བོན་གྱི་ལོ་རིམ་མམ་ལོ་གཏོ་བཅའ་བའི་ལམ་ལུགས།
[ཟླ་ཚེས། 2024-02-17 12:28:54][རྩོམ་པ་པོ། དགེ་བཤེས་གཙུག་གཤེན་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༄༅། །བོད་ཀྱི་སྲོལ་རྒྱུན་ལུགས་སྲོལ་བོན་གྱི་ལོ་རིམ་མམ་ལོ་གཏོ་བཅའ་བའི་ལམ་ལུགས་ལ་ཐོག་མར་དཔྱད་པ།
དགེ་བཤེས་གཙུག་གཤེན་རྒྱལ་མཚན།
[གནད་བསྡུས།] རྩོམ་ཡིག་འདིར་གཙོ་བོ་མིའི་རིགས་རིག་པ་སྨྲ་བ་ལ་ཏེ་ཁོ་ལི་ཧྥུ-པུའུ་ལང(Alfred Radcliffe-Brown 1881-1955)ལགས་ཀྱི་གྲུབ་ཚུལ་བྱེད་ནུས་རིང་ལུགས་ཀྱི་ཐབས་ལམ་གྱི་མཐོང་སྣེ་སྤྱད་དེ། བོད་ཀྱི་སྲོལ་རྒྱུན་ལུགས་སྲོལ་བོན་གྱི་ལོ་གཏོ་བཅའ་བའི་ལམ་ལུགས་ཀྱི་མིང་བརྡ་དང་བྱུང་རིམ། འཕེལ་འགྱུར། སྒྱུ་རྩལ། གྲུབ་ཆ། སྒྲོམ་གཞི། ཆོ་གའི་བྱེད་ནུས་དང་ཁྱད་ཆོས་སོགས་ལ་བརྟགས་ཤིང་དཔྱད་ནས་ལམ་ལུགས་འདི་ནི་མི་ཆོས་རིག་གནས་དང་ལྷ་ཆོས་རིག་གནས་ཟུང་གི་ཁྱད་ཆོས་ལྡན་པའི་བོད་མིའི་འཇིག་རྟེན་ལྟ་བ་དང་རིན་ཐང་ལྟ་བ་ལས་མངོན་པའི་ཆོས་ལུགས་བྱེད་སྒོ་ཞིག་གམ་ལུགས་སྲོལ་ཞིག་ཡིན་པ་གླེང་ཡོད།[གནད་ཚིག] ལོ་གཏོ། དུས་བོན། བོན་གཤེན། མི་ཆོས་རིག་གནས། ལྷ་ཆོས་རིག་གནས།
དང་པོ། གླེང་གཞི།
བོན་གྱི་གྲུབ་མཐར་དད་གུས་བྱེད་པའི་ཡུལ་སྡེ་ཕལ་ཆེར་ལ་ཐུན་མོང་གི་ལམ་ལུགས་ཤིག་ཡོད་པ་ནི། དུད་ཚང་རེ་རེས་ལོ་རེ་བཞིན་ཆག་མེད་དུ་ལོ་རིམ་མམ་ལོ་གཏོ་བཅའ་བའི་ཆོས་ལུགས་བྱེད་སྒོ་ཞིག་སྤེལ་སྲོལ་ཡོད་པ་དེ་རེད། ལོ་གཏོ་བཅའ་བ་ནི་དུད་ཚང་དེ་ལ་མཚོན་ན་ལོ་གཅིག་ནང་གི་ཆེས་གལ་ཆེ་ཤོས་ཀྱི་དོན་དག་ཅིག་ཏུ་བརྩི་བཞིན་ཡོད། ལམ་ལུགས་འདི་ནི་བོན་བསྟན་དར་བའི་ས་ཁུལ་ཕལ་ཆེར་ལ་ཁྱབ་ཡོད་ཅིང་། ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པའི་བོད་ཀྱི་སྲོལ་རྒྱུན་ལུགས་སྲོལ་ཞིག་ཡིན་པ་བསྙོན་དུ་མེད། དེར་བརྟེན། ད་ལན་ཕྲན་ནས་བོད་ཁུལ་གྱི་ས་གནས་མི་འདྲ་བ་ཁག་ལྔ་བདམས་ནས་དེ་དག་གི་ལོ་གཏོ་བཅའ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། འབྲེལ་ཡོད་ཡིག་ཚང་སྔོག་འདོན་སོགས་ཀྱི་ལྟ་གོན་གྲུབ་རྗེས་མིའི་རིགས་རིག་པའི་ཐབས་ལམ་ཁ་ཤས་ཀྱི་མཐོང་སྣེ་སྤྱད་དེ་ཞིབ་འཇུག་རྩོམ་ཡིག་འདི་བྲི་རྒྱུ་བྱས་པ་ཡིན། ས་གནས་ལྔ་ནི་ཁྱུང་པོ་རྨ་སྲིབ་དང་ཚ་རོང་གད་རལ། འབྲི་རུ་རྩ་ཡག གཉན་རོང་སོག་སྡེ། དྭང་ར་དགུན་སྐྱིད་སྦུག་བཅས་ཡིན། དེ་ཡང་ཕྲན་ནས་བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་ཟམ་ཞིག་ཤང་རྨ་སྲིབ་གྲོང་གི་བོན་གཤེན་ལྷ་སྒང་དང་དར་ལྷ་རྣམ་གཉིས(བཅར་འདྲིའི་དུས་ཚོད།༢༠༢༤-༡-༨)དང་། ཆབ་མདོ་མཛོ་སྒང་རྫོང་གླིང་ཁ་འོག་མ་ཤང་གཤེན་ལྷ་དགོན་དུ་བཞུགས་པའི་དགེ་བཤེས་བྱམས་པ་བློ་ལྡན(༢༠༢༤-༡-༡༢)། བོད་ལྗོངས་ནག་ཆུ་གཉན་རོང་རྫོང་སོག་སྡེ་བོན་དགོན་དུ་བཞུགས་པའི་དགེ་བཤེས་ཚེ་དབང་སྙིང་པོ(༢༠༢༤-༡-༡༤)། ནག་ཆུ་འབྲི་རུ་རྫོང་པད་དཀར་ཤང་དངུལ་ཁོ་དགོན་དུ་བཞུགས་པའི་དགེ་བཤེས་ཚུལ་ཁྲིམས་སྨོན་ལམ(༢༠༢༤-༡-༡༦)། གཞིས་ཀ་རྩེ་ངམ་རིང་རྫོང་དགུན་སྐྱིད་སྦུག་ཤང་གི་གྲྭ་བཙུན་གཡུང་དྲུང་བསྟན་འཛིན(༢༠༢༤-༡-༡༧)བཅས་ལ་ཆེད་དུ་བཅར་འདྲི་ཞུས་པ་ཡིན། གཤམ་ནས་ཕྲན་གྱིས་ཆོ་ག་འདིའི་མིང་བརྡ་དང་ལོ་རྒྱུས་འཕེལ་རིམ། གྲུབ་ཆ་དང་སྒྲོམ་གཞི། བཅའ་བའི་དུས་ཚོད། སྒྱུ་རྩལ་ཁྱད་ཆོས། ཆོ་གའི་བྱེད་ནུས། ཆོ་གའི་ཁྱད་ཆོས། ཡུན་རིང་དུ་གནས་ཐུབ་པའི་རྒྱུ་མཚན། ད་ལྟའི་གནས་བབ་དང་མ་འོངས་པའི་ཁ་ཕྱོགས་བཅས་ཀྱི་སྐོར་ནས་གླེང་རྒྱུ་ཡིན།
གཉིས་པ། ལོ་གཏོ་ཆོ་གའི་མིང་བརྡ་སྦྱོར་སྲོལ་ལ་དཔྱད་པ།
ཆོ་ག་འདིའི་མིང་འབོད་སྟངས་ཐད་ལ་ཡུལ་ལུང་ཁག་གི་བར་དུ་ཅུང་མི་འདྲ་བ་བྱུང་ཡོད། དཔེར་ན། ཁྱུང་ཡུལ་རྨ་སྲིབ་གྲོང་གིས་རིམ་གྲོ་ཞེས་དང་། གཉན་རོང་སོག་སྡེས་གསོལ་ཁ། འབྲི་རུ་རྩ་ཡག་གྲོང་ནས་ལོ་གཏོ། དྭང་ར་དགུན་སྐྱིད་སྦུག་ནས་ལོ་རིམ། ཚ་རོང་གད་རལ་གྲོང་ནས་ལོ་གཏོ་ཞེས་འབོད་པ་བཅས་མི་འདྲ་བ་ཁག་བཞི་ཙམ་བྱུང་ཡོད། འདི་དག་ལས་འབྲི་རུ་རྩ་ཡག་དང་ཚ་རོང་གད་རལ་གཉིས་ཀྱི་འབོད་ཚུལ་གཅིག་མཐུན་བྱུང་ཡོད། མཚམས་འདི་ནས་ང་ཚོས་མིང་བརྡ་འདི་དག་ལ་དཔྱད་ཞིབ་ཅུང་ཙམ་བཏང་ན། གཅིག “རིམ་གྲོ”ཞེས་པའི་ཐ་སྙད་འདི་ནི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ལས་མང་དུ་འབྱུང་གི་ཡོད། དེ་དག་ལས་སྔ་གྲས་སུ་གྱུར་པ«ཀོང་དེ་མོའི་བྲག་བརྐོས་ཡི་གེ»ལས“མཆེད་གཉྀས་ཀྱི། སྐུ་བླ་གཉན་པོ་གསོལ་བ་དང་། སྐུ་བླ་དེ་མོ་དང་བཤོས་པ་ཡབ་ལྷ་བདག་བགྱྀད་ཀྱིས་ཀྱང་། ལྷ་སྲས་ཀྱྀ་སྐུ་རྀམ་གྲོ་ལ། བདགྀ་སྲོག་ལའ་བབ་པ་མན་ཆད་ཀྱྀ་ཆོ་གར་མཛད་པ། སྲོག་ཕོངས་མ་བགྱྀས་ཏེ།”[1]ཞེས་གསལ་ཡོད། བཀའ་གཙིགས་འདི་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན(༧༤༢-༧༩༧)གྱིས་ཀོང་དཀར་པོ་རྗེ་ལ་གནང་བ་ཞིག་ཡིན། «སྦ་བཞེད་ཞབས་བཏགས་མ»ལས“རྒྱལ་པོའི་ཧྭ་ཤང་ན་རེ། རྒྱལ་པོ་ཁྱོད་ཀྱི་བཙུན་མོ་ལ་སྲས་བྱང་ཆུབ་སེམས་དཔའ་ངེས་པ་༡བཙའ་བར་ངེས། དེ་ལ་རིམ་གྲོ་བསྐྱེད་ཅིག་མཆི།”[2]ཞེས་གསལ་ཡོད། དེ་བཞིན«ཧོར་གླིང་གཡུལ་འགྱེད»ལས“ཧོར་ཕར་འདུལ་སྐབས་གླིང་གེ་སར་རྒྱལ་པོ་ཁོང་ཉིད་འཇང་གི་མོ་མ་ཀུན་ཤེས་ཐིག་པོར་སྤྲུལ་ནས་ཧོར་ལ་མོ་ལོག་བསྟན་པ་སྟེ། ཧོར་རྗེ་གུར་དཀར་རྒྱལ་པོའི་སྐུ་རིམ་ལ། མཐོ་གནམ་ཐེལ་དཀར་བོ་ལ་རྟ་དཀར་བཤས་པའི་ཤ་དྲོངས། ལག་པ་གཡོན་པར་རྟ་རྔ་བཟུང་ནས་ལྷ་འབོད་ཀྱིས། བར་ཐེལ་ཁྲ་བོ་ལ་རྟ་ཁྲག་ཟོ་བ་གང་ཐབ་ཀའི་ནང་ནས་མཆོད། ས་ཐེལ་ནག་པོ་ལ་ཁྱི་ནག་དོམ་བུ་བསད་པའི་ཚིལ་གྱིས་བདུག”[3]ཅེས་གསལ་བས་སྐུ་ཡི་རིམ་གྲོའམ་སྐུ་རིམ་ཞེས་པའི་གོ་དོན་ནི་དཔོན་པོ་དང་བླ་མ་སོགས་ཆེན་པོ་གང་ཞིག་གི་སྐུ་ཡི་རྐྱེན་སེལ་དང་ཞབས་བརྟན་ཆེད་དུ་བསྒྲུབ་བྱའི་ཆོ་ག་ལ་གོ་བ་ཤེས་ཐུབ། གཞན་ཡང་རྨ་སྟོན་སྲིད་འཛིན(༡༠༩༢-?)གྱིས་གཏེར་བཞེས་པའི་བོན་དཔེ«གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད»ལས“ནོར་བུ་རིན་ཆེན་རང་ལ་ཡོད་གྱུར་ཀྱང་། བཀུར་བསྟི་མཆོད་པའི་རིམ་གྲོ་མ་དག་ན། བསམ་པའི་ཡོན་ཏན་གང་ཡང་འཕེལ་མི་འགྱུར། བཀུར་བསྟི་རིམ་གྲོས་སྦས་ཤིང་བཙས་སྤྱད་ན། ལེགས་པའི་ཡོན་ཏན་ཐམས་ཅད་དེ་ལས་འབྱུང་།”[4]ཞེས་བྱུང་ཡོད་ལ། སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་ཀྱིས་རབ་བྱུང་བརྒྱད་པའི་མེ་སྤྲེལ(༡༤༧༦)ལོར་བརྩམས་པའི«བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང»ལས་རིམ་གྲོ་ཞེས་པའི་ཐ་སྙད་ལ་འགྲེལ་བ་སྐྱོན་སྐབས“བཀུར་སྟི་དང་མཆོད་པའི་མིང་གི་རྣམ་གྲངས།”[5]ཞེས་སོགས་བན་བོན་གྲུབ་མཐའ་ཁག་གི་ཡིག་ཆ་དང་དེང་གི་ཚིག་མཛོད་མང་པོར་རིམ་གྲོ་ནི་མཆོད་པ་ལ་གོ་དགོས་པར་བཤད་པའང་ཡོད་དོ། །
གཉིས། “གསོལ་ཁ”ཞེས་པའི་ཐ་སྙད་འདི་ཉིད་ནི་བོན་དཔེ་ཁག་ལས་རྒྱུན་མཐོང་དུ་གྱུར་ཡོད་ཅིང་། དེ་དག་ལས་ཁ་ཤས་དྲངས་ན། རྗེ་བཙུན་ཁྲོ་ཚང་འབྲུག་ལྷས་སྤྱི་ལོ༩༨༠ལོར་གཏེར་བཞེས་པར་གྲགས་པའི«ཕྱྭ་གཤེན་དཔྱད་དོན་སྒྱུ་མ་གསེར་འབུམ»ལས“འདི་སྟོད་ཀྱི་རྡེལ་དྲུག་དཀར་ཐོག་ཡིན། ལྷ་མོའི་རིགས་མ་དགའ་བ་ཡིན། སྲིད་པ་རྒྱལ་མོའི་གསོལ་ཁ་བྱ།”[6]ཞེས་དང་། «གཟུངས་སྡེ་རྣམ་རྒྱལ་རིན་ཆེན་ཕྲེང་བ»ལས“ཡུལ་ས་རྣམས་ལ་གསོལ་ཁ་མཆོད། འབྲུ་འཕེལ་ལོ་ལེགས་གནས་བརྟན་འགྱུར།”[7]ཞེས་གསལ་ལ། སྤྲུལ་སྐུ་བློ་ལྡན་སྙིང་པོས(༡༣༦༠-༡༤༠༦)སྙན་རྒྱུད་བྱས་པའི«མདོ་དྲི་མེད་གཟི་བརྗིད»ལས“ངེད་རང་མིང་སྲིང་ཡང་དགའ་སྟོན་གྱི་བསྙེན་བཀུར་ཞིག་ཀྱང་གཟབས་ཟེར་ནས་ཕོ་བྲང་དུ་སོང་སྟེ། འབྲས་དཀར་གྱི་ཕྱེ་མ་དང་། བཤོས་ཆ་དང་། མང་ཐུན་དང་། དཀར་གསུམ་དང་། མངར་གསུམ་དང་། འབྲས་ཆང་དང་། ནས་ཆང་། ལི་རྒུན་གྱི་ཉིང་ཁུ་དང་། སྨན་སྤོས་དང་། མེ་ཏོག་གི་སྦྲང་རྩི་ལ་སོགས་པ་ཕུན་སུམ་ཚོགས་པ་ཁྱེར་ནས་སོང་སྟེ། མེ་ཏོག་གླིང་ལ་བཤམས་ནས་གནམ་དང་རྒྱལ་པོ་ལ་མཆོད་པ་བྱས་སོ། །དམ་ཅན་སྲུང་མ་ལ་གསོལ་ཁ་བྱས་སོ། །”[8]ཞེས་གསལ་ལ། དེང་གི་ཚིག་མཛོད་ཁག་ཏུ་ཡང་གསོལ་ཁར་འགྲེལ་བཤད་རྒྱག་སྐབས་གཙོ་བོ་ལྷ་ལ་མཆོད་པ་འབུལ་བར་འཇུག་པ་བཤད་ཡོད། བོན་ལུགས་ལ་གསོལ་ཡིག་ཅེས་པའི་གླེགས་བམ་ཞིག་ཡོད་ལ། དེ་ནི་བསང་བརྔན་དང་གཞི་བདག་མཆོད་ཐབས། སྲུང་མའི་བསྐང་ཡིག་སོགས་ཀྱིས་གྲུབ་པ་ཞིག་ཡིན། དེས་ན་གསོལ་ཁ་ཞེས་པ་ནི་བོད་ཀྱི་གནའ་བོའི་ཐུན་མིན་གྱི་ཐ་སྙད་ཅིག་སྟེ་སྲུང་མ་དང་གཞི་བདག་མཆོད་ཐབས་ལ་འབྲེལ་བ་ཞིག་ལ་གོ་སྙམ་མོ། །
གསུམ། ལོ་གཏོ་ཞེས་པའི་ཐ་སྐད་འདི་ནི་བོད་ཀྱི་འབྲོག་ཁུལ་དུ་གཏོགས་པའི་འབྲི་རུ་རྫོང་པད་དཀར་ཤང་རྩ་ཡག་གྲོང་ཚོ་དང་། བོད་ཀྱི་རོང་ཁུལ་ཏེ་ཚ་རོང་མཛོ་སྒང་རྫོང་གླིང་ཁ་འོག་མ་ཤང་གད་རལ་གྲོང་ཚོ་གཉིས་ཀྱིས་མ་གྲོས་གཅིག་མཐུན་ངང་འབོད་པ་ཞིག་རེད། ལོ་རིམ་ནི་དྭང་ར་དགུན་སྐྱིད་སྦུག་གྲོང་གིས་འབོད་པ་རེད། ཐ་སྙད་འདི་གཉིས་ཡིག་ཚང་ཁག་ནས་མཐོང་དཀོན་པོར་གྱུར་ཡོད། དེ་ཡང་ཐ་སྙད་འདི་གཉིས་ནི་བསྡུས་ཚིག་ཅིག་ཡིན་ཏེ་ལོ་དུས་ཀྱི་གཏོ་ཆོག་ལ་ལོ་གཏོ་དང་ལོ་དུས་ཀྱི་རིམ་གྲོ་ལ་ལོ་རིམ་ཞེས་སྨྲས་པ་ཞིག་རེད། ཐ་སྙད་འདི་དག་ནི་ཡུལ་མི་རྣམས་ཀྱིས་བྱེད་སྒོ་འདིའི་ནང་དོན་དང་ཁྱད་ཆོས་སོགས་ལ་གཞིགས་ནས་གསར་དུ་བཟོས་པ་ཞིག་ཏུ་བརྩི་ཆོག་ལ། རིམ་གྲོ་དང་གསོལ་ཁ་གཉིས་ལ་ལྟོས་ཏེ་ཐ་སྙད་འདི་གཉིས་ཆོ་ག་འདིར་འཚམ་ཤོས་ཀྱི་མིང་བརྡ་ཞིག་ཏུ་གྱུར་ཡོད་དེ། རིམ་གྲོ་ནི་ཆོ་ག་འདི་ལས་གཞན་པའི་ཞབས་བརྟན་དང་མཆོད་པ་སོགས་ལ་འཇུག་པས་ཁྱབ་ཆེ་བའི་སྐྱོན་དང་། གསོལ་ཁ་ནི་ཆོ་ག་འདིའི་ནང་གསེས་ཀྱི་ཚན་པ་གཅིག་ལ་འཇུག་པ་ལས་གཞན་ལ་མི་འཇུག་པས་ཁྱབ་ཆུང་བའི་སྐྱོན་ལྡན་པས་ཡིན། ལོ་རྒྱུས་འཕེལ་རིམ་གྱི་ངོས་ནས་བརྟགས་ན་ཆོ་ག་འདིར་གསོལ་ཁ་ཞེས་པའི་མིང་བརྡ་སྦྱོར་སྲོལ་སྔོན་ལ་བྱུང་བ་དང་། དེ་ནས་རིམ་བཞིན་དུ་རིམ་གྲོ་དང་ལོ་གཏོ་སོགས་འབོད་སྲོལ་བྱུང་བ་ཞིག་ཡིན་ནོ། །
གསུམ་པ། ལོ་གཏོ་ཆོ་གའི་ལོ་རྒྱུས་བྱུང་རིམ་དང་འཕེལ་འགྱུར་གླེང་བ།
གཅིག ལོ་རྒྱུས་ཀྱི་བྱུང་རིམ།
དེ་ཡང་ལོ་གཏོ་ཆོ་ག་འདི་ནི་བོད་ཀྱི་ཆེས་གདོད་མའི་ལུགས་སྲོལ་ཏེ་ཡུལ་ལྷ་གསོལ་བའི་ལམ་ལུགས་དང་འབྲེལ་བ་དམ་ཟབ་ལྡན་ལ། བོད་ཀྱི་ཡུལ་ལྷ་གསོལ་བའི་ལུགས་སྲོལ་ལ་ལོ་ངོ་ཇི་ཙམ་གྱི་ལོ་རྒྱུས་ལྡན་པ་སུས་ཀྱང་ཁ་ཚོན་བཅད་དེ་སྨྲ་མི་ཐུབ། ཡུལ་ལྷ་གསོལ་བའི་ལམ་ལུགས་བྱུང་བ་དང་རིམ་བཞིན་ལམ་ལུགས་དེ་དང་འབྲེལ་བའི་ཆོ་ག་དང་ཆོ་ག་སྤེལ་མཁན་བྱུང་ཡོད་པ་རེད། གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་ཐོན་པའི་བོན་གྱི་གནའ་དཔེ་ལས་ཡུལ་ལ་ནད་ཡམས་དང་མི་དགེ་བ་བྱུང་བའི་དུས་སུ་ཡུལ་དཔོན་གྱིས་ཕོ་ཉ་མངགས་ཏེ་བོན་གཤེན་གདན་དྲངས་ནས་གཏོ་བཅས་པའི་སྐོར་མང་པོ་གསལ་ཡོད། དཔེ་རྙིང་འདི་ནི་བོད་རིག་པ་སྨྲ་བའི་ཁྱུ་མཆོག་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཀྱིས་དུས་རབས་བརྒྱད་པའི་ནང་དུ་གཏུག་ཐུབ་ཀྱི་མེད་འགྲོ[9]གསུངས་ཡོད་པ་རེད། གཞན་ཡང་བན་བོན་གྲུབ་མཐའ་ཁག་གི་ཆོས་འབྱུང་མང་པོར་རྗེ་གཉའ་ཁྲི་བཙན་པོའི་སྐབས་སུ་བོན་ཤེས་པ་བཅུ་གཉིས་ཡོད་པ་བཞེད་ཡོད། བོན་ཤེས་པ་བཅུ་གཉིས་ནི་༡མགོན་ཤེས་ལྷ་བོན། ༢གཡང་ཤེས་ཕྱྭ་བོན། ༣འགྲོ་ཤེས་གླུད་གཏོང་། ༤འདུར་གཤེན་སྲིད་གཤེན། ༥གཙང་ཤེས་སེལ་བོན། ༦སྒྲོལ་ཤེས་ལྟ་བོན། ༧ཕན་ཤེས་སྨན་དཔྱད། ༨སྐོས་ཤེས་རྩིས་བོན། ༩སྨྲ་ཤེས་གཏོ་དགུ། ༡༠ལྡིང་ཤེས་ཤ་བ། ༡༡འཕུར་ཤེས་ཇུ་ཐིག ༡༢འགྲོ་ཤེས་འཕྲུལ་བོན་བཅས་ཡིན། འདི་དག་ཕལ་ཆེ་བ་ནི་གཏོ་ཆོག་གི་བྱ་བ་སྒྲུབ་མཁན་ཡིན། དེ་བཞིན་བོད་ཀྱི་བཙན་པོ་རིམ་བྱོན་ལ་སྐུ་གཤེན་ཟེར་བ་ཞིག་དམིགས་བསལ་ཡོད་ཅིང་དེ་དག་ནི་རྒྱལ་པོའི་སྐུ་སྲོག་འཚོ་བའི་ཆེད་དུ་རྐྱེན་སེལ་རིམ་གྲོ་སྒྲུབ་མཁན་ཞིག་ཡིན། འོན་ཀྱང་། དེ་དག་གིས་རིམ་གྲོ་སྒྲུབ་པའི་དུས་ཚོད་དང་གོ་རིམ་གང་འདྲ་ཡིན་པ་གསལ་པོ་ཞིག་རྟོགས་ཐབས་བྲལ། མདོར་ན། གཏོ་ཆོག་སྒྲུབ་པའི་ལམ་ལུགས་འདི་ནི་ཐུབ་བསྟན་ཆོས་ལུགས་བོད་ལ་མ་དར་བའི་གོང་ནས་ཡོད་པའི་བྱེད་སྒོ་ཞིག་གམ། བོད་ཀྱི་རྒྱལ་འབངས་ཐུན་མོང་གི་གོམས་གཤིས་སུ་ཆགས་ཟིན་པའི་ལུགས་སྲོལ་ཞིག་ཡིན།
དམིགས་བསལ་དོ་སྣང་དགོས་པ་ཞིག་ནི་བོན་གྱི་ཡིག་ཚང«བསྒྲགས་བྱང»ལས“རྒྱལ་པོ་ང་ནི་དབང་གི་དྲེགས་པ་དང་ལྡན། ཁྱེད་བོན་པོ་རྣམས་མཐུ་ཡི་དྲེགས་པ་དང་ལྡན་པས། འོ་སྐོལ་ལྷན་གཅིག་མི་ཤོང་འདུག་པས། ལྷ་བོན་སྒོ་བཞི་དང་གྱིམ་བུ་ལེན་ཚ་དང་གེ་ཁོད་ཐིས་འཕན་རྣམས་བདག་གི་སྐུ་གཤེན་དུ་ཞོག གཤེན་པོ་ཕྱི་མ་རྣམས་བོད་ཡུལ་རུ་བཞི་ལས་འདས་པར་གཤེགས།”[10]ཞེས་གསལ་བ་དང་། «སྦ་བཞེད»ལས“ཞང་ཞུང་དང་ཚེ་མིས་རྗེའི་སྐུའི་བར་ཆད་སེལ་བའི་ཕྱིར། འདྲེ་སྲིན་ལ་དུས་བོན་རེ་བྱ་བ་ལས་གཞན་མི་བྱ་བ་དང་། གཤིན་ཆེད་དུ་རྟ་གསོད་པ་དང་། དངོས་སུ་ཤ་མི་ཟ་བར་ཆད། བོན་དཔེ་ཀུན་ཆབ་ལ་བསྐྱུར། ལྷག་མ་ཕྱིས་མཆོད་རྟེན་ནག་པོར་མནན།“[11]ཞེས་གསལ་ཡོད་པ་རེད། འདིས་དོན་དག་གཉིས་གསལ་བཤད་བྱེད་ཐུབ་སྟེ། གཅིག་ནས་དུས་སྐབས་དེར་བཙན་པོའི་ཁྱིམ་རྒྱུད་ནས་དུས་བོན་ཞེས་དམིགས་བསལ་དུས་ཚོད་གཏན་ཁེལ་ནང་སྐུ་གཤེན་གྱིས་རྒྱུ་བོན་གྱི་ཆོ་ག་སྒྲུབ་པ་གསལ་བ་དེ་རེད། དེ་བས་ད་ལྟའི་ལོ་གཏོ་བཅའ་བའི་ལམ་ལུགས་འདི་ཉིད་དུས་རབས་བརྒྱད་པའི་གོང་ནས་ཡོད་པ་ཤེས་ཐུབ་པ་མ་ཟད། ལམ་ལུགས་དེའི་གོ་གནས་གལ་ཆེན་ཟིན་ཡོད་པ་ཤེས་ཐུབ། གཉིས་ནས་བོན་བསྟན་ཤུགས་ཆེར་སྣུབ་པའི་དུས་སྐབས་དེར་དུས་བོན་གྱི་ལམ་ལུགས་ལ་ཆག་འཇིག་མ་ཐེབས་པ་དང་། བཙན་པོ་སྲིད་གཞུང་ནས་ཀྱང་ལམ་ལུགས་འདིར་མཐོང་ཆེན་གནང་ཡོད་པ་ཤེས་ཐུབ། འདི་ལས་བོད་ཀྱི་བཙན་པོ་ཕལ་ཆེར་ལ་སྐུ་གཤེན་རེ་དགོས་པ་དང་སྐུ་གཤེན་གྱི་ལམ་ལུགས་དེ་ཡུན་རིང་གནས་ཐུབ་པའི་རྒྱུ་མཚན་ཡང་མཐོང་ཐུབ། དེ་རྗེས་དུས་ཀྱི་འགག་འཕྲང་རབ་དང་རིམ་པ་མང་པོ་ཞིག་བརྒྱུད་ཀྱང་ལམ་ལུགས་དེ་དག་བོན་པོས་རྒྱུད་འཛིན་བྱས་ནས་ད་བར་གནས་ཐུབ་ཡོད་པ་རེད། དེ་ཡང་དམངས་ཁྲོད་དུ་ལམ་ལུགས་འདི་ཉིད་ཇི་ལྟར་རྒྱུད་འཛིན་བྱས་པའི་སྐོར་ཞིབ་ཏུ་གླེང་དགོས་ན་དཔྱད་གཞི་འཐུས་ཚང་ཞིག་ལག་སོན་མ་བྱུང་བས་གླེང་ཐབས་བྲལ། ཟུར་ཙམ་ནི་བོན་གྱི་བསྟན་འབྱུང་དང་བླ་མ་ཁག་གི་རྣམ་ཐར་ལས་མཐོང་གིན་ཡོད། དེ་ལས་ཁ་ཤས་ཞུས་ན། མཁས་མཆོག་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་བརྩམས་པའི«གཏེར་གྱི་མ་བྱང»ལས་ལྷོ་བལ་ཨ་ཙ་ར་གསུམ་གྱིས་བསམ་ཡས་ནས་གཏེར་བཏོན་ཏེ“ལམ་བར་ལུང་པ་སྲི་བྱ་བར་སྒྲོ་ཁ་ཕྱེས་ནས་བལྟས་པས། བོན་དུ་འདུག་སྐད། རྒྱགས་ཆད་ནས་སྒྲོ་བ་དང་མི་གཅིག་རི་ལ་བཞག་ནས། གཉིས་ཀྱིས་རྒྱགས་ཚོལ་དུ་འོང་པས། གྲོང་གཅིག་ན་རྔ་ཏིང་ཏིང་འདུག་སྐད། ཅི་བྱེད་པ་ཡིན་དྲིས་པས། མཐའ་བཞི་འཕྲུལ་གསས་བྱ་བས་བོན་བྱེད་པ་ཡིན་ཟེར། དེར་མཐའ་བཞི་ལ་སྒོ་མཇལ་བྱས་པས་བྱོན་ནོ།།”[12]ཞེས་གསལ་ཡོད་ལ། ལྷོ་བལ་གྱི་གཏེར་སྟོན་འདི་གསུམ་གྱིས་གཏེར་བཞེས་པའི་དུས་ནི་དུས་རབས་བཅུ་པའི་དུས་འགོར་ཡིན་པར་བཤད་ཡོད། ཁྱུང་རབས་གྲགས་ཅན«དཀར་ཆབ་ཆེན་མོ»ལས“ཁྱུང་པོ་མི་སྡེས་ཚ་བ་སྒང་བཟུང་དུས། སྒོང་ཀ་༡ལ་དགོང་གསོལ་དུས་ནང་ཆེན་གྲགས་པས། རག་ཏག་རིན་ཆེན་སྟེང་དུ་ན་ཉིན་མཁའ་ཀློང་བསྐོང་བ་བཅས་པའི་འདོས་རྒྱང་ནམ་མཁའ་རྙིངས་པ་བཞག་པ་རྣམས་འདིར་ཡོད་ན། ད་ཞག་བསྐངས་བ་༡བཅའ་ཨོང་གསུང་ནས་སྨྲས་པས།”[13]ཞེས་གསལ་ལ། ཁྱུང་པོ་ཚང་གིས་དམིགས་བསལ་མཁའ་ཀློང་གསང་མདོས་བཅའ་བའི་ལམ་ལུགས་ཡོད་པ་རེད། ཁྱུང་ཡུལ་ག་ངས་དང་གསེར་ཚ་འབྲོང་རྫོང་སོགས་སུ་ཁྱུང་པོས་མཁའ་ཀློང་གསང་མདོས་ཕུལ་ས་རེད་ཟེར་བའི་ས་འབུར་དེ་འདྲ་ཡང་མཐོང་རྒྱུ་ཡོད། བོན་གྱི་མཁས་པ་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན(༡༣༥༦-༡༤༡༥)མཆོག་གི་རྣམ་ཐར«ངོ་མཚར་པད་མོའི་ཕྲེང་བ»ལས“ཆུང་ནས་བློ་རྩལ་ཤེས་རབ་དང་ལྡན་ཞིང་རྒྱུའི་བོན་བཞི་ལ་མཁས་པར་སྦྱངས་སོ། །”[14]ཞེས་དང་། མེ་སྟོན་ཉི་མ་རྒྱལ་མཚན(༡༨༡༦-༡༨༩༧)མཆོག་གི་རང་རྣམ་ལས“བླ་མས་ལོ་བཞིན་ཞི་ཁྲོ་བསང་གསོལ་དང་། །གཡང་འགུག་ལ་སོགས་ཞག་ལྔ་མཛད་ནས་སུ། །དབང་དང་རྟེན་མཇལ་བྱིན་རླབས་ཟབ་མོ་མཛད། །”[15]ཅེས་གསལ་ཡོད། འདི་དག་ལས་དབུས་གཙང་དང་མདོ་ཁམས་རྒྱལ་རོང་སོགས་སུ་དུས་སྐབས་སོ་སོར་ལོ་གཏོ་བཅའ་བའི་ལམ་ལུགས་ཇི་ལྟར་རྒྱུད་འཛིན་བྱས་པ་ཟུར་ཙམ་ཤེས་ཐུབ་བོ། །
གཉིས། འཕེལ་འགྱུར་གྱི་རྣམ་པ།
སྤྱིར་ན་རིག་གནས་དང་ཆོ་ག་གང་ཞིག་ཡིན་རུང་སྣ་གཅིག་ནས་སྣ་མང་གི་རང་བཞིན་དུ་འཕོ་འགྱུར་འགྲོ་བ་ནི་གཡོལ་དུ་མེད་པའི་ཆོས་ཉིད་ཅིག་ཡིན། དེར་བརྟེན། ལོ་གཏོའི་ཆོ་ག་འདི་ལ་ཡང་དུས་ཀྱི་འགག་འཕྲང་དུ་མ་ཞིག་བརྒྱུད་རྗེས་འགྱུར་བ་མང་པོ་ཞིག་ཐེབས་ཡོད། དེང་སང་བོན་སྡེ་ཁག་གིས་སྒྲུབ་བཞིན་པའི་ལོ་གཏོ་འདི་ལ་གཙོ་བོའི་གྲུབ་ཆ་གཉིས་ཡོད་པ་ལས། གཅིག་ནི་བསང་བརྔན་དང་གསོལ་ཁ། གཡང་འབོད་དང་སྒྲ་བླ་བསྟོད་རྒྱུ་དེ་དག་རེད། གཞན་དེ་ནི་གསང་སྔགས་སྒོ་ལ་འཇུག་སྟེ་ཡི་དམ་ལྷ་ལ་ཚོགས་མཆོད་འབུལ་རྒྱུ་དང་སྲུང་ཟློག་འདོན་རྒྱུ་དེ་རེད། འདི་གཉིས་ལ་རྒྱུ་བོན་དང་འབྲས་བོན་ཞེས་ཐ་སྙད་བཏགས་ན་ཆོག་པ་འདྲ། འདི་དག་སྐོར་གཤམ་གྱི་ཚན་པ་སོ་སོ་ནས་རྒྱས་པར་འབྱུང་ཞིང་། འདིར་འཕེལ་རིམ་གྱིས་ངོ་ནས་ཅུང་ཟད་གླེང་ན། «བསྒྲགས་བྱང»ལས“བོན་དར་སྔ་བ་ནི་རྒྱུའི་བོན་རྣམས་ཚེ་ལོ་བརྒྱ་པའི་དུས་སུ་བྱུང་། འབྲས་བུའི་བོན་རྣམས་བརྒྱད་ཅུའི་དུས་སུ་བྱུང་ངོ་།”[16]ཞེས་གསལ་བ་དང་། ཤར་རྫ་བཀྲ་ཤིས་རྒྱལ་མཚན(༡༨༥༩-༡༩༣༤)ལགས་ཀྱིས་བརྩམས་པའི«ལེགས་བཤད་མཛོད»ལས“དེའི་ཚེ་སྟོན་པས་ཀྱང་ཡས་སྟགས་སུ་རྩི་ཤིང་བན་བུན་དང་། ཞུགས་ཤངས་གསེར་སྐྱེམས་ཀྱིས་མཆོད། འདྲེ་ལ་གླུད་བསྔོ་བ་ཙམ་ཕོག བོན་གཤེན་གྱི་བཀའ་ལ་ཉན་པའི་ཆད་བསྒོས། དུས་དེར་ངེས་དོན་ཟབ་མོ་རྣམས་མ་བསྟན་ཏེ། ནམ་ཞིག་དར་བའི་སྨོན་ལམ་མཛད”[17]ཅེས་གསུངས་ཡོད། མདོར་ན་བོན་གྱི་བསྟན་འབྱུང་ཁག་ནས་རྒྱུ་བོན་སྔོན་ལ་དར་བ་དང་འབྲས་བོན་རྗེས་སུ་བྱུང་བ་བཤད་ཡོད། དེ་དང་ལོ་གཏོའི་འཕེལ་རིམ་བར་ལ་འབྲེལ་བ་གཏིང་ཟབ་ལྡན་ཏེ། དང་ཐོག་ལོ་གཏོ་ནི་རྒྱུ་བོན་གྱི་རྣམ་པ་གཅིག་པུའི་ཐོག་ནས་སྒྲུབ་བཞིན་ཡོད་ལ། རྗེས་སུ་དེའི་ཐོག་ཏུ་འབྲས་བོན་བསྣན་ཏེ་སྣ་མང་གིས་རང་བཞིན་དུ་སོང་ཡོད། དེའི་དུས་རིམ་ནི་ཕལ་ཆེར་དུས་རབས་བཅུ་པ་གཡས་གཡོན་ནས་འགོ་བཙུགས་པ་ཡིན་ནམ་སྙམ། འོན་ཏེ། གསལ་བཤད་དགོས་པ་ཞིག་ནི་དེའི་སྔ་རོལ་དུ་བོན་ལ་གསང་སྔགས་དར་མེད་པས་མ་ཡིན་པར་གཙོ་བོ་གསང་སྔགས་དང་གཏོ་ཆོག་གཉིས་རྣམ་པ་དང་ཐབས་ལམ་མི་འདྲ་བའི་ཐོག་ནས་རྒྱུད་འཛིན་བྱས་པས་རེད། དེ་ཡང་གསང་སྔགས་གཞུང་ལུགས་ནི་ཐེག་པ་མཐོ་ཞིང་གསང་བའི་རྣམ་པ་ཅན་ཡིན་པས་ལས་ལྡན་སྐྱེས་བུ་ཉུང་ཤས་ཀྱིས་སྒྲུབ་པ་ཉམས་ལེན་གནང་སྟེ་རྒྱུན་འཛིན་བྱས་ཡོད་ཅིང་། གཏོ་ཆོག་ནི་རྒྱུ་ཐེག་གི་བོན་སྒོ་ཡིན་པས་མང་ཚོགས་ཐུན་མོང་གིས་འཚོ་བའི་ཁྲོད་དུ་ལག་ལེན་བསྟར་ཏེ་རྒྱུད་འཛིན་བྱས་པ་རེད། དུས་རབས་བཅུ་པའི་གཡས་གཡོན་ནས་བཟུང་བོན་གྱི་གཏེར་སྟོན་མང་པོ་བྱུང་བ་དང་། དེ་དག་ཕལ་ཆེ་བ་ནི་ཁྱིམ་པའི་ཚུལ་དུ་ཡོད་ལ། ཁོ་ཅག་གིས་གསང་སྔགས་ཀྱི་ལྷ་དེ་དག་ཡི་དམ་བྱས་ཏེ་མི་རབས་ནས་མི་རབས་བར་སྒྲུབ་སྲོལ་ཆགས་པ་རེད། དེའི་ཤུགས་རྐྱེན་ལས་ས་གནས་དེའི་བོན་གྱི་དད་ལྡན་ཚོས་ལོ་གཏོ་བཅའ་བའི་རྣམ་པ་ལ་འཕོ་འགྱུར་སོང་སྟེ་དེང་གི་སྣ་འཛོམས་ཀྱི་ཁྱད་ཆོས་ཅན་འདི་ཆགས་པ་རེད། བོད་ཀྱི་ས་གནས་ཁ་ཤས་སུ་ལོ་གཏོ་བཅའ་བ་ལ་གསོལ་ཁ་བཅའ་ཞེས་འབོད་པ་དང་། མང་པོ་ཞིག་གིས་ལོ་གཏོ་བཅའ་ཞེས་གཙོ་བོ་རྒྱུ་བོན་གྱི་ནང་དོན་ཐོག་ནས་མིང་བརྡ་སྦྱོར་བཞིན་ཡོད་པས་ཀྱང་ཤེས་ཐུབ་བོ། །
བཞི་པ། གྲུབ་ཆ་དང་སྒྲོམ་གཞི་གླེང་བ།
གཅིག །ནང་ཚན་དབྱེ་ཞིབ།
དེང་སང་བོན་གྱི་ལོ་གཏོའི་ནང་དོན་དག་ཁག་གཉིས་ལ་དབྱེ་ཆོག གཅིག་ནི་རྒྱུ་བོན་གྱི་ཕྱོགས་སུ་གཏོགས་པ་སྟེ། བསང་གསོལ་དང་གཏོ་ཆོག་གི་རིགས་ཡིན། གསོལ་ཁ་ལའང་བཀའ་སྐྱོང་སྲུང་མའི་གསོལ་ཁ་དང་། ཡུལ་ལྷའི་གསོལ་ཁ། སྒྲ་བླ་དང་ལམ་ལྷ་སོགས་ཀྱི་གསོལ་ཁ་འདུས་ཡོད། ཡུལ་ལུང་ཁག་ལ་འདི་དག་བཅའ་སྲོལ་གྱི་རྒྱས་བསྡུས་མི་འདྲ་བ་ཡིན། དཔེར་ན། ཡུལ་སྡེ་ཁ་ཤས་སུ་བསང་བརྔན་དང་གསོལ་ཁ་སོགས་སྣ་ཁ་བཅུ་གསུམ་ཡས་མས་བཅའ་དགོས་ལ། ཁ་ཤས་སུ་བཞི་ལྔ་ཡས་མས་ལས་བཅའ་མི་དགོས། གཏོ་ཆོག་ལའང་བརྒྱ་བཞི་དང་འཁྲུག་བཅོས་གཏོ་བརྒྱད་སོགས་འདུས་ཡོད། གཡང་འབོད་ལ་ཡང་སྤོམ་རའི་གཡང་འབོད་དང་ནོར་ལྷའི་གཡང་འབོད། གསེར་འོད་གཡང་སྐྱབས་སོགས་ཡོད་པ་རེད། སྒྲ་བླ་ནི་ས་གནས་འགའ་ཞིག་གིས་ལོ་ལྟར་བཅའ་སྲོལ་ཡོད་ལ། འགའ་ཞིག་གིས་དགོས་དམིགས་ཁྱད་པར་ཅན་མེད་ན་བཅའ་སྲོལ་མེད། རྒྱ་བཞི་སོགས་གཏོ་ཆོག་ནི་ཡུལ་སྡེ་ཁ་ཤས་ཀྱིས་གཏོ་བརྒྱད་ལོ་ལྟར་བཅའ་བ་དང་ཁ་ཤས་ཀྱིས་བརྒྱ་བཞི་ལོ་ལྟར་བཅའ་བ། ཡང་ན་འཁྲུག་བཅོས་ལོ་ལྟར་བཅའ་སྲོལ་ཡོད་ལ། སྡེ་ཁ་ཤས་ཀྱིས་འདི་དག་དམིགས་བསལ་མ་གཏོགས་རྒྱུན་དུ་བཅའ་སྲོལ་མི་འདུག་གོ །གཉིས་པ་ནི་གསང་སྔགས་ཆོ་ག་སྟེ་དཔེར་ན། གསས་མཁར་མཆོག་ལྔ་དང་། སྟག་ལ། བྱམས་མ། ཁྱུང་དམར་སོགས་བཅའ་སྲོལ་ཡོད་པ་རེད། ཡི་དམ་གྱི་ལྷ་སྒྲུབ་པའི་སྐབས་སུ་ཡང་དུད་ཚང་གི་འཚོ་བའི་ཆ་རྐྱེན་སོགས་ལ་གཞིགས་ནས་རྒྱས་བསྡུས་མི་འདྲ་བ་ཡིན། དཔེར་ན། དུད་ཚང་འཁོས་ཀ་ལེགས་པ་རྣམས་ཀྱིས་ཡི་དམ་གྱི་ཚོགས་འཁོར་མང་དུ་གཏོང་བ་དང་མཇུག་ཏུ་སྲུང་ཟློག་རྒྱས་པ་བྱེད་ཀྱིན་ཡོད། དེ་མིན་ཡི་དམ་གྱི་ཚོགས་འཁོར་རྐྱང་པ་གཏོང་མཁན་ཡང་ཡོད། ཡང་ཡུལ་སྡེ་འགའ་ཞིག་གིས་དམིགས་བསལ་རྐྱེན་ཟློག་མི་དགོས་ན་ཚོགས་འཁོར་རྐྱང་པ་གཏོང་བ་ལས་སྲུང་ཟློག་འདོན་སྲོལ་མེད་པ་ཡང་བདོག །ཡི་དམ་ཞེས་པའི་དོན་ནི་སྔར་མེས་པོ་གོང་མས་ལྷ་དེ་བསྒྲུབ་རྒྱུ་དམ་བཅས་པ་ཡིན་པས་དེའི་ཁྱིམ་རྒྱུད་ཕྱི་མས་ཀྱང་དམ་བཅའ་མི་འདོར་བར་སྔར་བཞིན་ལྷ་དེ་རང་བསྟེན་དགོས་པས་ཡིན། གལ་སྲིད་དུད་ཚང་དེས་དུས་ལྟར་ལྷ་དེ་མ་མཆོད་པའམ། ཡང་ན་ལྷ་ལ་སྤང་ལེན་བྱས་ན་ཁྱིམ་ཚང་དེར་བཀྲ་མི་ཤིས་པ་ཡོང་བ་ངོས་འཛིན་བྱེད་ཀྱིན་ཡོད། གསང་སྔགས་སྒྲུབ་གཞུང་དང་སྲུང་མའི་བསྐང་བ་སོགས་ཀྱི་ནང་དུ“དུས་ཀྱི་མཆོད་པ་ལོ་ཟླར་འདས་པ་དང་། །གཡུང་དྲུང་བོན་གྱི་བཀའ་དང་འགལ་བ་འཐོལ་ལོ་བཤགས། །”ལྟ་བུའི་ཚིག་ཀྱང་མང་དུ་མཐོང་རྒྱུ་ཡོད་ལ། དེ་དང་འབྲེལ་བའི་གཏམ་རྒྱུད་མང་པོ་དམངས་ཁྲོད་དུ་ཡོད་པ་རེད། དཔེ་མཚོན་ཙམ་དྲངས་ན། མེ་སྟོན་ཉི་མ་རྒྱལ་མཚན(༡༨༡༦-༡༨༩༧)མཆོག་གི«རང་རྣམ»ལས“གཡུང་དྲུང་བོན་དང་དམ་པའི་ཆོས་ཤེས་བྱ། །རྒྱལ་ཀུན་ངོ་བོ་ཡེ་ཤེས་ཀློང་གཅིག་ཀྱང་། །འཇིག་རྟེན་སྲུང་མས་གྲུབ་མཐའི་ཁ་འཛིན་པའི། །ངོ་བོ་གཅིག་ཀྱང་རང་གཞུང་སྐྱོངས་ན་ལེགས། །ཁྱུང་ནག་རྫོང་དུ་སྲུང་མ་འཁྲུག་འདུག་པས། །ཡོན་མཆོད་ཀུན་ལ་སྐུ་རྐྱེན་ཆེ་བ་སྣང་། །གསུངས་པ་ཅི་བཞིན་ལོ་གཅིག་མ་འགོར་བར། །ལྷོ་སྤྲུལ་ཁྱུང་རྗེ་མཆོད་ཡོན་ཞི་བར་གཤེགས། །”[18]ཞེས་ཁྱུང་ནག་དཔོན་པོ་གཡུང་དབང་གིས་ཁྱུང་ནག་ཕོ་བྲང་དུ་གྲུབ་མཐའ་གཞན་པའི་བླ་མ་ལྡོང་པ་ལུང་རྟོགས་རྡོ་རྗེ་བསྟེན་ནས་བཀའ་དབང་ཞུས་པས་སྲུང་མ་འཁྲུག་སྟེ་མཆོད་ཡོན་རྣམ་གཉིས་ལ་སྲུང་མའི་བཀའ་ཆད་བབ་པའི་གནས་ཚུལ་བཀོད་ཡོད། འདི་དག་ནི་གསང་སྔགས་གཞུང་ལས་བསྟན་པའི་དམ་ཚིག་གི་རྣམ་གཞག་དང་འབྲེལ་བ་ལྡན་ནོ། །
གཉིས། ཆོ་ག་སྒྲུབ་པའི་གོ་རིམ།
ཆོ་ག་འདི་ནི་དུས་ཡུན་ཕལ་ཆེར་ཉིན་བཞི་ཡན་མན་ཞིག་ལ་སྤེལ་བ་ཡིན། དེ་ཡང་གཅིག་གྱུར་གྱི་དུས་ཡུན་གཏན་ཁེལ་མེད། གཙོ་བོ་བསྒྲུབ་བྱ་དང་སྒྲུབ་གཤེན་མང་ཉུང་ལ་འབྲེལ་བ་ཡོད་པ་རེད། དེ་ཡང་བོད་ཀྱི་ཆོས་ལུགས་ཆོ་ག་མང་པོ་དང་འདྲ་བར་སྔོན་འགྲོ་དང་དངོས་གཞི། རྗེས་བྱ་གསུམ་གྱིས་གྲུབ་ཡོད། སྔོན་འགྲོ་ལ་ཡང་རྣམ་གྲངས་མང་སྟེ། ཡོན་བདག་གིས་གྲ་སྒྲིག་དགོས་པ་ནི་སྤྱིར་བོན་གཤེན་དང་མགྲོན་པོ་ཁག་གི་ཟས་གོས་བཞུགས་ཤག་སོགས་ཕུད། བོན་གཤེན་གྱི་ཕྱག་ཆ་སྟེ་རྔ་དང་གཤང་། དུང་དང་རྐང་གླིང་། སྦུབ་ཆལ། གདོན་བྱའི་གླེགས་བམ། དེ་བཞིན་གཏོར་མ་བཅའ་རྒྱུའི་ཟན། མར་རྒྱན་རྒྱག་རྒྱུ། མར་ཁུ། འབྲུ་མོག ཇ་ཆང་ཕུད་ཀྱི་མཆོད་པ། བསང་བརྔན་གྱི་རྫས་ཆ། གཏོར་གདན་དང་གཏོར་རྫས། མདོས་ཀྱི་རྒྱན་རྫས། གསང་སྔགས་ཀྱི་སྒྲུབ་རྫས། མཆོད་རྫས། རྟེན་རྫས་སོགས་མཁོ་དགོས་འཛོམས་པ་དགོས། དེ་ཡང་གཏོར་མ་བཅའ་རྒྱུའི་ཟན་རྩམ་ཡང་སྤྱིར་བཏང་གི་རྩམ་པས་མི་ཡོང་བར་ནས་ཀྱི་འགོ་མ་དང་ཡོས་ལ་རྔོད་བའི་སྐབས་དང་རྩམ་པར་འཐག་པའི་བརྒྱུད་རིམ་ནང་ལྷད་དང་བཙོག་པ་མ་འདྲེས་པ་བྱེད་དགོས། གཞན་གྱི་མཆོད་རྫས་ཀྱང་དེ་དང་འདྲ་བར་ཧ་ཅང་དྭངས་གཙང་དང་སྤུས་ལེགས་ཡོང་བར་གཟབ་ནན་བྱེད་སྲོལ་ཡོད། དེ་ལྟར་གྲ་སྒྲིག་ལེགས་པར་གྲུབ་རྗེས་ཉིན་དང་པོར་བོན་གཤེན་གྱིས་གཏོར་མ་བཅའ་བ་ཡིན་ལ། བཅའ་དུས་ཀྱང་དང་པོ་ཡི་དམ་གཏོར་མ་དང་དེ་ནས་བཀའ་སྐྱོང་དང་གསོལ་ཁ། རྗེས་སུ་མཆོད་གཏོར་རྣམས་བཅའ་དགོས། ཡུལ་ལུང་འགའ་ཞིག་གིས་དང་པོ་ཡི་དམ་བཅའ་ཏེ་གསུངས་གྲུབ་པ་དང་སྒོ་དབྱེ་གཤེགས་བསྐྱོད་བྱེད། དེ་ནས་གཞི་ནས་གསོལ་ཁ་བཅའ་ཏེ་འདོན་སྲོལ་འདུག གཏོར་མ་ལ་ཡང་གཙོ་འཁོར་གྱི་རྣམ་གཞག་དང་དབྱིབས་གཟུགས་ལ་ཞི་རྒྱས་དབང་དྲག་གི་ཁྱད་པར། ཚོན་མདངས་མི་འདྲ་བ། གཞི་ལ་གཤོམ་སྐབས་གོང་འོག་དང་གཡས་གཡོན་གྱི་ཁྱད་པར་མི་འདྲ་བ། བཤམ་སའི་དཔངས་མཐོ་དམན་སོགས་ཞིབ་ཅིང་རྒྱས་པའི་རྣམ་གཞག་ཡོད་པ་གླེགས་བམ་གཞན་དུ་གསལ། མར་རྒྱན་ལ་ཡང་མར་སྤུས་ལེགས་དང་ཟོས་འཕྲོ་མ་ཡིན་པ། ཡག་ཤོས་བྱུང་ན་འབྲི་མར་དག་མ་བྱེད་སྲོལ་འདུག རྒྱན་དུས་ཀྱང་ཞི་རྒྱས་དབང་དྲག་གི་ཁྱད་པར་དང་ཡི་དམ་གཏོར་མ་དང་གཞན་དག་མི་འདྲ་བ་སོགས་ཀྱི་རྣམ་གཞག་མཆིས། ཡི་དམ་གཏོར་མ་ནི་སྡེར་མ་ནང་བཅའ་སྲོལ་ཡོད་ལ། གསོལ་ཁའི་རིགས་ནི་གསོལ་གདན་ཞེས་ཤིང་ལ་བང་རིམ་བཏོད་པ་ཞིག་ཡོད་པ་དེའི་ཐོག་བཅའ་སྲོལ་ཡོད། ཡུལ་ལུང་ཁ་ཤས་ཀྱིས་སྲིད་རྒྱལ་གསོལ་གདན་བང་རིམ་ཅན་ཐོག་བཅའ་བ་དང་གཞན་རྣམས་སྡེར་མ་ནང་བཅའ་སྲོལ་འདུག འདི་དག་སྐོར་ནས་ཡུལ་ལུང་ཁག་ལ་ལམ་ལུགས་སྣ་ཚོགས་མཆིས། དེ་ལྟར་གཏོར་མ་བཅའ་བ་དང་རྒྱན་བཀོད་སོགས་གྲུབ་རྗེས་ཉིན་གཉིས་པ་ནས་འགོ་བཟུང་དངོས་གཞི་ཡི་དམ་གང་དེའི་གཞུང་བསྲང་རྒྱུ་རེད། འདི་དག་ལ་བསྙེན་པའི་གཞི་མ་སྒོ་དགུ། སྒྲུབ་པའི་ཡན་ལག་བཅོ་བརྒྱད། ལས་ཀྱི་འཕྱང་ཆེན་སྡེ་དགུ་ཟེར་བ་སོགས་ཀྱི་རྣམ་གཞག་མཆིས། དེ་ཡང་དུད་ཁ་ཤས་ཀྱིས་ཡི་དམ་ཚོགས་འཁོར་ཙམ་གཏོང་བ་ཡིན་ལ། ཁ་ཤས་ཀྱིས་ཚོགས་འཁོར་མཇུག་ཏུ་སྲུང་ཟློག་བྱེད་སྲོལ་འདུག ཉིན་བཞི་པའི་ནང་ཆོ་ག་མཇུག་གྲུབ་པའི་དབང་དུ་བཏང་ན། ཞོགས་ཀ་གསོལ་ཡིག་འདོན་རྒྱུ་དང་གསོལ་ཁ་གནས་སུ་འབུལ་དགོས། གསོལ་ཁ་གནས་སུ་འབུལ་སྟངས་ལ་ས་གནས་ཁག་ཏུ་ཅུང་མི་འདྲ་བ་ཁ་ཤས་འདུག དཔེར་ན། ཁྱུང་ཡུལ་རྨ་སྲིབ་ཏུ་ཡུལ་ལྷ་ཁ་ཤས་དང་དགེ་བསྙེན། ཀླུ་བཙན་བཅས་ཀྱི་གསོལ་ཁ་ཉིན་གཉིས་པའི་དགོང་མོར་ཁང་ཁྱིམ་གྱི་ཕྱི་ལ་འབུལ་བ་དང་། བསང་ཉིན་དམ་ཅན་རྒྱ་མཚོ་དང་སྲིད་རྒྱལ་གསོལ་ཁ་གཞི་ལ་ཡར་འཁོར་ཏེ་འཇོག་ལ་གཞན་པ་ཁང་ཐོག་ཏུ་འབུལ་སྲོལ་ཡོད། འབྲི་རུ་རྩ་ཡག་གྲོང་གིས་གསོལ་ཁ་གཙོ་བོ་ཞུ་གཡས་བཙན་རྒོད་དང་སྲིད་རྒྱལ་གཉིས་བཅའ་ལ་བསང་ཉིན་དེར་མཆོད་ཁང་ནས་ཐབ་ཚང་དུ་གདན་དྲངས་ཏེ། བཙན་རྒོད་གཏོར་མ་ཐབ་ཚང་གཡས་སུ་འཇོག་པ་དང་སྲིད་རྒྱལ་གཏོར་མ་གཡོན་དུ་འཇོག་སྲོལ་ཡོད་འདུག ཚ་རོང་གད་རལ་གྲོང་གིས་དམིགས་བསལ་སྒྲ་བླ་གཏོར་མ་དེ་ཐབ་ཚང་དུ་གདན་སྲོལ་ཡོད་འདུག་ལ། གདན་འདྲེན་མཁན་གྱིས་གཏོར་མ་ཐབ་ཚང་དུ་བསྐྱལ་ཚར་རྗེས་སྒྲ་བླའི་དཔའ་ཆང་ཞབས་རྟགས་གསུམ་རྒྱག་སྲོལ་ཡོད་འདུག སྒྲ་བླའི་གསོལ་ཁ་ནི་ཚ་རོང་དང་ཁྱུང་པོ་སོགས་ཀྱིས་ལོ་ལྟར་བཅའ་སྲོལ་ཡོད་ལ། དེ་ལ་སྒྲ་བླའི་གཡང་ལེན་དང་སྲུང་བཙུགས་ཟེར་བའི་བྱེད་སྒོ་ཡོད། དཔེར་ན། སྒྲ་བླའི་སྲུང་བཙུགས་གསུང་སྐབས་ཁྱིམ་དེའི་སྐྱེས་པ་རྣམས་ཀྱིས་གོས་ཆས་ལེགས་པར་གསོལ་ནས་རྟ་སྒ་ཆས་དང་གྲི་མེ་མདའ་སོགས་བཟུང་ནས་སྲུང་ཞུ་སྲོལ་ཡོད་ལ། དེ་རྗེས་གཡང་འབོད་སྐབས་སུ་མ་སྲུ་སྨན་མོ་རྣམས་ཀྱིས་རྡང་སྐེ་ལུང་སོགས་བཟུང་ནས་སྲུང་ཞུ་སྲོལ་ཡོད། རྗེས་བྱ་བཀྲ་ཤིས་སྨོན་ལམ་སྐབས་སུ་དམིགས་བསལ་ཚ་རོང་ཡུལ་དུ་ལུགས་སྲོལ་ཞིག་བདོག་པ་ནི་བཀྲ་ཤིས་ཀྱི་འགོ་དེར་ཡོན་བདག་གིས་བོན་གཤེན་ལ་ཡོན་འབུལ་བ་དང་ཡོན་གྱི་བཤད་པ་སྟེ་བཀའ་དྲིན་ལེགས་གསོལ་བརྗོད་དགོས་པ་ཡིན་འདུག གལ་སྲིད་ཡོན་བདག་གིས་ཡག་པོ་བརྗོད་མི་ཤེས་ན་རང་གི་ཉེ་འབྲེལ་རྒན་རབས་ཤིག་ཆེད་དུ་བརྗོད་མཁན་ལ་འབོད་སྲོལ་ཡོད་འདུག བཀྲ་ཤིས་གསུངས་གྲུབ་རྗེས་བོན་གཤེན་གྱིས་ཡོན་བདག་ལ་ཕར་ཁ་བཏགས་གཡོག་ནས་བཀྲ་ཤིས་སྨོན་ལམ་གྱི་ཤིས་ཚིག་བརྗོད་སྲོལ་འདུག བོན་གཤེན་ཕེབས་ཁར་ཡོན་བདག་གིས་སྐས་འགོ་བར་དུ་སྐྱེལ་ནས་དཀར་ཡོལ་གཙང་མ་མར་གྱིས་བརྒྱན་པ་ཞིག་ཏུ་ཆང་བླུགས་ཏེ་འདྲེན་སྲོལ་ཡོད། བོན་གཤེན་གྱིས་ཆང་དེ་གསོལ་བ་དང་ཡོན་བདག་གིས་ཆང་ཕོར་དེ་ཞག་མ་གསུམ་ལ་ཁྱིམ་གྱི་ཡར་ཕུགས་སུ་འཇོག་སྲོལ་ཡོད། འདི་དག་ནི་ཕྲན་གྱིས་མདོར་བསྡུས་ཙམ་བཀོད་པ་ལགས་ཤིང་ཞིབ་ཏུ་འགོད་དགོས་ན་ཕལ་ཆེར་པོ་ཏི་གཡག་རྒྱབ་ལོན་པ་ཞིག་བྲི་རྒྱུ་ཡོད་སྙམ་མོ། །
གསུམ། བོན་གཤེན།
ཡུལ་སྡེ་ཕལ་ཆེ་བའི་ལོ་གཏོ་བཅའ་མཁན་ནམ་ལོ་རིམ་སྒྲུབ་མཁན་གཙོ་བོ་སྐྱ་བོ་འམ་གསང་སྔགས་པ་ཆགས་ཡོད་པ་རེད། དེ་དག་ལ་མིང་འབོད་སྲོལ་སྣ་ཚོགས་འདུག་སྟེ། དཔེར་ན། གཉན་རོང་དང་འབྲི་རུ་སོགས་སུ་སེར་མོ་བ་ཞེས་འབོད་པ་དང་། ཁྱུང་ཡུལ་དུ་བོན་པོ་དང་བོན་གཤེན། ཚ་རོང་དུ་དབལ་བོན་ཞེས་འབོད་པ་ལྟ་བུ་རེད། ཚ་རོང་དུ་དབལ་བོན་ལ་ལམ་ལུགས་དམིགས་བསལ་ཞིག་ཡོད་པ་ནི་དུད་ཚང་དེས་ལོ་ལྟར་དབལ་བོན་གཙོ་བོ་གཅིག་རང་ལ་བསྟེན་སྲོལ་འདུག་ཅིང་། གལ་སྲིད་དབལ་བོན་དེ་ཉིད་ཚེ་འཕོས་ཚེ་དེའི་བུ་རྒྱུད་དབལ་བོན་ཡོད་ན་དེ་ལ་བསྟེན་པ་དང་། མེད་ན་དབལ་བོན་གོང་དེའི་སློབ་བུ་ལ་བསྟེན་སྲོལ་ཡོད་པ་རེད། ཁྱུང་པོ་ཁོག་ཏུ་དུད་ཚང་དེས་བོན་གཤེན་གཙོ་བོ་གཅིག་རང་ལ་བསྟེན་པ་དང་། བོན་གཤེན་དེས་ལོ་གཏོ་མ་གསུངས་ཚེ་ལྷ་ངོ་ཐོད་ལེ་མིན་ཞེས་བཤད་སྲོལ་ཡོད། ཆས་གོས་ཀྱི་ཐད་ནས་བོན་གཤེན་རྣམས་ཀྱིས་ལོ་གཏོ་གསུངས་སྐབས་ངེས་པར་དུ་བོད་ཆས་གྱོན་པའི་ལུགས་སྲོལ་འདུག་པ་ནི་ཧ་ཅང་ལེགས་པོར་སྣང་། གཞན་དེང་སང་ཁ་ཤས་ཀྱིས་གཟན་གྱོན་པ་དང་ཁ་ཤས་ཀྱིས་ཚོན་མདོག་སྔོན་པོ་རང་གྱོན་སྲོལ་འདུག་ཀྱང་དེ་དག་ལ་ལོ་རྒྱུས་ཀྱི་ཁྱད་ཆོས་ཇི་ཙམ་ཡོད་མེད་བརྗོད་མི་ཐུབ། མདོར་ན། གནའ་དཔེ་གྲགས་ཅན«མིའུ་རིགས་བཞི་ལྷ་སེལ»ལས“བོན་གཤེན་བརྗིད་པའི་ཆས་དང་ལྡན་པར་བྱས་ནས་འདི་སྐད་དོ། ཀྱེ་དར་དཀར་གཡབ་མོས་གཡབ། སྤོས་དཀར་དུད་པས་བསང་། དགའ་སྐྱིད་ཟམ་ལ་བྱོན། ལྷ་རྣམས་སྤྱན་འདྲེན་ནོ། ཕོ་ལྷ་སྤྱན་འདྲེན་ནོ། མོ་ལྷ་སྤྱན་འདྲེན་བྱོན། ཞང་ལྷ་སྤྱན་འདྲེན་བྱོན། དབྱིངས་ནས་གཤེགས་སུ་གསོལ། དགུང་ནས་གཤེགས་སུ་གསོལ། ཕྱོགས་མཚམས་ནས་གཤེགས་སུ་གསོལ། གནམ་རིམ་པ་བཅུ་གསུམ་ནས་གཤེགས་སུ་གསོལ། དཔལ་ཁྱིམ་འདི་ལ་བྱོན། དང་སྤྲོ་འདི་ན་སྤྱོན། ཡིད་དཔལ་འདི་རུ་བྱོན། ཉམས་དགའ་འདི་རུ་བྱོན། དར་དཀར་གཡབ་མོ་ལ། སྤྱན་གྱིས་གཟིགས་ནས་བྱོན། སྤོས་དཀར་དུད་པ་ལ། ཤང་གིས་སྣུམ་ཞིང་བྱོན། འབྲང་རྒྱས་ཞལ་དཀར་ལ། ཐུགས་རྟེན་མཛད་ནས་བྱོན། ཕུད་རྒོད་གཙང་མ་ལ། ལྗགས་ཀྱིས་སྦྱོར་ཅིང་བྱོན། དགའ་སྐྱིད་ཟམ་པ་ལ། ཞབས་ཀྱིས་འཆག་གིས་བྱོན། ལྷ་ཆ་ཆ་དགུ་ལ། སྙན་གྱིས་གསན་ནས་བྱོན། ཤིང་རིས་དར་འཇམ་ལ། ཕྱག་འཛིན་མཛད་ནས་བྱོན། གཡུང་དྲུང་རི་མོ་ལ། གཟིགས་རྟེན་མཛད་ནས་བྱོན། སྔོན་མོ་འབྲུ་བདུན་ལ། གཞི་རྟེན་མཛད་ནས་བྱོན། དུང་གི་གྱང་བུ་ལ། གཤེགས་རྟེན་མཛད་ནས་བྱོན། རྒྱུ་སྦྱོར་ཡོན་བདག་ལ། མགོན་སྐྱོབས་མཛད་ཕྱིར་བྱོན།”[19]ཞེས་གཏོ་བཅའ་སྐབས་བོན་གཤེན་གྱི་ཆས་གོས་ལ་གཟབ་ནན་དགོས་ཚུལ་ནི་གནའ་སྔ་མོ་ནས་བོད་རང་ལ་ཡོད་འདུག
ལྔ་པ། ལོ་གཏོ་དང་སྒྱུ་རྩལ།
ལོ་གཏོ་བཅའ་བའི་ལམ་ལུགས་འདི་ཆོས་ལུགས་དང་འབྲེལ་བའི་བྱེད་སྒོ་རྐྱང་པ་ཞིག་མ་ཡིན་པར་སྒྱུ་རྩལ་གྱི་གྲུབ་ཆ་མང་དུ་འདུས་པའི་རིག་གནས་བྱེད་སྒོ་ཞིག་ཀྱང་ཡིན། གཅིག གཏོར་མ། ལོ་གཏོ་བཅའ་སྐབས་ཀྱི་དངོས་རྫས་གཙོ་བོ་ནི་གཏོར་མ་ཡིན་ལ། གཏོར་མ་ནི་རྒྱུ་ཟན་ལས་གྲུབ་ཅིང་བཟོ་དབྱིབས་སྣ་མང་ཅན་གྱི་དངོས་པོ་ཞིག་ཡིན། གཏོར་མ་བཅའ་མཁན་ལ་ལག་རྩལ་གྱི་བྱང་ཚད་ལྡན་མིན་གྱིས་གཏོར་མའི་བཟོ་དབྱིབས་ཀྱི་མཛེས་པ་ལ་ཤུགས་རྐྱེན་ཐེབས་པ་ཡིན། དེ་བཞིན་གཏོར་མའི་རྒྱུ་ཆ་དང་རྫས། བཅའ་སྟངས་དང་ཚོས་མདོག། གཞི་ལ་གཤོམ་སྟངས། མཆོད་པ་འབུལ་སྟངས་སོགས་ཀྱི་རྣམ་གཞག་གཏན་ལ་ཕབ་པའི་ཡིག་ཆ་ཡོད་པ་རེད། དེ་བས་གཏོར་མ་ནི་དབྱིབས་གཟུགས་དང་འབྲེལ་བའི་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན། གཉིས། མར་རྒྱན། མར་རྒྱན་ནི་རྒྱུ་ཆ་མར་ལས་གྲུབ་ཅིང་གཙོ་བོ་གཏོར་མའི་མཛེས་རྒྱན་དུ་བཀོལ་བ་ཞིག་ཡིན། དེང་སང་དགོན་པ་ཆེ་གྲས་ཁག་གིས་མར་རྒྱན་དང་འབྲེལ་བའི་བྱེད་སྒོ་སྤེལ་སྲོལ་ཡོད། ལོ་གཏོ་བཅའ་སྐབས་མར་རྒྱན་སྟབས་བདེ་ཙམ་ལས་གྲ་རྒྱས་པོ་དེ་འདྲ་གནང་སྲོལ་མི་འདུག། འོན་ཀྱང་སྤྱིར་མར་རྒྱན་རྒྱག་སྟངས་དང་སྤུས་ཚད་ལེགས་མིན་སོགས་ཀྱི་བཤད་སྟངས་ཡོད་པ་རེད། མར་རྒྱན་འདི་ལ་ཡང་ཐོག་མའི་སྐབས་དང་འཕེལ་རྒྱས་སོང་བའི་གོ་རིམ་ཞིག་བརྒྱུད་ཡོད། གསུམ། རོལ་ཆ། ལོ་གཏོ་བཅའ་སྐབས་རོལ་ཆ་མང་པོ་ཞིག་དགོས་པ་རེད། རོལ་ཆ་དེ་དག་བསྡུས་ཏེ་བརྗོད་ན། འབུད་རྡུང་དཀྲོལ་གསུམ་ཁོངས་སུ་འདུས། རོལ་ཆ་དེ་དག་ལའང་རྒྱུ་ཡི་ཁྱད་པར་དང་བྱུང་ཁུངས་ལོ་རྒྱུས། བཀོལ་བའི་དུས་དང་སྐབས། བཀོལ་སྟངས་ཀྱི་རྣམ་གཞག་བཅས་ཡོད། གནའ་དཔེ་འགའ་ཞིག་ལས་ལྷ་གསོལ་སྐབས་རོལ་ཆ་སྣ་ཁ་དགུ་ཙམ་དགོས་པར་བཤད་ཀྱང་དེང་སང་ཕལ་ཆེ་བས་ནི་རྔ་དང་གཤང་། དུང་རྐང་དང་སྦུབ་ཆལ་བཅས་འཛོམས་དགོས་པར་བཤད། ལྷ་ཚོགས་ཁ་ཤས་ལ་དམིགས་བསལ་གྱི་རོལ་ཆ་ཡང་ལྡན་ཡོད། བཞི། གྱེར་དབྱངས། འདི་ནི་གཏོ་ཆོག་རིག་གནས་ལ་དམིགས་གསལ་ཡོད་པའི་གྲུབ་ཆ་ཞིག་ཡིན། འདི་ལ་ལོ་རྒྱུས་ཧ་ཅང་རིང་སྟེ་གནའ་དཔེ་ཁག་ནས་སྨྲང་རབས་ཞེས་པ་ཞིག་ཐོན་གི་ཡོད་ལ། སྨྲང་ཞེས་པའི་དོན་ཡང་བཤད་པའམ་གྱེར་བའི་དོན་ལ་འཇུག་ཅེས་ཆེད་མཁས་པ་དག་གིས་བཞེད། བོན་དཔེ་ཁག་ནས་གྱེར་དང་བོན་གཉིས་དོན་གཅིག་ལྟ་བུར་གསུངས་པ་ཡོད་ལ། བོན་ནི་ཟླས་པའི་དོན་དུ་འཇུག་ཅེས་སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་སོགས་ཀྱིས་གསུངས་ཡོད། བོན་པོ་ཞེས་པའི་གོ་དོན་ཡང་གཏོ་འདོན་མཁན་དང་འབྲེལ་བ་འདུག་ཅེས་འབུམ་རམས་པ་དག་གིས་ཧ་ལས་པའི་ངང་ནས་འཆད་ཀྱིན་འདུག་པ་ལགས། མདོར་ན། ལོ་གཏོ་ནང་གི་གཙོ་བོ་གསོལ་ཁ་དང་གཏོ་ཆོག་འདོན་སྐབས་གྱེར་དབྱངས་མི་འདྲ་བ་མང་པོ་ཞིག་རྒྱག་དགོས། བོན་གཞུང་ཁག་ལས་གྱེར་སྒོ་བཞི་དང་སྐད་གཅོང་དགུ་སོགས་ཀྱི་རྣམ་གཞག་བསྟན་ཡོད། གཞན་ཡང་བསྐང་གྱེར་ཟེར་བ་དང་སྤོམ་ར་འདེབས་དགུ་མ་ཟེར་བ། དམིགས་བསལ་ཡུལ་ལུང་སོ་སོར་ཐུན་མིན་གྱི་གྱེར་དབྱངས་སྣ་ཚོགས་ཤིག་འདུག། ལྷ་དང་བདུད། འདྲེ་དང་གདོན། ཀླུ་དང་བགེགས་སོགས་ལ་སོ་སོ་དང་འབྲེལ་བའི་གཏོར་མ་གཏོང་སྐབས་གྱེར་དང་དབྱངས་རྟ་མི་འདྲ་བ་རྒྱག་རྒྱུ་ཡོད། ཚུལ་འདི་དག་བླུན་རྨོངས་ཀླད་གསར་ཅན་གྱིས་ཐོས་ན་ཁྲེལ་དགོད་བྱ་སྲིད་མོད། སྒྱུ་རྩལ་དང་དབྱངས་རྟ་སོགས་ལ་ངེས་པ་དོན་གྱིས་དགའ་ཞིང་དཔྱོད་པའི་བློ་མིག་ལྡན་པ་ཞིག་ཡིན་ན་ཡིད་དབང་རབ་ཏུ་འཕྲོག་ངེས། འདི་ནི་ཆེས་ཕུལ་དུ་བྱུང་བའི་མི་རིགས་རང་གི་སྲོལ་རྒྱུན་དབྱངས་རྟའི་ཕུང་པོ་ཞིག་ཡིན། ལྔ། སྡེབ་སྦྱོར་དང་སྙན་ངག་གི་གྲུབ་ཆ། ལོ་གཏོ་སྒྲུབ་སྐབས་གསུང་དགོས་པའི་དཔེ་ཆ་མང་པོ་ཞིག་ནི་བོད་ཀྱི་གནའ་དཔེ་དང་ཆ་མཐུན་པ་ཡིན། དེ་དག་ལ་རྒྱ་གར་གྱི་སྙན་གཞུང་མེ་ལོང་མ་བོད་ལ་མ་དར་བའི་སྔོན་གྱི་ཚིག་འགྲོས་དང་སྙན་ངག་གི་ཉམས་དེ་ཡོད་པ་རེད་ལ། ཏུན་ཧོང་གཏེར་ཡིག་ནང་གི་མགུར་གླུ་དག་གི་ཁྱད་ཆོས་ཀྱང་ལྡན་ཡོད། ནང་གི་བརྗོད་དོན་བསམ་བློ་དང་ཕྱི་ཡི་སྡེབ་སྦྱོར་གང་ནས་བལྟས་ཀྱང་བོད་རང་གི་ཁྱད་ཆོས་མངོན་པར་གསལ་བའི་ཆ་མང་དུ་ཡོད་པ་ཞིག་ཡིན། དཔེ་ཆ་འདི་དག་ལ་ལྟ་ཀློག་མང་ཙམ་གནང་ན་རང་ཤུགས་ཀྱིས་ང་ཚོར་འགོས་དང་འགོ་བཞིན་པའི་ནད་ཡམས་མང་པོ་ཞིག་སེལ་ཐུབ་སྙམ། གཞན་ཡང་འཆར་ཡན་གྱིས་ཕྱུག་པ་དང་བློས་བསླངས་ཀྱི་རྣམ་པ་ཤུགས་ཆེ་བའི་ཡིག་ཚོགས་ནི་ཧ་ཅང་མང་། འདི་དག་ནི་ཕྲན་གྱིས་ངོ་སྤྲོད་མདོར་བསྡུས་ཙམ་ཞུས་པ་ལགས་ཤིང་ནང་གི་གྲུབ་ཆ་རེ་རེ་ལ་ཞིབ་འཇུག་གཏིང་ཟབ་གནང་རྒྱུ་འདུག་གོ །
དྲུག་པ། ལོ་གཏོ་བཅའ་བའི་དུས་ཚོད།
བོད་མིས་ལྷ་གསོལ་སྐབས་གང་འདོད་དུ་གསོལ་བ་མ་ཡིན་པར་དམིགས་བསལ་གྱི་དུས་ཚོད་འདེམ་སྲོལ་ཡོད་པ་རེད། དཔེར་ན། ཡུལ་སྡེ་སྤྱི་ཡིས་ལྷ་གསོལ་བའི་དུས་ཚོད་དང་དུད་ཚང་སྒེར་གྱིས་ལྷ་གསོལ་བའི་དུས་ཚོད། ཉིན་གཅིག་གི་འགོ་གཞུག་གི་ཁྱད་པར་སོགས་ཡོད་པ་རེད། ལོ་གཏོ་བཅའ་བའི་དམིགས་ཡུལ་གཙོ་བོ་གཅིག་ནི་དུད་དེས་བསྟེན་པའི་ལྷ་དང་སྲུང་མ། གཞི་བདག་གམ་ཡུལ་ལྷ་སོགས་ལ་ལོ་དུས་ལྟར་གསོལ་མཆོད་འབུལ་རྒྱུ་དེ་རེད། མཚམས་འདི་ནས་ང་ཚོས་ལོ་གཏོ་བཅའ་བའི་དུས་ཚོད་ལ་དཔྱད་ཞིབ་བྱས་ན། ཡུལ་ལུང་ཁག་གིས་ལོ་གཅིག་ནང་དུ་ལོ་གཏོ་བཅའི་དུས་ཚོད་ཅུང་ཙམ་མི་འདྲ་བ་བྱུང་ཡོད། ཁྱུང་ཡུལ་རྨ་སྲིབ་གྲོང་གི་དུད་བརྒྱ་ཆ་དགུ་བཅུ་གོ་ལྔ་དེས་བོད་ཟླ[20]བཅུ་གཉིས་ནང་བཅའ་བ་རེད། འབྲི་རུ་རྩ་ཡག་གྲོང་གིས་བོད་ཟླ་བཅུ་པ་ནས་འགོ་བཙུགས་བཅའ་སྲོལ་ཡོད་ལ། ཕལ་ཆེ་བས་ནི་བོད་ཟླ་བཅུ་གཅིག་དང་བཅུ་གཉིས་ནང་ལ་བཅའ་སྲོལ་ཡོད། གཉན་རོང་སོག་སྡེས་བོད་ཟླ་བཅུ་པ་ནས་འགོ་འཛུགས་སྲོལ་ཡོད། ཚ་རོང་གད་རལ་གྲོང་གིས་བོད་ཟླ་བཅུ་པའི་དཀྱིལ་ནས་འགོ་འཛུགས་པ་རེད། དེ་ཡང་ཡུལ་དེར་མ་རྨོས་ལོ་ཏོག་བརྔས་ཚར་བ་དང་། དགུན་གྲོ་ཕར་འདེབས་པའི་སྐབས་དང་ཁེལ་ཡོད། དྭང་ར་དགུན་སྐྱིད་སྦུག་གྲོང་ནས་དགུན་ཟླ་གསུམ་ལ་བཅའ་བ་རེད། རྒྱུ་མཚན་ནི་དུས་སྐབས་དེར་ས་བདག་སོགས་གནས་སྤོ་བས་ཡིན་ཟེར། འདི་དག་གི་རྒྱུ་མཚན་ཐད་ཡུལ་དེའི་རྒན་རབས་རྣམས་ལ་བཤད་སྲོལ་མི་འདྲ་བ་ཁ་ཤས་ཡོད་པ་རེད། འོ་ན། དཔེ་ཆ་ནང་གང་འདྲ་གསལ་འདུག་ཟེར་ན། «མིའུ་རིགས་བཞི་ལྷ་སེལ»ལས“མཆོད་པའི་དུས་བཞི་ནི། དཔྱིད་ཟླ་གསུམ་གྱི་ར་བ་ལ། ཕུ་ཆབ་མདོ་རུ་འདྲེན་པའི་ཚེ། མདའ་ཆབ་ཕུ་རུ་རྡོལ་བའི་ཚེ། རམ་པོ་ཁ་ནག་འབྱུང་བའི་དུས། གཡར་ལྗང་ཁ་འབུས་བྱུང་བའི་ཚེ། ནེའུ་སིང་འགྲམ་སྔོན་འབྱུང་བའི་ཚེ། དེ་ཚེ་ལྷ་གསོལ་དུས་གཅིག་ཡིན། གསོལ་ལོ་ལྷ་རྣམས་དུས་སུ་གསོལ། མཆོད་དོ་ལྷ་རྣམས་དུས་སུ་མཆོད།”ཞེས་དང། “དབྱར་ཟླ་གསུམ་གྱི་ར་བ་ལ། ཕུ་ན་ཁུ་བྱུག་སྡོངས་སེ་སྡོངས། མདའ་ན་ནེ་ཙོ་ཞུངས་སེ་ཞུངས། གོང་ན་གཡུ་འབྲུག་འུ་རུ་རུ། ཞིང་ལ་ལྗང་ཞག་ཐིབས་སེ་ཐིབས། དེ་ཚེ་ལྷ་གསོལ་དུས་གཅིག་ཡིན།”[21]ཞེས་སོགས་མདོར་ན། ཟླ་བ་བཅུ་གཉིས་ལས་ར་བ་བཞི་ལ་ལྷ་གསོལ་དགོས་པར་བསྟན་ཡོད། འདི་ནི་སྤྱིར་ལྷ་གསོལ་བའི་དུས་ཚོད་བཤད་པ་ཡིན་ལ། དུས་ཚོད་ཀྱང་འགོ་མའམ་དང་པོར་གསོལ་དགོས་པར་བསྟན་པ་རེད། འདི་ལོ་ཡི་འགོ་མ་དང་ཟླ་བའི་འགོ་མ། ཞག་དང་དུས་ཀྱི་འགོ་མ་སོགས་སུ་ལྷ་གསོལ་ན་རྟེན་འབྲེལ་བའི་ལེགས་པ་ངོས་འཛིན་སྟངས་ཤིག་ཡིན། «གཏོ་འབོད»ལས“ལོ་ཡི་འགོ་ལ་གཏོ་བྱེད་ན། ཤིང་ཕོ་བྱི་བ་གཏོ་བ་བྱོན། གཏོ་མཁན་བདག་ལ་མ་གནོད་ཅིག དྲུག་ཅུ་ལོ་ཡི་ཀག་སྒྱུར་ཅིག”[22]ཅེས་གསལ་བ་སོགས་ལ་རྒྱུ་མཚན་ཁ་ཤས་ཡོད་སྙམ། ཡུལ་སྡེ་ཕལ་ཆེ་བས་དགུན་ཟླ་ནང་ལོ་གཏོ་བཅའ་བ་ནི་ཕྱོགས་གཅིག་ནས་བཤད་ན། བྱ་བའི་ཁོམ་སྟབས་དང་བསྟུན་པ་ཞིག་ཀྱང་ཡིན་ངེས་སྙམ། གང་ལྟར་ཡུལ་ལུང་གི་སྔ་མའི་ལུགས་སྲོལ་ལྟར་དུ་སོང་ན་འགྲིག་པ་ཡིན། དེ་མིན་བླ་རྒན་དང་མི་དྲག་ཁ་ཤས་ཀྱི་ཁར་རྒྱུག་ནས་ལུགས་སྲོལ་མང་པོ་བཟོ་བཅོས་བྱས་ན་མཐའ་མཇུག་གཞི་བཟུང་ས་གང་ཡང་མེད་པ་ཞིག་ཏུ་ཆགས་རྒྱུ་རེད། མ་གཞི་ནས་ལུགས་སྲོལ་མང་པོ་ཞིག་གནས་ལུགས་ཡོད་མེད་བརྩད་ནས་ཐག་ཆོད་རྒྱུ་ཡོད་པ་ཞིག་མ་ཡིན་པར་གཙོ་བོ་སྔར་སྲོལ་དམ་དུ་འཛིན་རྒྱུ་དེ་རེད། ཤེས་དཔལ་གྱིས་ཕྱུག་པའི་མི་རིགས་དག་གིས་སྔ་སྲོལ་མང་པོ་རྒྱུད་འཛིན་བྱས་ཡོད། འདི་རྙིང་པ་ཡིན་པས་འདོར་དགོས། འདི་མི་ལེགས་པས་འཆོས་དགོས་ཟེར་མཁན་དག་ནི་མ་གཞི་ནས་རིག་གནས་དང་ལུགས་སྲོལ་ལ་བརྩི་འཇོག་མི་ཤེས་པའི་གཏུམ་སྤྱོད་མཁན་འབའ་ཞིག་ཡིན་ནོ། །
བདུན་པ། ལོ་གཏོ་ཆོ་གའི་བྱེད་ནུས་ལ་དཔྱད་པ།
གཅིག ལོ་གཏོ་དང་སེམས་ཁམས་ཀྱི་འབྲེལ་བ།
མིའི་རིགས་རིག་པ་སྨྲ་བ་མ་ལིན་ནུའོ་ཧྥུ་སི་ཅེས(Bronislaw Kaspar༡༨༨༤-༡༩༤༢)ལགས་ནས་རིག་གནས་གང་ཞིག་ཡིན་རུང་དེས་འོས་འགན་ག་གེ་མོ་ཞིག་འགྲུབ་དགོས་པ་དང་གཙོ་བོ་ནི་མི་སྒེར་གྱི་དགོས་མཁོ་བསྐང་དགོས་པར་བཤད་ཡོད། འོ་ན་ལོ་གཏོ་བཅའ་བའི་རིག་གནས་བྱེད་སྒོ་འདིས་བོན་གྱི་དད་ལྡན་གྱི་དགོས་མཁོ་གང་དག་བསྐང་ཐུབ་ཟེར་ན། གཙོ་བོ་སེམས་ཀྱི་དགོས་མཁོ་བསྐང་བ་ཡིན་ལ། དེ་ཡང་ངོས་དང་ཟུར་ཁ་ཤས་ནས་གླེང་ཆོག་པར་འདོད། གཅིག དུད་ཚང་གང་དེས་ལོ་གཏོ་བཅའ་བ་ནི་ངོས་གཅིག་ནས་རང་གི་ཡབ་མེས་ཀྱི་འདས་མཆོད་དང་དགེ་རྩ་སྒྲུབ་པ་ཞིག་རེད། བོད་མིས་སྐྱེ་བ་སྔ་ཕྱིའི་རྣམ་གཞག་ཁས་ལེན་པ་ཡིན་ལ། མི་ནི་ཚེ་འཕོས་རྗེས་ཐར་འཁོར་གང་རུང་དུ་སྐྱེ་བར་འདོད། གལ་སྲིད་དགེ་རྩ་ཡག་པོ་མ་བྱུང་ན་མི་དེ་ངན་སོང་གནས་སུ་ལྟུང་ནས་སྡུག་བསྔལ་མྱོང་དགོས་པར་འདོད། དེས་ན་ལོ་གཏོ་བཅའ་སྐབས་ཡུལ་སྡེ་ཁ་ཤས་ཀྱིས་ཞི་ཁྲོ་འདོན་པ་དང་ཁ་ཤས་ཀྱིས་ཀློང་རྒྱས་འདོན་པ། ཁ་ཤས་ཀྱིས་མ་ཏྲི་སྐུལ་མ་འདོན་པ་སོགས་ནི་གཅིག་ནས་ཁྱིམ་ཚང་གི་འདས་པོ་ཚོའི་དགེ་རྩ་རུ་དམིགས་ཏེ་དེ་དག་ལ་མྱ་ངན་ཞུ་སྟངས་ཤིག་དང་དྲིན་ལན་འཇལ་སྟངས་ཤིག་ལ་བརྩི་བ་རེད། ཕྱོགས་གཞན་ནས་རང་ཉིད་ཀྱི་ཚེ་ཕྱི་མའི་རྒྱགས་ཕྱེ་རུ་བསམ་པ་ཞིག་ཀྱང་རེད། དེས་ན་ལོ་གཏོ་བཅའ་བ་ལ་མི་སྒེར་གྱི་སེམས་ཀྱི་སྐྱོ་སྡུག་སེལ་བ་དང་སེམས་ཁམས་སྙོམ་སྒྲིག་གི་ནུས་པ་ལྡན་ཡོད།
ངོས་གཞན་ཞིག་ནས་གླེང་ན། ལོ་གཏོ་བཅའ་བ་ནི་ལོ་གཅིག་གི་རྐྱེན་བགེགས་སེལ་བ་དང་བྱ་བ་ལམ་ལྷོང་ཡོང་བའི་ཆེད་དུ་ཡིན། དེར་བརྟེན། ཁྱིམ་དེའི་མི་སྒེར་པ་ལ་ཡང་རང་རང་གི་བྱ་གཞག་ལ་འཇུག་པའི་སྤོབས་པ་དང་རེ་བ་ཡིད་ཆེས་སོགས་སྟེར་ནུས་པ་ཡིན། དཔེར་ན། བོད་ཀྱི་གོམས་སྲོལ་ལ་དགྲ་དང་གཡུལ་ལ་ཆས་དགོས་པའི་དབང་དུ་བཏང་ན། སྔོན་ལ་རང་གི་ཡུལ་ལྷ་དང་སྒྲ་བླ་མཆོད་སྲོལ་ཡོད་པ་རེད། དེས་གཡུལ་ལ་ཆས་མཁན་དེའི་སེམས་ཁམས་ལ་དགྲ་ལས་རྒྱལ་ཐུབ་པའི་ཡིད་ཆེས་སྟེར་ནུས་པ་རེད། གོམས་སྲོལ་འདིས་བོད་བཙན་པོའི་རྒྱལ་རབས་ཀྱི་དམག་ཤུགས་ལ་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད། དམག་གི་ཐབས་ཇུས་ཁྲོད་ནས་ཆེས་གལ་ཆེ་བ་ཞིག་ནི་དམག་མིའི་སེམས་ཁམས་ལ་ངར་ཤུགས་སྤྲད་རྒྱུ་དང་མི་འཇིགས་པའི་དཔའ་ཆུ་བླུད་རྒྱུ་དེ་རེད། འདིའི་སྐོར་ནས་དམག་འཁྲུག་དང་འབྲེལ་བའི་ལོ་རྒྱུས་དང་གློག་བརྙན། བརྩམས་སྒྲུང་། ངག་རྒྱུན་སོགས་ལ་བལྟས་ན་གསལ་པོར་ཤེས་ཐུབ། དེ་བས་སྒྲ་བླ་གསོལ་བ་དང་གཞི་བདག་མཆོད་པ་འདི་དག་གིས་མི་ཆོས་རིག་གནས་ཁྲོད་དུ་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད། འདི་ནི་ཆོ་ག་དེ་བསྒྲུབས་ན་མཐའ་གཅིག་ཏུ་བསམ་པ་ནང་བཞིན་ཡོང་ཐུབ་པས་མ་ཡིན་པར་གཙོ་བོ་ཆོ་ག་དེས་བྱ་བ་གང་དེའི་ཐོག་མཐའ་བར་གསུམ་ལ་ཤུགས་རྐྱེན་འཇོག་ཐུབ་པས་རེད།
གཉིས། ལོ་གཏོ་དང་སྤྱི་ཚོགས་མཐུན་ལམ་བར་གྱི་འབྲེལ་བ།
བོད་ཁུལ་གྱི་སྤྱི་ཚོགས་ནི་ཚོ་བ་དང་ཚོ་བ་བྱས་ནས་གྲུབ་པ་ཡིན་ལ། ཚོ་བ་རེ་རེ་ནི་དུང་ཚང་དུ་མ་འདུས་པ་ལས་གྲུབ་པ་ཡིན། ཚོ་བ་དེའི་སྤྱི་ཚོགས་མཐུན་ལམ་ནི་དུད་ཚང་ཕན་ཚུན་བར་གྱི་འབྲེལ་བ་ལས་གྲུབ་པ་ཡིན། དུད་ཚང་བར་གྱི་འབྲེལ་བ་དང་མཐུན་ལམ་ནི་ཕན་ཚུན་འགྲོ་འོང་དང་རོགས་རམ་ལ་རགས་ལས་པ་རེད། ཕན་ཚུན་འགྲོ་འོང་ཇི་ཙམ་ཉུང་ན། དེ་ཙམ་གྱིས་བར་ཐག་རིང་དུ་འགྲོ་བཞིན་ཡོད། དེ་བས་ཚོ་བའི་མཐུན་ལམ་ནི་དུད་ཚང་ཕན་ཚུན་བར་གྱི་འགྲོ་འོང་ལ་རགས་ལས་ཤིང་། དུད་ཚང་ཕན་ཚུན་གྱི་འགྲོ་འོང་ནི་ཡུལ་དེའི་བྱེད་སྒོ་སྣ་ཚོགས་དང་འབྲེལ་བ་དམ་ཟབ་ལྡན་ཡོད། སྤྱིར་ན་ལོ་གཏོ་བཅའ་བ་ནི་དུད་ཚང་གཅིག་རང་གིས་སྒྲུབ་ཐུབ་པ་ཞིག་མ་ཡིན་པར་མ་མཐའ་དུད་ཚང་ཁ་ཤས་ཀྱི་མི་སྣའི་རོགས་རམ་ལ་བསྟེན་དགོས། དཔེར་ན། ལོ་གཏོ་བཅའ་སྐབས་བོན་གཤེན་བཞི་ལྔ་གཡས་གཡོན་འཛོམས་དགོས་པ་ལྟ་བུ་རེད། དེ་ལྟར་དུད་ཚང་ཕན་ཚུན་གཅིག་ལ་གཅིག་བསྟེན་གྱི་འབྲེལ་ལམ་འོག་ད་གཟོད་བྱེད་སྒོ་འདི་དག་ལེགས་གྲུབ་ཡོང་བ་ཡིན། གཞན་ཡང་ས་གནས་ཁ་ཤས་སུ་ལོ་གཏོ་བཅའ་སྐབས་ཚོ་བ་དེའི་མི་ཚང་མ་མགྲོན་འབོད་སྲོལ་ཡོད་ལ། ཚ་རོང་སོགས་སུ་ལོ་གཏོ་བཅའ་སྐབས་དགོང་མ་ཞིག་ལ་དུད་རོགས་རྣམས་འབོད་ནས་མཉམ་དུ་མ་ཏྲི་སྐུལ་མ་འདོན་སྲོལ་ཡོད། འདིས་ཁོ་ཅག་ནམ་ཡང་སྐྱིད་སྡུག་གཅིག་ཡིན་པ་དང་ནམ་ཡང་ཕན་ཚུན་གྱི་རོགས་རམ་མེད་ཐབས་མེད་པའི་ངེས་ཤེས་དྲངས་པ་རེད། དེར་བརྟེན། ལོ་གཏོ་བཅའ་བའི་ལམ་ལུགས་འདིས་སྤྱི་ཚོགས་ཀྱི་མཐུན་ལམ་ལ་གལ་ཆེའི་ནུས་པ་ཐོན་ཡོད། གཞན་ཡང་ཚོ་བ་རེ་ལ་གཞི་བདག་རེ་རེ་དམིགས་བསལ་གསོལ་རྒྱུ་ཡོད་པས་ལམ་ལུགས་འདིས་ཚོ་བ་གང་དེའི་མི་རྣམས་ཀྱི་ནང་བསམ་པའི་འདུ་ཤེས་གཅིག་སྒྲིལ་ཡོང་བར་ནུས་པ་ཐོན་ཡོད།
གསུམ། ལོ་གཏོ་དང་ཁོར་ཡུག་སྲུང་སྐྱོབ་བར་གྱི་འབྲེལ་བ།
དེང་སང་དཔྱད་བརྗོད་པ་ཁ་ཤས་ཀྱིས་རང་བྱུང་ཁམས་ལ་གུས་བརྩི་ཞུ་བ་ནི་ཡ་རབས་བཟང་སྤྱོད་ཅིག་ལ་ངོས་འཛིན་གནང་གི་འདུག ད་ལྟའི་བོད་ཀྱི་དྭངས་གཙང་ཡིད་འོང་གི་ཁོར་ཡུག་འདི་ནི་བོད་མི་རིགས་ཀྱི་རང་བྱུང་ཁམས་ལ་གུས་བརྩི་ཞུ་བའི་གོམས་སྲོལ་དང་འབྲེལ་བ་ཡོད་ཅེས་བློ་དང་ལྡན་པ་དག་གིས་སྨྲ། དེ་ཡང་བོད་ཀྱི་ལྷ་ཀླུ་གཞི་བདག་གི་ལྟ་ཚུལ་དང་འབྲེལ་བ་དམ་ཟབ་ལྡན་ཡོད། ལོ་གཏོ་བཅའ་སྐབས་འཁྲུག་བཅོས་ཟེར་བའི་གཏོ་ཆོག་ཅིག་བཅའ་རྒྱུ་ཡོད་ཅིང་། དེ་ནི་གཙོ་བོ་བོད་མིས་རང་བྱུང་ཁམས་ལ་བཟུང་བའི་ལྟ་ཚུལ་མཚོན་བྱེད་ཅིག་ཡིན། དེའི་ནང་དུད་ཚང་གང་དེས་མ་ཤེས་མ་རིག་པའི་དབང་གིས་ས་གཉན་བསློག་པ་དང་ཆུ་གཉན་དཀྲུགས་པ། ཤིང་གཉན་བཅད་པ། ཡང་ན་རི་དྭགས་འདྲ་མིན་བསད་པ་སོགས་ཀྱི་གནས་ཚུལ་ཡོད་ན་ལྷ་ཀླུ་གཞི་བདག་ལ་དགོངས་དག་ཞུ་བ་དང་མ་འོངས་པར་དེ་འདྲ་མི་བྱེད་པའི་དམ་བཅའ་འབུལ་སྟངས་ཤིག་གམ། ཡང་ན་རང་བྱུང་ཁམས་དང་མི་གཉིས་ནམ་ཡང་འཆམ་མཐུན་མཉམ་གནས་དགོས་པའི་དྲན་སྐུལ་གཏོང་ཐབས་ཤིག་ཡིན། ལོ་རེར་དེ་ལྟར་གཏོ་བཅའ་བ་དེས་མི་རབས་ནས་མི་རབས་བར་མི་རྣམས་ལ་རང་བྱུང་ཁམས་ཀྱི་ཐོན་ཁུངས་ལ་གང་ཐུབ་ཀྱིས་ཚོད་འཛིན་དང་སྲུང་སྐྱོབ་དགོས་པའི་འདུ་ཤེས་བསྐྱེད་པ་རེད། དེས་ན་ལོ་གཏོ་བཅའ་བ་ནི་བོད་ཀྱི་ཐུན་མིན་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཁྱབ་སྤེལ་བྱེད་པའི་ཐབས་ལམ་ཞིག་ཏུ་གྱུར་ཡོད། དེ་ལྟར་བརྟགས་ན་ཆོ་ག་འདི་ནི་དེང་གི་སྤྱི་ཚོགས་དང་ཁོར་ཡུག ཁྲིམས་ལུགས་བཅས་ལ་དགོས་མཁོ་ཡོད་པའི་བྱེད་སྒོ་ཞིག་ཏུ་གྱུར་ཡོད་པའི་ངེས་ཤེས་རྙེད་ཐུབ་པ་ཟད། ལམ་ལུགས་འདིའི་དོན་སྙིང་ཡང་རྟོགས་ཐུབ་པར་འགྱུར་རོ། །
བརྒྱད་པ། ལོ་གཏོ་ཆོ་གའི་ཁྱད་ཆོས་གླེང་བ།
གཅིག མི་ཆོས་རིག་གནས་ཀྱི་ཁྱད་ཆོས།
ལོ་གཏོའི་ཆོ་ག་འདིའི་ལོ་རྒྱུས་དང་བྱུང་རིམ། ནང་དོན་དང་སྒྲོམ་གཞི། བྱེད་ནུས་སོགས་ལ་བརྟགས་ན། ཁྱད་ཆོས་གཉིས་འདུག་པར་མཐོང་སྟེ། གཅིག་ནི་མི་ཆོས་རིག་གནས་ཀྱི་ཐད་ནས་རེད། དེ་ཡང་ལོ་གཏོ་བཅའ་བའི་ནང་དོན་གཙོ་བོ་གཅིག་ནི་གོང་དུ་གླེང་བ་ལྟར། ཡུལ་ལྷ་གསོལ་བ་དང་གཡང་འགུག་རྒྱུ། སྒྲ་བླ་མཆོད་རྒྱུ་འདི་དག་རེད། འདི་དག་གི་ངོ་བོ་ནི་ང་དང་བདག་གཙོ་བོ་བྱས་པ་ཞིག་ཡིན། དེ་ཡང་ཡུལ་ལྷ་ནི་ཆོས་དཔེ་འགའ་ལས་འཇིག་རྟེན་གྱི་ལྷ་ཡིན་པར་བཤད་ལ། འཇིག་རྟེན་གྱི་ལྷ་ཞེས་པའི་དོན་ནི་ང་ཚོ་མི་ཕལ་པ་ལྟར་དགའ་སྐྱོ་ཆགས་སྡང་ཡོད་པ་དང་དགྱེས་ན་མགོན་ཞིང་ཁྲོས་ན་གནོད་སྐྱེལ་བ་དེ་རེད། ལྷག་ཏུ་རང་ཡུལ་གྱི་མི་རྣམས་ལ་དུས་རྟག་ཏུ་མགོན་ཞིང་གཞན་སྡེ་ལ་སྡང་ཞིང་རབ་ཏུ་ཁྲོ་བ་དེ་རེད། ཡུལ་ལྷ་གསོལ་བའི་སྐབས་སུ་ཡང་གྲི་དང་མདུང་སོགས་གོ་མཚོན་འཁྱེར་ཏེ་ཀི་འདེབས་པ་སོགས་ནི་མིའི་རང་གཤིས་སུ་མངའ་བའི་རྒོད་གཤིས་ཀྱི་བག་ཆགས་སློང་སྟངས་ཤིག་རེད། གཡང་འབོད་ལ་མཚོན་ན་ཡང་ང་ལ་ནོར་དང་ཚེ་དགོས། རྒྱུ་དང་ཟས་དགོས། སྟོབས་དང་འབྱོར་བ་དགོས། མིང་དང་གྲགས་པ་དགོས། ཐོབ་དང་གོ་ས་དགོས། གཞན་གྱི་སྒོ་ཟོག་འཕྲོག་ནས་ང་སར་འཁྱེར་ཡོང་དགོས་ལྟ་བུའི་ཐ་སྙད་དང་ནང་དོན་ཡོད་པ་རེད། སྒྲ་བླ་གསོལ་བ་ནི་དེ་བས་ཀྱང་བདག་གཞན་དང་ཆགས་སྡང་མངོན་པར་གསལ་བའི་བྱེད་སྒོ་ཡིན་ཏེ། «སྒྲ་བླའི་གསོལ་ཡིག»ལས“དཔའ་གཉིས་གཡུལ་འགྱེད་ན། གཡུལ་ལས་རྒྱལ་བའི་སྒྲ་བླ་དེ་དགྲ་ལ་མ་ཤོར་ཅིག འཛངས་གཉིས་ཤག་འགྱེད་ན། ཤག་གི་རྒྱལ་ཁ་དེ་རོགས་ལ་མ་བསྐུར་ཅིག མགྱོགས་གཉིས་བང་འགྱེད་ན། མགྱོགས་པའི་བང་ཁ་དེ་དགྲ་ལ་མ་ཤོར་ཅིག དགྲ་བོའི་ཡུལ་ཁམས་ཆམ་པ་ཕོབས། དགྲ་ཡུལ་ཐལ་བ་རྡུལ་དུ་བརློག ཇི་བཅོལ་ལས་རྣམས་མྱུར་གྲུབ་མཛོད།”[23]ཅེས་གསལ་ཡོད་པ་རེད། དེ་བས་འདི་དག་ནི་བདག་གཙོ་བོ་བྱས་པའི་མི་ཆོས་རིག་གནས་དང་འབྲེལ་བའི་ལུགས་སྲོལ་དང་ཆོ་ག་ཞིག་ཡིན། ཆོ་ག་འདི་སྒྲུབ་མཁན་ཕལ་ཆེ་བ་སྐྱ་བོ་ཡིན་པ་དེས་ཀྱང་འདི་ཉིད་སྐྱ་བོའི་རིག་གནས་དང་འབྲེལ་བའི་བྱེད་སྒོ་ཞིག་ཡིན་པ་གསལ་པོར་རྟོགས་ཐུབ་བོ། །
གཉིས། ལྷ་ཆོས་རིག་གནས་ཀྱི་ཁྱད་ཆོས།
ལོ་གཏོ་བཅའ་སྐབས་གདོད་མའི་དུས་སུ་ཡུལ་ལྷ་གསོལ་བ་སོགས་མི་ཆོས་རིག་གནས་གཙོ་བོ་བྱེད་པ་ལས་ལྷ་ཆོས་ཀྱི་གྲུབ་ཆ་འདུས་མེད། ཕྱིས་སུ་རིམ་བཞིན་བོད་མིའི་འཇིག་རྟེན་ལྟ་ཚུལ་ལ་འགྱུར་ལྡོག་སོང་ནས་ལོ་གཏོ་བཅའ་བ་དེ་ཡང་ལྷ་ཆོས་གཙོ་བོ་བྱེད་པའི་ཕྱོགས་སུ་འཕོ་འགྱུར་ཕྱིན་ཡོད། དེར་བརྟེན། དེང་སང་བོན་སྡེ་ཁག་གི་ལོ་གཏོ་ནང་གསང་སྔགས་སྒྲུབ་གཞུང་སོགས་ལྷ་ཆོས་ཀྱིས་བརྒྱ་ཆ་མང་པོ་ཟིན་ཡོད། ལྷ་ཆོས་ནི་བདག་མེད་པར་ལྟ་བའི་ཁྱད་ཆོས་ཅན་ཡིན་ལ། ཐོག་མར་བདག་མེད་པ་དང་དགྲ་གྲོགས་མེད་པ། ཚང་མ་བཏང་སྙོམ་དུ་ལྟ་ཐུབ་དགོས་པ་རེད། དེ་བཞིན་འཁོར་བ་དང་མྱང་འདས། སངས་རྒྱས་དང་སེམས་ཅན། དགེ་བ་དང་སྡིག་པ་སོགས་ལྟ་དགོས་པ་རེད། དེར་བརྟེན། སངས་རྒྱས་པའི་ཆེད་དུ་ཡི་དམ་ལྷ་བསྒྲུབ་དགོས་པ་དང་འཁོར་བ་ལས་ཐར་བའི་ཆེད་དུ་ཞི་ཁྲོ་དང་ཀློང་རྒྱས་སོགས་འདོན་ཏེ་དགེ་བ་མང་པོ་ཞིག་བསྒྲུབ་དགོས་པ་རེད། གསང་སྔགས་སྒྲུབ་གཞུང་ལས་སྡང་དགྲ་གནོད་བགེགས་སོགས་མང་པོ་ཞིག་བསྟན་ཀྱང་། དེ་དག་ནི་མ་དག་སེམས་ཅན་གྱི་སྣང་ཚུལ་ཞིག་ལས་དོན་ལ་ལྷ་དང་གཞལ་ཡས་ཞིང་ཁམས་ཀྱི་རང་བཞིན་ཡིན་པ། ཡང་ན་སྦྱང་བྱ་རང་གི་སྒྲིབ་གཉིས་ལ་དམིགས་སྟངས་ཤིག་ཡིན། བསྒྲལ་བའི་ཞིང་བཅུ་སོགས་བསད་པ་དང་གཅོད་པ། བསྒྲལ་བ་དང་གཏུབ་པ། བསྲེག་པ་སོགས་ཅི་ཞིག་བྱས་རུང་དེ་དག་ནི་གཞི་སྙིང་རྗེ་ཆེན་པོ་དང་གནས་ལུགས་མ་བཅོས་པས་རྩིས་ཟིན་པའི་སྒོ་ནས་ཕ་རོལ་པོ་སངས་རྒྱས་ས་ལ་འགོད་སྟངས་ཤིག་ལས་ཐ་མལ་བའི་ཆགས་སྡང་དང་འབྲེལ་བ་གང་ཡང་མེད་པར་བཞེད་ཡོད། དེང་སང་ས་ཁུལ་ཁ་ཤས་སུ་ལོ་གཏོ་བཅའ་མཁན་གྱི་བོན་གཤེན་ལ་མ་མཐའ་སྔོན་འགྲོ་དང་དངོས་གཞི་དགོས་ཟེར་དོན་ཡང་ལྷ་ཆོས་དང་འབྲེལ་ནས་བྱུང་བ་ཞིག་ཡིན། མདོར་ན། ཆོ་ག་འདི་ནི་མི་ཆོས་རིག་གནས་དང་ལྷ་ཆོས་རིག་གནས་ཟུང་དུ་འབྲེལ་བ་ཞིག་ཡིན་ལ། བོད་མིའི་འཇིག་རྟེན་ལྟ་བ་དང་རིན་ཐང་ལྟ་བ་ལས་མངོན་པའི་ཆོས་ལུགས་བྱེད་སྒོ་ཞིག་གམ་ལུགས་སྲོལ་ཞིག་ཡིན་ནོ། །
དགུ་པ། ཆོ་ག་འདི་ཡུན་རིང་གནས་ཐུབ་པའི་རྒྱུ་མཚན།
ཆོ་ག་འདི་དུས་ཀྱི་འཕོ་འགྱུར་ནང་མ་ནུབ་པར་གནས་ཐུབ་པའི་རྒྱུ་རྐྱེན་དང་པོ་ནི་གཞི་བདག་གི་རིག་གནས་དང་འབྲེལ་བ་ཡོད་ལ། གཞི་བདག་གམ་ཡུལ་ལྷ་གསོལ་བ་ནི་བོད་མི་ཡོངས་ལ་རྒྱ་ཁྱབ་ཏུ་གནས་པའི་གོམས་སྲོལ་ཞིག་ཡིན། གོང་དུ་ཡིག་རྙིང་ཁག་ལས་གསལ་བ་ལྟར། ཡུལ་ལྷ་དང་སྲུང་མ་ནི་དུས་སུ་མཆོད་དགོས་པ་གསལ་པོར་བཤད་ཡོད། གལ་སྲིད་མཆོད་པ་དུས་ལྟར་མ་འབྱོར་ཚེ་གནོད་པ་དང་བར་ཆད་ཡོང་བ་ངོས་འཛིན་བྱེད་པ་རེད། གཉིས་པ་ནི་གོང་དུ་གླེང་ཟིན་པ་ལྟར་གསང་སྔགས་ཀྱི་དམ་ཚིག་དང་འབྲེལ་བ་ཡོད་པ་རེད། གསུམ་པ་ནི་བོན་གཤེན་གྱི་འཚོ་གནས་དང་འབྲེལ་བ་ཡོད་སྙམ། སྔོན་མ་ཡིན་ན་བོན་གཤེན་གྱིས་ལོ་གཏོ་བཅའ་བའི་ཐབས་ལམ་བརྒྱུད་ནས་རང་ཉིད་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་ཐུབ་ཀྱིན་ཡོད། དེ་ཡང་ཡུལ་སྡེ་ཕལ་ཆེར་འདྲ་བར་བོན་གཤེན་གྱིས་ལོ་གཏོ་གསུངས་སྐབས་དུད་དེས་སྤྱིར་བཏང་གི་ཁ་ཟས་སྦྱར་བ་ཕུད་ཉིན་ལྟར་ཤ་དང་གྲོ་སོགས་ཀྱི་སྐལ་འཇོག་པ་རེད། བོན་གཤེན་ནང་ནས་དབུ་མཛད་ལ་དམིགས་བསལ་སྐལ་ཆེ་བ་འཇོག་སྲོལ་ཡོད། སྐལ་དེ་དག་ལོ་གཏོ་མཇུག་རྫོགས་རྗེས་རང་ཁྱིམ་དུ་ཁུར་ཆོག གཞན་ཡང་གཞི་ཐོག་གི་གཏོར་མ་དང་གཞི་ནས་སོགས་བོན་གཤེན་ཁག་ལ་དབང་བས་བོན་གཤེན་གྱི་འཚོ་བར་ཕན་ཐོགས་བསྐྲུན་ཡོད་ལ། བོན་སྡེ་ཁག་གི་ཁྲོད་དུ་བོན་གཤེན་ལ་གོ་ཐོབ་ངེས་ཅན་ལྡན་ཡོད། དེར་བརྟེན། སྔར་བོན་སྡེ་ཁག་གིས་བྱིས་པར་ཡི་གེ་སློབ་པ་ཡང་དམིགས་ཡུལ་གཙོ་བོ་མ་འོངས་པར་བོན་གཤེན་ཆགས་པའི་ཆེད་དུ་རེད། ཁ་དཔེ་ལ། དགེ་རྒན་གྱིས་སློབ་བུར་ཡི་གེ་སློབ་སྐབས་ཤ་རྒྱོབ་མར་རྒྱོབ་ཟེར་ནས་རྡུང་རྡེག་བྱེད་སྲོལ་ཡོད་ཟེར། ངས་ཀྱང་ཆུང་དུས་དམིགས་ཡུལ་དེ་འདྲ་ཞིག་བཟུང་ནས་ཁྲོ་གཞུང་ཚར་ཁ་ཤས་བཀླགས་མྱོང་། བཞི་པ་ནི་གོང་དུ་གླེང་ཟིན་པ་ལྟར་བྱེད་སྒོ་འདི་མི་སྒེར་གྱི་སེམས་ཁམས་ལ་ཕན་ཐོགས་ཡོད་པ་དང་ཡུལ་ལུང་དེའི་གོམས་སྲོལ་ཞིག་ཏུ་ཆགས་པས་ཀྱང་ཡིན་ངེས་སྙམ་མོ། །
བཅུ་པ། ད་ལྟའི་གནས་བབ་དང་མ་འོངས་པའི་ཁ་ཕྱོགས།
སྤྱིར་ན་དེང་གི་དུས་སྐབས་ནི་ཆ་འཕྲིན་སྣ་མང་ཅན་གྱི་དུས་སྐབས་ཤིག་ཡིན་ལ། མི་རྣམས་ཀྱི་ལྟ་ཚུལ་དང་བསམ་བློ་ལ་གཡོ་འགུལ་ཐེབས་སླ་བའི་དུས་ཀྱང་རེད། དུས་སྐབས་འདི་འདྲ་ནང་མི་སྒེར་གྱི་གོ་རྟོགས་མཐོར་འདེགས་གཏོང་སྟེ་བྱ་དངོས་ཡོད་ཚད་ལ་སྒེར་གྱིས་དཔྱད་ཞིབ་ཐུབ་པ་བྱེད་དེ། རང་ཉིད་ཀྱི་རིན་ཐང་ལྟ་ཚུལ་དང་ཁ་ཕྱོགས་སོགས་མ་ནོར་བ་དགོས་རྒྱུ་གལ་ཆེ་སྙམ། དེ་བཞིན་བོད་ཀྱི་གོམས་སྲོལ་སྣ་ཚོགས་ལ་དགག་རྒྱག་དང་སྐྱོན་བརྗོད་བྱེད་མཁན་ཡོང་གི་ཡོད་ལ། བོན་གྱི་ལོ་གཏོ་བཅའ་བའི་ལམ་ལུགས་ཀྱང་དེ་ལས་མ་འདས། ཐ་ན་བོན་གྱི་བླ་གྲྭའི་ཁྲོད་ནས་ལམ་ལུགས་འདི་ཉིད་སྙིང་པོ་མེད་པར་སྨྲ་མཁན་འཐོན་བཞིན་ཡོད། དེ་ལྟ་བུའི་སྤྱི་ཚོགས་ཁྲོད་ནས་ང་ཚོས་ལམ་ལུགས་འདིའི་ལོ་རྒྱུས་རང་བཞིན་དང་ཁྱད་ཆོས། བྱེད་ནུས། རིན་ཐང་སོགས་ལ་རྒྱུས་ལོན་དང་ངོས་འཛིན་གསལ་པོ་ཡོང་བ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བ་འདྲ། དེང་སང་བོན་སྡེ་ཁག་གི་ཁྲོད་དུ་ལམ་ལུགས་འདི་མ་ཉམས་པར་གནས་ཡོད་ཀྱང་། ཟུར་ཁ་ཤས་ནས་ཅུང་ཉམ་རྒུད་འགྲོ་བཞིན་པའི་སྣང་ཚུལ་ཐོན་ཡོད། དཔེར་ན། བོན་གཤེན་རྒན་པ་དག་གི་འཚོ་བ་ཅུང་ཡར་རྒྱས་སོང་བས་ལོ་གཏོ་འདོན་པའི་ཁེ་ཕན་མཐོང་གི་མེད་པ། གཞོན་ནུ་ཚོས་དེ་ཙམ་གལ་ཆེན་དུ་མི་བལྟ་བ། སྣང་མེད་དུ་འཇོག་པ། ཐ་ན་རྨོངས་དད་ཀྱི་གྲལ་དུ་བརྩི་མཁན་ཀྱང་ཡོད་སྲོལ་འདུག ཕྱོགས་གཞན་ནས་བཤད་ན། ས་ཆ་ཁ་ཤས་སུ་དུད་རེས་འདོན་རྒྱུ་མང་དྲག་ནས་རྒྱུན་སྐྱོང་མི་ཐུབ་པའི་དཀའ་ངལ་འབྱུང་བཞིན་ཡོད། ཕྲན་གྱི་གོ་ཐོས་ལྟར་ན་དུད་ཚང་ཞིག་ལ་སྔོན་མ་དེ་ཚང་བོན་གཤེན་མང་པོ་ཡོད་པས་ལོ་གཏོ་ཡང་གྲ་རྒྱས་པོ་བཅའ་སྲོལ་བྱུང་བ་རེད་ཟེར། དེང་སང་དུད་དེའི་མི་ཚོས་ལམ་ལུགས་དེ་སྐྱོང་བར་དཀའ་ལས་འབྱུང་གི་འདུག་ཟེར། དེར་བརྟེན། ལོ་གཏོ་འོས་འཚམ་བཅའ་རྒྱུ་ནི་རྒྱུན་རིང་ལ་སྟབས་བདེ་བའི་ལམ་ལུགས་ཤིག་ཏུ་མཐོང་གི་ཡོད། གཞན་ཡང་དེང་སང་ས་ཁུལ་ཁ་ཤས་སུ་བོན་ཡོན་མི་ལེན་པའི་ལུགས་སྲོལ་ཞིག་འདུག་པ་དེ་ངས་ཡག་པོར་མཐོང་གི་མེད། སྒོར་མོ་ནི་མི་སུ་ལ་ཡང་མཁོ་གལ་ཆེ་བའི་དངོས་པོ་ཞིག་ཡིན། དེས་རང་བཞིན་ཤུགས་ཀྱིས་ལོ་གཏོ་འདོན་མཁན་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། དེས་ན་བོན་གཤེན་ཚོས་སླར་ཡང་ལོ་གཏོའམ་ལོ་རིམ་གྱི་ཆོ་ག་འདི་ལ་ངོས་འཛིན་གསལ་པོ་ཐུབ་པ་བྱེད་དེ། རང་གི་ཕ་མེས་ཀྱི་ལམ་ལུགས་དང་གོམས་སྲོལ་རྒྱུན་འཛིན་གནང་རྒྱུར་འབད་བརྩོན་ཞུ་རྒྱུ་ནི་གལ་ཆེན་པོ་མཐོང་གི་ཡོད། མཁས་དབང་དགེ་འདུན་ཆོས་འཕེལ(༡༩༠༣-༡༩༥༡)ལགས་ཀྱིས་རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས། །རང་བྱུང་སྙིང་གི་དབུས་སུ་གནས་པ་དེས། །རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ། །རང་གི་ནུས་པས་སྲིད་ཞུ་ཅུང་ཟད་སྒྲུབ། །ཅེས་གསུངས་སོ། །
དཔྱད་གཞིའི་ཡིག་ཆ།[1] གཉའ་གོང་དཀོན་མཆོག་ཚེ་བརྟན། «བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས» ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། ༡༩༩༥ལོར། ཤོག་ངོས༦༠སྟེང་གསལ།
[2] བདེ་སྐྱིད་ཀྱིས་བསྒྲིགས། «རྦ་བཞེད་ཕྱོགས་བསྒྲིགས» མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོར། ཤོག་ངོས་༤སྟེང་གསལ།
[3] རྟ་མགྲིན་ཚེ་རིང་གིས་བརྩམས་པའི«མིའི་རིགས་རིག་པ་སྨྲ་བ་མཱ་ལེན་ནོ་ཧྥོའུ་སི་ཅིའི་མཐུ་ཆོས་ལྟ་བ་གཞིར་བཟུང་ནས་བོད་ཀྱི་དམར་མཆོད་རིག་གནས་ལ་དཔྱད་པ།»ཞེས་པ་ལས་དྲངས།
[4] རྨ་སྟོན་སྲིད་འཛིན། «གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད» སི་ཁྲོན་ཏང་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོར། ཤོག་ངོས༡༣༨སྟེང་གསལ།
[5] སྐྱོགས་སྟོན་རིན་ཆེན་བཀྲ་ཤིས། «བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང» མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོར། ཤོག་ངོས་༧༨སྟེང་གསལ།
[6] «ཕྱྭ་གཤེན་དཔྱད་དོན་སྒྱུ་མ་གསེར་འབུམ» ཀུན་སྣང་ཁྱབ་པའི་འཕྲུལ་དེབ་ལས་དྲངས། ཤོག་ངོས༣༡༠སྟེང་གསལ།
[7] «གཡུང་དྲུང་གཙང་མའི་ཚེ་གཟུངས་སྐོར» ཀུན་སྣང་ཁྱབ་པའི་འཕྲུལ་དེབ་ལས་དྲངས། ཤོག་ངོས༢༠༢སྟེང་གསལ།
[8] བློ་ལྡན་སྙིང་པོ། «མདོ་དྲི་མེད་གཟི་བརྗིད»དེབ་བདུན་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༠ལོར། ཤོག་ངོས༤༧༩སྟེང་དུ་གསལ།
[9] གཡང་མོ་མཚོ་དང་བཙུན་པོ་དོན་འགྲུབ་ཀྱིས་བསྒྲིགས། «བོད་རིག་པའི་འཆད་ཁྲིད་གཅེས་བཏུས» [J] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༢༡ལོར། ཤོག་ངོས༡༡སྟེང་གསལ།
[10] གཞོན་ནུ་ནོར་བཟང་གིས་བསྒྲིགས། «བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག» [J] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༠ལོར། ཤོག་ངོས༡༦༢སྟེང་གསལ།
[11] བདེ་སྐྱིད་ཀྱིས་བསྒྲིགས། «རྦ་བཞེད་ཕྱོགས་བསྒྲིགས» མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོར། ཤོག་ངོས་༢༥སྟེང་གསལ།
[12] དྲང་སྲོང་རྣམ་རྒྱལ་གྱིས་བསྒྲིགས། «བོན་གྱི་དཔེ་དཀོན་ཕྱོགས་བསྒྲིགས» ཤོག་ངོས༧༨སྟེང་གསལ།
[13] རྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་གྱི་དཀར་ཆབ་ཆེན་མོ་བཞུགས་སོ།། ཤོག་ངོས༦༥ནང་གསལ། ཡིག་རྙིང་ལག་བྲིས།
[14] ཞང་ཞུང་བློ་གྲོས་ཉི་མ། «རྗེ་སྨན་རི་བ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་ཕྱོགས་བསྒྲིགས» [J] ཡ་གླིང་གློག་རྡུལ་དཔེ་སྐྲུན་ཁང་། ཤོག་ངོས༡༥༧སྟེང་གསལ།
[15] མེ་སྟོན་ཉི་མ་རྒྱལ་མཚན། «སྲིད་པའི་དཀའ་ཐུབ་པ་གྲུབ་དབང་མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ» [G] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོར། ཤོག་ངོས༩༥སྟེང་གསལ།
[16] གཞོན་ནུ་ནོར་བཟང་གིས་བསྒྲིགས། «བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག» [J] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༠ལོར། ཤོག་ངོས༡༤༨སྟེང་གསལ།
[17] ཤར་རྫ་བཀྲ་ཤིས་རྒྱལ་མཚན། «ལེགས་བཤད་རིན་པོ་ཆེའི་གཏེར་མཛོད» མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ལོར། ཤོག་ངོས༡༦༡སྟེང་གསལ།
[18] མེ་སྟོན་ཉི་མ་རྒྱལ་མཚན། «སྲིད་པའི་དཀའ་ཐུབ་པ་གྲུབ་དབང་མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ» [G] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོར། ཤོག་ངོས༡༡༡སྟེང་གསལ།
[19] «ཁུ་བྱུག་སྔོན་མོའི་སྒྲ་དབྱངས» བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༧ལོར། ཤོག་ངོས༧གསལ།
[20] བོད་ཟླ་ལ་བརྩི་སྲོལ་དང་ངོས་འཛིན་སྟངས་ཁ་ཤས་ཡོད་ཀྱང་འདི་ནི་ན་རོ་ལོ་ཐོ་ལྟར་དུ་བཀོད་པ་ཡིན།
[21] «ཁུ་བྱུག་སྔོན་མོའི་སྒྲ་དབྱངས» བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༧ལོར། ཤོག་ངོས༡༢སྟེང་གསལ།
[22] འོད་ཟེར་སྦྱིན་པ། «གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས» པོད(༧༦)པ།«བརྒྱ་བཞི་དང་གཏོ་ཐབས་དྲུག་ཅུ་སོགས་གཏོ་ཡི་སྐོར» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༩༢༧སྟེང་གསལ།
[23] འོད་ཟེར་སྦྱིན་པ། «གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས» པོད(༧༣)པ། «བོན་སྐྱོང་བསྐང་གསོལ་སྐོར» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༨༠༦སྟེང་གསལ།