སྐུ་གསུམ་མེ་ལྷའི་སྙིང་པོ་དང་སྨོན་ལམ་ཤིང་བྱང་སྙིང་པོའི་འཕྲོས་དོན།

[ཟླ་ཚེས། 2020-04-06 10:52:51][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དང་པོ།  སྐུ་གསུམ་མེ་ལྷའི་སྙིང་པོའི་སྐོར།
    ཚང་མས་མཁྱེན་གསལ་ལྟར་སྐུ་གསུམ་མེ་ལྷ་སྟེ།  ཐུགས་ཡེ་ཤེས་ཀྱི་མེ་ལྷ་དང་།  གསུང་རང་བཞིན་གྱི་མེ་ལྷ།  སྐུ་མེ་ཡི་མེ་ལྷ་གསུམ་གྱི་སྙིང་པོ།  ཨ་ཉེ་ཀང་གསུམ་གྱི་མཇུག“ཚངས”ཞེས་ས་མཐའ་ཅན་དང་། ཡང་ན“ཚང”ཞེས་ས་མཐའ་མེད་པ་གཉིས་འབྲེལ་ཡོད་དཔེ་ཆ་ཁག་ཏུའང་གཅིག་གྱུར་མ་བྱུང་ཞིང་།  དེ་བཞིན་ལག་ལེན་དངོས་ཀྱི་ཁྲོད་དུའང་ད་ཕན་གཅིག་གྱུར་ཞིག་བྱུང་མེད་ཚོད་འདུག   དོན་དངོས་ཐོག་འདི་ལ་ས་མཐའ་དགོས་སམ་མི་དགོས་ཞེ་ན།  མ་གཞི་ང་ཚོའི་དཔེ་རྙིང་ཁག་ཏུ་ཐ་སྙད་གང་མང་ཞིག་ལ་དེང་དུས་ནང་བཞིན་སྔོན་མིང་རྗེས་གསུམ་དང་ཡང་འཇུག་སོགས་ངེས་གཏན་མེད་ལ་དེ་བཞིན་གཅིག་གྱུར་ཡིན་དགོས་པའི་རྒྱུ་མཚན་ཡང་མེད་པས་གང་ཞིག་བྲིས་ཀྱང་འགྲིག་བསྡད་པ་ལྟར་ལས་སླ་མོའི་སྒོ་ནས་ཐག་ཆོད་པའམ་གཅོད་པ་ལྟར་ཡང་སྣང་སྲིད་མོད།   ཐ་སྙད་འདི་ལ་དེ་སྔོན་བྱུང་བའི་དཔྱད་གཞིའི་རྒྱུ་ཆ་ཁག་ལ་བལྟས་ན།  ས་མཐའ་ཡོད་མེད་གཉིས་པོར་དོན་གྱི་གོ་བ་ལེན་སྟངས་མི་འདྲ་བ་གཉིས་ཙམ་བྱུང་བ་གཞིར་བྱས་ཀྱི་དབང་དུ་དཔྱད་པ་ཡིན་ན་དེ་ཙམ་ལས་སླ་པོ་ཞིག་མ་ཡིན་པར་ཤེས་ཐུབ།   རྒྱུ་མཚན་དེ་བས་ན་སྐབས་འདིར་འབྲེལ་ཡོད་དཔེ་ཆ་ཁག་ཏུ་ས་མཐའ་ཡོད་མེད་ཅི་རིགས་མཆིས་པས་འདི་དག་དང་དེ་མི་དག་ཅེས་ཁ་དམར་བཏགས་དཀའ་ནའང་།  ཐ་སྙད་དེ་ལ་འགྲེལ་བཤད་གནང་སྟངས་ཐོག་ནས་ཅུང་ཟད་གླེང་ན་མ་མཐའ་ཡང་ཐུན་མོང་གི་དཔྱད་གཞི་ཙམ་ཞིག་འབྱུང་སྲིད་པས་དེའི་སྐོར་ཞིག་ཞུ་རྒྱུ་ཡིན།
གཅིག  ས་མཐའ་ཡོད་པའི་གོ་དོན་འགྲེལ་ཚུལ།
   དེ་སྔོན“ཚངས”ས་མཐའ་ཅན་རྩལ་འདོན་གྱིས་འགྲེལ་བཤད་གནང་མཁན་གཞན་དག་བྱུང་ཡོད་མེད་གང་ལྟར་ཡང་རང་གི་མཐོང་ཡུལ་དུ་གྱུར་པ་ལས་སྔ་ཤོས་ཧོར་བ་དྲུང་རམས་པ་སྨྲ་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོ༼༡༨༨༨-༡༩༧༥༽མཆོག་ཡིན་ཞིང་།  དེ་ཡང་ཁོང་གིས་བརྩམས་པའི«སྤྱི་ལྟར་སྐུ་གསུམ་མེ་ལྷའི་དོན་འགྲེལ་མདོར་བསྡུས་ཙམ་བཀོད་པ»ཞེས་པ་ལས། “ཨ་ཏི་སངས་རྒྱས་ཏེ། ཨ་ཡེ། སེམས་ཉིད་སྐྱེ་བ་མེད་པ་ཀ་ནས་དག་པ་ཐུགས།  ཧྲོ་མར།  ཡེ་ཤེས་མེ་ལྷའི་དོན་དོ། །ཉེ་ལོ།  དགོངས་པ། དུན་ལ།  རང་བཞིན་འགག་མེད་ལྷུན་གྲུབ་གསུང་།  དད་མར།  རང་བཞིན་མེ་ལྷའོ། །ཀང་ཙེག  སྐྱེ་འགག་གཉིས་མེད།  རཾ་ལ། ཐུགས་རྗེ་ཀུན་ལ་ཁྱབ་པ་རྫུ་འཕྲུལ་སྐུ།  ལི་མར།  མེ་ཡི་མེ་ལྷ།  ཚངས།  ཞེས་པ་ཉོན་མོངས་གཟུང་འཛིན་དངོས་མཚན་མ་ལུས་པ་བསྲེག་ཅིང་། གཙང་དག་བྱེད་པའི་བརྡ་ཚིག་གོ །”ཞེས“ཚངས”ས་མཐའ་ཅན་དུ་བྱས་ཤིང་དེའི་དོན་ནི་དག་ཚངས་ཏེ། སྐུ་གསུམ་མེ་ལྷའི་ཐུགས་རྗེས་གདུལ་བྱའི་ལས་ཉོན་སོགས་བསྲེགས་ཞེས་མེད་པར་བྱས་ཏེ་རྒྱུད་ཀྱི་སྐྱོན་སྒྲིབ་དག་ཅིང་གཙང་མར་བྱས་པའི་དོན་དུ་འགྲེལ་མཛད་པ་དེ་རེད།  བཞེད་པ་དེའི་རྗེས་སུ་འབྲང་བ་ཞལ་གསལ་བ་གཞན་ཞིག་ནི། སྐྱང་སྤྲུལ་དྲི་མེད་འོད་ཟེར་ཡིན་པ་སྟེ། ཁོང་གིས་མཛད་པའི«སྦྱིན་སྲེག་གི་རྣམ་བཤད་ཀུན་བཏུས་ལུང་གི་རྒྱན་ཕྲེང»ཞེས་པར་སྐུ་གསུམ་མེ་ལྷའི་སྙིང་པོའི་འབྲི་སྟངས་དང་གོ་དོན་སྐོར་དེ་བཞིན་སོར་བཞག་མཛད་གནང་འདུག  ད་དུང་དེ་མཚུངས་གཞན་པ་ཡོད་སྲིད་མོད་ཀྱང་འདིར་ཡིག་ཆ་དངོས་མ་འཛོམས་སྟབས་དེ་ཙམ་དུ་བཞག་པ་ཡིན།
གཉིས།  ས་མཐའ་མེད་པའི་གོ་དོན་འགྲེལ་ཚུལ།
   དེ་ཡང“ཚང”ས་མཐའ་མེད་པ་འདི་ལ་རྩལ་འདོན་གྱིས་འགྲེལ་བཤད་ཆ་ཚང་བ་ཞིག་བྲིས་པ་ངོས་ནས་ད་བར་མ་མཇལ་ཡང་། འདིའི་སྐོར་འཁོད་པའི་སྐྱབས་རྗེ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་ལ་སྐུ་འཁོར་ཞིག་གིས་དོགས་འདྲི་ཕུལ་བར་རིན་པོ་ཆེ་ནས་གསལ་བཤད་ཀྱི་ཕྱག་བྲིས་གནང་བ་ཞིག་དྲྭ་ལམ་ནས་མཇལ་བས་འདིར་ཡང་དེ་ཉིད་གཞིར་བྱས་ཀྱིས་གླེང་རྒྱུ་ཡིན། མ་གཞི་ཡི་གེ་དེར་ཀློང་རྒྱས་ཀྱི་བདེར་གཤེགས་སྟོང་འཛབ་སྐབས་ཀྱི་ཀླད་ཀོར་འབྲི་སྟངས་དང་།  རྒྱུན་མེ་ལྷའི་སྔགས་ཤམ་གྱི“ཚང་སྟང”གི་སྐོར། སྤྱིར་ན་དཔེ་ཆ་ཁག་ཏུ་འདིའི་ཚང་དང་སྟང་གཉིས་ཀར་ས་མཐའ་ཡོད་མེད་ཅི་རིགས་སྣང་།  སྐུ་གསུམ་མེ་ལྷའི་སྙིང་པོའི“ཚང”བཅས་མཉམ་དུ་ཡོད་པ་ཞིག་རེད།  དེ་ཡང་སྐུ་གསུམ་མེ་ལྷའི་སྙིང་པོའི“ཚང”དང་། མེ་ལྷའི་སྔགས་ཤམ“ཚང་སྟང”གི“ཚང”གཉིས་ཀར་ས་མཐའ་མེད་པར་མཛད་ཅིང་།  དེའི་རྒྱུ་མཚན་ཡང་བོན་གཞུང་གཞན་དུ།  “ཚང་སྟང་ཚད་རིམས།”  ཞེས་པ་དང་།  “ཚང་སྟང་སླ་ཞི།”  “མེ་སྨན་ཚང་སྟང་།” ཞེས་པ་བཅས་ཀྱིས་དཔེ་མཛད་འདུག   དེ་ལྟར“ཚང”ལ་ས་མཐའ་མེད་པར་ངེས་གཏན་མཛད་འདུག་པ་ལྟར“ཚང”གི་གོ་དོན་ཡི་གེ་དེ་རུ་དམིགས་བཀར་གསལ་བཤད་མཛད་མི་འདུག་མོད།  དཔྱད་ན“ཚང”ནི་ཞང་སྐད་དུ”ཚང་བང”ཞེས་པ་མེ་ཐབ་བམ་མེ་ཁང་ལ་གོ་བ་ཡོད་པ་སོགས་ཀྱིས་མཚོན་འདིར་ཡང་སྦྱིན་སྲེག་མེ་ལྷ་དང་འབྲེལ་བས“ཚང”ཞེས་གཞི་རྩའི་གོ་བ་མེ་ལ་གནང་ཡོད་པ་ཨེ་ཡིན་ནམ་སྙམ།  
གསུམ།   དེ་དག་ལ་ཅུང་ཟད་དཔྱད་པ།
   གོང་གསལ་ལྟར“ཚངས”དང་“ཚང”ཞེས་ས་མཐའ་ཡོད་མེད་བཞེད་པ་གཉིས་པོ་གང་ཞིག་འཐད་མིན་སོགས་ལ་མ་གཞི་སྙིང་པོ་དེ་དག་ཞང་སྐད་ཡིན་པར་གཞིར་བཅས། རང་ཉིད་གཞི་རྩའི་ཞང་སྐད་ལ་རྨོངས་པའི་དབང་གིས་འདི་རིགས་ལ་ཚད་ལྡན་གྱི་དཔྱད་བརྗོད་བྱེད་པའི་ཆ་རྐྱེན་མ་ལྡན་ཡང་།  དཔྱད་གཞི་དེ་དག་མཇལ་བ་ལ་བརྟེན་རང་གི་བློ་ངོར་ཤར་ཚོད་ཙམ་ནི།  དྲུང་རམས་པའི་འགྲེལ་ཚུལ“ཚངས”ལ་ས་མཐའ་ཡོད་དགོས་ཞེས་པ་གཅིག་པུ་ཙམ་མ་ཡིན་པར་སྐབས་དེའི་སྙིང་པོ་ཆ་ཚང་ལ་འགྲེལ་བཤད་གནང་འདུག་པས་སྤྱི་ཡོངས་ནས་གོ་བ་ལེན་སྟབས་གསལ་པོར་བྱུང་བ་ནི་གོང་འཁོད་ལྟར་ཡིན་པས་ཀུན་གྱིས་མཁྱེན་སླ་ཞིང་།  ཡོངས་འཛིན་རིན་པོ་ཆེས“ཚང”ལ་ས་མཐའ་མེད་པར་བཞེད་པ་དེའི་བརྒྱུད་རིམ་ཁྲོད་ཧོར་བ་དྲུང་རམས་པ་དང་སྐྱང་སྤྲུལ་དྲི་མེད་འོད་ཟེར་སོགས་ཀྱི་བཞེད་ཚུལ་ལ་དཔྱད་གཞིར་གནང་མིན་དང་། གཞན་སྐུ་གསུམ་མེ་ལྷའི་སྙིང་པོ་ཆ་ཚང་ལ་འགྲེལ་བཤད་མཛད་པའི་ཐོག་ནས་གོ་དོན་གང་ཞིག་ལ་ངོས་འཛིན་གནང་མིན་སྐོར་དེ་སྔོན་རང་གིས་མཐོང་ཐོས་གང་ཡང་མ་བྱུང་བས་འདིར་ཡང་དེའི་སྐོར་རྒྱས་བཤད་བྱེད་ཐབས་མ་བྱུང་བས་དེ་ཙམ་དུ་ལུས་ཡོད།  
གཉིས་པ།   སྨོན་ལམ་ཤིང་བྱང་གི་སྙིང་པོའི་སྐོར།
      ཀུན་རིག་ལས་བཞིའི་སྦྱིན་སྲེག་སོགས་ཀྱི་དྲི་མཆོད་སྨོན་ལམ་སྐབས་སུ་མཁོ་བའི་སྨོན་ལམ་ཤིང་རིང་ངམ་སྨོན་ཤིང་ངོས་སུ་འབྲི་རྒྱུའི་སྙིང་པོ།  ཨཱོྃ་ཨ་དཀར་ལམ་པ་ཁྲི་མུན་སངས་སྭཱཧཱ།   ནག་པོ་ཞི་ཞི་མལ་མལ་སྨར་སྭཱཧཱ། རྣྲི་ཨ་དཀར་གཤའ་ཡ་ནི་སྨར་སྭཱཧཱ། ཞེས་པ་འདི་ཉིད་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན༼༡༧༧༠-༡༨༣༢༽དང་།  མཁན་ཉི་མ་བསྟན་འཛིན༼༡༨༡༣-༡༨༦༢༽སོགས་ཀྱིས་བཞེད་འདུག་པ་ལྟར།  ང་ཚོའི་ས་ཆར་ཡོངས་སུ་གྲགས་པ་ཞིག་ཀྱང་ཡིན་པས་སྤྱིར་ན་འདི་ལ་དཔྱད་ཞིབ་དང་གསལ་བཤད་སོགས་གང་ཡང་མི་དགོས་པ་ལྟ་བུར་སྣང་མོད། སྙིང་པོ་འདིའི་བྱུང་ཁུངས་དང་ནང་དོན་སྐོར་ལ་བསམ་ཚེ་ཅུང་ཟད་རྟོགས་དཀའ་བ་ཞིག་ཡིན།  དེ་ཡང་སྙིང་པོ་དེའི་དོན་གྱི་ཐད་ལ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེས༼༡༩༣༥-༽འགྲེལ་པ་ཞིག་མཛད་འདུག་པ་ནི་ཁོང་གིས་བརྩམས་གནང་བའི«སྦྱིན་སྲེག་གི་རྣམ་བཤད་ཀུན་བཏུས་ལུང་གི་རྒྱན་ཕྲེང»ཞེས་པ་ལས། “ ༡ ཨཱོྃ་ཨ་དཀར་ལམ་པ་ཁྲི་མུན་སངས་སྭཱཧཱ།  ༢ ནག་པོ་ཞི་ཞི་མལ་མལ་སྨར་སྭཱཧཱ། ༣ ནྲི་ཨ་དཀར་གཤའ་ཡ་ནི་སྨར་སྭཱཧཱ། ཞེས་པའི་སྔགས་དེ་གསུམ་གྱི་ནང་དོན་རགས་རིམ་ཙམ་དད་མོས་སྐྱེ་ཕྱིར་བྲི་ན། དང་པོ་ནི། མ་རིག་མུན་པ་སངས་ནས་རིག་པ་ཤར་བར་གྱུར་ཅིག ཅེས་དང་། གཉིས་པ་ནི། འགལ་རྐྱེན་བར་ཆོད་ཐམས་ཅད་ཞི་ནས་བདེ་ལེགས་སུ་གྱུར་ཅིག ཅེས་དང་། གསུམ་པ་ནི། བདག་ཅག་རྣམས་ཀྱི་སྡིག་སྒྲིག་བྱང་ཞིང་དག་པར་གྱུར་ཅིག ཅེས་པ་ལྟ་བུ་ཕལ་ཆེར་ཡིན་ནམ་སྙམ།” ཞེས་གསུངས་ཤིང་ཁོང་གིས་སྔགས་ཚིག་རེ་རེ་བཞིན་མ་ཡིན་པར་སྤྱི་སྡོམ་སྡེ་ཚན་གསུམ་དུ་ཕྱེས་ཤིང་དེ་རེ་རེའི་དོན་མཉམ་དུ་འགྲེལ་བཤད་གནང་བ་དེ་རེད།   ཡང་རང་ངོས་ནས་སྙིང་པོ་འདི་ཉིད་བཀའ་དང་བཀའ་བརྟེན་གང་ཞིག་ནས་བྱུང་བར་དྲེལ་དམར་རྒྱུད་འགྲེལ་ཞིག་ཏུ་སྔགས་ཚན་དང་པོ་དེ་ཡོད་པ་དང་། གཞན་ཡི་དམ་གྱི་སྒྲུབ་གཞུང་ཞིག་ཏུ་ཡོད་སྐད་ཙམ་ཐོས་མོད་དཔེ་ཆ་དངོས་མ་མཇལ་བས་ད་ལན་འདིར་བཀོད་མེད། ད་སྔོན་ཁ་གསལ་ཅན་མཐོང་ཐོས་མ་བྱུང་ཞིང་།  སྤྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་ལ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་འགྲེལ་པ་དེ་ནི་དོན་ལ་གནས་མིན་ཇི་ལྟར་ཡང་བསམ་ཚོད་ཀྱིས་མཛད་པར་གསུངས་པས་དེ་སྔོན་གསལ་ཁ་ཅན་གྱི་འགྲེལ་པ་ཞིག་ཁོང་གིས་ཀྱང་མཇལ་མེད་ཚོད་རེད་འདུག་ལ། སྙིང་པོའི་བྱུང་ཁུངས་ནི་འདི་ཞེས་གཟིགས་མ་མྱོང་གསུང་གནང་བྱུང་།  དེ་ལྟར་སྐུ་གསུམ་མེ་ལྷ་དང་།   སྨོན་ལམ་ཤིང་རིང་གཉིས་ཀྱི་སྙིང་པོའི་འཕྲོས་དོན་ཙམ་གླེང་བ་འདི་ལ་དམིགས་བསལ་ལུང་དང་རིགས་པ་གསར་པའི་དཔྱད་བརྗོད་གང་ཡང་མེད་མོད།  དེ་སྔོན་མཐོང་ཐོས་བྱུང་རིགས་རྣམས་ཕྱོགས་བསྡུས་དཔྱད་གཞིར་བཀོད་པ་ཡིན་ལ། ཕྱོགས་གཞན་ཞིག་ནི་ང་ཚོའི་ཁོར་ཡུག་ཏུ་འདི་གཉིས་ལྟོས་བཅས་ཀྱིས་རྒྱུ་ཚེགས་གྲགས་པ་གསུམ་ཀ་ཅུང་ཆེ་བའི་གྲལ་ཞིག་ཡིན་པའི་ཁར། དེང་ཆར་ཕྱོགས་ཀུན་ནས་མཁས་བླུན་མང་པོས་དཔྱད་ཞིབ་གནངས་དང་གནང་མུས་ལ། གཞི་རྩའི་དཔྱད་འབྲས་ཆེད་རྩོམ་རིགས་མཐོང་དཀོན་པ་བཅས་ལ་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་ཀྱི་དཔེ་ལྟར་དོན་གཉེར་ཅན་ཚོའི་དཔྱད་གཞིར་དམིགས་ཏེ་བྲིས་པ་ཡིན་པས་ད་དུང་ཚིག་དོན་གཉིས་ཆ་ནས་ཁ་གསལ་ཁུངས་ཆོད་ཀྱི་དཔྱད་ཞིབ་ཡོང་བའི་རེ་སྨོན་དང་བཅས་ད་ལན་རྩོམ་ཐུང་འདི་གྲུབ་པར་བྱས་སོ། །༢༠༢༠་༤་༥
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།