དྲག་སྔགས་དབལ་མོའི་མཚམས་སྦྱོར་མདོར་བསྡུས།
[ཟླ་ཚེས། 2023-12-10 12:25:47][རྩོམ་པ་པོ། དབྲ་ཁྱུང་མཆོག་རྒྱལ་གྲགས་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
དྲག་སྔགས་དབལ་མོའི་མཚམས་སྦྱོར་མདོར་བསྡུས།
གསང་སྔགས་གསང་བའི་སྙིང་པོ། དྲག་སྔགས་དམོད་པའི་ཐེམ་ཡིག སྣང་སྲིད་མ་མོའི་ལས་ཀ་གཏིང་རྫོགས་སྒྲུབ་པའི་ཡང་བཅུད། དབལ་མོ་ལས་ཀྱི་འཁོར་ལོ། ཐིག་ལེ་གཏིང་རྫོགས་དྲག་སྔགས་དབལ་མོའི་སྒྲུབ་པ་འདི། གསང་བ་སྔགས་ཀྱི་རྩ་བའིི་རྒྱུད་བཞི་སྟེ། མ་མོ་སྦོད་སྟོང་སྲིད་པ་ཕྱི་ཡི་རྒྱུད། དྲེའུ་ནག་མོ་མ་མོ་ནག་གི་རྒྱུད། དྲེའུ་དམར་མོ་དབལ་མོ་གསང་བའི་རྒྱུད། མ་མོ་སྲོག་སྒྲུབ་ཡང་གསང་རྩ་བའི་རྒྱུད་བཞི་ཡི།ཡང་བཅུད་དག་པའི་རྒྱུད། ཀུན་གྱི་སྙིང་པོར་གྱུར་པ། སྲིད་པ་སྤྱི་བསྡུས། ཐིག་ལེ་གཏིང་རྫོགས་དྲག་སྔགས་དབལ་མོའི་སྒྲུབ་གཞུང་འདི་ཉིད། བྱུང་བའི་ཁུངས་བཙུན་ཏེ། སྲིད་པའི་རྒྱལ་མོ་ས་ཏྲིག་ཨེར་སངས་ཀྱིས། ཐུགས་སྤྲུལ་སྲིད་པའི་ལྷ་མོ་བཟང་ཟ་རིང་བཙུན་དང་། སྲས་འཆི་མེད་གཙུག་ཕུད། གཤེན་གསང་བ་འདུས་པ་གསུམ་ལ་བསྟན། དེས་དབལ་བོན་སྟག་ལ་མེ་འབར་ལ་བསྟན་ཏེ། མཚལ་རི་ཟུར་གསུམ་ལྷ་ཡི་འདུན་དུ་སྒྲུབ། དེས་རྒྱལ་གཤེན་མི་ལུས་བསམ་ལེགས་ལ་བསྟན་ཏེ། རྒྱལ་མཁར་བར་གཅོད་གནས་སུ་སྒྲུབ། དེས་ཀླུ་གྲུབ་ཡེ་ཤེས་སྙིང་པོ་ལ་བསྟན་ཏེ། ཆུ་མིག་བརྒྱད་ཅུའི་མགོ་རུ་སྒྲུབ། དེས་ནམ་མཁའ་སྣང་བ་མདོག་ཅན་ལ་བསྟན་ཏེ། རི་རྒྱལ་ལྷུན་པོའི་ཕོ་བྲང་དུ་སྒྲུབ། དེས་མུ་ཁྲི་བརྩན་པོ་ལ་བསྟན་ཏེ། ལྷ་རི་གྱང་མ་གྱང་ཏོ་རུ་སྒྲུབ། དེས་མོས་བོན་ཧ་ར་ཅི་པར་ལ་བསྟན་ཏེ། ལྷོ་རི་མོན་རི་རྒྱལ་རི་གསུམ་ལ་སྒྲུབ། དེས་བོན་པོ་སྟག་ཝེར་ལེ་ཝེེར་ལ་བསྟན་ཏེ། མཚོ་མུ་ལེ་ཁྱུད་ཀྱི་མཐའ་རུ་སྒྲུབ། དེས་ཞང་ཞུང་ཨ་ནུ་འཕྲག་ཐག་ལ་བསྟན་ཏེ། གངས་ཏེ་སེའི་གནས་སུ་སྒྲུབ། དེས་ཞང་ཞུང་སད་ནེ་གའུ་ལ་བསྟན་ཏེ། དང་ར་གཡུ་བུན་གནས་སུ་སྒྲུབ།དེས་ད་མི་ཐད་ཀི་ལ་བསྟན་ཏེ། སྤོས་རི་ངད་ལྡན་གྱི་གནས་སུ་སྒྲུབ། དེས་ཤད་པུ་ར་ཁུག་ལ་བསྟན་ཏེ། དྲུང་གི་སྟག་ཚལ་ཕུག་ཏུ་སྒྲུབ། དེས་རྒྱ་བོན་ཟིང་པ་མཐུ་ཆེན་ལ་བསྟན་ཏེ། རྒྱའི་གོང་བུ་དམར་པོའི་ཕུག་ཏུ་སྒྲུབ། དེས་སྤེ་བོན་ཐོག་འཕྲུལ་ལ་བསྟན་ཏེ། ཡར་ལྷ་ཤམ་པོའི་ཕུག་ཏུ་སྒྲུབ། དེས་སྤེ་བོན་ཐོག་རྩེ་ལ་བསྟན་ཏེ། འཕན་ཡུལ་བྲག་དཀར་ཕུག་ཏུ་སྒྲུབ། དེས་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་ལ་བསྟན་ཏེ། གནམ་མཚོ་ཕྱུག་མོའི་དོ་ལ་སྒྲུབ། དེས་སེ་བོན་ཤ་རུ་དབུ་ཆེན་དང་། མེ་ཉག་ལྕེ་ཚ་མཁར་བུ། ལྡེ་བོན་གྱིམ་ཚ་རྨ་ཆུང་གསུམ་གྱིས། ཞང་ཞུང་སྟོང་རྒྱུང་ལ་དུས་གཅིག་ཏུ་ཞུས། མང་མཁར་ལྕགས་ཕྲང་ཕུག་ཏུ་སྒྲུབ། དེས་སྟང་ཆེན་དམུ་ཚ་གྱེར་མེད་ལ་བསྟན་ཏེ། རྒྱུང་སྲུབ་གསང་བའི་དྲག་ཕུག་དུ་སྒྲུབ། དེས་ཁོད་སྤུངས་དྲན་པ་ནམ་མཁའ་ལ་བསྟན་ཏེ། ཞང་ཞུང་ཁྱུང་ལུང་དངུལ་མཁར་དུ་སྒྲུབ།
དུས་དེར། བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོ། དགུང་ལོ་ཉེར་བདུན་ཐོག བློན་འབངས་ཚོས་དབྱེན་དཀྲུག་བྱས་རྐྱེན། རྒྱལ་སྲིད་བོན་གཤེན་རྣམས་ལ་ཤོར་དོགས་ཀྱིས་བོན་བསྣུབ་སྐབས། འཆི་མེད་དྲན་པ་ནམ་མཁས། ཡུམ་སྲས་སྡེ་ལྔ་ལ་གཉེར་གཏད་བྱས། གནས་མཆོག་གྱིམ་ཤོད་ཤེལ་ལེ་རྒྱ་དཀར། རྩེ་དྲུག་ཤེལ་བྲག་དྲི་མེད་གླིང་གི་མགུལ་ཀེའུ་ཚང་བྲག་ཏུ་གཏེར་ལ་སྦས། དྲན་པ་ནམ་མཁས་སྨོན་ལམ་འདི་སྐད་བཏབ་སྟེ། ད་ལྟ་བོན་འདི་ལན་གཅིག་ནུབ་གྱུར་ཀྱང་། ནམ་ཞིག་སྤང་ལ་མེ་ཏོག་བརྡོལ་བ་བཞིན། སྐལ་ལྡན་གཤེན་པོས་རྙེད་ཅིང་རྒྱས་པར་ཤོག ཡུམ་སྲས་སྡེ་ལྔ་བཀའ་ཡི་བྱ་ར་མཛོད། འདི་ཉིད་རྙེད་པའི་སྐལ་ལྡན་གཤེན་པོ་ནི། སྟག་ལ་མེ་འབར་དངོས་སུ་བྱོན་པའི་བུ། ལོ་ནི་ཕག་གམ་སྦྲུལ་གྱི་ལོ་ལ་འབྱུང་། མི་འགྱུར་བཀའ་རྟགས་སྟག་གཟིག་རི་མོ་བཀྲ། འགྲན་གྱི་ཟླ་བྲལ་ཁྱུང་གི་གདུང་ལས་འཁྲུངས། ཡུམ་སྲས་སྡེ་ལྔའི་བྱ་ར་མ་གཡེལ་ཅིག དུས་ལ་བབ་དུས་གཤེན་པོ་དེ་ལ་སྤྲོད། ཅེས་གསུངས་ནས་ཡུམ་སྲས་སྡེ་ལྔ་ལ་གཉེར་དུ་གཏད་དོ། །༧སྟག་ལའི་ཐུགས་སྤྲུལ་དབྲ་ཁྱུང་གཡུང་དྲུང་བསྟན་འཛིན་དབང་རྒྱལ་ལམ། དབྱིངས་ཀྱི་གསང་མཚན་དབལ་འབར་སྟག་སླག་མཆོག བོད་ལྗོངས་ཆབ་མདོ་ས་ཁུལ་ཁྱུང་པོ་སྟེང་ཆེན་ཟླ་གཤིས་ལུང་པ་ལ་ཆགས་པའི། ཁྱུང་སེར་ཟླ་གཤིས་བླ་བྲང་དུ། རབ་བྱུང་བཅུ་བཞི་པའི་ཆུ་སྦྲུལ་ལོར།༡༨༣༣ལ་སྐུ་འཁྲུངས། ༡༩༠༨ཧོར་ཟླ་༡༢པའི་ཚེས་༣༠ལ་དགོངས་པ་བོན་དབྱིངས་སུ་གཤེགས། ཁྱུང་སེར་ཟླ་གཤིས་བླ་བྲང་ནི། ༧རྩེ་དྲུག་དགོན་པའི་བླ་རབས་༢༩པ་ཁྱུང་སེར་སྒར་ཁང་བླ་བྲང་གི་སྲས། སངས་གླིང་བཞི་པ་པདྨ་གར་དབང་མཆོག སྤྱི་ལོ་༡༨༠༢ཆུ་ཁྱི་ལོར་འཁྲུངས། དགུང་ལོ་སོ་གཉིས་ཐོག། ཟླ་བཟའ་ཨ་ཏིང་ངམ་ཁྲོམ་བཟའ་ཨ་ཏིང་ཁབ་ཏུ་བཞེས་ནས། ཟླ་གཤིས་སྟོད་མེ་ཧོ་གཉིས་སྤོམ་པའི་སར། ཟླ་གཤིས་བླ་བྲང་ཐོག་མར་ཕྱག་བཏབ། ༧སྲས་དབལ་འབར་སྟག་སླག་དང་ནོར་བུ་དབང་རྒྱལ་གཉིས་འཁྲུངས།
རྩེ་དྲུག་དགོན་པའི་བླ་རབས༣༠པ་རིགས་འཛིན་དབལ་འབར་སྟག་སླག་དགུང་ལོ་བཅུ་དྲུག་ཐོག་རྩེ་དྲུག་ཤེལ་བྲག་དྲི་མེད་གླིང་དུ། སྲིད་རྒྱལ་དྲེའུ་ནག་མོ་སྒྲུབ་པའི་སྐབས་སུ། སྤྲེལ་ལོ་ཧོར་ཟླ་དང་པོ། ས་སྤྲེལ་ཟླ་བའི་ཚེས་གཅིག་གི་ཉི་ཤར་མཚམས་སུ། ཁོང་གི་མདུན་དུ་བུད་མེད་ལྗང་ནག་ལ། དར་ནག་གོས་གྱོན་སྐྱེས་པ་བཞི་ཡི་སྐོར་ནས། མེ་ལོང་ཕྱི་ཞིང་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་དབལ་བོན་སྙན་གསོན་དང་། ང་ནི་ཡུམ་སྲས་སྡེ་ལྔ་ཡིན། འཆི་མེད་དྲན་པའི་གཉེར་གཏད་ནས། དྲག་སྔགས་དབལ་མོའི་སྒྲུབ་སྐོར་གཅིག ཤེལ་ལེ་རྒྱ་སྐར་མགུལ་དུ་ཡོད། དེ་སྔ་ང་ཡི་བསྟན་སྲུང་བྱས། ད་ནི་དུས་ཀྱི་དབང་བསྒྱུར་བའི། དབལ་བོན་ཉིད་ལ་དབང་བ་ཡིན། ཕྱག་མཚན་དབལ་ཕུར་ཁྱེར་མཛོད་ལ། ལའུང་མྱུར་དུ་གཤེགས་སུ་གསོལ། དམ་ཅན་ང་ཡི་སྡོང་གྲོགས་བྱེད། དུས་ཀྱི་གཏེར་ཞལ་འཕྱེ་བར་མཛོད། ཅེས་གསུངས་ཏེ། རྒྱལ་བློན་ཕྲག་དོག་དབང་གིས་བོན་སྣུབ་སྐབས། འཆི་མེད་དྲན་པ་ནམ་མཁས། དྲག་སྔགས་དབལ་མོའི་སྒྲུབ་སྐོར་འདི་ཉིད། དུས་ནམ་ཞིག་ལ། སྤང་ལ་མེ་ཏོག་བརྡོལ་བ་བཞིན་དུ། ནུབ་པ་མེད་པ་དར་བའི་སྨོན་ལམ་བཏབས། གཏེར་བདག་ཡུམ་སྲས་སྡེ་ལྔ་ལ་གཉེར་གཏད་བྱས། གནས་མཆོག་གྱིམ་ཤོད་ཤེེལ་བྲག་རྫོང་དུ་གཏེར་ལ་སྦས། དུས་ལ་བབས་པའི་ལུང་ཟིན། སྐལ་ལྡན་གྱི་གཤེན་པོ།འགྲན་བྲལ་ཁྱུང་གི་གདུང་ལས་འཁྲུངས་ཞིང་། ཕག་གམ་སྦྲུལ་གྱི་ལོ་ལ་བྱོན་པ།སྟག་ལ་མེ་འབར་དངོས་སུ་བྱོན་པའི་སྐྱེས་བུ།མི་འགྱུར་གྱི་བཀའ་རྟགས། ལུས་ལ་སྟག་གཟིག་གི་རིས་མོ་བཀྲ་བ། དུས་ལ་བབས་དུས། གཤེན་པོ་དེ་ལ་སྤྲོས་དགོས་གསུངས་པ་ལྟར།ཡུམ་སྲས་སྡེ་ལྔས། ད་ནི་དབལ་བོན་ཉིད་ལ་དབང་བ་ཡིན་པས། ཕྱག་མཚན་དབལ་ཕུར་ཁྱེར་མཛོད་ལ། ལའུང་མྱུར་དུ་གཤེགས་སུ་གསོལ། དམ་ཅན་ང་ཡི་སྡོང་གྲོགས་བྱེད། དུས་ཀྱི་གཏེར་ཞལ་འཕྱེ་བར་མཛོད། ཅེས་གསུངས་པ་ལྟར། ཡུམ་སྲས་སྡེ་ལྔས་སྤྱན་འདྲེན་བྱས་ནས། གཞའ་ཚོན་འོད་དང་བཅས་ཏེ། གནས་མཆོག་རྩེ་དྲུག་ཤེལ་ལེ་རྒྱ་སྐར་རྩེའི་མགུལ། ཀེའུ་ཚང་དུ་གཤེགས་སོ། དེར་ལ་མི་འགྱུར་བའི་བཀའ་རྟགས་གཡུང་དྲུང་རྒྱ་གྲམ་ཡོད་པ་དེར་ལ། དབལ་འབར་སྟག་སླག་མཆོག་གིས་ལྕགས་ཕུར་བཏབ་ནས། གཏེར་སྒོ་ཕྱེས་པའི། སིདྷུ་ར་དང་བྱེ་མ་མང་པོ་བྱུང་། དེ་ནས་ཤོ་རྡེལ་རྡོ་ཡི་སྒྲོམ་བུ་འདུག་པ་དེ། ཁ་ཕྱེས་ནས་བལྟས་པའི། ལ་ཆའི་སྒྲོམ་བུ་ཞིག་གི་ནང་། ཤོག་དྲེལ་སྔོ་སྐྱ་དངུལ་མདོག་ཅན། ཞིང་ལ་སོར་བཅུ་དང་། དཀྱུས་ལ་མཐོ་ཕྱེད་གསུམ། ཡིག་ཕྲེང་དྲུག་པ། དངུལ་མདོག་ཅན་ཞིག་ཡོད་པ་དེ། ཁུད་དུ་བྱུང་ནས་ཕྱིར་ཡོང་སྟེ། བྲག་ཐོག་ཏུ་ལྷོད་པོར་བཞུགས་སྐབས། ༧ཤར་ཕྱོགས་རཀྟ་ཁྲག་མཚོ་དམར་ནག་འཁྲུག་པའི་དབུས་སུ། སྲིད་པའི་རྒྱལ་མོ་བདེ་འགྲོ་གསང་ཡུམ། ཞལ་གསུམ་ཕྱག་དྲུག་དྲེལ་ནག་རྐང་གསུམ་འཆིབ་པ། བརྩེ་གདུང་ཚུལ་གྱིས་འདི་སྐད་ཅེས་གསུངས་ཏེ། ཨེ་མ་སྟག་ལའི་ཐུགས་ཀྱི་སྲས། དབལ་བོན་སྟག་ཆུང་དབལ་སླག་ཅན། བརྩེ་གདུང་ངག་ལ་སྙན་གསོན་དང་། ང་ནི་སྲིད་པའི་རྒྱལ་མོ་ཡིན། ཁྱོད་ཀྱི་འབྲེལ་བའི་ལྷ་སྐལ་ཡིན། ཁྱོད་ལ་ལུང་བསྟན་ཚིག་གསུམ་ཡོད། ཡིད་ཀྱི་མ་བརྗེད་དམ་དུ་ཟུངས། ཁྱོད་ནི་བདག་གི་སྙིང་གི་བུ། ང་ཡི་ཡིད་ཀྱི་བུ་གཅིག་སྟེ། ཁྱོད་ཀྱི་གདུང་བའི་མ་གཅིག་མོ། ཡུད་ཙམ་འཕྲད་ཀྱི་མཆིད་གླེང་ལ། ཟབ་གསང་མན་ངག་གཡུང་དྲུང་བོན། རྟེན་བརྗིད་མཛོད་དུ་ནོར་དུ་སྦས། ལེགས་པའི་འབྲུག་སྒྲ་སྙན་པར་སྒྲོག ཅེས་མ་བུས་བརྩེ་གདུང་ཚུར་གྱིས། སྲིད་པའི་རྒྱལ་མོས། ང་ནི་ཁྱེད་དང་འབྲེལ་བའི་ལྷ་སྐལ་དང་། ཁྱེད་བདག་གི་ཡིད་ཀྱི་གདུང་བའི། བུ་གཅིག་པོ་དེ་ཡིན་པས། ལུང་བསྟན་ཚིག་གསུམ། ༧ཟབ་གསང་མན་ངག་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ཉིད། དུས་ལ་མ་བབ་པའི་སྐབས་སུ། ཡིད་ཀྱི་མ་བརྗེད་ལ། ཐུགས་ཀྱི་དཀྱིལ་དུ་སྦས། དུས་ལ་བབ་ཚེ། འབྲུག་སྒྲ་བཞིན་དུ་ཕྱོགས་བཅུ་ཀུན་ཏུ་སྒྲོགས་ཞེས་གསུངས་སོ། །དེ་ཉིད་ལས། མཐའ་བཞི་བྱང་ཕྱོགས་མུན་གླིང་ནས། ནག་པོ་རྐྱེན་དང་རྒྱུར་ཆག་པའི། ཆོ་འཕྲུལ་བོད་དུ་ལྡོང་ལ་ཉེ། དེ་ཡི་ཁ་གནོན་རིགས་ཀྱི་གཤེན། དབྱིངས་ནས་བསྐོས་པ་དབལ་གྱི་བུ། སྟག་ལ་བྱུང་པའི་སྟག་སླག་ཅན། མ་གཡེལ་དེ་ཡི་ཁ་གནོན་ཡིན། ཞེས་མཐའ་བཞི་མུན་པའི་གླིང་ནས། ནག་པོ་བདུད་ཀྱི་ཆོ་འཕྲུལ་བོད་དུ་སྡང་ཉེན་ཡོད་པའི། སྟག་ལ་མེ་འབར་དང་། དབྱིངས་ཀྱི་མ་མོས། དབལ་འབར་སྟག་སླག་མཆོག དེ་ཡི་ཁ་གནོན་དུ་བསྐོས་པ་བསྟན། དེ་ཉིད་ལས། མ་རྟོགས་བདུད་སྲིན་དམག་དཔུང་ལ། ཞི་བའི་ངང་གི་མི་ཁྲོལ་བའི། དབལ་གྱི་ཆས་སུ་བཞུགས་པར་འཚལ། ལྕགས་ཀྱི་བྱ་རུ་ཐབས་ཤེས་ལྡེམ། སྟག་སླག་ཁྲ་བོ་སྟག་གི་ཆས། མཐིང་ནག་ན་བཟའ་དྲག་པོའི་ཚུལ། དབུ་སྐྲ་ལྗང་ལོ་མཛེས་པའི་རྒྱན། སྟག་ཞུ་ཁྲ་བོ་དབུ་ལ་མཛེས། རུས་པའི་རྒྱན་དྲུག་དུར་ཁྲོད་ཆས། སྦྲུལ་གྱི་སྐེད་རེག་གདུག་པ་འདུལ། ཐོད་སྐམ་དབུ་རྒྱན་སྔགས་ཀྱིས་རྒྱན། གནམ་ལྕགས་ཕུར་པ་སྒྲོལ་བའི་དོན། ཧོམ་དོང་ནག་པོ་ལས་ཀྱི་ཧོམ། སྟག་གི་ཤམ་ཐབས་ཟིལ་གནོན་ཆས། སྐལ་ལྡན་དབལ་བོན་ལྷ་ཡི་བུ། བྲག་པོའི་ལས་ཀྱི་ངོས་ལོང་ཅིག ཅེས་གསུངས་ཏེ། མ་རྟོགས་ལོག་པའི་བདུད་སྲིན་ཐམས་ཅད། ཞི་བའི་ངང་གི་མི་ཁྲོལ་བའི། དྲག་པོ་དབལ་གྱི་ཆ་ལུགས། ལྕགས་ཀྱི་བྱ་རུ། སྟག་སླག་ཁྲ་བོ། མཐིང་ནག་ནམ་བཟའ། དབུ་སྐྲ་ལྗང་ལོ། སྟག་ཞུ་ཁྲ་བོ། རུས་པའི་རྒྱན་དྲུག སྦྲུལ་གྱི་སྐེད་རགས། ཐོད་སྐམ་དབུ་རྒྱན། གནམ་ལྕགས་ཕུར་པ། ཧོམ་དོང་ནག་པོ་བཅས། དྲག་པོ་དབལ་གྱི་ཆ་ལུགས་ཐབས་ཅད་བསྟན། དེ་ཉིད་ལས། གདུལ་བྱ་དྲག་པོ་སྒྲོལ་བའི་ཆས། ཐབས་དང་ཤེས་རབ་གདུལ་ཀའི་གྲོགས། ཤར་ཕྱོགས་འོས་པའི་ཕྱོགས་བཞི་སོགས། གང་དང་སྨོན་ལམ་བརྩེ་བ་ཡི། བློ་རིག་རྣམ་པར་རབ་བཀྲ་མཆོག ཉི་ཟླ་བཞིན་དུ་ཟུངས་དུ་འབྲེལ། སྐར་ཚོགས་བཞིན་དུ་རྣམ་པར་ཚོགས། དབྱིངས་ཀློང་ཡེ་ཤེས་དབྱེར་མེད་སྙོམ། ཟུང་འཇུག་བདེ་ཆེན་རྣམ་པར་དག མི་ནུབ་དར་བའི་གདུག་གི་ཤིང་། ལས་འཕྲོ་སྔོན་ནས་རྣམ་དབྱེ་ཞིང་། ང་དང་དབྱེར་མེད་ཟངས་མདོག་འཚེར། པད་མ་སྡོང་པོ་རབ་རྒྱས་པའི། བདག་དང་གཞན་དུ་མ་བཟུངས་ན། ལོག་པའི་རྐྱེན་གྱི་ཁྱེར་དགོས་པའི། ཟབ་གསང་ཐབས་སུ་རྣམ་པར་གཅེས། གསུངས་ཏེ། རིགས་མ་མཚན་ལྡན་གྱི་མཁའ་འགྲོ་མ་བསྟན། ཡང་དེ་ཉིད་ལས། བཅུ་བདུན་རྒྱས་པའི་ལང་ཚོ་ལ། མ་རིག་ལོག་པའི་བར་ཆད་ཉེ། གདུལ་ཀའི་བར་ཆད་ཞི་ཕྱིར་དུ། གཤེན་གྱི་ཐུགས་སྤྲུལ་བོན་གྱི་གནས། མདུང་རྩེ་འདྲ་བའི་མདུན་དྲུང་དུ། བསྐོར་བ་བརྒྱ་ཕྲག་བྱས་ནས་སུ། མོས་པའི་རྐྱང་ཕྱག་ལན་གཅིག་འཚལ། གདུལ་བྱ་བསྟན་པའི་བར་ཆད་ཞི། མ་ཡེང་ངེས་པར་ཐུགས་ལ་ཞོག་ཅེས་གསུངས་ཏེ། དགུང་ལོ་བཅུ་བདུན་ཐོག་བར་ཆད་ཞི་ཕྱིར། གཤེན་གྱི་ཐུགས་སྤྲུལ་ཀོན་པོ་བོན་རི་ལ་ཕེབས་ནས། སྐོར་བ་བརྒྱ་ཕྲག་དང་རྐྱང་ཕྱག་ལན་གཅིག་འཚལ་དགོས་པར་བསྟན། དེ་ཉིད་ལས། བུ་གཅིག་ཡིད་ཀྱི་བརྩེ་གདུང་ཅན། སྟག་ལ་ཐུགས་ཀྱི་སྲས་གཅིག་པོ། ད་ནས་ཅི་སྲིད་མ་ཐུག་པར། ལུས་གྲིབ་ཤེ་ཐུན་རེག་ཐུན་བཞིན། འབྲལ་མེད་ད་ནི་འགྲོགས་པར་བྱེད། ཁྱོད་ཀྱང་ད་ནི་བདག་ལ་སོགས། ང་ཡང་ད་ནི་ཁྱོད་ལ་རྐྱོངས། འབྲལ་བ་མེད་དོ་དམ་ཚིགས་ཅན། ནམ་ཞིག་བར་ཡང་མི་འབྲལ་བར། གཏན་དུ་འགྲོག་པའི་དམ་དུ་བཅའ། ཅི་ལྟར་ཕྲིན་ལས་སྒྲུབ་པར་བྱེད། ཅེས་གསུངས་ཏེ། ང་ནི་ནམ་ཞིག་བར་ཡང་། ཁྱེད་དང་མི་འབྲལ་བར། ལུས་དང་གྲིབ་མ་བཞིན་དུ། གཏན་ཏུ་འགྲོག་པའི་དམ་བཅས་ཏེ། ཅི་བཅོལ་ཕྲིན་ལས་སྒྲུབ་པར་བྱེད་པའི་དམ་ཚིགས་ཀྱི་སྙིང་པོ་འདི་བསྟན། བསྭོ་མ་མ་གུ་ཡ་ཅི་སྡོམ། དེ་སྐད་ཅེས་གསུངས་ནས་དགྱེས་པར་བཞུགས་སོ། བདག་ཀྱང་ཤིན་ཏུ་བརྩེ་གདུང་འདྲེས་པ་ཡི། མིག་ནས་མཆི་མ་མང་པོ་ཆུ་ལྟར་བྱུང་། གདུང་བའི་ཤུགས་ཀྱིས་འདི་སྐད་གསོལ་བ་བཏབས། ཨེ་མ་ཧོ། དུས་གསུམ་རྫོགས་པའི་སངས་རྒྱས་ཀུན་གྱི་ཡུམ། སྲིད་པ་གསུམ་ལ་མཐུ་རྩལ་འགྲན་ཟླ་མེད། སྲིད་པ་རྒྱལ་མོ་བདེ་འགྲོ་གསང་བའི་ཡུམ། ཚེ་རབས་གཏན་གྱི་མ་གཅིག་མཐུ་མོ་ཆེ། བདག་ཆགས་སྣང་བ་ཡིད་ཀྱི་བརྩེ་གདུང་གིས། མ་མཆོག་ཉིད་ལ་མོས་པར་གསོལ་བ་འདེབས། དུས་རྣམས་ཀུན་ཏུ་མི་འབྲལ་ཐུགས་རྗེ་ཅན། རྒྱུན་དུ་བདག་གིས་མ་ཅིག་ཁྱེད་མཆོད་ནས། རྟག་དུ་མ་གཡེལ་ཐུགས་ཀྱིས་བུ་ལྟར་དགོངས། སྐྱབས་སུ་མཆིའོ་ཡུམ་ཅིག་སྲིད་པའི་རྒྱལ། ཅི་འབྱོར་ཕྱི་ནང་མཆོད་པ་ཁྱེད་ལ་འབུལ། མ་འབྱོར་ཐུགས་ཀྱིས་མ་ཁྲེལ་བརྩེ་གདུང་ཅན། ཡུམ་ཅིག་རྒྱལ་མོ་ཕྲིན་ལས་འགྲུབ་པར་མཛོད། བསྟན་པ་གཉེན་པོ་མ་གཡེལ་རུ་དང་ཕྱོར། ཕྱི་ནང་གསལ་བའི་བར་ཆད་ཉེ་བར་སོལ། གྱི་གྲན་ལོགས་པའི་བསྟན་དགྲ་རྡུལ་དུ་རློག མཆོག་ཐུན་དངོས་གྲུབ་བདག་ལ་མངོན་པར་རྩོལ། དམ་ཚིག་ཅན་གྱི་ལྷ་མོ་གྲོོགས་མཛད་མ། གཏན་གྱི་སྐྱབས་ཅིག་བདག་གི་གྲོགས་མཛོད་ཅིག ཅེས་གསོལ་བ་བཏབ་ཅིང་འཕྲིན་ལས་བཅོལ་ཚེ། ཡུམ་གྱི་ཐུགས་ལས་འོད་ཟེར་མང་དུ་འཕྲོས། བདག་གི་ལུས་ཐིམ་མཆོག་གྱུར་བྱིན་རླབས་གྱུར། དེ་རྗེས་ཡུམ་ཅིག་གཞའ་ལྟར་དངོས་མེད་ཡལ། ཞེས་སྲིད་པའི་རྒྱལ་མོ་བདེ་འགྲོ་གསང་ཡུམ་མི་མངོན་པའི་དབྱིངས་སུ་གཤེགས་རྗེས། བདག་ཀྱང་སྒྲུབ་ཁང་ཕྱིར་ལ་ཡོངས་དུས་སུ། བཀྲ་ཤིས་ཉི་ཤར་གྱི་དུས་ཡིན་པའི། ཤོག་དྲིལ་ཞིག་ཁ་ཕྱེས་ནས། ལུང་བསྟན་ཐམས་ཅད་ཤོག་དཀར་ཐོག་ཕབ་སྐབས། ནམ་མཁའ་ནས་གཞའ་ཚོན་དང་། སྤྲིན་གུར་ཕུབ། ས་གཞི་ནས་ན་བུན་དང་། སྨུག་པ་འཁྲིགས། ཡུལ་མི་ཀུན་ཀྱང་ཤིན་ཏུ་སྤྲོ་བ་སྐྱེས། ངོ་མཚར་བླ་ན་མེད་པའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་ཤར་རོ། །༧ཡང་ཚེས་པ་བཅུ་བདུན་གྱི་ནུབ་མོར་སྲོད་འཁོར་ཙམ་ལ། སྲིད་རྒྱལ་དྲེའུ་དམར་མོ་བསྐུལ་པའི་སྐབས་སུ། མདུན་དུ་བུད་མེད་མི་ཟད་སྲིན་མོ་ཁྲོས་པའི་ཚུལ་བསྟན་པ། དར་ནག་གཡང་གཞི་སྦྲུལ་ཆུན་མཛེས་པའི་རྒྱན་པ་གསོལ་བ། ཕྱག་ན་བྷན་དྷ་བདུད་རྩིའི་བཀང་བ་ཞིག་བསྣམ་ནས། བདག་ལ་གནང་ཞིང་། ཁོག་ཏུ་བཏང་བའི་ཚེེ། ལུས་ཀུན་བདེ་བའི་རྣམ་པ་རབ་དུ་འབར་བྱུང་། འཛུམ་པའི་ཚུལ་བསྟན། དགའ་བའི་མདངས་ཕྱུང་ནས། གདུང་དབྱངས་ཤུགས་ཀྱི་བདག་ལ་འདི་སྐད་གསུངས་ཏེ། ཨེ་མ་དབལ་བོན་སྟག་ཆུང་གཤེན། ཡིད་ཀྱི་བུ་ཅིག་སྙན་གསོན་དང་། ཁྱོད་ནི་དབལ་ཆེན་ཐུགས་ཀྱི་སྲས། རྔམ་ཆེན་རོལ་པའི་མཐུ་བྱིན་ལྡན། ཁྲོ་བོ་གཤེད་པོ་དམར་རྩལ་ལྡན། ལྷ་རྒོད་ཐོག་པའི་ཐུགས་རྗེ་ཅན། ཡེ་ཤེས་ཁྲོ་བོའི་བྱིན་རླབས་ཅན། དུག་ལྔ་རྒྱན་དང་ཤར་བའི་གསས། ཉོན་མོངས་གྲོགས་སུ་འགྱུར་བའི་གཤེན། དུན་ཙེ་བགེགས་ཀྱི་གཉའ་གནོན་པོ། སྟོང་གསུམ་འཇིག་རྟེན་ཐམས་ཅད་དུ། ཉིད་ཀྱི་སྤྲུལ་པ་མཁའ་ལྟར་བཀྲ། འགྲོ་དོན་གདུལ་ཀའི་གཉེན་ཅིག་པོ། སྔགས་ཀྱིས་བདག་པོ་དབལ་གྱི་བུ། ལོག་འདྲེན་བགེགས་ཀྱི་གཤེད་པོ་ཆེ། ཁྱོད་ཀྱི་བསྟན་པ་བདག་གིས་སྲུངས། ཁྱོད་ཀྱི་དགྲ་བགེགས་ང་ཡིས་སྒྲོལ། དམ་རྫས་བདུད་རྩི་སྨན་ཕུད་འདི། མཆོག་ཐུན་གཏེར་གྱི་དངོས་གྲུབ་ཆེ། འདི་གསོལ་བདུད་བགེགས་གཉའ་གནོན་ཅིག མ་མཆོག་དགྱེས་པའི་དངོས་གྲུབ་བཞེས། རདྣ་མ་མ་ས་མ་ཡ་སྟམ། ཅེས་གསུངས་ནས་རང་མལ་ངང་དུ་གཞའ་ལྟར་ཡལ། ༧སྟག་ལའི་ཐུགས་སྤྲུལ་དབལ་འབར་སྟག་སླག་མཆོག་གིས། གནས་མཆོག་རྩེ་དྲུག་ཤེ་ལེ་རྒྱ་སྐར་གྱི་མགུལ་ནས་གཏེར་དུ་བཏོན་པའི། ལ་ཆའི་སྒྲོམ་བུ་ཞིག་གི་ནང་། ཤོག་དྲེལ་སྔོ་སྐྱ་དངུལ་མདོག་ཅན། ཞིང་ལ་སོར་བཅུ་དང་། དཀྱུས་ལ་མཐོ་ཕྱེད་གསུམ། ཡིག་ཕྲེང་དྲུག་པ་དངུལ་འགོ་ཅན་ཞིག་ཡོད་པ་དེ་ལ། དཀའ་བ་དཔྱད་དེ་ཐིག་ལེ་གཏིང་རྫོགས་དྲག་སྔགས་དབལ་མོའི་སྒྲུབ་གཞུང་གི་ཚོགས་འཁོར་དང་། སྲུང་ཟློག་བསད་གསུམ། སྦྱིན་སྲེག་དང་བཅས་པ། ཐམས་ཅད་ཡོངས་སུ་རྫོགས་པ། རྩེ་དྲུག་ཤེལ་དྲག་དྲི་མེད་གླིང་ལ་གཏན་ལ་ཕབ་པའོ། །༧ཁྱུང་པོ་རྩེ་དྲུག་དགོན་ཤེལ་དྲག་དྲི་མེད་གླིང་ནི། བོད་རྒྱལ་མུ་ཁྲི་བཙན་པོས་ཕྱག་བཏབས། མི་ལོ་སུམ་སྟོང་ལྷག་གི་ལོ་རྒྱུས་ལྡན་ཡོད། བླ་ཆེན་དྲན་པ་ཡབ་སྲས་སོགས། རིག་འཛིན་གྲུབ་ཆེན་བརྒྱད་ཅུའི་བཞུགས་གནས་དང་། དབལ་ཆེན་གེ་ཁོད་དང་། ཁྲོ་བོ་དབང་ཆེན་གྱི་གནས་རི། སུམ་པ་མུ་སྤུངས་གསལ་སྟང་གི་བཞུགས་གནས།མ་རྒྱུད་གསང་མཆོག་མཐར་ཐུགས་གསུངས་སའི་གནས་མཆོག ངོ་རི་སེང་གདོང་ཁྲ་མོ་དང་། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱི་བཞུགས་གནས།རི་རྒྱུད་ལ་སྟོན་པ་འཆི་མེད་གཙུག་ཕུད་ཀྱི་བྱིན་གྱིས་བརླབས་པའི། རྟ་རྒྱལ་རྫོང་ཆེན་དང་། ལྡེ་བོན་གྱིམ་ཚ་རྨ་ཆུང་གི་སྒྲུབ་གནས། རྒྱབ་ཞོལ་ལ་རྟ་ཤོད་དཀྱིལ་འཁོར་ཐང་དང་། མདུན་དུ་བོན་རིའི་གནས་ཚབ། ཕ་བོང་བོན་རི་སོགས།ཕྱོགས་བཞི་མཚམས་བརྒྱད་ལ། བཀའ་རྟགས་རང་བྱོན་དང་། གཏེར་ཁ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད།བློ་ལྡན་གྱི་ཟུར་བྱང་ལས།གྱིམ་ཤོད་ཤེལ་ལེ་རྒྱ་གར་ལ།ཞི་ཁྲོ་བསྒྲུབས་ན་འདིར་སངས་རྒྱས།ཞེས་ལུང་གིས་ཟིན་ཡོད།
༧སྟག་ལའི་ཐུགས་སྤྲུལ་དབྲ་ཁྱུང་དབལ་འབར་སྟག་སླག་དགུང་ལོ་བཅུ་དྲུག་ཐོག ས་ཕོ་སྤྲེལ་ལོ་ཚེས་གཅིག་ཉི་ཤར་གྱིན་ཉིན་མོར། ཤེལ་ལེ་རྒྱ་དཀར་རྩེ་དྲུག་ཤར་ཕྱོགས་སེང་གེའི་རྫོང་ལ། སྤྲོ་སེང་ཕེབས་སྐབས་སུ། ནམ་མཁའི་སྤྲིན་སྤུངས་ཀྱི་མཐོང་གསེབ་ནས། གཡུ་ཡི་ནེ་ཙོ། སྤུ་རིས་ལ་གཞའ་ཚོན་འཁྱུགས་པ། བྱ་རིགས་མི་འདྲ་བ། སུམ་བརྒྱ་དྲུག་ཅུའི་སྐོར་བ་ཞིག། བྲག་ཐོག་ལ་བབ་ནས། མཛེས་པའི་མདངས་ཕྱུང་ཅིང་། ཤིན་ཏུ་སྙན་པའི་སྐད་རིགས་གསུམ་བསྒྲགས་པས། བདག་ནི་སྤྲོ་དགའི་ངང་ནས། བྲག་ལ་འཛེགས་སྐབས། བྲག་ཐོག་ཏུ་འདམ་ལ་བརྫིས་པ་ལྟར་རྐང་རྗེས་གསལ་པོར་དོད་འདུག དེ་ཚེ་བདག་གིས། ཨེ་མ། སྔོན་ནས་མཐོང་མ་མྱོང་བའི། བྱ་ཕྲན་སུམ་བརྒྱའི་སྐོར་བའི་གསུངས་སྙན་ནེ་ཙོ་ཁྱོད། ཡུམ་ཆེན་བྱམས་མའི་སྤྲུལ་པ་ཡིན་ན་སྐྱབས་སུ་མཆི། ལྷ་འདྲེ་སྤྲུལ་པ་ཡིན་ན་བསྒྲལ་བར་བགྱི་གསུངས་སྐབས། ནེ་ཙོའི་འདི་སྐད་ཟེར་དེ། ཨེ་མ་དབལ་བུ་སྟག་ཆུང་སྟག་སླག་ཅན། ང་ནི་དབྱིངས་ཉིད་བདེ་བའི་མཁའ་དབྱིངས་ནས། ཡུམ་ཆེན་ལྷ་མོ་ཐུགས་རྗེ་བྱམས་མ་ཡིན། བྱ་ཕྲན་སུམ་བརྒྱ་དྲུག་ཅུ་ནི། བྱམས་ཆེན་སུམ་བརྒྱ་དྲུག་ཅུ་ཡིན། སྐལ་ལྡན་སྔགས་བདག་དབལ་བོན་ལྷ་ཡི་བུ། སྙན་མཆོག་གསོན་དང་གསང་བའི་སྙིང་གཏམ་ཡོད། ཅེས་གསུངས་ནས་སྐུ་ལུས་རྡུལ་ཕྲུག་མཛད་དོ། ཁོ་བོས་གདུང་བའི་དབྱངས་ཀྱིས་འདི་སྐད་ཅེས་སྨྲས་སོ། །
བོན་ཉིད་སྐྱེ་མེད་བདེ་བའི་མཁའ་དབྱིངས་ནས། འགྲོ་བའི་དོན་མཛད་ལྷ་མོ་བྱམས་མའི་སྐུ། བདག་གིས་ལུས་ངག་ཡིད་གསུམ་གདུང་བ་ཡི། ཐུགས་རྗེ་བྱམས་མ་དབྱིངས་ཀྱི་བདེ་འགྲོ་ཡུམ། སངས་རྒྱས་ཀུན་གྱི་འབྱུང་གནས་ཉིད་ཕྱག་འཚལ། ཡུམ་ཅིག་སྐུ་ལ་ཐོ་འཚལ་བཟོད་པ་བཞེས། གདུང་ཤུགས་ཚངས་པའི་གསུང་དབྱངས་ད་ལྟ་འཚལ། ཞེས་ཞུས་སྐབས། སྙན་པའི་གསུང་ཕྱུང་ཅིང་། བྱ་ཕྲན་ཕྱོགས་དང་བཅས་པའི་འདི་སྐད་གསུངས་ཏེ། སྐལ་ལྡན་སྟག་ཆུང་དབལ་བུ་ལྷ་ཡི་གཤེན། ང་ནི་དབྱིངས་ཉིད་མཁའ་དབྱིངས་བོན་གྱི་ཀློང་། འགྱུར་མེད་དག་པའི་གཞལ་ཡས་གསས་མཁར་ནས། དབལ་བོན་ཁྱོད་ལ་ལུང་ཁྲིད་བསྐྱལ་ནས་འོང་། མ་གཡེང་སྙན་གྱི་དབང་པོ་གཏོད་ལ་ཉོན། ཞེས་ད་ལྟའི་སྙིགས་མ་ལྔ་བརྒྱའི་དུས་འདི་ལ། གདུལ་བྱ་བསོད་ནམས་ཟད་པའི། མིའི་ཚེ་ཐུང་བ་དང་། སྡེ་བརྒྱད་འགོང་པོ་ཤིན་ཏུ་རྒོད་པ། ནད་རིམས་མཚོན་གྱི་བསྐལ་པ་དར་བ། ཧོར་དམག་བོད་དུ་ལྡང་བ་དང་། མཐའ་ཡི་དམག་དཔུང་དབུས་སུ་འཚེ་ལ་ཉེ་བ། སྐལ་སྲིད་དུས་ཀྱི་འཕོ་འགྱུར་འདི་དག་ལ། གདུལ་བྱའི་ལྷ་མིའི་ཡོངས་ཀྱི་འགྲོ་བའི་མགོན་པོ། རྔམ་ཆེན་ཁྲོ་བོ་ཁྲོས་པའི་སྐུ་རཀྴ་དབུ་འབུམ་གྱི་དྲག་རྩལ། ལྷ་རྒོད་ཐོག་པའི་དབལ་དང་ལྡན་པ། སྔགས་འཆང་དབལ་འབར་སྟག་སླག་མཆོག། ཞི་བའི་ངང་ལ་མ་བཞུགས་པར་དྲག་པོའི་ཆས་མཛོད་ལ། འགྲོ་དོན་དུ་ཁའི་གདུག་པ་འདུལ་དུ་གསོལ། སྲིད་པ་སྤྱི་བསྡུས་མ་མོ་སྒྲུབ་པའི་བོན། ཐིག་ལེ་གཏིང་རྫོགས་དྲག་བསྔག་དབལ་མོའི་རྒྱུད། ཕྱི་ནང་གསང་བ་ཡང་གསང་བཅུད་དུ་དྲིལ་བ་འདི། ཡུམ་གཅིག་བྱམས་མ་ང་ཡི་སྙིང་ཁྲག་ཡིན། མཆོག་ཐུན་དངོས་གྲུབ་འགྲོ་མགོན་ཁྱུང་ལ་དབང་། ཞེས་ནད་མུག་མཚོན་སོགས་ཀྱི་བྱོལ་ཟོལ་ཟློག་པའི་ཐབས་སུ་གྱུར་པ། ཐིག་ལེ་གཏིང་རྫོགས་དྲག་སྔགས་དབལ་མོའི་རྒྱུད་འདི་ཉིད། རྒྱ་མཚོའི་ཀློང་གི་ནོར་བུའི་ལྟར། སེམས་ཅན་འདོད་པའི་རེ་བ་བསྐང་བ། དོན་གྱི་ཡང་སྙིང་སྤྱི་སྤུངས་གསང་བའི་རྒྱུད་ཡིན་པས། ཨུད་འབར་ལྟ་བུ་ཤིན་ཏུ་དཀོན་པོ་ཡིན་པ། མེ་ཕུང་ལྟ་བུས་ལོགས་པའི་དཔུང་སྡེ་བསྲེགས་པ། ཐོག་རྒོད་ལྟ་བུས་བསྐལ་པའི་བདུད་སྡེ་བཅོམ་པ། རལ་གྲི་ལྟ་བུས་དུག་ལྔའི་རྩ་བ་གཅོད་པ། ཉི་ཟླ་ལྟ་བུས་མུན་པའི་སྨག་རུམ་སེལ་པ། དེ་ཕྱིར་ཕྱི་ནང་གསང་བ་དྲག་པོའི་བོན་འདི། སྙིག་མའི་དུས་སུ་བྱིན་རླབས་བླ་ན་མེད་པ་ཡིན་པས། ཀུན་ལ་མ་སྤེལ་གསང་བ་རྒྱ་ཡིས་ཐོབ། སྐལ་ལྡན་རེ་ལ་གསང་བའི་རྒྱུད་བྱིན་ཅིག ཡིད་བཞིན་ལྟ་བུ་འདོད་པའི་རེ་བ་བསྐང་པའི། ཤིན་ཏུ་ངོ་མཚར་བླ་མེད་ཡོངས་ཀྱི་དོན། མི་ནུབ་རྒྱལ་མཚན་བྱ་ཁྱུང་གཙུག་ཏུ་མཛེས། མི་འགྱུར་གཡུང་དྲུང་སྟོང་གསུམ་ཡོང་ལ་བཀྲ། ཡུམ་ཅིག་ང་ཡི་ཐུགས་ཀྱི་ཁྲག་དམར་ཕྱུང་། ཆུད་དུ་མ་གསན་སྐལ་ལྡན་ཐུགས་ལ་སྦོས། ཁྱོད་ནི་སྔོན་ནས་གབ་ཅིང་སྦས་སོ། །དེ་ལྟར་གདམ་པའི་ལུང་བསྟན་མཆིད་འདི་ནི། བདག་གི་སྨྲས་ལྟར་ཁྱོད་ཀྱི་ཐུབ་པར་གྱིས། ཡུན་གྱི་སླར་ཡང་མི་འབྲལ་མཇལ་བར་སྨོན། ང་རང་མཁའ་དབྱིངས་བདེ་བའི་ཞིང་དུ་འགྲོ། སྐལ་ལྡན་གཤེན་པོའི་ཐུགས་ཀྱི་དགོངས་པར་མཛོད། དེ་སྐད་གསུངས་ནས་བྱ་ཕྲན་ཚོགས་དང་བཅས། ལྡིང་སྐོར་གསུམ་བྱས་མཁའ་ལ་འཕུར་ནས་སོང་ངོ་། །ཅེས་པའི་ཚུལ་འདི་ཁྱུང་སྒོམ་བདག་གིས་བཀོད། ཉེས་འགལ་མཆིས་ན་མ་སྲིང་ཁྱོད་ལ་བཤགས། དགེ་བས་འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཅིག མུ་ཙུག་སྨར་རོ། །
ཞེས་ཐིག་ལེ་གཏིང་རྫོགས་དྲག་སྔགས་དབལ་མོའི་རྒྱུད་འདི་ཉིད། སྟག་ལའི་ཐུགས་སྤྲུལ་དབལ་འབར་སྟག་སླག་མཆོག་གིས་རྩེ་དྲུག་ཤེལ་བྲག་དྲི་མེད་གླིང་ནས་གཏེར་ཞལ་ཕྱེས། དབྲ་སྟོན་ཉི་མ་གྲགས་པ་ལ་བརྒྱུད། དེས་ཞུ་སྟོན་ཉི་མ་ཁྲི་འོད་ལ་དབལ་ལུང་གཉིས་ཀ་བཅུད་དུ་བཙལ་བའོ།།ད་ལན་ཁོ་བོས་བདུན་ཕྲག་ལྔའི་རིང་། ཐིག་ལེ་གཏིང་རྫོགས་དྲག་སྔགས་དབལ་མོའི་སྒྲུབ་གཞུང་བསྙེན་སྒྲུབ་བྱས་རྗེས། ཞོར་ལ་དྲག་སྔགས་དབལ་མོའི་གཏེར་བྱང་ལོ་རྒྱུས་དང་། དྲག་སྔགས་དབལ་མོའི་སྒྲུབ་གཞུང་མཇུག་གི་ཟུར་མཆན་དག་ལ་གཞི་བཞག་ནས་ཕྱོགས་བསྒྲིགས་བྱས་པ་ཡིན།