དཀྱིལ་འཁོར་གྱི་གཞི་རླུང་རྡོ་རྗེའི་རྭ་དང་སྒོ་ཡི་ཁྱུད་འགྲམ་ལོགས་གསུམ་སོགས་གླེང་བ།

[ཟླ་ཚེས། 2024-06-20 16:08:24][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དཀྱིལ་འཁོར་གྱི་གཞི་རླུང་རྡོ་རྗེའི་རྭ་དང་སྒོ་ཡི་ཁྱུད་འགྲམ་ལོགས་གསུམ་སོགས་ཕྲན་ཚེགས་སྐོར་ཞིག་ཟུར་དུ་གླེང་བ།

  [གནད་བསྡུས] རྩོམ་འདིར་དཀྱིལ་འཁོར་གྱི་གཞི་རླུང་རྡོ་རྗེའི་རྭ་འམ་རྩེ་མོ་ཆུ་སྲིན་གྱི་ཁ་ནས་ཐོན་པ་དེའི་ཁུངས་གང་ཡོད་པ་དང་། དེ་བཞིན་ཕག་སྒོ་སྐབས་སྒོ་དང་དེའི་གཞི་མའི་མདོག་གང་འདྲ་བྱེད་དགོས་པ། སྒོ་ཡི་ཁྱུད་འགྲམ་ལོགས་གསུམ་ཀྱི་ངོས་འཛིན་དང་དེའི་སྒོ་ཁྱུད་གཡས་གཡོན་ཟེར་བ་གནས་གང་ཞིག་ལ་ངོས་འཛིན་དགོས་པ་བཅས་ལ་འབྲེལ་ཡོད་བཀའ་ལུང་ཁག་ལ་གཞི་བཅོལ་ཏེ་དཔྱད་གླེང་རོབ་ཙམ་ཞུས་ཡོད།

  [གནད་ཚིག] རྡོ་རྗེའི་རྭ། སྒོ་མདོག །སྒོ་ཁང་། ཁྱུད་འགྲམ་ལོགས་གསུམ།

གཅིག ཟླ་གམ་གཞི་རླུང་རྡོ་རྗེའི་རྭ་ཡི་སྐོར།

  སྤྱིར་དཀྱིལ་འཁོར་ཕྱོགས་བཞིའི་ཟླ་གམ་ནང་དུ་འོག་གཞི་རླུང་རི་རྡོ་རྗེ་རྒྱ་གྲམ་དེ་ཉིད་དགོས་མིན་ཐད་དོགས་གཞི་འདྲ་བྱུང་བར་བརྟེན་དེ་ཉིད་དགོས་པའི་ཁུངས་དང་བཅས་པ«བོན་ལུགས་དཀྱིལ་འཁོར་གྱི་སྒོ་དང་སྒོ་རྒྱན་སྐོར་གྱི་ཁུངས་ལ་དཔྱད་ཙམ་བྱས་པ»ཞེས་པར་བྲིས་ཟིན་པ་ལྟར་འདིར་བསྐྱར་ཟློས་མི་བྱ་ལ། ད་དུང་གསལ་ཁ་འདོན་དགོས་པ་ཞིག་ལ་དེའི་རྡོ་རྗེའི་རྭའམ་རྩེ་མོ་ཆུ་སྲིན་གྱི་ཁ་ནང་ནས་ཐོན་པའམ་མ་ཐོན་པ་འབྲི་སྲོལ་གཉིས་ཙམ་ཡོད་འདུག་པ་ལ། དེའི་རྒྱུ་མཚན་ཡང་ཕལ་ཆེ་བས་དེ་གཉིས་ནི་རྒྱས་བསྡུས་ཙམ་ལས་དོན་དུ་དགོས་པར་བཞེད་པ་དང་། ཡང་རེ་འགས་དེ་འདྲ་མི་དགོས་པའི་བཞེད་ཚུལ་ཡང་ཡོད་དམ་སྙམ་པའི་དོགས་གཞི་ལས། གཞི་རྩའི་ཆུ་སྲིན་དེ་ཉིད་དཔེ་ཆ་གང་དུ་གསལ་བ་ནི། «ཁྱུང་སྤྲུལ་གྱི་དཀྱིལ་འཁོར་ཐིག་རྩ»འི་དཀྱིལ་འཁོར་སྤྱི་ཐིག་སྐབས། “ཟླ་གམ་ནང་མཐོང་ཆུ་སྲིན་ཟུང་། །ཁ་ནས་གཞི་རླུང་རྒྱ་གྲམ་ནི། །བ་དན་དང་བཅས་ཟངས་ལྕགས་འོག །”1 ཅེས་དང་། ཡང་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་སྐབས། “ཟླ་གམ་ཆུ་སྲིན་རྡོ་རྗེའི་རླུང་། །”2 ཞེས་ཟླ་གམ་གྱི་གཡས་གཡོན་དུ་ཆུ་སྲིན་གཉིས་ཀྱི་ཁ་ནས་རྡོར་རྭ་ཐོན་པར་འབྲི་དགོས་པར་གསལ། དེའི་ཁུངས་གཞུང་གང་འདྲ་ཡོད་དམ་ཞེ་ན། མ་གཞི་བཀའ་གཞན་པ་ནང་དུའང་ཡོད་སྲིད་མོད་དེ། རང་གིས་མཇལ་བ་ནི། «དྲི་མེད་གཟི་བརྗིད་ཨ་དཀར་ཐེག་པའི་མདོ»ལས། “ཟླ་གམ་ནམ་མཁའི་ཕྱོགས་འོད་འབར། །རྡོ་རྗེའི་བྲག་རི་ཆུ་སྲིན་ཞལ། །”ཞེས་དང་། ཡང«ཀུན་བཟང་རྒྱལ་བ་རྒྱ་མཚོའི་ཆོ་ག་བསྟན་པའི་མདོ»ལས། “ཟླ་གམ་བཞི་ནི་ནམ་མཁའི་ཁ་དོག་ལ་རྡོ་རྗེ་དབལ་དང་ཆུ་སྲིན་གྱི་པ་ཏྲ་རུ་བྲི།” ཞེས་གསུངས་པ་དེ་དག་ཡིན་པར་སྣང་། འདི་ལ་རྡོར་རྭ་ཟེར་བའི་ཁུངས«གསང་བ་དོན་འགྲེལ»ལས། “ཟླ་གམ་སྟེང་ལ་རྡོ་རྗེའི་རྭ། །”ཞེས་གསལ། དེ་ལ་ཁྱུང་སྤྲུལ་གྱི་ཐིག་རྩ་དང་མདོ་དྲི་མེད་གཉིས་སུ་སྤྱི་ཐིག་ཙམ་དང་རྒྱལ་བ་རྒྱ་མཚོ་གཉིས་ལས་དཀྱིལ་འཁོར་གཞན་ལ་རྣམས་ལ་དེ་འདྲ་མངོན་གསལ་མ་གསུངས་པ་དང་དེང་དུས་ཕལ་ཆེ་བས་འབྲི་སྲོལ་མི་འདུག་པས་མི་དགོས་སོ་སྙམ་ན། འོ་ན་མདོ་དྲི་མེད་ཀྱི་ལུང་གོང་འོག་གཉིས་ཀྱི་དགོངས་པ་གང་ཡིན་པ་དང་། ཁྱུང་སྤྲུལ་རིན་པོ་ཆེས་ཀྱང་ཁུངས་མེད་ཀྱི་གསལ་ཁ་དེ་འདྲ་བྲིས་པ་ཡིན་ནམ། གཞན་དུ་སྔ་མོ་ནས་ཆུ་སྲིན་དེ་འདྲ་འབྲི་བའི་སྲོལ་མཐོང་བ་བརྒྱུད་པའི་ཕྱག་ལེན་དཔེ་རིས་རྙིང་པ་དག་གིས་གང་ཞིག་བསྟན་ནམ་ཞེས་སོགས་བརྟག་བྱ་མང་ངོ་། །དེས་ན་དེང་དུས་དཀྱིལ་འཁོར་བྲིས་པའམ་རྡུལ་ཚོན་ཁག་ཏུ་ཆུ་སྲིན་གྱི་མགོ་དེ་འདྲ་བྲིས་པ་ཆེར་མ་མཐོང་མོད། དེ་དག་སྟབས་བདེའི་དབང་གིས་བསྡུས་པ་ཙམ་ཡིན་ན་ནི་དེ་ཙམ་དུ་ཟད་ལ། གཞན་བོན་གྱི་རིང་ལུགས་ལ་དེ་འདྲ་དགོས་མིན་གྱི་དོགས་གཞི་འདྲ་ཡོད་ན་ནི་གོང་གསལ་ལུང་དེ་དག་སོགས་ཀྱིས་དཔྱད་པར་འོས་སོ། །

གཉིས། ཀློང་རྒྱས་སྒོ་ཡི་གཞི་མ་དང་སྒོ་ཉིད་ཇི་ལྟར་བྱེད་དགོས་པ།

  མདོ་གཟེར་མིག་གི«ཀློང་རྒྱས་ཆོ་ག»ལས་སྒོ་ཡི་བོན་བདུན་བསྟན་པའི་དང་པོ་སྒོ་དངོས་ཇི་ལྟར་བསྟན་པའི་སྐབས། “གཞི་མ་དངུལ་ལ་སྒོ་ཉིད་གསེར། །”3ཞེས་པ་སྟེ། སྤྱིར་འདིའི་སྐབས་གཙང་ཁང་དང་ཁྱམས་ཁང་གི་སྒོ་སྟེ་སྒོ་སྔ་རྗེས་གཉིས་སུ་བྱུང་བ་ལས་ཚིག་འདིས་གཙོ་བོ་གཙང་ཁང་གི་སྒོ་བསྟན་པ་དང་། ཡང་ཁྱམས་ཁང་གི་སྒོ་བསྟན་སྐབས། དེ་ཉིད་ལས། “སྒོ་ཉིད་དབུས་ཀྱི་ཕོ་བྲང་གཙང་ཁང་ཅི་བཞིན་ནོ། །སྒོ་གདན་ཕྱོགས་བཞི་ཀུན་གྱི་གཞུང་དང་མཐུན།”4ཞེས་དང་། དེའི་འགྲེལ་པ་འགྲོ་མགོན་བདུད་རྩིས་མཛད་པ་ལས། “གཞིའ་མ་དངུལ་ཞེས་པ་ལས་རྨེའུ་ན་རེ། སྒོ་ཉིད་འོང་བའི་ས་བཅད་ཆུ་རིས་ལ་ཟེར་ཏེ་ཆུའི་སྙིང་པོ་དངུལ་དུ་བཤད་པ་ནི་མི་རིགས་ཏེ། དེ་ལྟར་ན་སྒོ་ཐམས་ཅད་གཞིའ་མ་དངུལ་དུ་བྱེད་པར་ཐལ་བ་ལས། སྒོ་གདན་ཁ་དོག་ཀུན་གྱི་གཞུང་དང་མཐུན་ཅེས་པས་གསལ་ལོ། །དེས་ན་ཤར་ཕྱོགས་སྒོའི་གཞི་མ་དངུལ་ལ་བྱེད་ཅིང་། སྒོ་ཉིད་གསེར་དུ་བྱེད་ལ།”5 ཞེས་སྒོ་ཡི་གཞི་མའམ་སྒོ་གདན་དངུལ་ནི་སྒོ་འགབ་ཆུ་རིས་ཀྱི་ས་རུ་མི་འཐད་པར་སྤྱི་ལྟར་ཤར་དཀར་བྱང་ལྗང་སོགས་ཕྱོགས་མདོག་དང་། དེ་ཡང་གཙང་ཁང་གི་སྒོ་ཤར་དུ་ཡོད་པས་དེའི་ཕྱོགས་མདོག་ཏུ་སྒོ་ཡི་མེ་ལོང་གི་གདན་ཏེ་མཐའ་སྒྲོམ་མམ་གཡས་གཡོན་དཀར་པོ་དངུལ་དང་། སྒོ་ཉིད་གསེར་ཏེ་དབུས་སམ་དཀྱིལ་སེར་པོ་གསེར་ལ་བྱེད་པ་ནི། ཀློང་རྒྱས་ལས། “དབུས་ཀྱི་སྙིང་པོ་སེར་པོ་ལ། །”ཞེས་པ་དང་། ཁྱུང་སྤྲུལ་གྱི་དཀྱིལ་འཁོར་ཐིག་རྩ་ལས། གཞི་མ་དངུལ་གཡས་གཡོན་སྒོ་གདན།ལ་སྒོ་ཉིད་མཐིལ།གསེར། །ཞེས་པ་དང་མཐུན། འགྲོ་མགོན་བདུད་རྩིའི་འགྲེལ་དུ་ཁྱམས་ཁང་གི་སྒོ་བསྟན་སྐབས། “སྒོ་ཉིད་གཙང་ཁང་ཇི་བཞིན་དུ་སེར་པོ་ལ་སྒོ་གདན་ཤར་དཀར་བ་སོགས་ཕྱོགས་མཐུན་ལ།”6ཞེས་དང་། ཁྱུང་སྤྲུལ་གྱི་ཐིག་རྩ་ལས། “འབྱུང་རྩིག་སྒོ་སོགས་གཙང་ཁང་མཐུན། །སྒོ་གདན་ཤར་དཀར་ལ་སོགས་ཏེ། །ཕྱོགས་མདོག་གཞུང་ལུགས་ཀུན་མཐུན་བཤད། །”7 ཅེས་ཕྱོགས་བཞིའི་ཁྱམས་ཁང་གི་སྒོ་ཡི་མེ་ལོང་གི་དཀྱིལ་བཞི་ཀ་གཙང་ཁང་ལྟར་སེར་པོ་གསེར་དང་། སྒོ་གདན་ཏེ་མེ་ལོང་གི་མཐའ་ཤར་དཀར། བྱང་ལྗང་། ནུབ་དམར། ལྷོ་སྔོན་པོ་བཅས་ཕྱོགས་མདོག་བྱེད་པར་གསལ་ཞིང་དེ་ནི། “སྒོ་གདན་ཕྱོགས་བཞི་ཀུན་གྱི་གཞུང་དང་མཐུན།” ཞེས་པའི་དོན་དུ་འགྲེལ་མཛད་པ་ལྟར་འཐད་སྙམ། དེས་ན་དེང་དུས་ཕྱག་ལེན་དུ་སྒོ་འདི་ལྟར་བྲིས་པ་ཉུང་ཡང་ལུང་དོན་རིག་པས་དཔྱད་པའི་ཁུལ་དུ་བྲིས་ཀྱང་ད་དུང་འབྲེལ་ཡོད་མཁྱེན་ལྡན་རྣམ་པས་དཔྱད་ཞིབ་གནད་སྨིན་གནང་བར་ཞུའོ། །

གསུམ། སྒོ་ཁྱུད་སྒོ་འགྲམ་སྒོ་ལོགས་གསུམ་གྱི་ངོས་འཛིན་སྐོར།

  དེ་ལ་ཤར་རྫ་པའི«སྡེ་སྣོད་མཛོད་ཀྱི་འགྲེལ་པ»ལས། “སྒོ་ཁང་ཁྱུད་འགྲམ་ལོགས་གསུམ་དང་ལྡན་པ་འབུར་ཐབས་ཀྱི་རྣམ་པ་ཕྱིར་འཕྱར་བ་ལ།”8ཞེས་དང་། ཁྱུང་སྤྲུལ་གྱི«དཀྱིལ་འཁོར་ཐིག་རྩ»ལས། “སྒོ་ཁང་ཁྱུད་འགྲམ་ལོག་གསུམ་ལྡན། །འབུར་ཐབས་རྣམ་པ་ཕྱིར་འཕྱར་བ། །”9ཞེས་གསལ་ཞིང་དེའི་ཁུངས་ལ་བརྟགས་ན། «ཁྲོ་རྒྱུད་དབལ་མོ་ལས་ཐིག»ལས། “པན་ཙ་ར་གའི་ནང་ནས་ནི། །དཀར་དང་དམར་དང་སེར་བ་དང་། །ལྗང་དང་སྔོན་པོ་རིམ་པ་བཞིན། །སྤེལ་ལ་ངོས་ཀྱི་ནང་དུ་ནི། །སྒོ་འགྲམ་ལོགས་ཀྱི་ནང་དུ་བྲི། །༼སྐྱབས་སྟོན་ཁྲོ་འགྲེལ་དུ་ལུང་དྲངས་པར། སྒོ་ཁྱུད་འགྲམ་དང་ལོགས་སུ་བྲིས། །ཞེས་གསལ་བས་མ་ཕྱི་མི་འདྲ་བ་ཡོད་སྙམ༽ཡ་ཕུབས་ཐད་དཀར༼ཀར༽དེ་བཞིན་མིན། །”10ཞེས་དང་། གཤེན་གཏེར«དྲེལ་དམར་གཟེར་བུ»ལས། “སྒོ་བཞི་ཕྱོགས་དང་མཐུན་པར་བྱ། །འཁྱུད་དང་འགྲམ་དང་ལོགས་སྣམ་བུ། །ཡེ་ཤེས་ལྔ་ལྡན་འབྱུང་བས་བསྐོར། །”11ཞེས་གསལ་ལ། དེ་གསུམ་གྱི་ངོས་འཛིན་སྐོར་ལ། ཡང་དེ་གསུམ་ངོས་འཛིན་གསལ་ཁ་ཅན་གཞན་ཞིག་ནི། «ཁྲོ་རྒྱུད་དབལ་མོ་ལས་ཐིག»ལས། “སྒོ་ཁྱུད་ཕྱི་རིམ་བར་རྣམས་ཀྱི། །ཆ་ནི་ལྷ་མོའི་ཕྲེང་བའི་སར། །བཅད་དེ་འགྲམ་གྱི་ཡར་ཟུར་གྱི། །རྒྱབ་ཀུན་ལྷ་མོའི་ཁྱམས་ཕྱེད་ས། །རིན་ཆེན་ཕ་གུའི་སར་བཅད་དོ། །ལོགས་ཀྱི་ཕྱི་ཡི་ཆ་ཀུན་ལ། །ཕ་གུའི་ཚད་གཉིས་ར་བ་དང་། །དྲྭ་ཕྱེད་ས་རུ་བཅད་པར་བྱ། །ལོགས་ཀྱི་ཕ་ལོགས་དེ་དང་ནི། །ཕུགས་ཀྱི་འཁོར་ཕྱོགས་བར་དུ་ཡང་། །རིན་པོ་ཆེ་ཡི་ཕ་གུའི་ཚད། །ནམ་མཁའ་སྟོང་པའི་སར་བཅད་དོ། །”12ཞེས་སོགས་ཀྱིས་སྒོ་ཁྱུད་དང་། སྒོ་འགྲམ། སྒོ་ལོགས་གསུམ་བསྟན་པ་དང་། རྒྱུད་དོན་འདི་ཉིད་སྐྱབས་སྟོན་ཁྲོ་འགྲེལ་དུ་ཞིབ་པར་བཀྲལ་འདུག་ལ། དེ་ཡང་མདོར་བསྡུས་ན་སྒོ་ཁང་ངམ་གློ་འབུར་ཅན་ཏེ་གྲོག་སྒོ་ལྟར་སྒོ་ཁང་རྩིག་པ་ལ་ལྷུའམ་ཆ་གསུམ་ཡོད་པའི་སྒོ་ཡི་གཡས་ཟུར་གཡོན་ཟུར་ནས་མདུན་དུ་ཕྱིར་འཕར་བའི་ངོས་དང་པོ་ལ་སྒོ་ཁྱུད་དང་། དེའི་སྣ་ནས་གཡས་གཡོན་གཉིས་སུ་དཀྱོག་པ་ལ་སྒོ་འགྲམ། ཡང་བསྐྱར་དེའི་གཡས་གཡོན་ནས་མདུན་དུ་དཀྱོག་པ་དེ་ལ་སྒོ་ལོགས་ཏེ། འདི་དག་དཔེ་རིས་དང་སྦྲེལ་ན་ངོས་ཟིན་སླ་བར་འདུག་གོ །ཡང་དེ་དག་སྐོར་རྗེ་རིན་པོ་ཆེའི«མཚན་མ་རྡུལ་ཚོན་ཐིག་ཚོན»གྱི་རྣམ་དག་གི་སྒོ་བསྟན་སྐབས། “དེ་རྒྱབ་སྒོ་བཞི་ཕྱོགས་འོད་ནི། །དང་པོ་རིན་ཆེན་རྩིག་པའི་ཆ། །གཉིས་དང་གསུམ་ནི་སྒོ་ལོགས་དང་། །བཞི་ལྔ་སྒོ་དང་འགྲམ་ཁྱུད་ཕྱོགས་འོད་དོད། །དྲུག་པ་རྩིག་པས་བསྐོར་བར་བྱ། །བདུན་པ་ནམ་མཁའ་སྟོང་པ་སྔོ། །ཉི་ཟླའི་སྐར་ཁུང་ལྡན་པར་བྱ། །”13ཞེས་དང་། ཡང་ལུང་དེའི་བྱམས་མའི་ཕྱི་སྒོ་བསྟན་སྐབས། “དེ་ནས་ཕྱི་སྒོ་འབྲི་ཚུལ་ནི། །དང་པོ་རིན་ཆེན་རྩིག་པའི་ཆ། །གཉིས་དང་གསུམ་ནི་སྒོ་ལོགས་དང་། །བཞི་ལྔ་འགྲམ་ཁྱུད་ཕྱོགས་ཀྱི་འོད། །དྲུག་པ་རྩིག་པས་བསྐོར་བར་བྱ། །བདུན་པ་ནམ་མཁའ་སྟོང་པ་སྔོ། །”14ཞེས་དང་། དེ་མཚུངས་ཁྱུང་སྤྲུལ«དཀྱིལ་འཁོར་ཐིག་རྩ»ལས་ཀྱང་གསུངས་ཤིང་། དེ་ཡང་གྲོག་སྒོ་ལ་གཞིར་མཛད་དེ་སྒོ་ཡི་གཡས་གཡོན་ནས་དང་། གྱེན་ཐུར་གྱི་ཐིག་ཆ་གཉིས་ལ་བརྩིས་པའི་ངོས་འཛིན་མཛད་འདུག་པ་ལྟར་དཔྱད་རྒྱུ་དང་། ཡང་མདོ་གཟེར་མིག་ནས་བསྟན་པའི་སྒོ་ཁྱུད་སྐོར་ལ། དེ་ཉིད་ལས། “སྒོ་ཁྱུད་གཡས་ན་ལྷ་བུ་གར་མཁན་ནོ། །སྒོ་ཁྱུད་གཡོན་ན་ལྷ་མོ་མཆོད་འབུལ་ལོ། །”15ཞེས་དང་། དེའི་འགྲེལ་པ་འགྲོ་མགོན་བདུད་རྩི་ཅན་ལས། “སྒོ་ཁྱུད་གཡས་གཡོན་གྱི་ལྷ་བུ་གར་མཁན་དང་ལྷ་མོ་མཆོད་འབུལ་ནི། སྒོ་ཡི་ནང་ལོག་གཡས་གཡོན་དུ་མཆོད་པ་འབུལ་མཁན་རེ་རེའོ། །”ཞེས་དང་། དཔོན་སློབ་ཚུལ་རྒྱན་པའི«གསས་ཁང་རྣམ་བཤད་ཨུད་པ་ལའི་ཆུན་པོ»ལས། “སྒོ་ཁྱུད་ཕྱི་ལོག་མཛེས་ཚོན་ལ། །ནང་ལོག་གཡས་སུ་ལྷ་བུ་དཀར། །གཡོན་དུ་ལྷ་མོ་མཆོད་འབུལ་དམར། །”16ཞེས་སྒོ་ཁྱུད་ལ་ཕྱི་ནང་གཉིས་ཡོད་པར་བསྟན་པ་ནི་སློང་ཆའི་སྐབས་དང་། འགྲོ་མགོན་བདུད་རྩིས་ནང་ལོགས་གཅིག་པུར་གསུངས་པ་ནི་བྲིས་ཆའི་སྐབས་སུ་ཡིན་པས་དེ་གཉིས་འགལ་བར་མི་སེམས་སོ། །མ་གཞི་འདིར་སྒོ་ཁྱུད་ལས་གཞན་སྒོ་འགྲམ་དང་སྒོ་ལོགས་གཉིས་དངོས་སུ་མ་གསལ་མོད། སྤྱིར་དཀྱིལ་འཁོར་སྒོ་ཡི་སྐབས་སྒོ་ཁྱུད་དང་སྒོ་འགྲམ་སྒོ་ལོགས་གསུམ་གྱི་ངོས་འཛིན་ཡོད་པ་ནི་གོང་གསལ་དབལ་མོ་ལས་ཐིག་སོགས་ཀྱིས་ཤེས་སོ། །ཡང་ཀློང་རྒྱས་ལྟ་བུ་ཕག་སྒོའི་རིགས་ལ་གློ་འབུར་རམ་སྒོ་ཁང་ཡོད་མེད་དཔྱད་པ་ནི། «གསས་ཁང་རྣམ་བཤད་ཨུད་པ་ལའི་ཆུན་པོ»ལས། “ཁྱམས་ཁང་ཕྱོགས་ཀྱི་སྒོ་བཞི་ནི། །མདོ་ལས་ཀ་བ་བརྒྱད་གཉིས་བར། །ཕག་སྒོ་གདུང་ཚད་མ་ཞིག་བཤད། །ལ་ལས་ཀ་བ་བཞི་བཞིའི་བར། །དབུས་ཀ་གཉིས་གཉིས་སྒོ་རྒྱན་ཚུལ། །ཟུར་ཀ་གཉིས་གཉིས་རེ་བཞིར་འདོད། །ལ་ལས་ནང་རྒྱུད་སྒོ་ལྟར་འདོད། །འོན་ཀྱང་དབུས་ཀ་བཞི་བཞིའི་སོར། །སྒོ་རྒྱན་འདེགས་བྱེད་རིན་པོ་ཆེ། །ཀ་བ་གཉིས་གཉིས་ཡོད་པའི་བར། །”ཞེས་པ་ནས། “འདི་ཡང་ལུང་དང་མི་འགལ་ཏེ། །དྲི་མེད་མདོ་དང་གཟེར་མིག་དང་། །གཟུངས་ཆེན་རྣམས་ཀྱི་དགོངས་མཐུན་དུ། །སྒོ་ཁྱུད་གཡས་གཡོན་རིན་པོ་ཆེའི། །ཀ་བ་རེ་རེ་ཅེས་པས་སོ། །”17ཞེས་སྒོ་ཁང་ངམ་གློ་འབུར་བཞེད་སྲོལ་ལ་མདོ་ལས་ཕྱོགས་སོ་སོའི་ཀ་བ་གཉིས་ཀྱི་བར་དུ་ཕག་སྒོ་བྱེད་པ་དང་། ཡང་ཀ་བ་བཞི་ཅན་བྱེད་པ་དང་། ཡང་ན་ནང་རྒྱུད་སྒོ་སྟེ་གྲོག་སྒོ་ལྟར་ཁྱུད་འགྲམ་ལོགས་གསུམ་དང་ལྡན་པར་བཟོ་བ་བཅས་འདྲ་མིན་འགའ་ཡོད་པ་ལས་སྒོ་ཡི་ཕྱི་ཟུར་གཉིས་སུ་ཀ་བ་གཉིས་རེས་བཏེགས་པའི་སྒོ་རྒྱན་བཟོ་བར་བཞེད་ཅིང་། དེའི་ཁུངས་ཀྱང«མཛད་མདོ་རྒྱས་འབྲིང»གཉིས་དང«རྣམ་རྒྱལ་གཟུངས་ཆེན»དུ། “གསས་ཁང་གི་སྒོ་བཞི་ལ་སྒོ་ཁྱུད་གཡས་གཡོན་དུ་རིན་པོ་ཆེའི་ཀ་བ་རེ་རེ་སྐྱེས་སོ། །”ཞེས་པ་སོགས་ལ་མཛད་འདུག་པ་དང་། «ཁྱུང་སྤྲུལ་ཐིག་རྩ»ལས་ཀྱང་ཀློང་རྒྱས་ལྟར་སྒོ་ཡི་བོན་བདུན་དང་སྦྲེལ་ཏེ་སྒོ་ཁང་ཁྱུད་འགྲམ་ལོགས་བཅས་ངོས་འཛིན་མཛད་འདུག །འོན་ཀྱང«གསས་ཁང་རྣམ་བཤད་ཨུད་པ་ལའི་ཆུན་པོ»ལས། “ལུང་དང་རིག་པ་ཟུང་སྦྲེལ་ནས། །སྤྱན་གྱི་མཛེས་ཆར་བསྟུན་མོད་ཀྱི། །གང་འཐད་མཁྱེན་ལྡན་རྣམས་ཀྱིས་གཟིགས། །”18ཞེས་གསུངས་པ་ལྟར་ད་དུང་དཔྱད་པར་བྱའོ། །

བཞི། སྒོ་ཁྱུད་གཡས་གཡོན་ཞེས་པ་གང་ལ་ངོས་འཛིན་དགོས་པ།

  དེ་ལ་གཞི་རྩའི་སྒོ་ཁྱུད་གཡས་གཡོན་ནི«མདོ་གཟེར་མིག»ལས། “སྒོ་ཁྱུད་གཡས་སུ་ལྷ་བུ་གར་མཁན་ནོ། །གཡོན་དུ་ལྷ་མོ་མཆོད་འབུལ་ལོ། །”ཞེས་དང་། ལྷ་བུ་དང་ལྷ་མོ་དེ་གཉིས་སྐུ་མདོག་ནི«རྗེ་ཡི་དཀྱིལ་འཁོར་ཐིག་རྩ»ལས། “གཡས་སུ་ལྷ་བུ་གར་མཁན་དཀར། །གཡོན་དུ་ལྷ་མོ་མཆོད་འབུལ་དམར། །”ཞེས་དང་། ཁྱུང་སྤྲུལ་གྱི་ཐིག་རྩ་ལས་ཀྱང་དེ་དང་མཐུན་པར་གསུངས་པས་ངོས་འཛིན་སླ། འོན་ཀྱང་དེ་འདྲའི་དཀྱིལ་འཁོར་བྲིས་པ་རྣམས་སུ་གཡས་དཀར་བ་དང་གཡོན་དམར་བ་གཉིས་པོ་ངོས་འཛིན་ཐད་འགའ་ཞིག་གིས་ཁང་པའི་གཡས་གཡོན་ལྟར་བྱས་པ་དང་། ཡང་འགའ་རེས་ཁང་པའི་གཡས་ངོས་སུ་གཡོན་དང་། གཡོན་ངོས་སུ་གཡས་ལ་ངོས་འཛིན་བྱས་པ་ཡང་འདུག་མོད། དེ་ནི་དཀྱིལ་འཁོར་མར་སྦུབ་སྐབས་དམིགས་བསལ་ལྷོ་བྱང་དང་གཡས་གཡོན་ལྡོག་པ་ལྟར་འབྲི་དགོས་པ་དེ་དང་རིགས་འགྲེས་ཀྱིས་བྱུང་བ་ཡིན་ན་མ་གཏོགས་སྤྱིར་ན་ཁང་པའི་གཡས་གཡོན་ལྟར་བྱས་ན་མི་འཐད་པའི་གནོད་བྱེད་ཅང་མ་མཐོང་ངོ་། །དེ་ལྟར་དཀྱིལ་འཁོར་དང་འབྲེལ་བའི་ཕྲན་ཚེགས་འགའ་ཞིག་ཞུས་པ་འདི་དག་ཀྱང་དོན་ཆུང་དུ་མི་བསམ་པར་གཞི་རྩའི་བཟོ་དབྱིབས་དང་དེ་བཞིན་བྲིས་ཆ་དང་སློང་ཆའི་ཁྱད་པར་སོགས་ཞིབ་ཏུ་བསམ་ཚེ་ད་དུང་ཤེས་རྒྱུ་གང་མང་ཡོད་འདུག་རུང་མཐའ་དག་བརྗོད་པར་མ་ནུས་ལ། འདིར་བཤད་པ་རྣམས་ཀྱང་རང་ལུགས་རྒྱལ་བའི་གསུང་རབ་ཀྱི་བསྟན་དོན་ཆ་ཤས་ཙམ་ལའང་དོ་སྣང་རེ་བྱེད་པ་ནི་བློ་ལྡན་མི་ཡི་ལས་སུ་འཁུམས་སམ་སྙམ་སྟེ་ཞུས་པ་ལགས་པས། དེ་བཞིན་འབྲེལ་ཡོད་དཔྱོད་ལྡན་དག་གིས་ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་རེ་བཀའ་དྲིན་སྐྱོང་བར་ཞུ།

  དཔྱད་གཞིའི་ཡིག་ཆ།

  ༡༽འཇིགས་མེད་ནམ་མཁའ། «ཕྱི་ནང་གསང་གསུམ་དཀྱིལ་འཁོར་འབྲི་ཐབས་རབ་འབྱམས་རིག་པའི་སྒོ་འབྱེད» ལག་བྲིས་དཔེ་གཟུགས།

  ༢༽ སྟོན་པ་སངས་རྒྱས། «མཛད་མདོ་དྲི་མེད་གཟི་བརྗིད» ང་པ། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ། དེབ་གྲངས་བཅུ་གཅིག་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༡

  ༣༽སྟོན་པ་སངས་རྒྱས། «མཛད་མདོ་དྲི་མེད་གཟི་བརྗིད» ཆ་པ། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ། དེབ་གྲངས་བཅུ་གསུམ་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༡

  ༤༽སྟོན་པ་སངས་རྒྱས། «འདུས་པ་རིན་པོ་ཆེའི་རྒྱུད་གཟེར་མིག་ལེའུ་བཅོ་བརྒྱད་པ» སྨད་ཆ། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ། དེབ་གྲངས་ཉི་ཤུ་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༡

  ༥༽འགྲོ་མགོན་བདུད་རྩི་རྒྱལ་མཚན། «ཀློང་རྒྱས་འགྲེལ་པ་ལེགས་བཤད་ཉི་མའི་རྒྱན» དེབ་གཟུགས། སྦྲང་དཀར་པར་འདེབས་ཁང་།

  ༦༽རྗེ་རིན་པོ་ཆེ། «མཚན་མ་རྡུལ་ཚོན་ཐིག་ཚོན་གསལ་བྱེད་འཕྲུལ་གྱི་མེ་ལོང» སྒོ་བཞི་མཛོད་ལྔའི་ཡང་བཅུད། དེབ་སོ་གཅིག་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣

  ༧༽ཤར་རྫ་བཀྲ་ཤིས་རྒྱལ་མཚན། «སྡེ་སྣོད་རིན་པོ་ཆེའི་མཛོད་ལས་འབྲས་བུ་གསང་སྔགས་ཐེག་པའི་འགྲེལ་པ་གསང་དོན་གསལ་བའི་སྒྲོན་མ» ཞང་བོད་རིག་གཞུང་སྙིང་གཏེར། དེབ་གཟུགས། ནུབ་མཚོ་ས་ཁྲ་དཔར་འདེབས་བཟོ་གྲྭ།

  ༨༽ཀུན་ཏུ་བཟང་པོ། «དབལ་མོ་ལས་ཐིག་གཡུང་དྲུང་གསང་བའི་རྒྱུད» སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས། དེབ་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨

  ༩༽ཚུལ་ཁྲིམས་རྒྱལ་མཚན། «གསས་ཁང་རྣམ་བཤད་ཨུད་པ་ལའི་ཆུན་པོ» ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་གྱི་གསུང་འབུམ། དེབ་གསུམ་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥

  ༡༠༽སྟོང་རྒྱུང་མཐུ་ཆེན། «སྲིད་པ་རྒྱལ་མོའི་ཡང་ཐིས་གསང་བ་ཐུགས་ཀྱི་བརྣག་པ་མ་མོ་འདུས་པའི་ཡང་སྙིང་རྒྱལ་མོ་ཐུགས་ཀྱི་གཟེར་བུའི་སྒྲུབ་ཐབས» བོན་གྱི་བརྟེན་འགྱུར་ཆེན་མོ། པོད། ༢༦༩ ལག་བྲིས་དཔེ་གཟུགས།

  དཔྱད་མཆན།

  1 «ཕྱི་ནང་གསང་གསུམ་དཀྱིལ་འཁོར་འབྲི་ཐབས་རབ་འབྱམས་རིག་པའི་སྒོ་འབྱེད» ཤོག་ངོས། ༧ པར་གསལ།

  2 གོང་མཚུངས་ཤོག་ངོས། ༣༥པར་གསལ།

  3 «གཤེན་རབ་ཀྱིས་འཕྲིན་ལས་བཅོ་བརྒྱད་ཀྱི་དོན་བསྟན་པའི་ལེའུ» ཤོག་ངོས། ༥༧༤པར་གསལ།

  4 གོང་མཚུངས་ཤོག་ངོས། ༥༧༦པར་གསལ།

  5 «ཀློང་རྒྱས་འགྲེལ་པ་ལེགས་བཤད་ཉི་མའི་རྒྱན»ཤོག་ངོས། ༡༡༢པར་གསལ།

  6 «ཀློང་རྒྱས་འགྲེལ་པ་ལེགས་བཤད་ཉི་མའི་རྒྱན»ཤོག་ངོས། ༡༡༤པར་གསལ།

  7 «ཕྱི་ནང་གསང་གསུམ་དཀྱིལ་འཁོར་འབྲི་ཐབས་རབ་འབྱམས་རིག་པའི་སྒོ་འབྱེད» ཤོག་ངོས༡༩ པར་གསལ།

  8 «སྡེ་སྣོད་རིན་པོ་ཆེའི་མཛོད་ལས་འབྲས་བུ་གསང་སྔགས་ཐེག་པའི་འགྲེལ་པ་གསང་དོན་གསལ་བའི་སྒྲོན་མ»ཤོག་ངོས། ༧༡༡པར་གསལ།

  9 «ཕྱི་ནང་གསང་གསུམ་དཀྱིལ་འཁོར་འབྲི་ཐབས་རབ་འབྱམས་རིག་པའི་སྒོ་འབྱེད» ཤོག་ངོས། ༩ པར་གསལ།

  10 «དབལ་མོ་ལས་ཐིག་གཡུང་དྲུང་གསང་བའི་རྒྱུད» སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས། དེབ་དང་པོ། ཤོག་ངོས། ༣༤༢པར་གསལ།

  11 «སྲིད་པ་རྒྱལ་མོའི་ཡང་ཐིས་གསང་བ་ཐུགས་ཀྱི་བརྣག་པ་མ་མོ་འདུས་པའི་ཡང་སྙིང་རྒྱལ་མོ་ཐུགས་ཀྱི་གཟེར་བུའི་སྒྲུབ་ཐབས» ལག་བྲིས་དཔེ་གཟུགས། ཤོག་ངོས། ༣པར་གསལ།

  12 «དབལ་མོ་ལས་ཐིག་གཡུང་དྲུང་གསང་བའི་རྒྱུད» སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས། དེབ་དང་པོ། ཤོག་ངོས། ༣༤༡པར་གསལ།

  13 «མཚན་མ་རྡུལ་ཚོན་ཐིག་ཚོན་གསལ་བྱེད་འཕྲུལ་གྱི་མེ་ལོང» སྒོ་བཞི་མཛོད་ལྔའི་ཡང་བཅུད། དེབ་སོ་གཅིག་པ། ཤོག་ངོས། ༡༡༦པར་གསལ།

  14 གོང་མཚུངས་ཤོག་ངོས། ༡༢༡ པར་གསལ།

  15 «གཤེན་རབ་ཀྱིས་འཕྲིན་ལས་བཅོ་བརྒྱད་ཀྱི་དོན་བསྟན་པའི་ལེའུ» ཤོག་ངོས། ༥༧༤པར་གསལ།

  16 «གསས་ཁང་རྣམ་བཤད་ཨུད་པ་ལའི་ཆུན་པོ» ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་གྱི་གསུང་འབུམ། དེབ་གསུམ་པ། ཤོག་ངོས། ༨༥པར་གསལ།

  17 «གསས་ཁང་རྣམ་བཤད་ཨུད་པ་ལའི་ཆུན་པོ»ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་གྱི་གསུང་འབུམ། དེབ་གསུམ་པ། ཤོག་ངོས། ༨༢ པར་གསལ།

  18 «གསས་ཁང་རྣམ་བཤད་ཨུད་པ་ལའི་ཆུན་པོ»ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་གྱི་གསུང་འབུམ། དེབ་གསུམ་པ། ཤོག་ངོས། ༨༢ པར་གསལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།