དབུ་སྐྲ་བསྟན་དོན་དུ་དཀར་བའི་སློབ་དཔོན་ཞིག་གི་མཛད་རྣམ།

[ཟླ་ཚེས། 2020-04-27 21:33:35][རྩོམ་པ་པོ། ཁྲོ་གཙུག་རྒྱན་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


 གླེང་གཞི།
     དེ་ཡང་།  ཁོ་བོས་དགའ་ཕྱོགས་རང་ཕྱོགས་ཀྱི་ལྟ་བ་བཟུང་སྟེ་འུར་བསྟོད་སྙན་ངག་སོགས་ཀྱིས་རྒྱན་པ་མི་མངའ་ཞིང་།   སྒེར་སེམས་རློམ་སེམས་ཀྱི་དབང་དུ་བྱས་ཏེ་མངོན་བརྗོད་བརྡ་རྙིང་བཅས་ཀྱིས་བཅིང་བ་མི་བྱ་བ།  རང་ལ་དབང་བའི་གཟུ་གནས་ཀྱི་བློ་དང་དགེ་རྒན་དམ་པ་གཡུང་དྲུང་ཟླ་རྒྱལ་གྱི་རང་བཞིན་རྣལ་མ་ཟུང་གཅིག་རྟེན་དུ་སྦྲེལ་ཏེ་རང་བློས་གང་དཔོག་གིས་ཁོང་གི་མཛད་རྣམ་ཞིག་བཀོད་རྒྱུའི་འཆར་གཞིའོ། །
གླེང་བ་བྱ་བའི་དགོས་པ།
   སྤྱི་ནས།   དཔལ་ཤར་རྫ་པའི་ཞལ་སྔ་ནས“རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐྱེས་རབས་རྣམ་ཐར་ལོ་རྒྱུས་དང་།   གཡུང་དྲུང་སེམས་དཔའ་རྣམས་དང་།   རིག་འཛིན་རྣམས་དང་།    བླ་མ་དགེ་བའི་བཤེས་གཉེན་དག་གི་རྣམ་ཐར་དེ་ལྟ་བུ་དག་རང་གིས་ཀློག་པ་དང་།   གཞན་དག་ལའང་བརྗོད་པ་བྱས་ན་ནི་དགོས་པ་ཁྱད་པར་ཅན་དེ་ལྟ་བུ་ཡོད་པ་ཡིན་ནོ”ཞེས་སུ་གསུངས་པ་ལྟར།   རྫོགས་པའི་སངས་རྒྱས་རྣམས་སྨོས་ཅི་དགོས།   ས་བཅུ་ལམ་ལྔའི་ཡོན་ཏན་མངའ་བའི་གཡུང་དྲུང་སེམས་དཔའ་རྣམས་དང་།   བདེ་ཆེན་རོལ་བའི་ལས་ལ་ཐབས་ཀྱིས་སོན་པའི་རིག་འཛིན་རིག་པ་འཛིན་པའི་སྡེ།   སྙིག་དུས་ཀྱི་སེམས་ཅན་བདེ་ལ་བཀོད་པའི་སོ་སོའི་སྐྱབས་ཡུལ་དྲིན་ཅན་བླ་མའམ།  སྲིད་ཞིའི་སྤང་བླང་མ་ལུས་སྟོན་པའི་ཀུན་ཀྱི་དགེ་རྒན་སོགས་བསྟན་འགྲོའི་དོན་ལ་སྤྱི་སེམས་མཆིས་པའི་སྐྱེས་བུ་རྣམས་ཀྱི་མཛད་པ་འཕྲིན་ལས་བཅས་ཡིག་ཐོག་ཏུ་བཀོད་དེ།   ལུས་ཀྱི་ཕྱག་གི་ཡུལ་དང་།   ཡིད་ཀྱི་དད་པའི་རྟེན།   ལྷག་པར་དུ་རང་གཞན་གྱི་དོན་དུ་ངག་གིས་བརྗོད་པ་བྱས་ན།   སྒོ་གསུམ་གྱི་དགེ་བ་ཁྱད་པར་ཅན་ཞིག་ཡིན་པར་གོང་སྨོས་ལྟར་རོ། །
    ད་དུང་།  འདི་གའི་ཞར་དུ་ལབ་བསམ་པ་སྟེ།   བོད་ཀྱི་ཡུལ་གྲུ་གང་ཡིན་རུང་སོ་སོའི་སྐྱབས་ཀྱི་དང་པོའི་རྩ་བའི་དབུ་བླ་དང་།   སོ་སོའི་བསྟན་དོན་ལ་ཐུགས་བཞེད་ཡངས་པའི་སྐྱེས་བུ།   ཐ་ན་སོ་སོའི་མི་ཚེའི་ཐོག་གི་བཀའ་དྲིན་ཅན་དང་བཅས་ཁོང་ཚོ་ཞབས་བཞུགས་ཀྱི་དུས་སུ་ཀུན་ཀྱིས་རྣམ་ཐར་དང་ལོ་རྒྱུས་འབྲི་བ་དཀོན་ཞིང་།  གཅིག་དང་གཉིས་ཀྱི་གྲངས་ཙམ་དུ་བྲིས་པ་ཡོད་ནའང་།   མང་ཤོས་ཤིག་གིས་ངོ་ཚ་ཞིག་ལས་ངོ་མཚར་ཞིག་ཏུ་ཡེ་ནས་བརྩི་ཀྱིན་མེད་པ་དང་། སྐྱེས་བུ་དེ་ཚོས་ཀྱང་སོ་སོའི་མཛད་འཕྲིན་སོགས་ཞིབ་ཏུ་གླེང་བ་ངོ་གནོང་ས་ཞིག་ཏུ་བཟུང་སྟེ་རགས་བཤད་ཙམ་གྱིས་ཆོག་པ་ལྟ་བུ་བྱས་འདུག   འོན་ཀྱང་།   དེ་ནི་སྔར་བསམ་ཕྱིར་འདང་གི་བསམ་བློ་ཞིག་སྐྱེ་མ་ཤེས་པས་རེད་དེ།   ཉེ་བའི་སྐབས་སུ་འདས་པའི་སྐྱེ་ཆེན་དག་གི་རྣམ་ཐར་སོགས་འཚོལ་ཞིབ་བྱེད་པ་ན།   སྔ་མའི་རང་རྣམ་ཅན་གྱི་གོང་མ་རྣམས་དང་།   སྐྱེས་ཆེན་རེ་འགའ་ཞབས་བཞུགས་ཀྱི་སྐབས་སུ་བློ་གཟུ་བོ་ཅན་གྱི་སློབ་བུ་དག་གིས་བྲིས་པའི་རྣམ་ཐར་དེ་ཚོ་ལ་ཡིད་ཆེས་དང་བློ་གཏད་གང་འདྲའི་བྱ་ཆོག    སྔོན་བྱོན་གྱི་དམ་པ་དག་དགོངས་རྫོགས་ཀྱི་རྗེས་སུ་བྲིས་པའི་ལོ་རྒྱུས་དེ་ཚོའི་ནང་དུ་ལོ་ཚིགས་ཙམ་ཡང་མ་ཡོང་བ་ག་ཚོད་འདུག   སྔ་མའི་སྐྱེས་ཆེན་ཞིག་གི་ལོ་རྒྱུས་རྣམ་ཐར་སོགས་ཉེ་ལམ་འབྲི་དོན་གཉེར་སྐབས་ན་ཚིག་དོན་རྣལ་མ་གཅིག་ཙམ་ཡང་བཀོད་རྒྱུ་ལ་དཀའ་ངལ་ཅི་འདྲའི་མཆིས།   དེ་ཚོ་ཡོད་དོ་ཅོག་འུ་ཚོས་སྔ་ནས་མིག་རྒྱང་རིང་ས་ཞིག་ཏུ་བལྟ་མ་ཐུབ་པའི་ཉེས་པའམ།   ལོ་རྒྱུས་ཀྱི་དཀའ་ངལ་དང་རྒྱལ་སྤྱིའི་རྩོམ་རིགས་ཀྱི་རྒྱབ་ལྗོངས་མ་མཐོང་བའི་རྒྱུ་མཚན་ཉག་གཅིག་རེད།    དེའི་ཕྱིར།    འདི་ནས་ཁོ་བོ་ཉིད་ཀྱིས་ཀྱང་རྨང་གཞིའི་རྩ་བའི་དགེ་རྒན་འདི་དང་ཞབས་བཞུགས་ཀྱི་སྐྱེས་ཆེན་དམ་པ་གང་མང་བོ་ཞིག་གི་མཛད་པ་འཕྲིན་ལས་བཅས་ཡིག་ཐོག་ཏུ་བཀོད་པ་ལ་མོས་པ་ཆེ་ཞིང་།    རྩོམ་རིག་ལ་དོ་སྣང་མཆིས་པའི་གཞན་ཡོངས་ཀྱིས་ཀྱང་དགའ་སྐྱོའི་སྙན་ངག་རྐྱང་བས་མི་ཚེ་རྫོགས་རྒྱུ་མིན་པར་རྗེས་རབས་རྣམས་ལ་ཀློག་རིན་མངའ་བའི་གོང་སྨོས་ཀྱི་རྣམ་ཐར་ལོ་རྒྱུས་བཅས་བཞག་རྒྱུ་རེ་བའི་སྐུལ་མའོ། །

དངོས་གཞིའི་མཛད་འཕྲིན་རྣམ་གྲངས།
   ལར།    སྐབས་སུ་གླེང་མོས་སུ་མཆིས་པའི་དགེ་རྒན་དམ་པ་གཡུང་དྲུང་ཟླ་རྒྱལ་ཁོང་གི་ཡབ་ཡུམ་སོགས་ཀྱི་ཁྱིམ་རྒྱུད་ལ་ཕྱོགས་ནས་བཤད་ན།   རླབས་ཆེན་གྱི་སྐྱེས་བུའམ་སྐུ་ཚེ་བསྟན་འགྲོའི་ཆེད་དུ་སོན་པའི་བླ་སྤྲུལ་མཁན་གསུམ་མང་པོ་ཕེབས་པའི་གཞིས་ཀ་གཙང་མ་ཞིག་ཡིན་པ་དང་།   ཁྱད་པར་ཁོང་ཉིད་ཀྱི་རུས་རྒྱུད་དང་སྔོན་བསགས་བསོད་ནམས་ཀྱི་ལས་སོགས་གླེང་ན་ཧ་ཅང་གླེང་རིན་ཅན་ཞིག་ཡིན་ནའང་།   གཅིག་ནས་འདི་འདྲའི་རྣམ་པ་མང་བོ་ཞིག་གླེང་བ་ལ་དགེ་རྒན་ཁོང་ཐུགས་བབས་མི་མཆིས་ཤིང་།   ཉིས་སུ་རེ་ཞིག་རིག་གཞུང་དང་ཁོང་གི་སྐུ་ཚེའི་ཕྱོགས་ལ་ཐོས་བསམ་པ་ཞིག་ཡིན་ན་འགྲེལ་བཤད་ཀྱི་རྣམ་དབྱེ་སོགས་མི་དགོས་པར་གསལ་ཁ་ཅན་ཞིག་ཡིན་པའམ།   ཁ་ཤས་ནི་ལོ་རྒྱུས་རྣམ་ཐར་སོགས་གཞན་དག་ཏུ་ཅུང་རྒྱས་པ་མཆིས་པས་འདིར་ཟློས་པའི་ངལ་མ་བྱས་པའོ། །
   དེ་ནས།   དང་ཐོག་ཁོང་ནི་ས་མཐོ་གནས་གཙང་གི་ཞིང་ས་སྟེ་རྒྱལ་བའི་ཡང་རྩེ་འཆི་མེད་ཡབ་སྲས་གསུམ་དང་།   བཻ་རོའི་རྣམ་རོལ་གཏེར་སྟོན་གསང་སྔགས་གླིང་པ།   ཉམས་དང་རྟོགས་པ་མངའ་བའི་འབུམ་རི་བ་ནམ་མཁའི་མཚན་ཅན།    གྲུབ་པའི་དབང་ཕྱུག་ཆེན་མོ་འགྲོ་འདྲེན་བཀྲ་ཤིས་རྒྱལ་མཚན།    ཁྱད་པར་དུ་ལྷག་པའི་ལྷ་སྐལ་ཁྲོ་ཚངས་རྟོགས་དགུ་རིམ་བྱོན་དང་།   བྱ་རྒོད་གདུང་རྒྱུད་བཅུ་གསུམ་སོགས་ཀྱིས་བྱིན་རླབས་ཡོན་ཏན་མ་ལུས་དབབ་པའི་བོན་རི་སྟེ།   འཛམ་གླིང་གནས་ཆེན་བརྒྱ་དང་ཉི་ཤུ་ཡི་བྱིན་རླབས་གཅིག་ཏུ་དྲིལ་པའི་གྲུབ་གནས་རིན་ཆེན་སྤུངས་རིའི་ཉེ་འདབས་སུ།   སྤྱི་ལོ༡༩༣༦མེ་མོ་གླང་གི་ལོར་དལ་རྟེན་གྱི་ལང་ཚོ་གསར་དུ་བཞད།   ཆེས་ལོ་ན་ཕྲ་བའི་སྐབས་ནས་བྱིས་པ་གཞན་དང་མི་འདྲ་བར་ལས་དགེ་བའི་ཕྱོགས་ལ་བློ་རྒྱ་ཆེ་བ་ཞིག་ཡོད་པ་སྟེ།   བགྲང་བྱ་བདུན་གྱི་ཐོག་ཏུ་དཔལ་ཤར་རྫ་བའི་གདན་ས་རུ་ཞབས་ཟུང་བཀོད་དེ་བན་བོན་ཡུལ་ལུང་ཀུན་ཀྱི་གཅོད་བླའམ་ཁོང་གི་ཞང་བོ་རྣམ་རྒྱལ་གྲགས་པ་དང་།    ཁྲོ་སྤྲུལ་མི་ཞིག་རབ་བརྟན།   དབྲ་སྤྲུལ་དྲི་མེད་འོད་ཟེར།    ཡོངས་འཛིན་ཚེ་དབང་འོད་ཟེར།  རྟོགས་ལྡན་རྣམ་ཅན་རང་གྲོལ།   གླིང་ཞིག་ཚེ་དབང་གཡུང་དྲུང་།   ཟེར་འཕྲོ་བླ་མ་དཀོན་མཆོག་སོགས་དོན་ཐོག་གི་བླ་སྤྲུལ་མཁན་གསུམ་ཅི་མང་ཞིག་དང་མཉམ་དུ་ཤར་རྫའི་རྒྱལ་ཚབ་བློ་གྲོས་རྒྱལ་མཚན་གྱི་མདུན་ནས་བྱམས་མའི་དབང་ཆེན་སོགས་དབང་ལུང་མན་ངག་མང་དུ་བྱས་ཏེ།  སྐབས་སུ་མཚན་ལ་གཞན་འཕན་ཤེས་རབ་ཅེས་གསོལ།   དེ་ནས་ཡང་རིམ་པས་ཞང་བོ་རྣམ་རྒྱལ་གྲགས་པ་དང་།   བླ་མ་གོང་སྐྱབས་བཅས་ཀྱི་མདུན་ནས་ཡིག་རིགས་དཀར་ནག་གི་འབྲི་ཀློག་གཙོས།   འབུད་དཀྲོལ་རྡུང་གསུམ།    གར་ཐིག་དབྱངས་གསུམ།    བཅའ་སྒྱུར་ཕྱག་ལེན་སོགས་དཔྱིས་ཕྱིན་པ་ཞིག་བསླབས་ཏེ།   ལོ་ངོ་བཅོ་ལྔའི་སྐབས་སུ་རྫ་ཁྲོ་ཚངས་དགོན་གྱི་དབུ་མཛོད་ཀྱི་མིང་དོན་ཐོགས་ཏེ་ལོ་ངོ་ཉི་ཤུ་རྩ་གཉིས་ལ་མ་སོན་བར་དུ་ཕྱག་ལས་ཚུལ་བཞིན་གནང་།   དེ་ནས་ཡང་དགོན་གྱི་དབུ་འཛིན་རྣམས་ཀྱིས་སྐོས་བཞག་ལྟར།   མཆོད་དཔོན་དང་།   ལྗགས་གླིང་།    དུང་ཆེན།    དགེ་སྐོས།    གཞུང་གི་དབུ་མཛད་སོགས་ཀྱི་འགན་ཁུར་ལོ་ངོ་བཅུ་ཕྲག་ཕྱེད་གཉིས་ལྷག་ལ་བཞེས་ཏེ་ཡུལ་དགོན་ཀུན་ཀྱིས་ཁ་མིན་དོན་གྱི་མིག་དཔེར་བྱེད་ས་ཞིག་ཏུ་གྱུར་པའོ། །
    དེ་ནས་ཡང་།    རྒྱ་བོད་ཀུན་ཀྱིས་ཁོང་ཉིད་རྨང་གཞི་རིག་གནས་ཀྱི་ཚད་གཞི་ཧ་ཅང་མཐོ་བ་ཤེས་ཏེ།   ཀུན་ཀྱི་རེ་བས་སྐུལ་མ་ནན་དུ་བྱས་པའི་འོག་ཏུ།    ཁོང་གིས་ཀྱང་སྤྱི་ཚོགས་ཀྱི་ཕོ་མོ་རྣམས་ལ་ལོ་ངོ་དྲུག་གི་རིང་ལ་དཀའ་བ་ཁྱད་གསད་ངལ་བ་དང་ལེན་གྱི་སྒོ་ནས་སློབ་སྟོན་ཟབ་རྒྱས་དང་།    ཁྱད་པར་དུ་རྫ་ཁྲོ་ཚངས་པའི་གོང་བཞུགས་ཀྱི་བླ་མ་བྱ་ཁྲོ་རྣམ་གཉིས་གཙོས་ཀྱི་དགོན་པའི་དབུ་འཛིན་རྣམ་པས་བཀའ་ཡི་སྐུལ་བ་དང་།   ཁོང་ཉིད་ཀྱིས་ཟོལ་མེད་ཀྱི་ལྷག་བསམ་བཟང་པོ་གཉིས་རྟེན་འབྱུང་དུ་བྱུང་སྟེ།   རྫ་ཁྲོ་ཚངས་དགོན་ལྔ་རིག་འཕེལ་རྒྱས་སློབ་གླིང་དུ་ལོ་ངོ་དགུ་ལྷག་ལ་དགེ་རྒན་གྱི་ཕྱག་ལས་ཡོངས་སུ་བཞེས་པ་དང་།   བླ་གྲྭ་དག་ཁོམ་ལོང་དང་བསྟུན་ནས་དགོན་གཞུང་དང་སྒྲུབ་གྲྭ་བཅས་ལ་སྔ་ཕྱི་བར་གསུམ་དུ་བདུན་ཕྲན་རེ་ཟུང་ལ་ཟབ་སྦྱོང་དགེ་རྒན་གྱི་འགན་ཁུར་མང་དུ་མཛད་པ།   ཡང་ལྔ་རིག་འཕེལ་རྒྱས་སློབ་གླིང་གི་ཁོངས་གཏོགས་ཡུལ་མི་ཡི་གེ་བསླབ་འདོད་པ་དག་ལ་ཆེད་དུ་འཛུགས་པའི་ཡིག་རྨོངས་སེལ་བའི་སློབ་ཚན་ཁག་གི་དགེ་རྒན་གྱི་ཕྱག་ལས་ཀྱང་མཛད་པས།   ཉེ་བའི་སྐབས་སུ་ཡུལ་གྱི་སྐྱ་སེར་མང་ཤོས་ཞིག་གི་མགོ་བོ་མི་རྨོངས་ཞིང་སྐད་ངག་མ་ལྐུག་པར་སྐད་ཡིག་གིས་དུས་རབས་ཀྱི་རྗེས་ཆོད་ཡོད་པ་དང་།   ལྷག་ཏུ་ཁོང་གི་རིས་མེད་ལྷག་བསམ་གྱིས་ལོ་མང་རིང་ལ་སློབ་བུ་སྐྱོང་ཤེས་མཛད་དེ་བླ་མ་བྱ་ཁྲོ་ཟུང་གི་བསྟན་པའི་ཡང་སྙིང་བཤད་སྒྲུབ་སློབ་གསུམ་གྱི་བསྟན་པའི་སོན་རྩ་ངེས་ཅན་ཞིག་ཏུ་བཏབ་པས།   རྫ་ཁྲོ་ཚངས་པའི་ཕྱི་ནང་གསང་གསུམ་གྱི་བསྟན་པ་རིན་པོ་ཆེ་ཀུན་ཀྱིས་བཀུར་རིན་ཡོད་པ་ཞིག་ཏུ་སོན་པའོ། །ད་དུང་ཡང་དུས་ནམ་ཀུན་ཏུ་རྫ་ཁྲོ་ཚངས་ཡུལ་དགོན་ཟུང་སྤྱི་སེམས་བསམ་དཀར་གྱིས་སྐྱོང་བ་ཞིག་ནི།   ཡུལ་སྡེ་ཀུན་དང་ཁྱད་པར་དགོན་པའི་དུས་མཆོད་བཅས་ལ་ན་ཚོད་བགྲེས་པའི་ངལ་བ་ལ་མི་འཛེམ་པར་ཞབས་ཟུང་རང་མོས་སུ་བཅགས་ཏེ།   ཡུལ་དགོན་གཉིས་ཀྱི་གནའ་སྲོལ་ལེགས་ཆ་ཅན་དག་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གྱི་ལས་ལ་ཐུགས་བཞེད་རབ་ཏུ་ཡངས་པས།   ཉེ་བའི་སྐབས་སུ་རྫ་ཁྲོ་ཚངས་དགོན་པ་འདི་ཉིད་དུ་རྒྱལ་བ་སྨན་རི་བའི་རིང་ལུགས་དང་།   རིག་འཛིན་ཆེན་མོ་ཀུན་གྲོལ་གྲགས་པ་ཟུང་གི་འདོན་ཕྱག་རྒྱ།   རྡུང་འབུད་དཀྲོལ།   གྱེར་དབྱངས་རྟ་སོགས་འབྲེལ་དོན་ཟབ་མ་ཆེ་ཞིང་ཡ་མ་སོང་བར་གསར་རྙིང་སོ་སོའི་དགོངས་ཚུལ་ཇི་བཞིན་དུ་གནས་ཤིང་།   ཡུལ་ལུང་མང་པོ་ཞིག་གི་བཀུར་འོས་པའི་དུས་ཀྱི་རྩ་བའི་གྲྭ་ས་ཞིག་ཏུ་གྱུར་པའང་།   ཁོང་གིས་ནང་དོན་གནད་ཀྱི་བསྟན་པ་སྐྱོང་བའི་གོ་རིམ་ཞིག་བཤད་ཀྱང་བཤད་པའི་སྤོབས་པ་ཆེ་བར་མ་ཟད།   གོང་སྨོས་བཞིན་ཁོང་ནི་རྣམ་པ་ཀུན་ཏུ་སྐུ་ཚེ་ཧྲིལ་བོ་བསྟན་པའི་དོན་དུ་ཕྱོགས་པ་ཞིག་ཡིན་ཕྱིར།     ཕྱོགས་ཀུན་ལ་དཔལ་འབྱོར་གྱི་ཆ་རྐྱེན་ཉག་ཕྲ་བའི་སྐབས་སུ་རྫ་ཁྲོ་ཚངས་ཡུལ་དགོན་གཉིས་ལ་དུས་ཐོག་གི་ཆར་པ་ཇི་བཞིན་ཏེ།   ལྷག་བསམ་གྱི་ཕྱག་ཟུང་ཡངས་མོས་སྟག་གཙག་འཆམ་གོས་རྨད་དུ་བྱུང་བ་གཅིག་དང་།   རྒྱུ་བལ་སྐུད་ལས་གྲུབ་པའི་འཆམ་གོས་སམ་ཚེ་དབང་རིག་འཛིན་གྱི་ན་བཟའ་འཆམ་གོས་སེར་པོ་སྟོད་ཁེབས་རྒྱབ་དར་དང་བཅས་པ་གཅིག   ད་དུང་བཟོ་བཀོད་ཤིན་ཏུ་ལེགས་པའི་སྟོད་ཁེབས་པད་མ་བཅུད་ལྡན་བཞི།   རང་དགོན་འདིའི་དགོས་པ་ལ་ཆེད་དུ་དམིགས་ཏེ་ཕུད་ཀོང་བཅུ།   གཏའ་ཆེན་ཆ་གཅིག    ཡོངས་གྲགས་སུ་དབུ་མཛོད་རོལ་མོ་ཞེས་གསོལ་བའི་ཚད་གཞི་ལྡན་པའི་རོལ་མོ་གཅིག   དེ་བཞིན་དུ་ཡང་ཁྲོ་ཚངས་དགོན་གྱི་སྒྲུབ་གྲྭ་སྐུ་གསུམ་སྨིན་གྲོལ་གླིང་དུ་རོལ་མོ་གཅིག   བཤད་གྲྭ་ནང་བསྟན་ལྔ་རིག་སློབ་གླིང་དུ་རོལ་མོ་གཅིག   སློབ་གྲྭ་ལྔ་རིག་འཕེལ་རྒྱས་སློབ་གླིང་དུ་རོལ་མོ་གཅིག   མཉམ་མེད་ཐང་སྐུ་ཆེན་མོའི་རྟེན་དུ་སྒོར་སྟོང་ཚོ་ལྔ།  མཉམ་ལས་སྐབས་ནས་བཟུང་སྟེ་སྔ་ཕྱི་རིང་ལ་དགོན་གྱི་སྤྱི་བའི་རྟེན་དུ་ཕྱུགས་རིགས་ཀྱིས་ཞལ་འདེབས་ཐེངས་དུ་མར་གནང་བ།  བཤད་གྲྭ་ནང་བསྟན་ལྔ་རིག་སློབ་གླིང་ལ་སྦྲ་ནག་ཟུར་ཞེང་བཅུ་བདུན་ཅན་གཅིག   རྩ་བའི་དབུ་བླ་དམ་པ་ཁྲོ་སྤྲུལ་གཙུག་ཕུད་འོད་ཟེར་མཆོག་ལ་དཔེ་དཀོན་གྱི་རིགས་ཏེ།  མ་མོ་རྦོད་གཏོང་གི་གཞུང་པོད་གཅིག   གསང་སྔགས་གླིང་པའི་གསང་བའི་རྣམ་ཐར་གཞུང་པོད་གཅིག   ཁྲོ་ཚངས་དགོན་གྱི་མགོན་ཁང་དུ་མཁའ་ཀློང་གསང་འདུས་གཞུང་པོད་གཅིག   ཁྲོ་ཚངས་དགོན་གྱི་བདེ་ཆེན་ཞིང་སྒྲུབ་དང་།   ཁྲོ་ཚངས་ལྷ་སྡེའི་རྡོ་རྐོས་ཚོགས་པ་བཅས་ལ་དཔལ་འབྱོར་གྱི་ཞལ་འདེབས་མི་དམན་པར་གནང་བ་དང་།  གཞན་དུ་མང་རི་དགོན་དུ་རྒྱུ་སྤོས་སོགས་ཚད་གཞི་ཅན་གྱི་རོལ་མོ་ཆེ་ཤོས་གཅིག   རྒྱལ་རྔ་རྩེ་གྲ་གཅིག     རྒྱུ་ཟངས་རག་ལས་གྲུབ་པའི་པ་ཏྲ་ཅན་གྱི་མཚན་ཐུབ་ཁྲུ་གང་བ་ཆ་གཅིག   གཞན་ཡང་།   དགེ་རྒན་དམ་པ་ཁོང་དང་ཁོང་གི་གཅིག་རྟེན་གྱི་མཆེད་ཟླ་སྟེ།   རྫ་ཁྲོ་ཚངས་ཡུལ་དགོན་ཟུང་ལ་མཛད་པའི་རྣམ་གྲངས་བརྗོད་མཐར་མི་མངའ་བའི་བླ་མཁྱེན་པད་མ་ཚེ་བརྟན་དང་ལྷན་དུ།    ཁྲོ་ཚངས་དགོན་གཞུང་དུ་རྒྱུ་སྤོས་བལ་སྐུད་ལས་གྲུབ་པའི་སྟོད་ཁེབས་བཅོ་ལྔ།    མཛེས་ཆ་ཅན་གྱི་ཀ་ཏོ་ར་གཅིག    ཁྲུས་བུམ་རྙིང་བ་གཅིག     རུས་ཚུགས་ཀོང་དུང་ཆ་གཅིག     གནའ་བོའི་དུས་ཀྱི་རོལ་མོ་གཅིག  རྒྱུ་སྤོས་སོགས་ཕུན་སུམ་ཚོགས་པའི་དར་ནག་ཁ་ཊྲྰཾ་གཉིས་སོགས་བསྟན་བཞག་དང་།    དེར་སྤྱི་སངས་རྒྱས་ཀྱི་བསྟན་པ་དང་སྒེར་ཁྲོ་ཚངས་པའི་བསྟན་འགྲོའི་ཆེད་དུ་སྐུ་ཡི་བཀོད་པ་ཅན་གྱི་དབུ་བླའམ་འདུལ་ཁྲིམས་གཉིས་བརྒྱ་ལྔ་བཅུ་ཚུལ་བཞིན་མངའ་བའི་ཞིང་གཤེགས་པ་མཁན་པོ་ལྷུན་གྲུབ་དང་ཁོང་དག་གིས་གཙོ་འཛིན་གནང་སྟེ།   སྤྱི་རེས་ཤིག་གི་འགན་འཛིན་ཡོངས་ནས་རྣམ་བརྒྱད་སྟག་གཙག་འཆམ་གོས་དྲུག   སྣམ་བུའི་གྲལ་གདན་གཅིག   འདུས་སྡེའི་སྤྱི་སེམས་བསམ་དཀར་ཅན་གྱི་དགེ་སློང་གཡུང་དྲུང་མཐོང་གྲོལ་དང་ལྷན་དུ་དབུ་འཛིན་གཙོ་བོ་བཞེས་ཏེ།   སྤྱི་རེས་རྣམས་ནས་ལྔ་གདན་ཆ་བཅུ།    ཡུལ་ལུང་གཅིག་གི་གླིང་ཚང་རི་སྡེ་ཀུན་དང་ཁྱད་པར་དུང་མདའ་མ་གསུམ་གྱི་ཡུལ་དགོན་ཟུང་ལ་ལྷག་བསམ་དང་བཀའ་དྲིན་ཆེ་བའི་ཕ་གཞིས་འཕུར་རྟོགས་ཚང་དང་ལྷན་དུ་རྒྱུ་སྤོས་དང་བཟོ་བཀོད་སོགས་ཆེས་ཚད་གཞི་མཐོ་བའི་མཁའ་འགྲོས་སྤྲུལ་ཐགས་ཀ་འཕན་གཅིག    དུས་ཀྱི་ཟིང་འཁྲུག་ཆེས་རྒོད་པའི་སྐབས་སུ་དཀའ་ངལ་མང་བོ་ཞིག་ལ་མ་འཛེམ་པར་བླ་མ་དགོན་པ་ལ་ཆེད་དུ་བདག་གཉེར་བྱས་པའི་རིན་བྲལ་གྱི་འཆམ་གོས་གསེར་ལེགས་ཆུང་བ་སོགས།   ཉེ་བའི་དུས་སྐབས་འདིར་སུས་ཀྱང་རིན་གོང་གི་ཚད་གཞི་བརྗོད་པ་དབེན་པའི་བསྟན་བཞག་གི་རྣམ་གྲངས་ཤིན་ཏུ་རྒྱ་ཆེ་ཞིང་གྲངས་མང་བ་དང་།    ད་དུང་ཁོང་གི་ཁྱིམ་གཞིས་ངོས་ནས་གླེང་ན།   སྔ་ཕྱི་ལོ་ངོ་བཅུ་ཕྲག་ལ་ཉེ་བ་ཞིག་ཏུ་ཁྱིམ་ཚང་ཁ་ཤས་དང་མཉམ་དུ་དགོན་པའི་ཞབས་ཕྱི་སྤྱི་བའི་འགན་ཁུར་དང་།    ཁྱིམ་གྱི་ཁོང་གི་སྐུ་སྲས་མང་རི་བསྟན་འགྲོའི་དོན་དུ་སྐུ་ཞལ་བཀྲ་བའི་སྤྲུལ་པའི་སྐུ་མཆོག་བསྟན་པའི་ཉི་མ་ལགས་དང་།   འདི་དང་ཕྱོགས་མཚམས་ཀུན་ལ་བསྟན་དང་འགྲོ་བའི་དོན་དུ་བསྟན་བཞག་སློབ་སྟོན་མཐའ་ཡས་པར་བརྗོད་ཀྱིས་མི་ལང་བ་མཛད་པའོ། །
  ཡང་འདི་དག་ཀུན་ཀྱི་ཞོར་ལ་མདོ་དབུས་ཀུན་ཀྱི་མགོན་དུ་སོན་པའི་བླ་སྤྲུལ་གྲངས་ཡས་པ་ཞིག་གི་མདུན་ནས་དབང་ཆེན་མང་དུ་ཐོབ་པར་མ་ཟད།  གོང་མའི་དམ་པ་དག་གི་རྒྱུད་མ་ཡལ་བ་བུམ་པ་གང་བྱོ་ཡི་རྣམ་པར་བྱུང་སྟེ་ལུང་རྒྱུན་ཡང་འདི་ལྟར།  ཁྲོ་ཚངས་ལྷུན་གྲུབ་རྡོ་རྗེའི་མདུན་ནས་རྒྱལ་བའི་བཀའ་འགྱུར་ཆ་ཚང་དང་།  ཆོ་ག་བཅུ་གཉིས།   གཟུངས་འདུས་སོགས་དང་།   དེ་བཞིན་བླ་ཆེན་ཉི་མ་ཚུལ་ཁྲིམས་ཀྱི་སྐུ་མདུན་ནས་གེ་ཁོད་གསང་བ་དྲག་ཆེན་དང་།  རྫོགས་ཆེན་ཡང་རྩེ་ཀློང་ཆེན།  མི་རྟག་ལག་ལེན།  སྔོན་འགྲོའི་ལག་ལེན།  འོད་གསལ་བདུན་སྐོར།  འཆི་རྟགས་གསལ་སྒྲོན།   ཁྲིད་རིམ་བདེ་གཤེགས།  རྩ་རླུང་གནད་ཀྱི་མན་ངག   དམ་པ་སྙིང་གི་རྩ་རླུང་།  རྒྱལ་བ་སྨན་རིའི་ཕྱག་ལེན་གསང་སྔགས་སྤྱི་ཡི་འགྲོ་ལུང་།  རྫོགས་པ་ཆེན་པོའི་སྙན་རྒྱུད་སེམས་ཀྱི་མེ་ལོང་།   འབྲིང་པོ་སོར་བཞག་གི་གདམ་པ།  ལུས་ཀྱི་གོས་དང་འདྲ་བའི་གདམ་པ།  གཟེར་བུ་བཅུ་གཅིག་གི་གདམ་པ།  གྲུབ་ཆེན་ཉི་ཤུ་རྩ་བཞིའི་དགོངས་ཉམས།  ཏ་པི་ཧྲི་ཙའི་གདམས་པའམ་རྐང་གཉིས་ལྷམ་དང་འདྲ་བའི་གདམ་པ།  འཆིང་པའི་སྐེ་རགས་དང་འདྲ་བའི་གདམ་པ།  ཁོག་པའི་སྙིང་དང་འདྲ་བའི་གདམ་པ།  དཔྲལ་བའི་མིག་དང་འདྲ་བའི་གདམ་པ།  སྙན་རྒྱུད་བདུད་རྩིའི་གདམ་པ་བཅས་དང་།  ཡང་ཤར་རྫའི་མཐུ་སྟོབས་རྣམ་རྒྱལ་གྱི་མདུན་ནས་ཧཱུྃ་ཆེན་ལགས་ཀྱི་སྟག་ལ་རྩལ་གསུམ་དང་།  རྣམ་རྒྱལ་གཡང་སྒྲུབ།  གཞན་ཡང་།  འབུམ་རྨད་བསོད་ནམས་གཡུང་དྲུང་གི་མདུན་ནས་གསང་སྔགས་མ་རྒྱུད་དང་།  ལྷ་མོའི་སྒྲུབ་སྐོར།   དབལ་གསས་སྒྲུབ་སྐོར།   དབལ་ཕུར་སྒྲུབ་སྐོར།   དབལ་བོན་སྟག་ལྷའི་སྒྲུབ་སྐོར།  མ་མོ་རྦོད་གཏོང་སྒྲུབ་སྐོར།  མི་ཞིག་གུ་རུ་ཞི་དྲག་སྒྲུབ་སྐོར། དབལ་ཆེན་གེ་ཁོད་སྒྲུབ་སྐོར།  འཇའ་ཚོན་སྙིང་པོའི་ཞི་ཁྲོ་དགོངས་འདུས་ཆ་ཚང་།   ཀུན་བཟང་ཞི་བ་ཨ་གསལ་སོགས།   ད་དུང་།   སྨོན་རྒྱལ་སྡེ་སྣོད་རབ་འབྱམས་ཀྱི་མདུན་ནས་བླ་སྒྲུབ་དམ་ཚིག་སྤྱི་བཤགས།  བསྐྱངས་སྤྲུལ་བདེ་སྨོན།   ཤར་རྫའི་བདེ་སྨོན།   ཚེ་དཔག་ལྷ་དགུ།   བླ་བསྟོད་སྐོར་གསུམ་སོགས་གཞུང་ལུགས་ཆེ་ཆུང་གྲངས་མང་དང་།   གཅོད་བླ་རྣམ་རྒྱལ་གྲགས་པའི་མདུན་ནས་མཁའ་འགྲོའི་གསང་གཅོད།   བྱམས་མའི་མནྟལ།   མཁའ་འགྲོ་ཀྱེ་མ་འོད་མཚོའི་གཞུང་ཆ་ཚང་།  ལྷ་མོའི་གཞུང་།  དྲེའུ་དམར་པོའི་གཞུང་བཅས་ཀྱི་ལུང་ཐོབ་པ་དང་།   ཡང་འདི་དག་གི་སྐབས་སུ་རང་གཞན་ཀུན་ཀྱི་ཆེད་དུ་ལུས་ཀྱིས་བོན་གྱི་གནས་ཆེན་དག་ཕྱག་སྐོར་དང་།    ངག་གིས་གཞུང་ཆེན་བརྒྱ་ཕྲག་དུ་མའི་ཚིག་དོན་ཟུང་དུ་འབྲེལ་བ།   ཡིད་ཀྱིས་ནམ་མཁས་ཁྱབ་པའི་སེམས་ཅན་ཀུན་དང་སྔ་ཕྱིའི་སློབ་བུ་རྣམས་ལ་དག་པའི་སེམས་བསྐྱེད་དང་།    ཁྱད་པར་ད་ལྟའི་སྐབས་སུ་ཁ་འདོན་དགེ་སྦྱོར་དང་ཕྱག་སྐོར་སྒྲིབ་བྱང་སོགས་ཀྱི་ལས་ལའང་རབ་ཏུ་ཕྱག་ལས་ཡངས་བ་སྟེ།   སྒྲུབ་ཆེན་ཁག་དང་།    ཆོ་གའི་རིགས།    གཞན་འབུམ་ཉི་མ་དགུ་ཤར་གྱི་གཞུང་དང་གཟུངས་འདུས་སོགས་དག་ཚར་གྲངས་ཡས་ཤིང་།    ཐ་ན་ཉི་མ་རེ་རེའི་རིང་དུའང་ཆགས་པར་མེད་པ་ཁ་འདོན་གྱི་རྣམ་གྲངས་ཀྱང་ཤིན་ཏུ་མང་བ།    ན་རྒན་གཞན་དང་མི་མཚུངས་པར་ལུས་ཁམས་བདེ་བས།   བགྲང་བྱ་བརྒྱད་ཅུ་རྩ་བཞིའི་ན་ཚོད་དུ་སོན་རུང་སློབ་བུ་དག་ལ་རིག་གནས་ཀྱི་ཆེད་དུ་ཡུལ་དགོན་བར་དུ་རྐང་ལམ་རྒྱུད་དེ།   སྐབས་དང་བསྟུན་ཏེ་གྱེར་གྱི་དབྱངས་རྟ་དང་གར་གྱི་འགྱིང་ཚུལ་སོགས་ཟབ་སྦྱོང་སློབ་སྟོན་རྒྱ་ཆེ་བ་མཛད་ཅིང་།    གཞན་ཡུལ་མི་སོ་སོའི་བདེ་སྡུག་སོགས་ཀྱི་སྐབས་སུ་ཕྱག་མོ་སོགས་རེ་སྐུལ་ལྟར་ལྷག་བསམ་གྱི་མཛད་འཕྲིན་དགུང་སྔོན་དང་མཉམ་སྟེ་སྐུ་ཚེ་བརྟན་པ་བཅས་སོ། །

རེ་བའི་སྒོ་གསུམ་སྐྱབས་འཇུག
   བགྲང་བྱ་བརྒྱད་ཅུ་ལས་བརྒལ་བའི་ལོ་རྒྱུས་ཀྱི་གཏམ་སྣ་རིང་ཡང་སྐུ་ཡི་ལང་ཚོ་དང་ཞབས་ཟུང་མཉེན་ལྕུག་ཤིན་ཏུ་ལྡེམ་མྱུར་ཐོགས་པའི་ཉིད་ཀྱི་སྐུ་ཡི་བཀོད་པ།   དུང་གི་ཚེམས་ཕྲེང་སྤྱི་དོན་དུ་ཟད་པའི་འདས་དོན་གྱི་རྣམ་གྲངས་མང་ཡང་ཞལ་གྱི་སྨྲ་ལྕེ་དང་གྱེར་གྱི་དབྱངས་རྟ་མ་ཡོ་མ་ཉམས་པའི་ཁྱེད་ཀྱི་གསུང་གི་འགྱུར་ཁུག   ཀུན་ཀྱི་ཀུན་སློང་འཁྲབ་སྟོན་གྱིས་ལྷད་པའི་སྙིག་དུས་ཤིག་ཤར་མོད་དུས་ཀྱིས་གཡོ་བཅོས་དང་སྣང་བའི་བསླུ་ཁྲིད་ཀྱིས་མ་ཐུབ་པར་ཉིན་མཚན་དུས་དྲུག་གི་བློ་རྒྱ་བསྟན་དོན་དུ་ཕྱོགས་པའི་ཁོང་གི་ཐུགས་བསྐྱེད་བསམ་སྒོམ་སོགས།   སྒོ་གསུམ་གྱི་འཕྲིན་ལས་བསྐལ་བ་མ་འཇིག་འཁོར་བ་མ་སྟོང་གི་བར་དུ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་།   སྒེར་བླ་མ་བྱ་ཁྲོ་རྣམ་གཉིས་ཀྱི་བསྟན་པའི་ཀ་ཆེན་ཞིག་ཏུ་བསྐལ་བརྒྱའི་བར་དུ་བརྟན་པའི་སྐྱབས་འཇུག་སྨོན་ལམ་ཡང་དུ་སྐྱར་བའོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།