གཡུང་དྲུང་བོན་གྱི་ལུགས་སུ་བཀའ་སྐྱོང་སྲུང་མ་རྣམས་ཀྱི་བྱུང་རབས་ལོ་རྒྱུས་སྐོར།

[ཟླ་ཚེས། 2016-06-25 23:16:33][རྩོམ་པ་པོ། ཨ་ཀྲོང་རིན་ཆེན་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 ༧གཡུང་དྲུང་བོན་གྱི་ལུགས་སུ་བཀའ་སྐྱོང་སྲུང་མ་རྣམས་ཀྱི་བྱུང་རབས་ལོ་རྒྱུས་སྐོར།
02.jpg
༧གཡུང་དྲུང་བོན་གྱི་བགྲོ་གླེང་སྐབས་བཅོ་ལྔ་པའི་ཐོག་བོན་སྐྱོང་སྲུང་མའི་སྐོར་བརྗོད་གཞི་སྙིང་བསྡུས།
01.jpg
རྩོམ་པ་པོ་ཨ་ཀྲོང་རིན་ཆེན་རྒྱལ་མཚན།

   གཡུང་དྲུང་བོན་གྱི་བཀའ་སྲུང་ངམ་སྲུང་མ་ཞེས་པ་ནི་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་དང་བསྟན་འཛིན་སྐྱེས་བུ་རྣམས་ལ་ཚེ་རབས་ནས་ཚེ་རབས་སྡོང་གྲོགས་མཛད་ཅིང་བསྟན་དང་འགྲོ་བའི་དོན་ལ་མ་ཡིས་བུའི་ཆེད་དུ་ལས་བྱེད་པ་བཞིན་དུ་ཕན་པ་བསྒྲུབ་ཅིང་ཁས་བླངས་དམ་དུ་བཅས་པ་ཞིག་ལ་སྲུང་མ་ཞེས་འདོད་དགོས་པའོ། །
   དེ་དག་ནང་ནས་སྲིད་པ་རྒྱལ་མོ་སོགས་འགའ་ཞིག་མ་གཏོགས་བསྟན་པ་དང་འགྲོ་བའི་དོན་ལ་གནོད་ཅིང་འཚེ་བའི་ལས་ལ་བརྩོན་པའི་དྲེགས་པ་སྡུག་རྩུབ་མཐུ་རྩལ་ཅན་སོགས་ཤ་སྟག་ཡིན་པ་དང་། རྗེས་སུ་དེ་རིགས་ཕར་ཆེར་ཡི་དམ་དབལ་གསས་རྔམ་པའི་སྤྱན་སྔར་བཀའ་བསྒོ་དམ་བཏགས་མཛད་པ་དང་། འགའ་ཞིག་རྗེས་འཇུག་སྐྱེས་མཆོག་ཁྱད་པར་ཅན་སོགས་ཀྱི་མདུན་ནས་ཁས་བླངས་དམ་བཏགས་མཛད་རྗེས་སུ་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་སོགས་མདོར་ན་གནས་སྐབས་ཕྲལ་སེལ་རྐྱེན་ཟློག་ཆེད་དུ་ལུས་དང་གྲིབ་མ་བཞིན་དུ་འཁོར་ཞིང་སྡོང་གྲོགས་མཛད་པའོ། །
   དེ་ཡང་གཡུང་དྲུང་བོན་གྱི་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་མཛད་པའི་བཀའ་སྲུང་ཕོ་རྒྱུད་ཀྱི་སྡེ་ཚོགས་དང་། བཀའ་སྲུང་མོ་རྒྱུད་ཀྱི་སྡེ་ཚོགས་གཉིས་ཡོད་པའི་ནང་ནས། ཐོག་མར་དམ་ཅན་ཕོ་རྒྱུད་ནི་བསྟན་སྲུང་རྨ་རྒྱལ་པོམ་ར། མི་བདུད་འབྱམས་པ་ཁྲག་མགོ། བྲག་བཙན་ཨ་བསེ་རྒྱལ་བ། བཙན་རྒོད་ཧུར་པ་གསོད་སྐྱིན། སྒྲ་བླ་དྲ་མ་མཆེད་དགུ། རྒྱལ་ཆེན་ཉི་པང་སད་ཝེར། འཛམ་སྔོན་ཀུ་བེ་ར། རྒྱལ་ཆེན་ཤེལ་ཁྲབ་འབར་བ། རྒྱལ་ཆེན་གྲགས་སེང་། བཙན་རྒོད་གྲགས་པ་རྒྱལ་མཚན། ཕོ་ལྷ་གནམ་ཐེའུ་དཀར་པོ། རྗེ་ཡི་འགུལ་ལྷ་བཅུ་གསུམ་སོགས་ཕོ་རྒྱུད་ཀྱི་སྡེ་དང་། དམ་ཅན་མོ་རྒྱུད་ཀྱི་སྡེ་ཚོགས་ནི། མ་ཅིག་སྲིད་པའི་རྒྱལ་མོ་དྲེའུ་དམར་ནག་གཉིས་དང་། སྲིད་པའི་རྒྱལ་མོ་སྡེ་དྲུག སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དབལ་མོ་ཉེར་བདུན། བཀའ་ཡི་བྱ་ར་མ་གསུམ། དུས་བཞིའི་རྒྱལ་མོ་བཞི། གཏེར་བདག་ཡུམ་སྲས་སྡེ་ལྔ། སྒྲ་བླའི་རྒྱལ་མོ། གསང་ཡུམ་ཀླུ་མོ་འོད་འབར། ཡང་སྤྲུལ་བརྟན་མ་བཅུ་གཉིས་སོགས་མོ་རྒྱུད་ཀྱི་སྡེ་ཚོགས་སོ། །

མ་གཅིག་སྲིད་པའི་རྒྱལ་མོ་འགྲན་གྱི་ཟླ་མེད་མ་ནི།

   མཁའ་ཀློང་གསང་མདོས་ལས། མ་གཅིག་སྲིད་པའི་རྒྱལ་མོ་ནི། མ་ཞེས་བྱ་བ་ཀུན་འབྱུང་ཡུམ། ཅིག་ཞེས་བྱ་བ་ཉག་གཅིག་སེམས། སྲིད་ཅེས་བྱ་བ་སྣོད་བཅུད་གཞི། རྒྱལ་ཞེས་བྱ་བ་ཀུན་ལས་འཕགས། མོ་ཞེས་བ་འབྱུང་བའི་གནས་ཞེས་དང་། ཕྱི་ལྟར་ན་བཟང་ཟ་རིང་བཙུན། ནང་ལྟར་ན་ཐུགས་རྗེ་བྱམས་མ། གསང་བ་ལྟར་ན་གནམ་ཕྱི་གུང་རྒྱལ་ལམ་བདེ་འགྲོ་གསང་ཡུམ་སྲིད་པའི་རྒྱལ་མོ་ཞེས་ཕྱི་ནང་གསང་གསུམ་གྱི་སྒོ་ནས་མཚན་གསོལ་ཚུལ་འདྲ་མིན་ཡོད་པ་མ་ཟད། སྲིད་རྒྱལ་དུས་དྲུག་དང་། དབལ་མོ་ཉེར་བདུན། སྲིད་རྒྱལ་བྱ་ར་མ་གསུམ། དུས་བཞི་རྒྱལ་མོ་སོགས་དུ་མ་ཡོད། དེ་དག་ཐམས་ཅད་སྲིད་པ་རྒྱལ་མོའི་ངོ་བོ་ལས་མ་འདས་པ་ཡིན་ཡང་། སངས་རྒྱས་བསྟན་པ་དང་གདུལ་བྱ་སེམས་ཅན་དོན་དུ་སྤྲུལ་པ་བསམ་གྱི་མི་ཁྱབ་པར་བསྟན་པའོ། །

བསྟན་སྲུང་རྨ་རྒྱལ་པོམ་ར།

   བསྟན་སྲུང་རྨ་རྒྱལ་པོམ་ར་ནི་མཚན་འདོགས་ཚུལ་འདྲ་མིན་་དེ་རྨ་གཉན་པོམ་ར། རྨ་མྱེས་པོམ་ར། རྨ་ཆེན་སྤོམ་ར་སོགས་དུ་མ་ཡོད་ཀྱང་དོན་དུ་གཅིག་པར་སེམས། བྱུང་ཁུངས་ཀྱི་ལོ་རྒྱུས་ནི། སྤོམ་རའི་ཐུགས་སྒྲུབ་ལས། ཀུན་བཟང་ཐུགས་ལས་སྤྲུལ་པ་སྟེ། སེམས་ཅན་དོན་ལ་སྤྲོས་པ་ནི། རྨ་ཆེན་པོམ་ར་ལྷ་ཡི་སྲས། སྐུ་མདོག་དཀར་གསལ་གངས་རི་འདྲ་ཞེས་གསུངས་པ་ལྟར། ཀུན་ཏུ་བཟང་པོ་གཤེན་ལྷ་འོད་དཀར་གྱི་ཐུགས་ཀྱི་སྤྲུལ་པ་ཡིན་ཞིང་། ཐུགས་རྗེ་ཆེ་ཞིང་སྟོབས་དང་ལྡན་པ་སྤྲུལ་པ་བྱེ་བ་ས་ཡས་སྟོང་གསུམ་བཀང་བ་ཐར་པའི་ལམ་གེགས་སེལ་བ། སྟོད་སྨད་ཡུལ་ས་ཐམས་ཅད་དབང་དུ་སྡུད་ཅིང་དགོས་འདོད་རེ་བ་བསྐང་སྟེ་འགྲོ་བའི་དོན་མཛད་པ། བཞུགས་ནི་རྨ་ཡུལ་མཐིལ་ན་བཞུགས་ཏེ་བོན་གྱི་བསྟན་པ་སྲུང་ཞིང་ཡང་འཁོར་སུམ་བརྒྱ་དྲུག་ཅུ་ཕྱི་འཁོར་འབུམ་དང་བཅས་པ་སོགས་མཛད་པ་རྒྱ་ཆེར་ཡོད་པའི་བཀའ་སྲུང་ཞིག་ངོ་།།

བཀའ་སྲུང་ཅང་སེང་སྟག་འདུས།

   སྔོན་ལྷ་ཆེན་སྣང་བ་འོད་ལྡན་གྱི་སྤྲུལ་པ་དང་། དེའི་འཁོར་ཡང་ཅང་སེང་དམག་ཚོགས་དགུ་ཁྲི་དགུ་འབུམ་སོགས་ཡོད་པ་མ་ཟད། ཕྱིས་སུ་སྟོན་པ་རྫོགས་པའི་སངས་རྒྱས་བོད་གངས་ཅན་ལྗོངས་ཀོང་ཡུལ་དུ་ཞབས་བཅག་སྐབས། བཀའ་དྲིན་རྟེན་འབྲེལ་ལྕམ་མོ་ལམ་འཁྲིད་བྱུང་། དེ་དུས་སྟོན་པས་ཚེ་རབས་བསྟན་འགྲོའི་དོན་ཆེད་དགོངས་སྟེ་བསྟན་སྲུང་ལྕམ་མོ་ལམ་འཁྲིད་ཀྱི་བརྔན་དང་མཆོད་པའི་བཀའ་ལུང་ཡང་དག་མཛད་ཅེས་གསུངས་པ་དང་། སྲུང་མ་འདིའི་མཐུ་རྩལ་སོགས་བསམ་གྱིས་མི་ཁྱབ་སྟེ། མི་ཡི་ལུས་ལ་སེང་གེའི་མགོ་བོ་ཅན། དགྲ་སྟའི་དཔུང་རྒྱན། ཉི་ཟླའི་སྤྱན་མིག ལྗགས་ནི་བར་སྣང་གློག་འགྱུ། ཐོག་རྒོད་མཆེ་བ། ཆུ་གྲེའི་གཤོག་པ། རལ་གྲེའི་རྐང་པ་སོགས་སྤྲུལ་པ་སྣ་ཚོགས་ཡོད་པའི་བོན་གྱི་བཀའ་སྲུང་ཞིག་ཡིན་པའོ། །

བསྟན་སྲུང་མི་བདུད་འབྱམས་པ་ཁྲག་མགོ།

   དྲ་བ་དམར་ནག་གི་རྒྱུད་ལས། བཞི་བཅུ་རྩ་ལྔ་ཐེག་པའི་ཡང་གོང༌། ས་འོད་དཀར་ལ་ལྗོན་སྟེང་ན། གནས་གསས་དབྱིངས་རུམ་ཐུགས་ཀྱི་སྤྲུལ་པ་ལས། གཡུའི་བྱིལ་བུ་ལུག་རྫི་མོ་གཅིག་གནམ་ནས་ས་ལ་སྤྲུལ་ལོ། དེའི་ཞལ་ནས་ཧ་དང་ཧི་ཞེས་བརྗོད་པས། འབྱུང་བ་ལྔའི་སྙིང་པོ་ལས། གཞའ་དང་སྤྲིན་དུ་བྱུང་བ་དེའི་བཅུད་ལས་རིན་པོ་ཆེ་ཡི་སྒོ་ང་གཅིག་བརྡོལ་བ་ལས། གེ་ཏ་ཁྲི་འདུལ་ཐང་པོ་དང༌། ན་ལྕམ་མགྲིན་རིང་མ་གཉིས་བཤོས་པ་ལས། མི་བདུད་འབྱམས་པ་ཁྲག་མགོ་བྱུང་ཞེས་གསུངས། དེས་མི་ཡི་སྲོག་ལ་བདུད་དུ་བྱེད། ཕྱུགས་ལ་གཅན་དུ་བྱེད། ཡོད་ཁམས་ཀུན་ལ་གནོད་ཅིང་འཚེ་བར་བྱེད་པའི་ལས་བྱས་པས། ཧྲིས་པ་གྱེར་མེད་ཀྱིས་དབལ་གསས་རྔམ་པའི་སྐུ་རུ་བཞེངས་ཏེ། བཀའ་སྒོ་དམ་བཏགས་མཛད༌ནས་བསྟན་པ་སྲུང་བའི་དཔལ་མགོན་དུ་མངའ་གསོལ་བ་དང་། ཁྱད་པར་དུ་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོའི་སྐྱེས་རབས་དགུ་ཡི་སྲུང་མར་མཛད་པ་ཡིན་པར་གསུངས། སྒོས་སུ་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རི་བའི་ཁྲི་འཛིན་རིམ་བྱོན་དུས་བཀའ་སྲུང་མཛད་དེ་བསྟན་དང་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་འཕྲིན་ལས་འབད་མེད་དུ་སྒྲུབ་པའི་བསྟན་སྲུང་གཙོ་བོ་ཞིག་ཡིན་པའོ། །

བསྟན་སྲུང་བཙན་རྒོད་ཧུར་པ་གསོད་རྐྱེན།

   དྲ་བ་དམར་ནག་གི་རྒྱུད་ལས། གསས་ཆེན་རུས་བཞིའི་ཐུགས་ཁ་ནས་འོད་ཀྱི་ཡི་གེ་ཧ་བཞི་བྱུང་བ། སྲིད་རྒྱལ་ཐུགས་སྤྲུལ་རིན་པོ་ཆེའི་ཁུ་འཕང་བཞི་ལ་ཐིམ་པས། རིན་པོ་ཆེའི་སྒོ་ང་བཞི་རུ་གྱུར་པའི་ནང་ཚན། ཐ་མ་དེ་ཉིད་བརྡོལ་བ་ལས། བཙན་སྲིད་ཀྱི་རྒྱལ་པོ་ཧུར་པ་གསོད་རྐྱེན་བྱུང་ངོ༌། མཚན་གྱི་ཆ་ནས་ཞང་ཞུང་དམར་གྱི་སྐད་དུ་རྒྱ་ཝེར་སད་ཝེར་ནེ་ཝེར་རེ། སྤུ་རྒྱལ་བོད་ཀྱི་སྐད་དུ་བཙན་གྱི་རྒྱལ་པོ་ལྷ་དམག་བསྡུད། གསང་བའི་མཚན་དུ་བཙན་རྒོད་ཧུར་པ་གསོད་སྐྱིན་ཞེས་བྱ། དེས་འགྲོ་བ་གཞན་གྱི་སྲོག་དང་དབུགས་ལ་ཧུར་ཐུམ་བྱེད་ཅིང་སྲོག་ལ་རྔམ་པ་ཤ་གཟན་འབུམ་གྱིས་བསྐོར་བའི་ལས་བྱས་པས། ཆེ་མཆོག་ཡི་དམ་དབལ་གསས་ཀྱིས་མཐུ་སྟོབས་དྲག་པོའི་རྩལ་བསྐྱེད་དེ། དབང་དུ་བསྡུས་ནས་བསྟན་པའི་སྲུང་མར་བསྐོས། ཡ་ཐོག་བསྐལ་པའི་དང་པོ་སྟོན་པ་གཤེན་རབ་མི་བོ་དང༌། གཉན་བོན་ཐང་ཐང་ཁྲོལ་བ༌། བདུན་བོན་ཁ་སྟ་འགྲེང་ཡུག བཙན་བོན་དུམ་པ་མཚལ་ལྕགས་དང་བཅས་པའི་གཤེན་བོན་དེ་རྣམས་ཀྱི་སྒྲ་བླ་ཡིན་པ་དང་རིམ་བཞིན། བར་གྱི་སྲིད་པ་དབུ་མ་ལ་ཞང་ཞུང་ཧྲིས་པ་གྱེར་མེད། ཝེར་གེ་སྟག་ལོ་གཤེན་གསུམ༌། ཕ་ངལ་ཡང་གསང་གཤེན་གསུམ༌། ཡ་ངལ་ཀུ་རུབ་གཤེན་གསུམ། སྣ་རོ་དབང་གི་གཤེན་གསུམ་བཅས་ཀྱི་སྒྲ་བླ་དང༌། དུས་ཀྱི་སྲིད་པ་ཐ་མ་ལ་སྙིགས་དུས་ཀྱི་འདྲེན་པ་ཡོངས་ཀྱི་ཐུ་བོ་རྒྱལ་བ་མཉམ་མེད་ཆེན་པོས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་མཐུ་སྟོབས་ནུས་པ་གཅིག་ཏུ་བསྒྲིལ་བའི་དཔུང་གཉེན་གྱི་མཆོག་ཏུ་གྱུར་པ་ཞིག་ཡིན་པའོ།།

བསྟན་སྲུང་ཨ་བསྭེ་བྲག་བཙན་དགྲ་འདུལ།

   འཛམ་གླིང་ཉི་མའི་དབུས་དཀྱིལ་གྱི་གངས་དཀར་ཏི་སེའི་བྱང་ཤར་ཕྱོགས། བལ་མོན་བོད་ཀྱི་སོ་མཚམས་འཕྱོ་བ་བཙན་གྱི་ཡུལ། དུག་མཚོ་མེར་བའི་འགྲམ་ཤེད། རིན་ཆེན་བྲག་དམར་ཟང་ཡག་ལ། རིན་ཆེན་བསེ་མཁར་སྨུག་པོའི་དབུས། ཡབ་ཨ་བསེ་རྒྱལ་བ་དང༌། ཡུམ་ས་སྲིན་མ་མོ་གཉིས་ཐབས་ཀྱི་རྫུ་འཕྲུལ་བརྡེབས་པ་ལས་སྤྲུལ་པའི་སྲས་བྲག་བཙན་ཨ་བསེ་རྒྱལ་བ་གཡུང་དྲུང་དགྲ་འདུལ་འདི་བྱུང་། དེ་ཡང་སྔོན་གྱི་བསྐལ་པ་དང་པོར་རི་རབ་ལྷུན་པོའི་ཕྱི་རོལ། ཉ་མེད་འོད་ཆགས་མཚོ་འགྲམ་གྱི་ནམ་མཁའ་མཛོད་ཀྱི་བྲག་ཕུག་ཏུ། འཆི་མེད་གཙུག་ཕུད་ཀྱི་ཐུགས་སྲས་གཤེན་གསང་བ་འདུས་པ་ཡིས། དབལ་གསས་རྔམ་པའི་སྐུར་བཞེངས་ནས། དྲེགས་པ་བཙན་ཁམས་དམ་ལ་བཏགས་པའི་དུས། རང་གི་སྲོག་སྙིང་ཕུལ་ཏེ་བསྟན་པ་སྲུང་བར་ཁས་བླངས། མཚན་ཡང་ལྷ་བཙན་ནེ་ཝེར་རྒྱལ་ཞེས་སུ་གྲགས། དབལ་གསས་ཐུགས་ཀྱི་བཀའ་སྡོད་ལགས་སོ། དེ་ནས་སྟོན་པ་གཤེན་རབ་མི་བོའི་སྤྱན་སྔར་བསྟན་སྲུང་ཁས་བླང་དམ་བཅའ་ཕུལ་བས། མཚན་ཡང་ཐོག་མེད་དགྲ་འདུལ་རྩལ་དུ་གསོལ། གཤེན་རབ་སྐུ་ཡི་བཀའ་སྡོད་ལགས་སོ། བར་གྱི་བསྐལ་པ་དབུས་མ་ལ། གནམ་མཚོ་ཕྱུག་མོའི་དོ་རིང་དུ། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དྲུང༌། བསྟན་པ་སྲུང་བའི་གཡར་དམ་བཅའ་བས། མཚན་ཡང་ཨ་བསྭེ་མྱུར་མགྱོགས་རྩལ་དུ་གྲགས། སྟོང་རྒྱུང་གསུང་གི་བཀའ་སྡོད་ལགས་སོ། དུས་ཀྱི་བསྐལ་པ་ཐ་མ་ལ། སྐྱིད་མཁར་སྔོ་ཕུག་གི་སྒྲུབ་གནས་སུ། ཞུ་ཡས་ལེགས་པོའི་བཀའ་ཉན་བསྒྲུབས་ཞིང་བསྟན་པ་སྲུང་བའི་ལས་མཛད་པའི་བཀའ་སྲུང་མཐུ་རྩལ་ཅན་ཞིག་ཡིན་པའོ། །

བསྟན་སྲུང་འཛམ་སྔོན་ཀུ་བེ་ར།

   གདུང་རྒྱུད་ཀྱི་རྒྱལ་པོ་སྡེ་དྲུག་གི་ནང་ཚན་དམུ་རྒྱལ་གཤེན་གྱི་གདུང་འཛིན་ཡབ་རྒྱལ་བོན་ཐོད་དཀར་དེ་ཉིད་ཀྱིས་སྔོན་བསགས་སྨོན་ལམ་གྱི་མཐུ་བཙན་པ་ལས་གྲུབ་པར་མངོན་ཏེ། མཛད་མདོ་འབྲིང་པོ་ལས། ང་ནི་ནོར་གྱི་ལྷ་ཨར་ཡ་འཛམ་བྷ་ལྷ་བྱ་བ་ཡིན་ཏེ། སྲིད་པ་གསུམ་གྱི་ནོར་འབྱིན། བསྐལ་པ་གསུམ་གྱི་དབང་བསྐུར། འབྱུང་བ་བཞིའི་གཏེར་བསྲུང་བ་ཞིག་ལགས་ན། རྒྱལ་པོའི་བཀའ་ཡིས་བཅད་ན་བདག་ལ་དབང་མ་མཆིས། བདག་ཀྱང་རྒྱལ་པོའི་སྨོན་ལམ་མཐུ་ཡི་སྐུ་རྐྱེན་ཡིན། ཞེས་གསུངས་སོ། ནོར་སྲུང་ཆེན་པོ་དེ་ཉིད་བསྐལ་བཟང་སངས་རྒྱས་སྟོང་གི་འཁྲུངས་ཡུལ་འོལ་མོ་གླིང་གི་བྱང་ཤར་རིན་པོ་ཆེ་གཏེར་གྱི་དཀོར་མཛོད་བསྲུང་བའི་གནོད་སྦྱིན་ནོར་གྱི་བདག་པོ་ཞིག་ཡིན་པ་དང། སྐུ་མདོག་མཐིང་སྔོན་ནམ་མཁའི་གཟི་མདངས་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་གྱིས་གཤེན་ལ་གཟིགས་པའི་ཚུལ་སྟོན་པ་ཞིག་ཡོད། སྔོན་ཚེ་སངས་རྒྱས་སྤྱན་སྔར་ཁས་བླངས་པ་ཇི་བཞིན། སྣང་སྲིད་འབྱུང་བའི་ཚེ་བཀྲག་མདངས་གསུམ་བསྡུས་ནས། སྒྲུབ་གཤེན་གྱི་ཕྱྭ་ཚེ་བསྲིངས་བ་དང༌། ཟད་མེད་གཏེར་གྱི་དངོས་གྲུབ་ཀྱིས་རྒྱལ་བསྟན་ཡུན་དུ་འཚོ་བའི་ཆ་རྐྱེན་དུ་བྱོན་པའི་བསྟན་སྲུང་ཞིག་ཡིན་པའོ། །

བསྟན་སྲུང་རྒྱལ་ཆེན་ཤེལ་ཁྲབ་འབར་བ།

   སྔོན་གྱི་བསྐལ་པ་དང་པོ་ལ། སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་རི་རབ་རི་ཡི་རྩེ་མོ་རུ། དབལ་གསས་རྔམ་པར་སྤྲུལ་ནས་འཇིག་རྟེན་ཁམས་ཀྱི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དམ་ལ་བཏགས་ནས་སྲོགསྙིང་ཕུལ་བའི་དུས་སུ། རྒྱལ་ཆེན་ཤེལ་ཁྲབ་ཅན་ནི་སྟོབས་ཆེ་ལ་རྩལ་དྲག་པ་ཞིག་བྱུང་བས། གཡུང་དྲུང་བོན་ཕྱི་ནང་གསང་གསུམ་གྱི་བསྟན་པ་སྲུང་བའི་དབང་བསྐུར་ཞིང༌། གསང་མཚན་ཤར་ཕྱོགས་རྒྱལ་པོ་ཤེལ་དཀར་འོད་དུ་གསོལ། བོད་རྒྱལ་ཁྲི་སྲོང་རིང་གཡུང་དྲུང་བོན་གྱི་བསྟན་པ་ཅུང་ཟད་བསྣུབས་པར་གྱུར་པའི་སྐབས། རྒྱ་གར་གཙུག་ལག་ན་ལེན་ཏྲ་ཡི་སྲུང་མ་མཛད། དེ་རྗེས་བསམ་ཡས་སུ་དྲངས་ཏེ་བསམ་ཡས་ཀྱི་དཀོར་བདག་ཏུ་མངའ་གསོལ། དེ་ནས་རིག་འཛིན་གོང་མ་རྣམས་ཀྱི་སྨོན་ལམ་བཟང་པོའི་སྟོབས་ཀྱིས་བོན་བསྟན་ཕྱི་དར་གྱི་སྒྲོན་བསྐལ་ཤར་བའི་ཚེ། བྲུ་བདག་ཉིད་རྗེ་བཙུན་སྟེ་བྲུ་རྗེ་གཡུང་དྲུང་བླ་མས་དམ་རྫས་དམ་ཆུ་བླུད་དེ་གཡས་རུ་དབེན་ས་ཁའི་བསྟན་སྐྱོང་གི་སྲུང་མ་མཛད་དོ། གསང་མཚན་རྒྱལ་ཆེན་ཤེལ་ཁྲབ་འབར་བ་ཞེས་གསོལ། དེ་རྗེས་རྗེ་མཉམ་མེད་ཆེན་པོའི་དྲུང་ནས་གདན་ས་༧སྨན་རི་བའི་བསྟན་དང་བསྟན་འཛིན་ཡོངས་ཀྱི་མགོན་མཛད་ཀྱི་གཉེར་བཞེས་པ་ནས་བཟུང༌། བསྟན་འཛིན་སྐྱེས་བུ་ཀུན་ལ་སྡོང་གྲོགས་རྒྱ་ཆེན་པོར་མཛད་ཅིང༌། ཁྱད་པར་དུ་མཉམ་མེད་འགྲོ་བའི་མགོན་པོ་ཤེས་རབ་རྒྱལ་མཚན་གྱི་རྗེས་སུ་འཇུག་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ལ་ལུས་དང་གྲིབ་མ་བཞིན་དུ་འཁོར་ཞིང་བསྟན་དགྲ་ཐམས་ཅད་ཚར་གཅོད་ཅིང་བསམ་དོན་རྣམས་མྱུར་དུ་འགྲུབ་པར་མཛད་པ་རྗེ་རིན་པོ་ཆེའི་སྤྱན་སྔར་ཁས་བླངས་ཤིང་དམ་བཅས་པའོ། །

བསྟན་སྲུང་རྒྱལ་ཆེར་ཉི་པང་སད་ཝེར།

   ཉི་པང་སད་ཀྱི་མཆོད་བསྟོད་ལས། དབལ་ཆེན་གེ་ཁོད་བཀའ་ཉན་ལས་བྱེད་པ། བསྟན་པའི་བཀའ་སྐྱོང་ཝེར་རོ་ཉི་པང་སད། སྒྲ་བླའི་རྒྱལ་པོ་སྲོག་བདག་མཐུ་རྩལ་ཅན། དེ་ལ་ཞང་ཞུང་བོན་གྱིས་མཚན་གསོལ་བ། ཤེལ་འགྱིང་དཀར་པོ་ཞེས་ཀྱང་མཚན་དུ་གསོལ། ཁྲོམ་གྱི་རྒྱལ་པོའི་མིང་དང་མཚན་གསོལ་བ། སྲོག་བདག་སྲིད་པའི་རྒྱལ་པོ་ཞེས་ཀྱང་མཚན་དུ་གསོལ། གཡུང་དྲུང་སྟག་གཟིག་བོན་གྱིས་མཚན་གསོལ་བ། ཤེལ་འགྱིང་དཀར་པོ་ཞེས་ཀྱང་མཚན་དུ་གསོལ། རྒྱ་གར་ཆོས་ཀྱིས་མིང་དང་མཚན་གསོལ་བ། ཚང་པ་དུང་གི་ཐོར་གཙུག་ཞེས་ཀྱང་མཚན་དུ་གསོལ། རྒྱ་ནག་རྒྱལ་པོའི་མིང་དང་མཚན་གསོལ་བ། ཟླ་པང་སད་ཀྱི་རྒྱལ་པོ་ཞེས་ཀྱང་མཚན་དུ་གསོལ། སྤུ་རྒྱལ་བོད་ཀྱིས་མིང་དང་མཚན་གསོལ་བ། སྐྱ་དྲང་ཆེན་པོ་ཞེས་ཀྱང་མཚན་དུ་གསོལ”་ཞེས་མང་དུ་མཆིས། རྒྱལ་པོ་འདི་ཉིད་སྔོན་བདག་ཅག་སྟོན་པ་གཤེན་རབ་དྲུང་ནས་བསྟན་པ་སྲུང་བར་ཁས་བླངས་དམ་དུ་བཅས་པས། སྟོན་པས་ཀྱང་“ལི་བྱིན་ཧར་ར་ཞེས་མཚན་དུ་གསོལ་རྗེས་སུ། གཤེན་གསང་བ་འདུས་པ་ཡིས་གེ་ཁོད་གཉེན་ལུང་ཡང་དབེན་དུ་དབལ་གསས་རྔམ་པའི་སྐུ་སྤྲུལ་ནས། སྐུ་རྫོགས་དྲག་པོའི་ཏིང་འཛིན་གྱིས། སྒྲུབ་གཤེན་གྱེར་གྱི་བསྟན་པ་བསྲུང་བར་ཞལ་གྱིས་བཞེས། སྣང་སྲིད་ཕོ་རིགས་ཀུན་གྱི་རྗེ་བོར་གྱུར་པའི་རྒྱལ་ཆེན་འདི་ཉིད། རྫུ་འཕྲུལ་གྱི་ལྷ་ཆེན་སྐུ་བྱི་མང་རྐེ་སྤྲུལ་པའི་དབལ་ཆེན་གེ་ཁོད་དུ་སྤྲུལ་ཏེ་སྡེ་བརྒྱད་ལྷ་སྲིན་དབང་དུ་བསྡུས་པའི་དུས་སུ། རྒྱལ་པོ་འདི་ཉིད་ཕེབས་འདོད་མེད་ཀྱང་ཛྭ་དམར་དྲག་པོའི་སྔགས་ཀྱི་གཟེར་ནས། འོད་ཟེར་ལྕགས་ཀྱུས་སྲོག་སྙིང་བཀུག་པས། རང་དབང་མེད་པར་མདུན་དུ་ཡོང་ནས་རང་སྲོག་གསང་བའི་སྙིང་པོར་ཕུལ་ནས་བསྟན་པ་སྲུང་བའི་དམ་བཅས་ཞུས། མཚན་ནི་ཉི་པང་སད་དུ་གསོལ་བས་ད་ཆར་ཡོངས་གྲགས་སུ་བེད་སྤྱོད་གནང་རྒྱུའི་མཚན་འདི་སྐབས་དེ་དུས་བྱུང་བའོ། བཞུགས་ནི་རི་རབ་རི་ཡི་རྩེ་ལ་བཞུགས། བསྐྱོད་ནི་ཕྱོགས་མཚམས་སྟེང་འོག་ཀུན་ཏུ་བསྐྱོད། མཛད་ནི་གཡུང་དྲུང་བོན་གྱི་བསྟན་སྲུང་མཛད། བསྒྲུབ་ནི་དམ་ལྡན་གཤེན་གྱི་ལས་རྣམས་བསྒྲུབས་ཕྱེས་དུས་རབས་བརྒྱད་པ་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་ཡང་། གྱེར་སྤུངས་སྣང་གཞིར་ལོད་པོ་ཡིས། ཞང་ཞུང་སྙན་བརྒྱུད་འགལ་རྐྱེན་དབང་དུ་མ་ཤོར་བའི་ཆེད་བཀའ་སྲུང་ཞིག་བཙལ་སྐབས་དེ་དུས་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཕོ་རིགས་ཡོངས་ལས་ཤིན་ཏུ་མཐུ་རྩལ་གྲག་ཆེན་རྒྱལ་པོ་ཉི་པང་སད་ཀྱིས་སྲོག་སྙིང་དམ་དུ་བཅས་ཏེ་བསྟན་པ་སྲུང་བར་ཁས་བླངས་ཞལ་གྱིས་བཞེས་པ་མ་ཟད་ཁྱད་པར་དུ་གཉན་འཕྲང་དུས་རབས་དེའི་སྐབས་སུ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་། བླ་ཆེན་དྲན་པ་ནམ་མཁའ་སོགས་སྤྱན་སྔར་ཞང་ཞུང་སྙན་རྒྱུད་གཙོས་པའི་བོན་བསྟན་སྲུང་བའི་ཞལ་གྱི་བཞེས་པ་སོགས་བཀའ་དྲིན་ཆེ་བའི་བོན་གྱི་སྲུང་མ་མཐུ་རྩལ་ཅན་གྱི་ལོ་རྒྱུས་རགས་བསྡུས་ཙམ་མོ། །

བསྟན་སྲུང་རྒྱལ་ཆེན་གྲགས་པ་སེང་གེ།

   རྒྱལ་ཆེན་གྲགས་པ་སེང་གེ་འདིའི་བྱུང་ཁུངས་ཀྱི་ལོ་རྒྱུས་ནི། སྔོན་ཚེ་རྣམ་མཁྱེན་རྒྱལ་བའི་སྤྱན་སྔ་རུ་གཤེན་ཆུང་གོ་བོ་ཞེས་བྱ་བ་རིག་པའི་གནས་ལྔར་མཁས་པ་ཞིག་དང་། དེ་རྗེས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གྲགས་པ་སེང་གེ་པཎ་ཏྲི་ཏ་ཞིག་བྱུང་། གླིང་གི་སེང་ཆེན་རྒྱལ་པོའི་སྤྱན་སྔར་ཧོར་གྱི་བླ་མ་འོད་དཀར་ཞེས་བྱ་བ་བྱུང་། དེ་རྗེས་ཆོས་རྒྱལ་ཁྲི་སོང་ལྡེའུ་བཙན་དུས་སུ་མཁན་ཆེན་བྷོ་ཏི་ས་ཏ་ཞེས་པ་བྱུང་། དེ་རྗེས་ཞྭ་དམར་ཅོ་པན་ཐོགས་པ་ཡིས། སྐྱེ་འཕྲེང་དགུ་ལ་བཀའ་རྒྱུད་བསྟན་པ་སྤེལ། བྷོ་ཏི་ས་ཏྭས་བོན་བསྣུབས་ཉེས་སྐྱོན་གྱིས་ནད་མུག་མཚོན་གསུམ་གྱི་བདག་པོ་ཆེན་པོར་གྱུར་ཞིང་འཛམ་གླིང་སེམས་ཅན་ཀུན་གྱི་སྲོག་བདག་རྒྱལ་པོར་གྱུར། གཡུང་དྲུང་གཙུག་གཤེན་རྒྱལ་བའི་སྤྱན་ངར་ནས་གནས་ལྔ་བོན་ལ་སྦྱངས་བའི་བྱིན་མཐུས་ཀྱིས་དུས་ཕྱིས་བོན་གྱི་གདན་ས་ཆེན་མོ་ྋདཔལ་ལྡན་སྨན་རིའི་མཁན་རབས་ཉེར་གཉིས་པ་སྐུ་མདུན་བསོད་ནམས་བློ་གྲོས་དབང་གི་རྒྱལ་པོས་དམ་བཏགས་མཛད་དེ་བཀའ་སྲུང་བསྐོས་པ་དང་། དེ་རྗེས་བོན་གྱི་གདན་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་དུ་སྐྱབས་མགོན་ཟླ་བ་རྒྱལ་མཚན་མཆོག་ནས་བཀའ་སྲུང་གི་གྲལ་དུ་བཞེས། ཐུགས་ཀྱི་ཆོ་འཕྲུལ་ཕྱོགས་བཅུར་ཁྱབ་ཅིང་སེམས་ཅན་ཡོངས་ལ་སྤྲུལ་ཞིང་རྫུན་ཏེ་སངས་རྒྱས་བསྟན་པ་སྲུང་བའི་བཀའ་སྲུང་དྲག་རྩལ་ཅན་ཞིག་ཡིན་པའོ། །

གཏེར་བདག་ཡུམ་སྲས་སྡེ་ལྔ།

   སྲིད་པ་སྔོན་གྱི་དུས་ཙམ་ན་གཡུང་དྲུང་བོན་གྱི་སྒྲུབ་སྡེ་ཡིན་པ་དང་། དེ་རྗེས་དབལ་གསས་རྔམ་པའི་སྤྱན་སྔར་སྲོག་སྙིང་ཕུལ་ནས་གཡུང་དྲུང་བོན་བསྟན་སྲུང་བར་ཁས་བླངས་དམ་དུ་བཅས་པའོ། དེ་རྗེས་གསང་བ་འདུས་པའི་བཀའ་སྲུང་ཞལ་གྱིས་བཞེས་པ་དང་། དེ་རྗེས་བོན་བསྣུབས་པའི་སྐབས་སུ་བླ་ཆེན་ཁོད་སྤུངས་དང་། སྟང་ཆེན་དམུ་ཚ་གྱེར་མེད། ར་སང་ཁོད་རམ། ཧྲིས་པ་གྱེར་མེད་སོགས་ཀྱིས་བོན་གཏེར་སྦས་སྐབས་གཏེར་བདག་ཡུམ་སྲས་སྡེ་ལྔ་ལ་གཉེར་དུ་གཏད་པའོ། ཡུམ་སྲས་སྡེ་ལྔ་ནི་མ་བདུད་སྲིད་པའི་ཡུམ་གཅིག་མ་དང་། ལྷ་རྒོད་དྲེགས་པ་མཐུ་རྩལ་ཅན། ཀླུ་བདུད་ཐང་ལྷ་མཐུ་བོ་ཆེ། ནེ་གེ་འབྱམས་པ་ལྟས་བྱེད། བཙན་བདུད་ཧུར་པ་སྒྲ་བླའི་མགོན་དང་ལྔའོ། །

ཞང་ཞུང་བོན་གྱི་བཀའ་སྲུང་སྒྲ་བླའི་རྒྱལ་མོ།

   གཡའ་དང་གངས་ཀྱི་ཕ་རོལ་སྤྲིན་དང་ན་བུན་ཚུར་རོལ་སྟག་རི་ཁྲ་བོའི་མར་ཞབས་དུང་རི་ནག་པོའི་རྩེ་མོ་མུ་ལེ་མཚོ་ཡི་གཏིང་རུམ་གཡུ་དང་མུན་པའི་གུར་ཁང་ན་སྒྲ་བླའི་རྒྱལ་མོ་མཐུ་མོ་ཆེ་ཞེས་བྱ་བ་ནི་སྐྱེ་འགྲོ་ཀུན་གྱི་ཡུམ་ཆེན་ལྷ་འདྲེ་ཀུན་གྱི་དབང་མོ་ཆེ་ཡིན་པ་མ་ཟད་ཉིན་མཚན་དུས་དྲུག་སོགས་སྤྲུལ་པ་མི་འདྲ་བར་བྱེ་བ་ས་ཡར་འགྱེད་ཅིང་བསྟན་པ་སྲུང་བའི་ལས་ལ་ཞུགས་པའི་ཞང་ཞུང་བོན་གྱི་བཀའ་སྲུང་ཞིག་ཡིན་པའོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།