མ་རྒྱུད་ཐུགས་རྗེ་ཉི་མའི་ལྷ་ཚོགས།
[ཟླ་ཚེས། 2021-12-24 11:26:20][རྩོམ་པ་པོ། ཁྲོ•ཉི་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
དེ་ཡང་སྔོན་སྟོན་པ་ཀུན་ཏུ་བཟང་པོ་ནས་ཡུམ་བཟང་ཟ་རིང་བཙུན་སོགས་ལ་རིམ་གྱིས་བརྒྱུད་ནས་རྒྱུད་པ་ཟམ་མ་ཆད་པའི་མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་བཀའ་གཞུང་འདི་ནི་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་པའི་རྒྱུད་གསུམ་གྱི་བདག་ཉིད་ཅན་གྱི་གཞུང་མཆོག་ཞིག་ཡིན། གཞུང་འདིའི་འགྲེལ་བ་ནི་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་དངོས་སུ་མཛད།རྒྱལ་གཤེན་མི་ལུས་བསམ་ལེགས་ལ་ལམ་གྱི་བྱ་ར་མ་དྲུག་དངོས་སུ་བྱོན་ནས་ལུང་བསྟན་ཏེ་རྒྱལ་གཤེན་ཉིད་ཀྱང་གཡུ་ལུང་ཤེལ་གྱི་བྲག་ཕུག་ཏུ་ཕྱིན་པས་གསང་མཆོག་གསང་བའི་དཀྱིལ་འཁོར་དུ་ཡུམ་བཟང་ཟ་རིང་བཙུན་ནི་ཀྱེ་མ་འོད་མཚོའི་ཆ་བྱད་དུ་བཞུགས་ཏེ། གསང་མཆོག་སངས་རྒྱས་རྒྱུད་གསུམ་གྱི་དཀྱིལ་འཁོར་འབྱམས་ཡས་པ་ནམ་མཁའི་མཐའ་ལ་ཐུག་པ་འོད་ཀྱི་གཞལ་ཡས་གྲུབ་པ་ནི་མངོན་སུམ་གསལ་ལ་མ་འདྲིས་པར་ཤར་བའི་ལྷ་སུམ་བརྒྱ་དྲུག་ཅུ་ནི་སྐབས་འདིར་བཤད་བྱ་གཙོ་བོ་ཡིན། དེ་ནི་ཕྱི་མཚན་མ་རྡུལ་མཚོན་གྱི་དཀྱིལ་འཁོར་ལ་གསལ་ཚུལ་དང་ནང་རང་ལུས་རྒྱལ་བའི་དཀྱིལ་འཁོར་ལ་གྲུབ་ཚུལ་གཉིས་ཀྱི་ཐོག་ནས་ལབ་རྒྱུ་ཡིན། བསྟན་ཚུལ་ལ་མ་རྒྱུད་སངས་རྒྱས་རྒྱུད་གསུམ་དང་རྒྱུད་འགྲེལ་དང་མ་རྒྱུད་སྒྲུབ་སྐོར་སོགས་ལས་སྐབས་སྐབས་ལ་ལྷ་སུམ་བརྒྱ་དྲུག་ཅུ་རེ་དྲུག་དང་སུམ་བརྒྱ་དྲུག་ཅུ་རེ་ལྔ་སུམ་བརྒྱ་དྲུག་ཅུ་སོགས་གསུང་འདུག དེ་དག་ལ་དོན་འགལ་ཆེན་པོ་མེད། དང་པོ་མདུན་བསྐྱེད་ཕྱིར་མཚན་མ་རྡུལ་མཚོན་གྱི་དཀྱིལ་འཁོར་ལ་བསྐྱེད་དགོས་པས་མཚན་མ་རྡུལ་མཚོན་གྱི་དཀྱིལ་འཁོར་ལ་མ་རྒྱུད་ཐུགས་རྗེ་ཉི་མའི་ལྷ་ཚོགས་བབས་ལུགས་སུ་སྟོན་ན་མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་དཀྱིལ་འཁོར་ནི་ཕྱི་ཁྱམས་དང་ནང་ཁྱམས་ཕོ་བྲང་དང་ལྕགས་རི་བཅས་ལས་གྲུབ་པའི་དཀྱིལ་འཁོར་ཞིག་ཡིན། དེ་བཞིན་དུ་ལྷ་ཚོགས་སུམ་བརྒྱ་དྲུག་ཅུ་དེ་དག་ཀྱང་ཕྱི་ཁྱམས་དང་ནང་ཁྱམས་ཕོ་བྲང་ལྕགས་རི་སོགས་ལ་བབས་ཡོད། དང་པོ་ཕོ་བྲང་ལྔ་ཡོད་པའི་དབུས་མའི་ཕོ་བྲང་གསང་མཆོག་རྒྱལ་པོའི་ཞིང་ཁམས་ནང་དུ་གནས་པའི་ལྷ་དག་ནི་ཡབ་གསང་མཆོག་མཐར་ཐུག་རྒྱལ་པོ་དང་ཡུམ་ཀྱེ་མ་འོད་མཚོ་གཉིས་བཞུགས་ཤིང་དེ་ལ་འཁོར་བདེ་ཆེན་སངས་རྒྱས་ཡུམ་བཞི་ནི་ཤར་དུ་དབང་གི་ལྷ་མོ་གནས་དཀར་མ། བྱང་དུ་རྒོད་ལྕམ་གཙུག་གི་དོན་འབར་མ། ནུབ་ཏུ་ཡུམ་ཆེན་ཐུགས་རྗེ་བྱམས་མའི་གཙོ། ལྷོ་རུ་ས་འཛིན་འོད་སངས་མ་དེ་དག་ནི་པད་འདབ་བཞིའི་སྟེང་དུ་གནས་ཡོད། དེའི་ཕྱི་རིམ་ལ་པད་མ་འདབ་བརྒྱད་ལ་ཐུགས་རྗེ་རོལ་པའི་ཁྲོ་མོ་བརྒྱད་བབས་ཡོད། དེ་དག་ནི་ཤར་དུ་ནམ་མཁའི་མདངས་ལྡན་མ། བྱང་དུ་སྲིད་པ་ཀུན་སྐྱོང་། ནུབ་ཏུ་འབྱུང་བའི་ཀློང་བསྐྱེད། ལྷོ་རུ་བསྐལ་པའི་གྲངས་འཛིན། ལྷོ་ཤར་དམར་ནག་བདུད་འདུལ། བྱང་ཤར་སྨུག་ནག་དམུ་འདུལ། བྱང་ནུབ་འོད་ཟེར་སྲི་འདུལ། ལྷོ་ནུབ་དམར་མོ་བཙན་འདུལ་དང་བརྒྱད་ནི་ཕྱོགས་བཞི་མཚམས་བརྒྱད་ལ་གནས་ཡོད། དེ་ཕྱི རིམ་དུ་པད་འདབ་བཅུ་དྲུག་ཡོད་ཀྱང་དོན་བྱེད་མ་བཞིའི་གདན་ལོགས་སུ་བཞག་ཡོད་པས་སྐབས་འདིར་པད་འདབ་བཅུ་གཉིས་ལ་འདོད་ཡོན་ལྷ་མོ་བཅུ་གཉིས་གནས་ཡོད། སྤྱིར་ན་འདོད་ཡོན་ལྷ་མོ་བཅུ་དྲུག་ཡོད་ཀྱང་སྐབས་འདིར་ཕོ་བྲང་དབུས་མའི་གྲུ་ཆད་བཞི་ལ་དོན་བྱེད་མ་བཞི་གནས་ཡོད། དེ་རྣམས་ཀྱི་མཚན་ནི་གསལ་བའི་སྤྱན་ནི་དཀར་མོས་སྒྲོན་མེ་འདེགས་མ། སྙན་པའི་དབྱངས་ནི་སྔོན་མོས་པི་ཝང་སྒྲོག ཐར་པའི་སྐས་ནི་སེར་མོས་སྤོས་དྲི་འབྱིན། བདུད་རྩིའི་ཕྱག་ནི་ལྗང་མོས་ཞལ་ཟས་འགྱེད། མཛེས་པའི་རྒྱན་ནི་དམར་མོས་དར་འཕན་ཕྱར། སྤྲུལ་པའི་སྐུ་ནི་སྣ་ཚོགས་གར་སྟབས་བསྒྱུར། མེ་ཏོག་མཛེས་ལྡན་སེར་མོ་འབྲུག་གདོང་མ། རིན་ཆེན་གཏེར་ལྡན་སྨུག་མོ་ཁྱུང་གདོང་མ། སྨན་གྱི་བཅུད་ལྡན་ལྗང་མོ་ཆུ་སྲིན་གདོང་། ཤེས་རབ་བློ་ལྡན་དཀར་མོ་སྤྱན་གདོང་མ། རྩི་ཡི་མཛོད་ལྡན་ནག་མོ་ཕག་གདོང་མ། རོལ་པའི་ཚོགས་བདག་སྨུག་མོ་སེང་གདོང་མ། མྱུར་མགྱོགས་གློག་འགྱུ་དམར་མོ་ལྕགས་ཀྱུ་འཛིན། ཐུགས་རྗེའི་སྤྲིན་དཔུང་སེར་མོ་རྔ་གཤང་འཁྲོལ། བྱིན་རླབས་ཆར་འབེབས་སྔོན་མོ་ལྕགས་སྒྲོག་སྡོམ། མི་གཡོ་སྟོབས་ལྡན་དཀར་མོ་ཞགས་པ་འདེབས་པ་སོགས་ཡིན།དེ་ཕྱི་རིམ་ལ་པད་འདབ་དྲུག་ལ་ལམ་གྱི་གོ་ཆ་མ་དྲུག་གམ་བྱ་ར་མ་དྲུག་བབས་པས་དེ་དག་ནི་ཐབས་མཆོག་ལམ་ཁྱེར་འདེགས་བྱེད་སྒྲོལ་མ་ཡུམ། རྨི་བ་ལམ་ཁྱེར་སྒྱུ་མ་ཆེན་མོ་ཡུམ། གཉན་ས་ལམ་ཁྱེར་ཚོགས་ཀྱི་བདག་མོ་ཡུམ། འཕེན་པ་ལམ་ཁྱེར་ཐར་ལམ་འདྲེན་པའི་ཡུམ། འཆི་བ་ལམ་ཁྱེར་བར་དོ་ཀུན་འདུལ་ཡུམ། གཉིད་པ་ལམ་ཁྱེར་གསལ་བྱེད་གདོས་བྲལ་ཡུམ་དེ་དག་ནི་དབུས་གསང་མཆོག་རྒྱལ་པོའི་ཞིང་ཁམས་ལ་བབས་པའི་ལྷ་ཚོགས་ཡིན། དེའི་ཕྱི་རིམ་ལ་ཕྱོགས་བཞི་ལ་ཕོ་བྲང་བཞི་ཡོད་པས་དང་པོ་ཤར་ཕྱོགས་གཡུང་དྲུང་རིགས་ཀྱི་ཞིང་ཁམས་སུ་དབུས་སུ་ཡབ་གསང་མཆོག་རིག་པའི་ཁུ་བྱུག་དང་ཡུམ་ཐུགས་རྗེ་ཚད་མེད་དཀར་མོ་ས་ལས་བསྐྱེད་པ་གཉིས་བཞུགས། དེ་ལ་འཁོར་ནི་བདེ་ཆེན་སངས་རྒྱས་ཡུམ་བཞི་དང་། ཐུགས་རྗེ་རོལ་བའི་ཁྲོ་མོ་བརྒྱད། འདོད་ཡོན་དགྱེས་པའི་ལྷ་མོ་བཅུ་གཉིས། ལམ་གྱི་ལྟང་འཛིན་གོ་ཆ་མ་དྲུག་སོགས་ནི་པད་འདབ་བཞི་དང་བརྒྱད་དང་བཅུ་དྲུག་དང་དྲུག་ལ་བབས་ཡོད། བྱང་ཕྱོགས་འཁོར་ལོ་རིགས་ཀྱི་ཞིང་ཁམས་ཀྱི་དབུས་སུ་ཡབ་གསང་མཆོག་གསང་བའི་རྒྱལ་པོ་དང་ཡུམ་བྱམས་པ་ཚད་མེད་སེར་མོ་འཁྲོས་པའི་དབང་དང་བཅས་པ་བཞུགས་ནས་དེའི་འཁོར་ལ་བདེ་ཆེན་སངས་རྒྱས་ཡུམ་བཞི་དང་། ཐུགས་རྗེ་རོལ་བའི་ཁྲོ་མོ་བརྒྱད། འདོད་ཡོན་དགྱེས་པའི་ལྷ་མོ་བཅུ་གཉིས། ལམ་གྱི་ལྟང་འཛིན་གོ་ཆ་མ་དྲུག་གནས་ཡོད། ནུབ་ཕྱོགས་པདྨ་རིགས་ཀྱི་ཞིང་ཁམས་སུ་ཡབ་གསང་མཆོག་གསང་བའི་ཡེ་ཤེས་དང་ཡུམ་དགའ་བ་ཚད་མེད་མ་དམར་མོ་འཁྲོས་པའི་གཟི་མདངས་ཅན་བཞུགས་ནས་དེ་ལ་འཁོར་ནི་བདེ་ཆེན་སངས་རྒྱས་ཡུམ་བཞི་དང་། ཐུགས་རྗེ་རོལ་བའི་ཁྲོ་མོ་བརྒྱད། འདོད་ཡོན་དགྱེས་པའི་ལྷ་མོ་བཅུ་གཉིས། ལམ་གྱི་ལྟང་འཛིན་གོ་ཆ་མ་དྲུག་ཡོད། ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ཞིང་ཁམས་སུ་བབས་པའི་དེ་ལ་ཡབ་གསང་མཆོག་གསང་བའི་གཡུང་དྲུང་དང་ཡུམ་བཏང་སྙོམས་ཚད་མེད་མ་སྐུ་མདོག་སྔོན་མོ་ཁྲོ་ལ་འཛུམ་པའི་མདངས་ཆགས་གཉིས་བཞུགས་ནས་དེའི་འཁོར་ནི་བདེ་ཆེན་སངས་རྒྱས་ཡུམ་བཞི་དང་། ཐུགས་རྗེ་རོལ་བའི་ཁྲོ་མོ་བརྒྱད། འདོད་ཡོན་དགྱེས་པའི་ལྷ་མོ་བཅུ་གཉིས། ལམ་གྱི་ལྟང་འཛིན་གོ་ཆ་མ་དྲུག་སོགས་བཞུགས་ཡོད། དེའི་ཐུགས་ལས་འོད་ཟེར་སྤྲོ་བསྡུ་བྱས་པའི་ནང་ཁྱམས་སུ་གནས་ཆེན་ཉེར་བཞི་ལ་མཁའ་འགྲོ་མ་བརྒྱ་དང་ཉི་ཤུ་བཞུགས་ཡོད། དེ་དག་ནི་གཡུ་ལུང་ཤེལ་བྲག་མཁའ་འགྲོ་སེང་གདོང་ལྔ། རི་ནག་འཇོམས་པའི་མཁའ་འགྲོ་དོམ་གདོང་ལྔ། ཨ་སུ་ར་ཡི་མཁའ་འགྲོ་སྟག་གདོང་ལྔ། སྟག་གཡག་རོལ་བའི་མཁའ་འགྲོ་སྤྱང་གདོང་ལྔ། འགྲེན༼འྲགྲམ༽་གྱི་རི་གོང་མཁའ་འགྲོ་གསའ་གདོང་ལྔ། མུ་གུམ་རི་ཡི་མཁའ་འགྲོ་དྲེད་གདོང་ལྔ། སྟ་སྒོ་མ་པང་མཁའ་འགྲོ་ཁྱུང་གདོང་ལྔ། རིན་ཆེན་གྲང་མའི་མཁའ་འགྲོ་བྱ་གདོང་ལྔ། ལྷ་སྲིན་འཐབ་པའི་མཁའ་འགྲོ་ཕག་གདོང་ལྔ། བྲག་ཕུག་རོང་ཆེན་མཁའ་འགྲོ་འབྲུག་གདོང་ལྔ། མཚལ་རི་མདུན་སའི་མཁའ་འགྲོ་གླང་གདོང་ལྔ། རྒྱལ་མཁར་བ་ཆོད་མཁའ་འགྲོ་གླག་གདོང་ལྔ། ཆུ་མིག་བརྒྱད་བཅུའི་མཁའ་འགྲོ་སྦྲུལ་གདོང་ལྔ། ལྷ་རི་སྤོས་མཐོན་མཁའ་འགྲོ་རྒོད་གདོང་ལྔ། གྱང་མ་གྱང་ཐོའི་མཁའ་འགྲོ་ཁྲ་གདོང་ལྔ། མུ་ལེ་ཁྱུང་འགྲམ་མཁའ་འགྲོ་པིར་གདོང་ལྔ། མོན་རི་ཟུར་གསུམ་མཁའ་འགྲོ་གཟིག་གདོང་ལྔ། རྒྱ་ནག་གོང་དམར་མཁའ་འགྲོ་འུག་གདོང་ལྔ། རྒྱ་གར་སིལ་བའི་མཁའ་འགྲོ་ཕོ་རོག་གདོང་ལྔ། ཞང་ཞུང་དབལ་ལུང་མཁའ་འགྲོ་འབྲོང་གདོང་ལྔ། བྱ་རི་གཙུག་ལྡན་མཁའ་འགྲོ་བྱ་གདོང་ལྔ། དང་ར་གཡུ་བུན་མཁའ་འགྲོ་གཅན་གདོང་ལྔ། གནམ་མཚོ་ཕྱུག་མོའི་མཁའ་འགྲོ་ཀླུ་གདོང་ལྔ། རྨ་རི་མདོ་ཁམས་མཁའ་འགྲོ་སྨན་གདོང་ལྔ་སོགས་གནས་ཆེན་ཉེར་བཞིའི་མཁའ་འགྲོ་མ་བརྒྱ་དང་ཉི་ཤུ་བཞུགས་ཡོད། ཡང་གཙོ་བོའི་ཐུགས་ལས་འོད་ཟེར་སྤྲོ་བསྡུ་བྱས་པའི་ཕྱི་ཁྱམས་སུ་ཚད་རྒྱུན་ང་གཉིས་བབས་ཡོད། ཤར་དུ་སྙིང་རྗེ་ཚད་མེད་མཁའ་འགྲོ་བརྒྱད། བྱང་དུ་བྱམས་པའི་མཁའ་འགྲོ་མ་བརྒྱད། ནུབ་ཏུ་དགའ་བའི་མཁའ་འགྲོ་མ་བརྒྱད། ལྷོ་རུ་བཏང་སྙོམས་ཀྱི་མཁའ་འགྲོ་མ་བརྒྱད་ཚད་མེད་ཀྱི་ཡུམ་སུམ་ཅུ་སོ་གཉིས་བསྐྱེད་དེ་སྐུ་མདོག་ནི་ཕྱོགས་མདོག་ཡིན་གསུངས། མཚམས་བཞི་ལ་ལྷོ་ཤར་སྙོམས་པའི་ཡུམ་ཆེན་ལྔ། བྱང་ཤར་མཁའ་ཡི་ཡུམ་ཆེན་ལྔ། བྱང་ནུབ་དབྱིངས་ཀྱི་ཡུམ་ཆེན་ལྔ། ལྷོ་ནུབ་ཀློང་གི་ཡུམ་ཆེན་ལྔ་སོགས་རྒྱུན་མེད་ཀྱི་ཡུམ་ཉི་ཤུ་བསྐྱེད་དོ། ། དེ་ནས་ཕྱི་ཁྱམས་ཀྱི་སྒོ་བཞི་ལ་དུས་བཞི་རྒྱལ་མོ་བཞི་བབས་ཡོད། ཤར་དྲོད་སྙེད་བྱམས་ལྡན་མ། བྱང་རྩེར་ཆིབས་སྟོབས་ལྡན་མ། ནུབ་བཟོད་ཐོབ་བདེ་ལྡན་མ། ལྷོ་བོན་མཆོག་ཀུན་ཚིམས་མ་དང་བཞི་ཡིན། ལྕགས་རིའི་ཕྱོགས་བཞི་ལ་རྒྱལ་ཆེན་བཞི་གནས་ཡོད། དེ་དག་ནི་ཤར་མི་དཀར་སེང་མགོ་ཅན། བྱང་མི་དམར་ཕག་རྒོད་མགོ་ཅན། ནུབ་མི་སྔོན་འབྲུག་མགོ་ཅན། ལྷོ་མི་ནག་དོམ་མགོ་ཅན་སོགས་བཞུགས་ཡོད། འདིར་བཞུགས་སའི་གནས་ལ་བཤད་ཚུལ་མི་མཐུན་པ་རེ་འགའ་མཐོང་ཡང་རྒྱུད་གཞུང་རང་གི་ནང་དུ་ལྕགས་རི་ལ་བབས་ཚུལ་གསལ་བོ་གསུང་ཡོད་པར་མ་ཚད་མངོན་རྟོགས་ནང་དུ་ཡང་དེ་ལྟར་བཞག་ཡོད་པས་དེ་བཞིན་ཡིན་ཐག་ཆོད་བྱས་ནས་བཤད་ཡོད། ད་དུང་ལྕགས་རི་ལ་དཔལ་མགོན་ཆེན་པོ་བརྒྱད་དང་མཁའ་འགྲོ་མ་བརྒྱད་དབལ་བོན་བརྒྱད་སོགས་བབས་ཡོད་པའི་དེའི་ནང་ནས་དཔལ་མགོན་ཆེན་པོ་བརྒྱད་ནི་དཔལ་མགོན་གིང་ཆེན་རེག་ཚོད་དཀར་པོ། དཔལ་མགོན་ཡག་ཤ་འབར་བ་གློག་འཕྲེང་།དཔལ་མགོན་ནག་པོ་དུག་གི་མི་འགྱེད། དཔལ་མགོན་འཆི་བདག་ཡ་མ་ནག་པོ། དཔལ་མགོན་བདུད་ནག་སྟང་ཐབས་རིན་ཆེན། དཔལ་མགོན་དྲེགས་པ་ཡམ་ཤོད་རྔམ་པ། དཔལ་མགོན་པྲ་མ་ར་ཙ་ནག་པོ། དཔལ་མགོན་ལེགས་ལྡན་འཇིགས་བྱེད་ནག་པོ་དང་བརྒྱད་ཡིན། མཁའ་འགྲོ་མ་བརྒྱད་ནི་བྱད་བདག་ནག་མོ། ཡམ་བདག་ནག་མོ། ནད་བདག་ནག་མོ། ཟོར་བདག་མོ། ཕུང་སྲི་ནག་མོ། མོན་མོ་ནག་མོ།དཔལ་ལྡན་ནག་མོ་དང་བརྒྱད་ཡིན།དེའི་ནང་ནས་དབལ་བོན་བརྒྱད་ནི་ལྷ་ཚོགས་སུམ་བརྒྱ་དྲུག་ཅུའི་གྲས་སུ་བགྲང་མེད ། དེ་ནི་དཔལ་མགོན་དང་བྱེད་པའི་ལས་གཅིག་པས་ཡིན་སྙམ་དཔྱད་པ་གལ་ཆེན། ཕོ་བྲང་དང་ནང་ཁྱམས་ཕྱི་ཁྱམས་ལྕགས་རི་སོགས་ལ་བབས་པའི་ལྷའི་གྲངས་ནི་སུམ་བརྒྱ་དྲུག་ཅུ་མཚན་དང་རྣམ་གྲངས་ཚང་མ་རགས་རིམ་ཙམ་བཀོད་ཡོད། སུམ་བརྒྱ་དྲུག་ཅུ་རེ་དྲུག་བགྲང་མཁན་དང་བགྲང་སའི་གཞུང་ཡོད་པ་དེ་ནི་མ་རྒྱུད་ཀྱི་སྲུང་མ་གཙོ་བོ་ལམ་གྱི་བྱ་ར་མ་དྲུག་ཡིན་པས་དེ་དག་ཁར་བརྩིས་བཞག་པ་ཞིག་ཨེ་ཡིན་ན་བསམ། དེ་དག་ནི་རང་བློས་འོལ་ཚོད་མ་ཡིན་པ་མ་རྒྱུད་སངས་རྒྱས་རྒྱད་གསུམ་གྱི་ནང་ནས་ལམ་མངོན་སངས་རྒྱས་པའི་རྒྱུད་དང་སྦྱོར་ལམ་གྱི་འགྲེལ་བ་དང་རྣམ་དག་འོད་ཟེར་གྱིས་མཛད་པའི་གསང་མཆོག་ལྷ་གསུམ་བརྒྱ་དྲུག་ཅུའི་མངོན་རྟོགས་ཐུགས་རྗེ་ཉི་མའི་འོད་ཟེར་གྱི་གཞུང་དང་གསང་མཆོག་མ་རྒྱུད་ཀྱི་ལྷ་སུམ་བརྒྱ་དྲུག་ཅུའི་སྒྲུབ་གཞུང་སོོགས་ལ་གཞིར་བྱས་ནས་བཤད་པ་ཡིན་ནོ།།
འདི་ནི་རྩ་བའི་དགེ་རྒན་ཆེན་མོ་མདོ་སྔགས་བསྟན་འཛིན་དབང་ལྡན་གྱི་མདུན་དུ་སྦྱོར་ལམ་གྱི་འགྲེལ་བ་དཔེ་ཁྲིད་འགྲོ་སྐབས་རང་ལ་ངེས་ཤེས་བརྟན་པོ་ཡོང་ཆེད་དང་བློ་མཉམ་པ་དང་དམན་པ་དག་པ་ཕན་པའི་རྒྱུ་རུ་དམིགས་ཏེ་ཁྲོ་ཉི་བསྟན་ནས་ཟིན་བྲིས་སུ་བཏབ་བོ།།