨུག་)སུ་(ཙམ་)སྲིད། དེ་ལས་སྒོང་ང་གསུམ་དུ་སྲིད། བརྟོལ་(བརྡོལ་)བའི་ནང་ཤེད་ལས་དུང་མྱི་སྨོན་མྱི་ངམ་མྱི་གསུམ་སྲིད།”㉑དེ་ཙམ་ན་སྨོན་མྱི་ངམ་རྗེ་ཙོག་(བཙོག་)པས་བསླུས་ཤིང་བློ་ཀར་ཞུགས་པའི་མི་ལ་དང་སྨོན་པའི་དམེ། སྨན་ལྕམ་ནལ་བཅས་ཀྱིས་གཏོ་ལ་གནོད་ཅིང་དཔྱད་ལ་བཀག་པ་དང་། ངམ་གྱིས་འདྲེ་སྲིན་གྱི་ཆོ་འཕྲུལ་བསྟན་ཏེ་འགྲོ་བ་བང་མགྱོགས་དང་ཉོན་པ་རྣ་གསང་། ལྟ་བ་མིག་རྣོན། སྨྲ་འདོད་གཟུམ་མཆུ། འཕུར་འདོད་གཤོག་དྲག བསྙོབ་འདོད་ལག་རིང་། དམེ་འདྲེ་བསྒྱུར་བ། ཙོག་(བཙོག་)འདྲེ་འཐིབ་པ། རབ་ཆད་རྒན་རྒོན། བྱུར་འདྲེ་མཛོ་མགར། ཕུང་འདྲེ་རྔ་མོང་། བྱུར་སྲི་འགོང་པོ་སོགས་ཀྱི་གཏོ་ལ་གནོད་པའི་ཚེ། ཡེ་བོན་འཕྲུལ་བཅུག་ཐོད་དཀར་གྱིས་སྨོན་མ་རྒྱལ་པོའི་སྙན་དུ་གསོལ། སྨོན་མ་རྒྱལ་པོས་སྡོར་བོན་བློ་ཆེན་ཐུགས་སྒམ་པས་དྲན་པ་བཞིན་དུ་བགྱི་འཚལ་གསུང་ནས་སྡོར་བོན་གྱིས་ཤིང་ནག་རྒྱུ་དགུ་ལ་འདྲེ་སྲིན་བཅིང་(འཆིང་)བའི་ཕུར་པ་བྱས། ཟངས་ལྕགས་གཉིས་འདྲེ་སྲིན་བཅིང་(འཆིང་)བའི་ཐག་པ་བྱས། ལྷ་དང་གསས་ལ་འཕྲིན་པ་བཏང་སྟེ་གཏོ་ལ་གནོད་པ་བྱེད་མཁན་རྣམས་ཐག་པས་བཅིངས་ཤིང་ཕུར་ལ་བཏགས་ནས་སྒྲོགས་སུ་བཅུག་པའི་གནས་ཚུལ་བཀོད་ཡོད། སྒྲོགས་སུ་བཅུག་ཚུལ་ནི་དེ་ལས། “སྲིད་པའི་སྡོར་བོན་ཐུགས་དཀར་གིས(གྱིས)། དམེ་བྱུར་རྣ་དམར་རྩིར་གིས་(གྱིས་)བཟུང་། ཟང་(ཟངས་)དང་ལྕགས་ཀྱི་ཐག་པས་བཅིང་(བཅིངས)། དམེ་ཤིང་ཚེར་ནག་ཕུར་ལ་བཏགས། ཙོག་(བཙོག་)འདྲེ་མེག་(དམེ་)འགོད་(འགོང་)ཟུངས་སུ་(ཟུང་དུ་)བཟུང་། ཟངས་དང་ལྕགས་ཀྱིས་ཐག་པས་བཅིང་(བཅིངས)། གླང་མ་ནག་པོ་ཕུར་ལ་བཏགས། ཙོག་(བཙོག་)ནལ་འདྲེ་རྣམས་བཅིང་དྲག་བྱེད། རབ་ཆད་རྒོན་(རྒན་རྒོན་)གནམ་དུ་གཡོན་པ་བཟུང་། མཛོ་མགར་རྒྱུད་པའི་སྒྲོག་ཏུ་བཅུག གླ་ག་ར་ལྐོག་(གླེན་ཞར་ལོང་ལྐུག་)ཕུར་ལ་བཏག བར་ཆད་ཡྱས་(ཡས་)ལ་དེ་ལྟར་བཅིང་(བཅིངས)། གཟུང་འདྲེ་བྱ་བ་རྐང་དམར་བཟུང་། དྲད་རྒྱུད་ཁལ་པའི་སྒྲོགས་སུ་བཅུག སྨར་མེ་ཤུན་དམར་ཕུར་ལ་བཏག གཟུང་འདྲེ་ཡས་ལ་དེ་ལྟར་བཅིང་(བཅིངས)། ཕུང་སྲི་རྔ་མོང་ཁམ་པ་བཟུང་། སྟག་རྒྱུད་ཁལ་པའི་སྒྲོག་ཏུ་(སྒྲོགས་སུ་)བཅུག གཟུང་ཤིང་ཐང་དམར་ཕུར་ལ་བཏག ཕུང་སྲི་ཡས་ལ་དེ་ལྟར་བཅེང་(བཅིངས)། ཐབ་སྲི་གླ་བ་ངོ་ནག་བཟུངས(བཟུང་)། གླང་རྒྱུས་ཁལ་པའི་སྒྲོགས་སུ་བཅུག ཐངས་(ཐང་)ཤིང་སྐྲི་ནི་ཕུར་ལ་བཏག ཐབ་སྲི་ཡས་ལ་དེ་ལྟར་བཅིང་(བཅིངས)། རྟ་སྲི་འགོ་བ་འབྲི་འཐིང་བཟུང་། རྟ་རྒུས་ཁལ་པའི་སྒྲོགས་དུ་(སུ་)བཅུག སྒྲ་ཤད་འགོ་སྐྱི་ཕུར་ལ་བཏག མུག་(མུ་)སྲི་གཏམ་པ་དེང་རླན་བཟུངས (བཟུང་)། སྲམ་རྒྱུས་ཁལ་པའི་སྒྲོགས་སུ་བཅུག ར་ཚེར་ལུག་ཚེར་ཕུར་ལ་བཏགས། ལུག་སྲི་ཡས་ལ་དེ་ལྟར་བཅིང་(བཅིངས)། གོད་ཀ་(ཁ་)གཡང་སྲི་ཐང་པོ་བཟུངས(བཟུང་)། བྱང་གཡས་རྒྱུས་པའི་སྒྲོགས་དུ་(སུ་)བཅུག ཤིང་ནག་རྩ་སྤོང་ཕུར་ལ་བཏགས། གོད་འདྲེ་ཡས་ལ་དེ་ལྟར་བཅེང་(བཅིངས)། སུར་འདྲེ་གླ་རྒྱུས་སྒྲོགས་དུ་(སུ་)བཅུག འགྲོ་འདོད་གོམ་ཆེན་བྱིག་པ་བཅིང་(བཅིངས)། ལྟ་བ་མིག་རྣོན་མིག་ཀྱང་བཀབས (བཀབ)། ཉན་པ་རྣ་གསང་རྣ་བ་བཅངས(བཅིངས)། སྙབས་པ་ལག་རེང་ལག་པ་བཅེང་(བཅིངས)། ཕོ་སྲི་ཁྱ་ན་ཁ་སོ་བཅག(བཅུག) སེལ་བདུད་སེལ་བཙན་སྒྲོགས་སུ་བཅུག དེ་རིང་ལེའུ་ཡོན་བདག་གིས། རྨང་འདྲེ་དབུལ་འགོགས་(འགོང་)མཁར་ནག་སྒྲོགས་སུ་བཅུག གོད་འདྲེ་མི་ལ་མཁོར་(མཁར་)ནག་སྒྲོགས་སུ་འཇུད། ཕྱ་སྲི་གཡང་འགོང་མཁར་ནག་སྒྲོགས་སུ་འཇུད། དམེ་ནལ་མོག་མཚེ་མཁར་ནག་སྒྲོགས་སུ་འཇུད།(བཅུག) ཐབས་(ཐབ་)ཁ་གདོན་འདྲེ་མཁར་ནག་སྒྲོགས་སུ་འཇུད་(བཅུག)གོད་འདྲེ་མི་ལ་མ་འགུལ་མ་མནོད་ཅིག་”㉒ཅེས་པའོ། །
དགུ། སྟག་གི་སྤྱན་འདྲེན་བཤད་ལ་རང་ལུས་གཉན་དུ་བསྒྱུར་བ་ན། རང་ལུས་གཉན་དུ་བསྒྱུར་བའི་རྒྱུ་མཚན་ནས་འགོ་དྲངས་ཏེ་ཡུལ་མི་འདྲ་བ་བཅུ་གསུམ་ནས་རང་ལུས་གཉན་དུ་བསྒྱུར་བའི་སྐོར་དང་། མཇུག་ཏུ་དྲང་མཁན་གཉན་པོའི་མཐུ་ཕྱུང་བའི་ཡོན་ཏན་བཅས་ཡིན། དེ་ལས། “དེ་རིང་བདག་གི་ལེའུ་འདིས། གནམ་ས་ཙམ་གི་གཏོ་ཡང་བྱེད། བར་སྣང་ཙམ་གི་(གྱི་)དཔྱད་བྱེད་ན། བདག་གི་རང་ལུས་གཉན་དུ་བསྒྱུར། ཡོན་ཏན་སྣ་དགུ་མ་བཤད་ན། ལྷ་འདྲེ་གཉིས་ཀྱི་ཤན་མི་ཕྱེ། དེ་བས་རང་ལུས་གཉན་དུ་བསྒྱུར།”㉓ཞེས་ལྷ་འདྲེ་གཉིས་ཀྱི་ཤན་འབྱེད་པའི་ཆེད་དུ་རང་ལུས་གཉན་དུ་བསྒྱུར་བ་བསྟན། དེ་ནས་ཡང་འཁམས་(ཁམས་)བདུན་འབུམ་བླ་ཤེད་དང་དགུ་ཚིགས་སྐྱ་མི་བླ་ཤེད། བཅུ་གསུམ་དགུང་གི་ཡར་བླ། མགོན་པོ་བྱ་རྡང་བླ་ཤེད། གསེར་རི་གཡུ་ལུང་བླ་ཤེད། རྒོང་མཐོང་སྟག་ཤུག་ཡར་རྩེ། སྨོན་མ་ལམ་བྲག་གི་ཡར་བླ། དུང་རི་མཆོང་ལུང་ཡར་བླ། ཡུལ་ནི་ཁ་ཤུག་རེ་ཏབ། ཡུལ་ནི་ཉི་མའི་གསེར་ཕུག ཡུལ་ནི་རྨའི་ཐང་ཆེན། ཡུལ་ནི་ཡར་མོ་ལུང་གསུམ། ཡུལ་ནི་དྲ་ང་གསེར་ཕུ་བཅས་སུ་རང་ལུས་གཉན་དུ་བསྒྱུར་ཏེ་སྲིད་པའི་སྡོར་བོན་བདག་དང་གསུམ་གྱིས་ལྷ་ཚིགས་གཅིག་གི་ཡར་ལ་ཉེ་ཞིང་ཡོན་བདག་གཏོའི་ཡར་ཁ་སྦྱོར། འདྲེ་སྲིན་ངན་པའི་གཉའ་ཁ་གནོན། དམེ་དང་ནལ་གྱི་ཤན་ཕྱེ། མཇུག་ཏུ་དྲང་མཁན་གཉན་པོའི་མཐུ་ཕྱུང་སྟེ་དམེ་དམོད་བཙོག་འདྲེའི་མཚམས་བཅད། ལྷ་འདྲེ་གཉིས་ཀྱི་མཚམས་པ་ཕྱེ། དཀར་ནག་གཉིས་ཀྱི་མཚམས་པ་ཕྱེ། གཙང་སྨེ་གཉིས་ཀྱི་མཚམས་པ་ཕྱེ། རྩི་དུག་གཉིས་ཀྱི་མཚམས་པ་ཕྱེ། དྲང་མཁན་གཉན་པོ་སྲིད་པའི་གཟུ་དཔང་མཛད་དེ་སྲིད་པ་གཏོའི་དྲང་མཁན་རྫོགས་སོ། །
   དེ་ཡང་དྲང་རྒན་ལ་དྲང་མཁན་དང་། ཅང་རྒན་སོགས་འབྲི་ཚུལ་དུ་མ་ཡོད་པ་ལས་ཡིག་ཆར་དྲང་མཁན་དང་དྲང་རྒན་དུ་བྲིས་པ་མང་ལ། དྲང་ཞེས་པ་ཚིག་ངོས་ནས་དཔྱད་ན་བློ་གཟུར་བོར་གནས་ཏེ་ཡོ་བསྲང་མེད་པ་དང་། རྒན་ཞེས་པ་ཉམས་མྱོང་ཐད་ནས་བློ་ཅུང་ཟད་རྒན་པས་ན་དེ་ལྟར་བཏགས་པ་ཡིན། རྒན་དང་མཁན་གཉིས་བདག་པོའི་སྒྲར་འཇུག་ལ། ཅང་རྒན་ནི་ཁ་སྐད་ཅིག་སྟེ་ཐེ་བོ་སོགས་ཀྱི་ཡུལ་སྐད་དུ་དྲང་མོ་ལ་ཅང་མོ་རུ་འབོད་པས་དོན་དུ་དྲང་རྒན་ཡིན། དམངས་ཁྲོད་ཀྱི་བོན་གྱི་ཡིག་ཆར་དྲང་རྒན་ནི་སྲིད་པའི་གཟུ་བོ་རྣམ་གསུམ་སྟེ་དྲང་པོ་དང་གཟུ་བོར་གནས་ཏེ་གཉན་བར་གྱི་འདུམ་འགྲིག་བྱེད་མཁན་དང་། ལེའུ་རྣམས་ཀྱིས་དྲང་རྒན་གྱི་ཆོ་ག་སྤེལ་ནས་དེ་ལ་བརྔན་དང་གསོལ་མཆོད་བྱེད་པ། གཏོ་ཆོག་གི་སྐབས་སུ་དྲང་རྒན་གྱི་གཏོར་མ་འབུལ་བ། འཇིག་རྟེན་པའི་ལྷ་ཞིག་སྟེ་དགྲ་བླ་ཝེར་མ་ཇི་བཞིན་མཆོད་པའི་སྲོལ་ཡང་ཡོད།㉔གཞན་ཐེ་བོ་རྒྱ་ཉི་ཞེས་པའི་ས་ཆར་ལེའུས་ཆོ་གར་དྲང་རྒན་སྐོར་གྱི་གཞུང་མང་པོ་འདོན་པས་ལེའུའི་གཞུང་ལའང་དྲང་རྒན་དུ་འབོད། དོན་དུ་དྲང་རྒན་ནི་ལེའུའི་གཞུང་གི་ནང་གསེས་ཤིག་ཡིན་པ་ལས། དེ་ནི་ཡིག་ཆ་རིགས་ཀུན་གྱི་ཚབ་བྱེད་མི་ཐུབ། དམངས་ཁྲོད་ཀྱི་བོན་གྱི་དྲང་རྒན་ཡིག་ཆ་དག་ནི་ཆོ་གའི་ཡིག་ཆ་ཡིན་ཀྱང་། དེ་རུ་ཆོ་གའི་གོ་རིམ་སོགས་གསལ་པོར་བསྟན་མེད་ལ། ནང་དོན་དང་རྗོད་བྱེད་ལ་སྔ་ཕྱི་བསྐྱར་ཟློས་དང་། འགལ་ཟླ་བྱུང་བ། སངས་རྒྱས་ཆོས་ལུགས་ཀྱི་ཤུགས་རྐྱེན་ཐེབས་པ་ཉུང་བ་སོགས་ཀྱི་ཁྱད་ཆོས་ལྡན། ཡིག་ཆ་དེ་དག་ལས་དྲང་རྒན་ནི་འཇིག་རྟེན་པའི་ལྷ་ཞིག་ཡིན་ལ། སྒྲ་བླ་དང་སྲུང་མའི་དོན་དུ་གོ་བའང་ཡོད།
གཉིས་པ། སྲིད་པའི་དྲང་རྒན་བསྟན་བཅོས་ཞེས་པའི་ནང་དོན་མདོར་བསྡུས།
《སྲིད་པའི་དྲང་རྒན་བསྟན་བཅོས་》㉕ཞེས་པ་ནི་ཤར་བ་ཐོགས་མེད་ལགས་ཀྱིས་《བོད་ཀྱི་རིག་གནས་གསར་དཔྱད་རྩམ་ཟན་སྤྱི་ནོར་》གྱི་ནང་དུ་བསྡུ་སྒྲིག་བྱས་ཤིང་། མ་དཔེ་ནི་ཟུང་ཆུ་རྫོང་གི་བོད་ཁྱིམ་ཞིག་ནས་རྙེད་པའི་ལག་བྲིས་ཡིག་ཆ་ཞིག་ཡིན། ཡིག་ཆ་འདི་ནི་ཨ་མདོ་གཙོ་བྱས་པའི་ས་ཆ་མང་པོའི་དམངས་ཁྲོད་དུ་གྲགས་ཆེ་བའི་དྲང་རྒན་ཨ་བུའི་གཏམ་དཔེ་དང་གཏམ་རྒྱུད་སོགས་འཇིག་རྟེན་པའི་གཏམ་མང་པོ་ཉམས་མྱོང་རྒད་པོའི་འབེལ་གཏམ་གྱི་ཚུལ་དུ་བྲིས་འདུག་ལ། ཚིག་གི་སྦྱོར་བ་ལ་ཁ་སྐད་ཤས་ཆེ་ཞིང་གོ་བདེ་བ་དང་། ནང་དོན་དུ་ལོ་རྒྱུས་རྒྱུན་ཤེས་དང་འཚོ་བའི་རྒྱུན་ཤེས། མི་ཆོས་བསམ་བློ་སོགས་འདུས་ཏེ། ལོ་རྒྱུས་རྒྱུན་ཤེས་སྐོར་ལ་བོད་མི་གདུང་དྲུག་དང་རྒྱ་དཀར་ནག ཧོར། འཇང་། གེ་སར་སོགས་ཡོད། མི་ཆོས་བསམ་བློ་ཐད་སྤྱོད་པ་རྣམ་པ་ལྔ་དང་བསོག་པ་རྣམ་པ་ལྔ། སློབ་དཔོན་དང་སློབ་བུ་འདུག་ལུགས། ཕ་བུ་གཉིས་ཀྱི་འདུག་ལུགས། དཔོན་གཡོག་གཉིས་ཀྱི་འདུག་ལུགས། ཡོན་མཆོད་གཉིས་ཀྱི་འདུག་ལུགས། ཚ་ཞང་གཉིས་ཀྱི་འདུག་ལུགས། མནའ་མ་སྒྱུག་མོ་གཉིས་ཀྱི་འདུག་ལུགས། མནའ་མ་རབ་འབྲིང་ཐ་གསུམ། ཕྱུག་པོ་རབ་འབྲིང་ཐ་གསུམ། དོན་རྣམ་པ་གསུམ། སྤངས་པ་རྣམ་པ་གསུམ། མི་སྤངས་པ་རྣམ་པ་གསུམ། བརྒྱགས་སུ་མི་རུང་བ་རྣམ་པ་གསུམ། ངུ་བྲོ་རྒོད་བྲོ་སྐྱུག་བྲོ་གསུམ། མ་བརྡུང་བའི་མཁར་གསུམ། མ་བརྐོས་པའི་དོང་གསུམ། ཚོལ་བ་རྣམ་པ་གསུམ། བཅོས་རྒྱུ་མེད་པ་གསུམ། མགོ་གཡོགས་རྣམ་པ་གསུམ། དཀའ་བ་རྣམ་པ་གསུམ་སོགས་བར་ཁྱིམ་གྱི་ཐབས་འདོན་པའི་གཏམ་རྒྱ་ཆེར་བཀོད་འདུག་པས། དྲང་རྒན་གྱི་སྤྱི་ཚོགས་བྱེད་ནུས་གསལ་པོར་བསྟན། ཡིག་ཆ་འདི་ནི་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་ཕུ་བོས་ནུ་བོ་ལ་གཏམས་ཤིང་བདམས་པའི་མདོ་དང་སུམ་པའི་གཏམ་དཔེ་སོགས་དང་འདྲ་བར་བོད་ཀྱི་མི་ཆོས་བསམ་བློ་ཐད་ནས་ཞིབ་འཇུག་གི་རིན་ཐང་ལྡན་ནོ། །
གསུམ་པ། གླུ་ཚིག་དང་། གཏམ་དཔེ། གཏམ་རྒྱུད་ཁྲོད་ཀྱི་དྲང་རྒན་བྱུང་ཚུལ།
གཅིག །མདོ་སྨད་ཐེ་བོ་ས་ཆའི་སྲིད་པའི་གླུ་ཡི་རྟེན་འབྲེལ་ནང་དུ་དྲང་རྒན་སྐོར་ཁ་ཤས་འདུག་སྟེ། འདིར་ལེགས་བཤད་རྒྱ་མཚོས་གཙོ་སྒྲིག་གནང་བའི་《ཐེ་བོའི་དམངས་ཁྲོད་ངག་རྒྱུན་རྩོམ་རིག་ཕྱོགས་བསྡུས་》གཞིར་བཟུང་ནས་དམངས་ཁྲོད་གླུ་ཚིག་ཏུ་བྱུང་བའི་དྲང་རྒན་ཨ་བོའི་སྐོར་རེ་རེ་བཞིན་བཀོད་ན།
1. གླུ་ཡག་པོའི་རིགས་ལས། དེ་རིང་སྐྱིད་ཀི་(པའི་)ཉི་མ་རེད། །སྐྱིད་པའི་ཉི་མས་གུར་རེ་ཕུབས། །གུར་མགོ་དབུས་གཙང་སྟོད་ལ་ཤར། །སྟོད་དབུས་གཙང་བླ་མ་འཁྲུངས་སྣང་ཟེར། །བན་སེར་ལུས་ཐམས་ཅད་ལྷངས་སེ་དགའ། །གུར་སྐེད་ཁ་བ་བོད་ལ་ཤར། །བོད་དྲང་རྒན་ཨ་བོ་འཁྲུངས་སྣང་ཟེར། །བོད་རིགས་ཐམས་ཅད་ལྷངས་སེ་དགའ། །གུར་སྨད་རྒྱ་ནག་ཡུལ་ལ་ཤར། །སྨད་རྒྱ་ནག་རྒྱལ་པོ་འཁྲུངས་སྣང་ཟེར། །རྒྱ་རིགས་ཐམས་ཅད་ལྷངས་སེ་དགའ། །㉖ཞེས་པ་དང་། ཡང་དེ་ལས། དགོན་བླ་མ་གསུམ་གི་(གྱི་)ཐུགས་རྗེས་བཟུང་། །ཆོས་ཀ་ཁ་གསུམ་གི་(གྱི་)གསོལ་རས་གནང་། །གཉན་རྨ་ཆེན་སྤོམ་རས་ཐུགས་རྗེས་བཟུང་། །བུ་གཞོན་ནུ་གསུམ་གི་(གྱི་)གསོལ་རས་གནང་། །ཕ་དྲང་མཁན་ཨ་བོ་ཐུགས་རྗེས་བཟུང་། །གླུ་སྲིད་པ་གསུམ་གི་(གྱི་)གསོལ་རས་གནང་། །㉗ཞེས་པའོ། །
2. སྲིད་པའི་ཆང་རབས་ལས། ཕ་དྲང་རྒན་ཨ་བོས་ཇ་ཆས་བྱས། །འཕར་བ་དམར་བོས་ཤ་ཆས་བྱས། །ཆུ་ལེན་བུ་མོས་ཆང་ཆས་བྱས། །㉘ཞེས་པ། 
3. ཕ་ཨ་ཁུ་བཟང་བོའི་གཏམ་རབས་དེ། །ཕ་དྲང་རྒན་ཨ་བོའི་གསུང་དང་འདྲ།㉙བུ་ཚ་བོ་བཟང་པོའི་དཔའ་རབས་དེ། །གླིང་གེ་སར་རྒྱལ་པོའི་དཔའ་དང་འདྲ། །མ་སྲུ་མོ་བཟང་བོའི་བཟའ་བཏུང་དེ། །སྨན་པ་བཟང་བོའི་སྨན་དང་འདྲ། །
4. ཕ་དྲང་རྒན་ཨ་བོ་གཏམ་ལ་མཁས། །སངས་རྒྱས་སྟོན་པ་ཆོས་ལ་མཁས། ། བུ་བླུན་པོ་འགོ་བ་གླུ་ལ་མཁས། །
5. ཕ་དྲང་རྒན་ཨ་བོ་གཏམ་ལ་མཁས། །གཏམ་རིག་པའི་སྡོམ་འཛིན་གང་ན་སྣང་། །གླིང་གེ་སར་རྒྱལ་པོ་རྩིས་ལ་མཁས། །རྩིས་ལོ་རྒན་དྲུག་ཅུ་གང་ན་སྣང་། །བུ་དྲན་འཛིན་ཅན་པོ་གླུ་ལ་མཁས། །གླུ་སྲིད་པའི་ཕོ་བྲང་གང་ན་སྣང་། །གླུ་ཚིག་འདི་དག་གི་ནང་དོན་ལ་གཞིགས་ན། ཕ་དྲང་རྒན་ཨ་བོ་ནི་འཇིག་རྟེན་པའི་གཏམ་ལ་ཤིན་ཏུ་མཁས་པའི་མི་ཞིག་སྟེ། ཁོང་གི་གཏམ་ནི་ལེགས་ཉེས་བདེན་རྫུན་དང་དཀར་ནག་སོགས་ཀྱི་ཚད་ཤིང་ཇི་བཞིན། རྟག་པར་མིའི་བློ་སྒོ་འབྱེད་བྱེད་དང་འཇིག་རྟེན་གྱི་གནས་ལུགས་སྟོན་པའི་གཏམ་སྣ་ཚོགས་ཀྱིས་འཇིག་རྟེན་སྤེལ་བའོ། །
གཉིས། དམངས་ཁྲོད་དུ་སྲིད་པའི་དྲང་རྒན་དང་འབྲེལ་བའི་གཏམ་དཔེ་ཡང་ཁ་ཤས་ཡོད་དེ། དྲང་རྒན་ཨ་བོའི་སླེ་ཆག་དང་། རྭ་གསུམ་㉚ནགས་སུ་སློང་བ། ད་སྲིད་པའི་དྲང་རྒན། ཕ་རོ་བྲག་རྩ་དང་བུ་རོ་བྲག་རྩ། ཙན་དན་གྱི་བྱི་ལ་བཅས་ཡོད། གཏམ་དཔེ་ནི་གཏམ་རྒྱུད་ལས་བྱུང་བ་ཡིན་ཏེ། གཏམ་དཔེ་རེ་རེའི་རྒྱབ་ཏུ་གཏམ་རྒྱུད་ཁྱད་མཚར་རེ་ཡོད་ལ། དྲང་རྒན་ཨ་བོའི་སླེ་ཆག་ནི་སི་ཁྲོན་མཛོད་དགེ་རྫོང་གི་བཞག་སྡོམ་དང་འབྲིང་བ། གཟའ་རུ།ཚོང་རུ། མཛོད་དགེ་རྫོང་གི་ཆོས་རྗེ། ཀན་སུའུ་ཡི་ཐེ་བོ་རྫོང་བཅས་སུ་དར་ཁྱབ་ཆེ་ལ། དོན་དུ་བུ་ཕྲུག་ཕ་མ་ལ་ཤ་ཚ་དགོས་པ་དང་ཕ་མའི་དྲིན་བྱས་དྲིན་དུ་འཇལ་དགོས་པའི་གནས་ལུགས་སྟོན། རྭ་གསུམ་ནགས་དཀྱིལ་དུ་སློང་བ་ནི་ཐེ་བོ་རྫོང་སྟག་ར་ཡུལ་ཚོར་མི་གང་རུང་ཞིག་ལ་འཚོ་བའི་རྒྱུན་ཤེས་དང་འགལ་བའི་བསམ་བློའམ་བྱ་སྤྱོད་ཐོན་ཚེ་ཁོང་ལ་འཕྱ་སྨོད་ཀྱི་ཚུལ་དུ་བརྗོད་བཞིན་འདུག ད་སྲིད་པའི་དྲང་རྒན་ནི་སི་ཁྲོན་ཞིང་ཆེན་ཕིང་ཝུའུ་རྫོང་(平武县)གི་བོད་དམག་བོད་རིགས་ཡུལ་ཚོ་དང་གཟི་ཚ་སྡེ་དགུའི་བོད་དམག་བོད་རིགས་ཡུལ་ཚོ་ནས་འཚོལ་སྡུད་བྱས། ཁོང་ཚོས་འཚོ་བའི་ཁྲོད་དུ་བློ་ཡུལ་ལས་འདས་པའི་དོན་དག་གམ་དྲང་བདེན་ཤོར་བའི་གནས་ཚུལ་གང་རུང་། ཡང་ན་རྒྱུ་འབྲས་མི་རྩི་བའི་བྱ་བ་ཞིག་བྱུང་སྐབས་ད་སྲིད་པའི་དྲང་རྒན་ཞེས་བཤད་ལ། ཡིན་པ་སྲིད་པའི་དྲང་རྒན་གྱི་མིང་བོས་ནས་དྲང་བདེན་དང་རྒྱུ་འབྲས་ཀྱི་ཤན་འབྱེད་དུ་གདན་འདྲེན་བྱ་བ་ཡིན། ཕ་རོ་བྲག་རྩ་དང་བུ་རོ་བྲག་རྩ་ནི་ཐེ་བོ་རྫོང་གི་འ་ཞ་ཡུལ་ཚོ་དང་དབང་བཟང་ཡུལ་ཚོ་སོགས་སུ་བཤད་ལ། དྲང་རྒན་ཨ་བོའི་སླེ་ཆག་དང་འདྲ་བར་བུ་ཕྲུག་ཕ་མ་ལ་ཤ་ཚ་དགོས་པ་དང་ཕ་མའི་དྲིན་ལན་འཇལ་དགོས་པའི་གནས་ལུགས་སྟོན། ཙན་དན་གྱི་བྱི་ལ་ནི་ཐེ་བོའི་སྟག་ར་ཡུལ་ཚོ་དང་སི་ཁྲོན་ཆོས་རྗེ་སོགས་སུ་བཤད་ཅིང་། དོན་ནི་དངོས་ཡོད་གནས་ཚུལ་ལ་མི་ལྟ་བར་གཞན་གྱི་རྗེས་སུ་འབྲངས་ནས་ཐམས་ཅད་ལད་མོ་བྱ་མི་རུང་བའི་གནས་ལུགས་ཡིན།
གསུམ། དྲང་རྒན་དང་དམངས་ཁྲོད་གཏམ་རྒྱུད། 1. བཞག་སྡོམ་དབྲ་བོ་སྡེ་པའི་དྲང་རྒན་གཏམ་རྒྱུད།㉛‍‍བཞག་སྡོམ་དབྲ་བོ་སྡེ་པར་འཚོལ་སྡུད་བྱས་པའི་དྲང་རྒན་སྐོར་གྱི་གཏམ་རྒྱུད་ནི་《ཁྱིམ་མཚེས་ཚང་དུ་འཚམས་འདྲིར་སོང་བ་》དང་《བུ་གླེན་པ་ལ་མནའ་མ་ལེན་པ་》གཉིས་ཡིན། ཁྱིམ་མཚེས་ཚང་ལ་འཚམས་འདྲིར་སོང་བ་ནི་བོད་ཀྱི་སྲོལ་རྒྱུན་སྤྱི་ཚོགས་སུ་མི་དང་མིའི་བར་གྱི་འབྲེལ་བ་དང་། ཁྱིམ་སྐྱོང་ལས་སྒྲུབ་ཀྱི་གནའ་སྲོལ། དམངས་ཁྲོད་གཏམ་བཤད་ཀྱི་སྒྱུ་རྩལ་སོགས་མཚོན་ཡོད་པ་ཞིག་ཡིན། 
2. འབྲིང་བའི་དྲེད་ལུང་སྡེ་པའི་དྲང་རྒན་གཏམ་རྒྱུད།㉜འབྲིང་བའི་དྲེད་ལུང་སྡེ་པར་འཚོལ་སྡུད་བྱས་པའི་དྲང་རྒན་ཕ་བུ་གཉིས་རི་དྭགས་བརྔོན་པའི་གཏམ་རྒྱུད་ཁྲོད་ནས་སྲོལ་རྒྱུན་སྤྱི་ཚོགས་ཀྱི་རི་དྭགས་བརྔོན་པའི་རིག་གནས་དང་རི་དྭགས་ཤྭ་བོ་རྔོན་དུས་མདའ་མོ་ཤྭ་བོའི་མཆུ་ལག་གཉིས་ཀྱི་ཐུགམཚམས་སུ་འཕོང་དགོས་པ་སོགས་འཚོ་བའི་ཉམས་མྱོང་བསྟན་ཡོད།
3. གཟར་རུ་བུམ་པ་སྡེ་པའི་དྲང་རྒན་གཏམ་རྒྱུད།㉝‍‍གཟར་རུ་བུམ་པ་སྡེ་པར་འཚོལ་སྡུད་བྱས་པའི་གཏམ་རྒྱུད་ལས་《དྲང་རྒན་ཨ་བོས་ཐབས་ཀྱིས་མནའ་མ་ཕྱིར་ཕུད་པ་》ཡིས་མཁས་བླུན་གྱི་ཁྱད་པར་སྟོན་པ་དང་། གཏམ་རྒྱུད་《བུ་ལ་ས་འཚོལ་བ་》ཡིས་རང་སྐལ་མིན་པའི་རྒྱུ་ལ་ཧམ་པ་མི་ལངས་པའི་ཡ་རབས་ཀུན་སྤྱོད་མཚོན་ཡོད།《དྲང་རྒན་ཨ་བོས་རང་རྒྱུ་རང་གིས་ལོན་པ་》ཡི་གཏམ་རྒྱུད་ཀྱིས་བོད་ཀྱི་སྲོལ་རྒྱུན་སྤྱི་ཚོགས་སུ་ལུག་བལ་དང་ལུག་གི་རྭ་ཅོ་སོགས་ཉོ་ཚོང་བྱས་པའི་གནས་ཚུལ་དང་འཚོ་བའི་རྒྱུན་ཤེས་སོགས་གཏམ་རྒྱུད་ལ་སྦྱར་ནས་བསྟན་ཡོད།《དྲང་རྒན་ཨ་བོའི་སླེ་ཆག་》ནི་དགོད་བྲོ་བའི་གཏམ་རྒྱུད་ཀྱིས་དྲིན་ཆེན་ཕ་མ་ལ་དྲིན་ལན་འཇལ་དགོས་པའི་གནས་ལུགས་ཤུགས་ཀྱིས་སྟོན་པ་ཞིག་ཡིན།
4. མཛོད་དགེ་ཨ་སྐྱིད་ཡུལ་གྱི་དྲང་རྒན་གཏམ་རྒྱུད།㉞‍‍མཛོད་དགེ་ཨ་སྐྱིད་ཡུལ་དུ་འཚོལ་སྡུད་བྱས་པའི་གཏམ་རྒྱུད་《ཙན་དན་གྱི་སྐས་དང་གཡུ་ནག་གི་བྱི་ལ་》㉟ཟེར་བ་འདི་དང་གོང་གི་《ཁྱིམ་མཚེས་ལ་འཚམས་འདྲི་བྱེད་པ་》ཞེས་པ་གཉིས་ཀ་ཆ་འདྲ་བར། བོད་ཀྱི་སྲོལ་རྒྱུན་སྤྱི་ཚོགས་ཀྱི་གནས་ཚུལ་དང་། གཏམ་བཤད་ཀྱི་ལུགས་སྲོལ་དང་སྒོ་ཕྱུགས་ལ་རྩིས་མཐོང་ཆེན་པོར་བྱས་པ་མཚོན་ཡོད། གཏམ་རྒྱུད་《གནམ་གང་གི་བཅོ་ལྔའི་ཟླ་བ་》ཡིས་དགོད་བྲོ་བའི་གཏམ་རྒྱུད་ཀྱིས་རང་བྱུང་གི་ཆོས་ཉིད་དང་མཁས་བླུན་གྱི་ཁྱད་པར་སོགས་བསྟན་ཡོད། 
5. ཆོས་རྗེ་ས་ཆའི་དྲང་རྒན་གཏམ་རྒྱུད།㊱‍‍ཆོས་རྗེ་དགུ་པའི་ཡུལ་དུ་འཚོལ་སྡུད་བྱས་པའི་《སོ་བདར་བསྐུར་བ་》ཡིས་སོ་བདར་ལ་ཐལ་བ་བསྐུས་ནས་ལྕགས་སྒྲོག་བཅད་པའི་གཏམ་རྒྱུད་ཀྱིས་འཚོ་བའི་ཉམས་མྱོང་དང་ངག་གི་སྒྱུ་རྩལ་མཚོན་ཡོད། གཏམ་རྒྱུད་《ལས་ཀ་གསུམ་དུས་གཅིག་ཏུ་སྒྲུབ་པ་》ནི་བོད་ཀྱི་སྲོལ་རྒྱུན་སྤྱི་ཚོགས་སུ་བློ་དང་རིག་པ་ཅན་གྱི་མི་མཆོག་ཏུ་འཛིན་པ་དང་། ལས་ལ་བརྩོན་པའི་བུད་མེད་ཡ་རབས་སུ་བགྲང་བ་མཚོན། གཏམ་རྒྱུད་《རྡོ་དཀར་ལུག་ཏུ་འཛིན་པ་》ལས་བོད་ཀྱི་སྲོལ་རྒྱུན་སྤྱི་ཚོགས་སུ་ཤི་ཆོས་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་བུ་ཕྲུག་གིས་ཕ་མ་ལ་དྲིན་ལན་འཇལ་དགོས་པ་སོགས་བསྟན་ཡོད། གཏམ་རྒྱུད་《ཕྱང་དང་སྟ་རེའི་མིང་བཏགས་པ་》དང་《རྨ་ཆུར་ཟམ་པ་འཕངས་པ་》སོགས་ཀྱིས་དམངས་ཁྲོད་ཁེད་ཀྱི་རིག་གནས་མཚོན་འདུག㊲
6. ཐེ་བོ་ཡུལ་གྱི་དྲང་རྒན་གཏམ་རྒྱུད། ཐེ་བོ་སྟག་ར་ཡུལ་ནས་འཚོལ་སྡུད་བྱས་པའི་གཏམ་རྒྱུད་《ཞིང་རྐོ་བ་》ནི་ལས་ལ་བརྩོན་ན་ཡ་རབས་སུ་བརྩི་བ་དང་མཁས་བླུན་གྱི་ཁྱད་པར་མཚོན་ཡོད། གཏམ་རྒྱུད་《དྲང་རྒན་ཨ་བོ་བཙོན་དུ་བཅུག་པ་》ཡིས་སྲོལ་རྒྱུན་སྤྱི་ཚོགས་སུ་དབུལ་ཕྱུག་གི་ལྟ་བ་དང་། ཐེ་བོ་ཡུལ་གྱི་བོད་ཁང་གི་བཀོད་པ། སྲོལ་རྒྱུན་བོད་མིའི་སྐད་ཆའི་སྒྱུ་རྩལ་སོགས་གསོན་ཉམས་ལྡན་པར་མཚོན་འདུག㊳ཐེ་བོ་ཝ་པ་ལུང་པར་འཚོལ་སྡུད་བྱས་པའི་《དྲང་རྒན་ཨ་བོས་མནའ་མའི་རིག་པ་བརྟག་པ་》ཡི་གཏམ་རྒྱུད་གཉིས་ཀྱིས་ཁེད་དང་འཚོ་བའི་རྒྱུན་ཤེས་ལ་སྦྱར་ནས་མཁས་བླུན་གྱི་ཁྱད་པར་མཚོན་ཡོད།㊴《ཁ་ཆེམས་འཇོག་པ་》㊵ནི་གོང་གི་《རྡོ་དཀར་ལུག་ཏུ་འཛིན་པའི་》གཏམ་རྒྱུད་དང་ཆ་འདྲ་ལ། དེས་ནི་བོད་ཀྱི་དྲིན་ཕ་མ་ལ་དྲིན་ལན་འཇལ་དགོས་པའི་ཡ་རབས་སྤྱོད་བཟང་གཏམ་རྒྱུད་ལ་སྦྱར་ནས་བསྟན་ཡོད།
   གོང་དུ་བརྗོད་པའི་གཏམ་རྒྱུད་དང་གཏམ་དཔེའི་ནང་དོན་གྱིས་བོད་མི་རིགས་ཀྱི་མི་ཆོས་བསམ་བློ་དང་ཁྱིམ་སྐྱོང་ལས་སྒྲུབ་ཀྱི་གནས་ལུགས་སོགས་སྟོན་ལ། སྤྱི་ཚོགས་སུ་མི་རབས་ནས་མི་རབས་ལ་བརྒྱུད་པས་སློབ་གསོའི་ནུས་པ་རྒྱ་ཆེར་བཏོན་ཡོད། འདི་ལས་དྲང་རྒན་གྱི་སྤྱི་ཚོགས་བྱེད་ནུས་ཡང་གསལ་པོར་རྟོགས་ཐུབ།《དྲང་རྒན་ཨ་བོའི་མནའ་མས་ལས་ཀ་གསུམ་དུས་གཅིག་ཏུ་སྒྲུབ་པ་》ཡི་གཏམ་རྒྱུད་ནི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་ཁམས་ཀྱི་བླ་མ་སེ་བཙུན་གྱི་སྐུ་མདུན་ནས་སློབ་གཉེར་གནང་སྐབས་ཕྱག་གིས་རྩམ་པ་འཐག་པ་དང་། ཞབས་ཀྱིས་ཀོ་བ་མཉེད་པ། རྒྱབ་ནས་འོ་མ་བསྲུབས་པ། སྤྱན་གྱིས་དཔེ་ཆར་གཟིགས་པ་སོགས་ཐོས་འཚོལ་གྱི་སྡུག་རུས་དང་བླ་མར་ཞབས་ཏོག་སྒྲུབ་པའི་རྣམ་ཐར་དང་འདྲ་ལ། རྣམ་ཐར་ཁྲོད་ཀྱི་གཏམ་རྒྱུད་དེའི་ས་བོན་ཡང་དམངས་ཁྲོད་གཏམ་རྒྱུད་ལས་བྱུང་བར་སྙམ།
   གཞན་ཡང་ཞིབ་འཇུག་པས་དྲང་རྒན་ཡིག་ཆ་དང་ན་ཞིའི་《དོ་གེ་ཟ་》ཟུང་ཕན་ཚུན་གཤིབ་བསྡུར་བྱས་ནས་དེ་གཉིས་ཀའི་སྒྲོམ་གཞི་དང་། ནང་དོན། བརྗོད་བྱ་གཙོ་བོ། རྗོད་བྱེད་ལ་སོགས་པ་འདྲ་མཚུངས་རེད་㊶ཟེར་བ་ལས། ས་ཆ་སོ་སོའི་གཏམ་རྒྱུད་ཀྱི་ནང་དོན་ལ་རོང་འབྲོག་གི་ཁྱད་པར་སོགས་ཅུང་མི་འདྲ་བའི་ཆ་མང་རུང་། དྲང་རྒན་ཡིག་ཆ་དང་དེའི་སྲོལ་རྒྱུན་ནི་སྔོན་བོད་ཤར་མཐའི་ས་ཆར་གཏོགས་པའི་བོད་དབྱིའི་ཁྱམས་ར་(藏彝走廊)རྒྱུད་ཀྱི་ཐུན་མོང་གི་རིག་གནས་སྣང་ཚུལ་ཞིག་དང་དམངས་སྲོལ་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་པ་རྟོགས་ཐུབ།
བཞི་པ། དཔྱད་འབྲས།
བོད་ཀྱི་ཤར་མཐའི་དམངས་ཁྲོད་ནས་ཐོན་པའི་དྲང་རྒན་སྐོར་གྱི་ཡིག་ཆ་ནི་དམངས་ཁྲོད་བོན་གྱི་ཆོ་ག་སྤེལ་མཁན་ལེའུའི་ཆོག་དཔེ་ཡིན་ལ། དེ་ལ་རྒྱས་འབྲིང་བསྡུས་གསུམ་དུ་དབྱེ་བ་ལས། གཟི་ཚ་སྡེ་དགུ་ནས་ཐོན་པའི་ཡིག་ཆ་རྒྱས་པ་《དྲང་མཁན་གཏོ་ཐིག་གོང་མ་》ནི་ནང་དོན་ཁག་དགུས་གྲུབ། ཡིག་ཆ་དེ་རྣམས་ལས་དྲང་རྒན་གཉན་གྱི་གཟུ་བོ་དང་སྤྲེལ་དཀར་གསེར་མགོ། དཔའ་བོ་གསས་རྡོ་གསུམ་ལ་སྲིད་པའི་གཟུ་བོ་རྣམ་གསུམ་ཟེར། བྱེད་ལས་གཙོ་བོ་ནི་ལྷ་འདྲེ་དང་། དཀར་ནག དགྲ་ཟིན། གཙང་བཙོག་སོགས་ཤན་པར་འབྱེད་པ་ཡིན་ལ། སྒྲ་བླ་དང་སྲུང་མའི་བྱེད་ནུས་ལྡན། དྲང་རྒན་གྱི་ཆོ་གའང་གཙོ་བོ་“བོན་ལ་བརྔན་བཏབ་འདྲེ་ལ་ཡས་བཞིན་ནོ། །བདུད་ལ་གླུད་འཇལ་ལོ། །”㊷ཟེར་བ་ལྟར་ཡར་ལྷ་ལ་མཆོད་པ་དང་། མར་འདྲེ་སྲིན་མནན་པའི་ཆེད་དུ་སྤེལ་བ་ཡིན།《སྲིད་པའི་ཅང་རྒན་བསྟན་བཅོས་》ཞེས་པ་ནི་ཨ་མདོ་གཙོ་བྱས་པའི་བོད་ཀྱི་ཤར་མཐའི་དམངས་ཁྲོད་ཀྱི་གཏམ་དཔེ་མང་པོ་ཞིག་ཉམས་མྱོང་རྒད་པོའི་འབེལ་གཏམ་གྱི་ཚུལ་དུ་བསྒྲིགས་པ་ཡིན་ལ། དེ་དང་དམངས་ཁྲོད་ཀྱི་གླུ་ཚིག གཏམ་རྒྱུད་ཁྲོད་ཀྱི་དྲང་རྒན་ཨ་བོ་ནི་བྱ་བའི་ལེགས་ཉེས་དང་། རིག་པའི་རྣོ་རྟུལ། ཀུན་སྤྱོད་ཀྱི་གཙང་བཙོག བསམ་པའི་དཀར་ནག་སོགས་ཤན་འབྱེད་མཁན་གྱི་མི་དྲང་མོ་ཞིག་གི་སྣང་བརྙན་གྲུབ། ལྷག་ཏུ་ད་ལྟ་བོད་དམག་བོད་རིགས་སུ་འབོད་པའི་བོད་མི་རྣམས་ཀྱིས་སྲིད་པའི་དྲང་རྒན་དེ་ལེགས་ཉེས་བདེན་རྫུན་གྱི་ཁྱད་པར་འབྱེད་མཁན་དུ་འཛིན་པའི་འདུ་ཤེས་ད་ལྟའང་མ་ཉམས་པར་གནས་ཡོད།
   མདོར་ན། ཆོག་དཔེ་རུ་གནས་པའི་དྲང་རྒན་ནམ་དྲང་མཁན་དང་། དམངས་ཁྲོད་གཏམ་རྒྱུད་དང་། གཏམ་དཔེ་ཁྲོད་དུ་གནས་པའི་དྲང་རྒན་གཉིས་ཀྱི་བར་ལ་འབྲེལ་བ་དམ་ཟབ་ཡོད་ལ། དེ་བཞིན་དུ་གཏམ་རྒྱུད་ལས་མངོན་པའི་དྲང་རྒན་གྱི་བྱེད་ནུས་དེ་ཡང་དྲང་རྒན་གྱི་ཆོ་གས་དམངས་ཁྲོད་ལ་ཤུགས་རྐྱེན་ཐེབས་པ་ལས་བྱུང་བར་སྙམ། དམངས་ཁྲོད་དུ་དྲང་རྒན་གྱི་ཡིག་ཆ་དང་གཏམ་དཔེ། གཏམ་རྒྱུད། གླུ་ཚིག་སོགས་མང་བར་མ་ཟད། དྲང་རྒན་གྱི་ཆོ་གའི་རྒྱུན་ཡང་ད་དུང་སྤེལ་བཞིན་ཡོད་པས། དྲང་རྒན་ཡིག་ཆ་དང་དེའི་སྲོལ་རྒྱུན་ནི་སྔོན་བོད་ཤར་མཐའི་ས་ཆར་གཏོགས་པའི་བོད་དབྱིའི་ཁྱམས་ར་རྒྱུད་ཀྱི་ཐུན་མོང་གི་རིག་གནས་སྣང་ཚུལ་ཞིག་ཡིན་པ་དང་། དེས་ནི་དམངས་སྲོལ་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་རྟོགས་ཐུབ་བོ། །
མཆན།
① ཐེ་ཆུའི་ཆུ་མགོ་སྟག་ཚང་ལྷ་མོ་ནས་འགོ་བརྩམས་ཏེ་སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་གི་བཞག་སྡོམ་དང་རྐྱང་ཚ། འབྲིང་བ། གཟར་རུ། ཚོང་རུ། ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་གི་གཡི་བ། སྟེང་ཀ སྟག་ར། འ་ཞ། སི་ཁྲོན་ཞིང་ཆེན་རྔ་བ་རྫོང་གི་བབ་བཟོ། ཨ་སྐྱིད། དགུ་བ། ཆོས་རྗེ། ཀན་སུའུ་ཞིང་ཆེན་ཝིན་རྫོང་གི་ཐེ་ལོ་བོད་དམག་བོད་རིགས་ཡུལ་ཚོ། སི་ཁྲོན་ཞིང་ཆེན་ཕིན་ཝོ་རྫོང་གི་བོད་དམག་བོད་རིགས་ཡུལ་ཚོ། གཟི་ཚ་སྡེ་དགུའི་བོད་དམག་བོད་རིགས་ཡུལ་ཚོ། ཟུང་ཆུ་རྫོང་གི་དགའ་མལ་དགོན། གཙོ་ཚང་དགོན་སོགས་སུ་སོང་ནས་མི་སྣ་ཉི་ཤུ་ལྷག་ལ་བཅར་འདྲི་བྱས།
② དམངས་ཁྲོད་གཏམ་རྒྱུད་དང་གླུ་རྟེན་འབྲེལ་ནང་དུ་ཕ་དྲང་རྒན་ཨ་བོ་ཞེས་དྲང་རྒན་ཨ་བོའི་མིང་གི་སྔོན་ལ་ཕ་ཞེས་སྦྱར། ཏུན་ཧོང་ཡིག་རྙིང་དང་དགའ་ཐང་འབུམ་པ་ཆེའི་བོན་གྱི་ཡིག་རྙིང་ཁྲོད་དུ་གཤེན་རབ་མི་བོའི་མཚན་གྱི་སྔོན་ལ་ཡང་ཕ་སྦྱར་བའི་སྲོལ་འདུག དོན་དུ་སྲིད་པའི་བྱ་བྱེད་ཀུན་ལ་མཁས་ཤིང་སྐབས་དེའི་སྤྱི་ཚོགས་སུ་གོ་གནས་གལ་ཆེན་ཟིན་ཡོད་པར་སྙམ།
③ ལྡོང་ཁྲོམ་དུ་འབོད་པའང་ཡོད། རྒྱ་ཡིག་ཏུ་“宕昌”ཟེར།
④ ཤོག་ངོས་བཅོ་བརྒྱད་ཅན་གྱི་《དྲང་མཁན་གཏོ་ཐིག་གཞི་བཏིང་སྒྲོན་འཛུགས་》ཞེས་པ་ཡིག་ཆ་རྒྱས་པའི་ནང་དུ་བསྡུས་དོན་ནི། འདི་དང་ཤོག་ངོས་བཞི་བཅུ་ཅན་གྱི་《དྲང་མཁན་གཏོ་ཐིག་གཞི་བཏིང་སྒྲོན་འཛུགས་》གཉིས་ཡི་གེ་བསྡུས་མ་བསྡུས་ཀྱི་ཁྱད་པར་ལས་ནང་དོན་ལ་ཁྱད་པར་མེད་ཅིང་། ཡིག་ཆ་འདིའི་ནང་དུ་བསྐྱར་བཟློས་ཀྱི་ཚིག་ཀུན་མགོའི་ཡི་གེ་དང་པོས་དྲངས་ཏེ་བསྡུས་རྟགས་ཀྱིས་བསྡུས་འདུག་པས་སོ། །
⑤ གཟི་ཚ་སྡེ་དགུ་ནས་རྙེད་པའི་《དྲང་མཁན་གཏོ་ཐིག་གཞི་བཏིང་སྒྲོན་འཛུགས་དབུ་ལགས་སོ་》ཞེས་པའི་ནང་དུ་ཚན་པ་དང་པོ་གསས་གཞི་བཏིང་བ་ཡིན་པ་སྔོན་གྱི་ནང་དོན་བསྡུས་པས་སོ། །
⑥⑧ མཁར་རྨེའུ་བསམ་གཏན་གྱིས་བརྩམས། བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར།《མདའ་དང་འཕང》(སྟོད་ཆ)པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོས་308;309
⑦⑨ 《དྲང་མཁན་གཏོ་ཐིག་གོང་མའི་དབུ་ལགས་སོ》 དབུ་མེད་ལག་བྲིས། ཤོག་ངོས་3-4;7
⑩ ལེགས་བཤད་རྒྱ་མཚོས་བསྒྲིགས།《ཐེ་བོ་དམངས་ཁྲོད་ངག་རྒྱུན་རྩོམ་རིག་ཕྱོགས་བསྡུས》ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2017ལོ། ཤོག་ངོས་141
⑪ 《དྲང་མཁན་གཏོ་ཐིག་གོང་མའི་དབུ་ལགས་སོ》དབུ་མེད་ལག་བྲིས། ཤོག་ངོས་9-11
⑫⑬⑭ 《དྲང་མཁན་གཏོ་ཐིག་གོང་མའི་དབུ་ལགས་སོ》དབུ་མེད་ལག་བྲིས། ཤོག་ངོས་7-9;13-26;27-28
⑮⑯⑰⑱ 《དྲང་མཁན་གཏོ་ཐིག་གོང་མའི་དབུ་ལགས་སོ》དབུ་མེད་ལག་བྲིས། ཤོག་ངོས་28-29;29-31;29-31;31-32;
⑲⑳㉑ 《དྲང་མཁན་གཏོ་ཐིག་གོང་མའི་དབུ་ལགས་སོ》དབུ་མེད་ལག་བྲིས། ཤོག་ངོས་33;35;35
㉒㉓ 《དྲང་མཁན་གཏོ་ཐིག་གོང་མའི་དབུ་ལགས་སོ》དབུ་མེད་ལག་བྲིས། ཤོག་ངོས་37-38;41
㉔ སྐྱང་སྤྲུལ་དྲི་མེད་འོད་ཟེར།《སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་གསུང་འབུམ》(པོད་དྲུག་པ)པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས་102
㉕同美译注:《世间智慧老人话风情》,拉萨:西藏藏文古籍出版社,2000年,第103页。
㉖㉗㉘ ལེགས་བཤད་རྒྱ་མཚོས་བསྒྲིགས།《ཐེ་བོ་དམངས་ཁྲོད་ངག་རྒྱུན་རྩོམ་རིག་ཕྱོགས་བསྡུས》ལན་ཀྲོའུ།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2017ལོ། ཤོག་ངོས་244;252-253;226
㉙ ལ་ལས་བླ་མ་བཟང་པོའི་གསུང་དང་འདྲ་ཡང་ཟེར།
㉚ རྭ་གསུམ་ནི་མཛོད་དགེའི་ཆོས་རྗེ་དང་ཐེ་བོའི་སྟག་ར། འ་ཞ་བཅས་ཀྱི་ཡུལ་སྐད་དེ། རོང་ཡུལ་གྱི་གཡུལ་ཁར་གྲོ་ཤོག་སོགས་རྩིག་བྱེད་ལ་གོ།
㉛ སྤྲང་པོ་ཚེ་རིང། མཛོད་དགེ་རྫོང་བཞག་སྡོམ་གྲོང་རྡལ་དབྲ་བོ་སྡེ་པའི་མི་ཡིན། འབྲོག་པ། ཕོ། དགུང་ལོ་47 2019ལོའི་ཟླ་1པོའི་ཚེས་23ཉིན་བཅར་འདྲི་བྱས།
㉜ ཨ་པན། མཛོད་དགེ་རྫོང་འབྲིང་བ་ཡུལ་ཚོའི་དྲེད་ལུང་སྡེ་པའི་མི་ཡིན། ཞིང་པ། ཕོ། དགུང་ལོ་75 2019ལོའི་ཟླ་1པོའི་ཚེས་25ཉིན་བཅར་འདྲི་བྱས།
㉝ དཔལ་ཆེན་རྒྱལ། མཛོད་དགེ་རྫོང་གཟར་རུ་ཡུལ་ཚོའི་བུམ་པ་སྡེ་པའི་མི་ཡིན། ཞིང་པ། ཕོ། དགུང་ལོ་73 2019ལོའི་ཟླ་1པོའི་ཚེས་24ཉིན་བཅར་འདྲི་བྱས།
㉞ པད་མ་རིག་འཛིན། ཨ་སྐྱིད་སྤྱང་ཚང་དགོན་པའི་གྲྭ་པ་ཡིན། ཕོ། དགུང་ལོ་45 2019ལོའི་ཟླ་1པོའི་ཚེས་25ཉིན་བཅར་འདྲི་བྱས།
㉟ གཞན་ཙན་དན་གྱི་ཀ་དང་ཙན་དན་གྱི་བྱི་ལ་ཟེར་བའང་ཡོད།
㊱ བླ་མ་ཡག མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོའི་དགུ་པ་སྡེ་པའི་མི་ཡིན། ཞིང་པ། ཕོ། དགུང་ལོ་73 2019ལོའི་ཟླ་1པོའི་ཚེས་25ཉིན་བཅར་འདྲི་བྱས།
㊲ བློ་བཟང་དར་རྒྱས། མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོའི་ཡར་རྒུ་སྡེ་པའི་མི་ཡིན། སྔགས་པ། ཕོ། དགུང་ལོ་82 2019ལོའི་ཟླ་1པོའི་ཚེས་25ཉིན་བཅར་འདྲི་བྱས།
㊳ བསྟན་འཛིན། ཐེ་བོ་རྫོང་སྟག་ར་ཡུལ་ཚོའི་སྒ་མགོ་སྡེ་པའི་མི་ཡིན། ཞིང་པ། ཕོ། དགུང་ལོ་60 2019ལོའི་ཟླ་1པོའི་ཚེས་25ཉིན་བཅར་འདྲི་བྱས།
㊴ བན་ཁོ། ཐེ་བོ་རྫོང་སྟེང་ཀ་གྲོང་བརྡལ་རྫོང་ཕྱུག་སྡེ་པའི་མི་ཡིན། ཞིང་པ། ཕོ། དགུང་ལོ་68 2019ལོའི་ཟླ་2པའི་ཚེས་13ཉིན་བཅར་འདྲི་བྱས།
㊵ བན་དེ་མཁར། ཐེ་བོ་རྫོང་སྟེང་ཀ་གྲོང་བརྡལ་གཉའ་གོང་སྡེ་པའི་མི་ཡིན། ཞིང་པ། ཕོ། དགུང་ལོ་70 2020ལོའི་ཟླ་4པའི་ཚེས་8ཉིན་བཅར་འདྲི་བྱས།
㊶ 仇任前、洲塔:《苯教<章格经>与东巴教<多格飒>文献之比较研究》,《西藏大学学报》(社会科学版)2007年第3期。
㊷ 《དྲང་མཁན་གཏོ་ཐིག་གོང་མའི་དབུ་ལགས་སོ》 དབུ་མེད་ལག་བྲིས། ཤོག་ངོས་5
རྩོམ་ཁུངས།《ཀྲུང་གོའི་བོད་རིག་པ།》2022ལོའི་དེབ་དང་པོ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།