གསོ་བྱེད་ནད་འབུམ་ནག་པོ་ལས་སྙིང་ནད་གསོ་བའི་མན་ངག

[ཟླ་ཚེས། 2014-12-31 12:25:54][རྩོམ་པ་པོ། སྟོན་པ་གཤེན་རབ་མི་བོ་ཆེ།][རྩོམ་ཁུངས། ཁྱུང་པོ་དྲ་བ།][ཀློག་གྲངས། ]

2011031909513035.jpg

   དེ་ནས་ཡང་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱཻ་འཚོ་མཛད་སྨན་པའི་རྒྱལ་པོ་ལགས། །དོན་སྣོད་གསོ་བའི་མདོ་གནས་བསྟན་དུ་གསོལ། །དེ་ནས་སྟོན་པས་བཀའ་སྩལ་པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་རྣམས། །དོན་སྣོད་བྱ་བའི་མདོ་གནས་བྱ་བ་ནི། །སྙིང་དང་གློ་བ་མཆིན་འཚེར་མཁལ་མ་ལྔ། །ཕོ་བ་རྒྱུ་མ་ལོང་ཁ་ནད་བརྒྱད་ནི། །རྒྱལ་བློན་འཁོར་གྱིས་ཚུལ་དུ་སོ་སོར་བཅོས། །ཐོག་མར་དོན་གྱི་རྒྱལ་པོ་སྙིང་བཅོས་བསྟན། །རྒྱུ་དང་དབྱེ་བ་རྟགས་དང་བཅོས་ཐབས་བཞི་བསྟན་ན། །རྒྱུ་ནི་མྱ་ངན་འཁྲུགས་པས་ཡིད་མི་བདེ། །ལྟོ་བ་གཉིད་ཆག་ཞེ་སྡང་སེམས་མ་ནོན། །གཉིས་པ་དབྱེ་ན་སྙིང་འཕྱོ་སྙིང་གཟེར་དང་། །སྙིང་ཚད་སྙིང་འཐིབས་སྙིང་སྲིན་དང་། །སྙིང་ནད་ཁ་ལེ་ནག་པོ་དེ་དང་བདུན། །གསུམ་པ་རྟགས་ནི་སྙིང་འཕྱོ་མགོ་ན་བརྗེད་ངེས་ཆེ། །ཤེས་པ་འཕྱོ་ཞིང་གལ་མེད་སྙིང་མི་དགའ། །རེས་འགའ་མ་དྲི་བར་ཡང་རླབ་ཆོལ་སྨྲ། །རེས་འགའ་དྲིས་པ་གཏམ་གྱི་ལན་མི་འབྱོར། །མི་སྙན་ཚིག་སོགས་ཚེར་བསྔངས་ཁ་ཤུས་འདེབས། །དབུགས་ཐུང་གཉིད་ཆུང་སྙིང་ཉིད་སྟོང་སྙམ་བྱེད། །སྙིང་གཟེར་ནད་ལ་རླུང་གཟེར་ཁྲག་གཟེར་གཉིས། །རླུང་གཟེར་མགོ་འཁོར་སྟོད་རྒྱས་རྔམ་པ་ཐུང་། །མིག་རྩ་རྒོད་ཅིང་ཁ་ལྕེ་སྩུབ་ལ་སྐམ། །ཁྲག་གཟེར་ལྕེ་སྐམ་ཕུར་པ་བཙུགས་ལྟར་གཟེར། །འབྲི་ཚུགས་ལེགས་ལྟ་རྔམ་རྒོད་ཞེན་པ་འཁུན། །སྙིང་ནད་ཚ་བ་རྒྱས་དང་གྲང་འཁྱིལ་གཉིས། །རྒྱས་པ་མྱོས་འཐིབ་མྱིག་དམར་རོ་སྟོད་གཟེར། །སྙིང་ཆུའུ་སྣ་སྐམ་བྲང་རྒྱབ་མེ་བཏང་འདྲ། །ཚ་བ་སྙིང་ལ་འཁྱིལ་ན་ཚ་རྒྱས་བྱེད། །སྙིང་འཕར་ཁྲིའི་གཏུབ་སྙམ་ལྕེ་ཐུང་བྲོས། སྙིང་ལ་ཆུ་སེར་བབས་ན་སྨྲ་བ་མང་། །ཁོག་འདར་གཉིད་ཆུང་སྙིང་བརྡུང་གཡལ་སྟེང་གཡོའ། །གླུ་དང་རྒོད་ལ་དགའ་སྟེ་ཚིགས་པ་འཁྲུག། །སྙིང་འཐིབས་བརྗེད་ངེས་སེམས་སྨུགས་ཤེས་པ་ལྗི། །དང་ཁ་མི་བདེ་གཉིད་ཆེ་རྡོ་གཙོང་སེམས། །སྲིན་གྱུར་མིག་འདོག་ནག་ལ་ལྗན་ལྗིན་མང་། །སྙིང་འཕར་མུན་འཐིབས་སོག་ལེས་འབྲད་སྙམ་བྱེད། །ཁ་ནག་རྩ་སྟོན་ཚད་པ་ཆེ་བ་ལ། །སྤྲོ་ཐུང་བརྡེགའདོད་སྨྲ་ཉུང་སྡང་མིག་སྟེ། །མགོ་བོ་ཕྱེད་ན་ན་ངོས་ཁ་ཡོ་འོང་། བཞི་པ་སྙིང་འཕྲོས་དེ་ཡི་བཅོས་ཐབས་ནི། །དང་པོ་སྙིང་ལ་དེ་ལྟར་རླུང་ཞུགས་པས། །འབྲས་བུ་མར་གྱི་བཟའ་བྱུག་འཇམ་རྩིར་བཏང་། །ཛྭ་ཏི་ཁ་རུ་ཚའི་སྨན་མར་རམ། །སྐྱེས་པ་དར་མའི་རུས་པའི་ལྷ་རྐང་མར། འབྲས་བུ་གསུམ་གྱི་མར་བསྲེས་ཞུན་བྱས་ལ། །ཤིང་ཀུན་ཛྭ་ཏི་ཁ་རུ་ཚ་དང་སྒ། །སླེ་ཁྲེས་གོ་སྙོད་བུར་སྙིང་བཏབ་ལ་བཏུང་། ཧ་ལ་ཆ་གཅིག་ཨ་རུ་ར་ལ་བརྒྱད། གླ་རྩི་རུ་རྟ་ཤིང་ཀུན་ཆུ་དག་དང་། ཛྭ་ཏི་གུ་གུལ་རྣམས་ལ་ཐུན་རེ་ལ། །བུ་རིམ་སྦྱར་བའི་རིལ་ལུ་སྒྲིལ་ཐབས་བསྟན། །བདུན་དྲུག་སྙིང་སྟོད་ལོགས་ལ་མེ་ཐུར་བཏང་། །བུ་མེད་སྨྲ་བརྗོད་མི་སྙན་ཐོག་མེད་སྤང་། །རླུང་གཟེར་ཛྭ་ཏི་གོ་སྙོད་ཞོ་ཤའི་ཐང་། །ཕྱེ་མ་དེའི་སྟེང་དུ་རུ་རྟ་ལི་ཤི་དང་། །ཀ་ཀོ་ལ་དང་ཤིང་ཀུ་བུ་རམ་སྦྱར། །སྙིང་གསང་མདུན་རྒྱབ་གང་གཟེར་མེ་ཡིས་བསྡམ། །ཁྲག་གཟེར་ཞོ་ཤ་སླེ་ཏྲེས་ཨ་རུའི་ཐང་། །ཕྱེ་མ་ཙན་དན་དཀར་དམར་སྙིང་ཞོ་ཤ། །གེ་སར་གཉིས་དང་ཛ་ཏི་ཀ་ར་སྦྱར། །ཨ་སོ་རྩེ་ཆུང་གཏར་ལ་བདུན་དྲུག་བསྲེག །བཅོས་འཕྱིས་སྙིང་ནང་ཁྲག་གིས་གང་ནས་འཆི། །སྙིང་ལ་ཚ་བ་རྒྱས་ན་སྙིང་རྩ་གཏར། །ག་ཕུལ་བདུན་དགུ་ཉི་ཤུ་ལྔ་པ་སྦྱར། ཚ་བ་འཁྱིལ་ན་ག་བུར་སྙིང་ཞོ་ཤ། ཛྭ་ཏི་ཇུ་གང་དམ་འཁྲིས་ཀ་ར་སྦྱར། །ཐོང་པོའི་ཨ་སོ་ལྕེ་འོག་རྩ་ལ་གཏར། །སྙིང་གི་ཆུ་སེར་འབྲུ་ཡི་ཕྱེ་མ་སྦྱར། དཀར་ནག་མཚམས་དང་བདུད་ཁུང་བདུན་པ་བསྲེག །འབྲས་གསུམ་སེང་ལྡིང་མར་གྱིས་ཆུ་སེར་སྐེམ། བད་ཀན་མ་ཞུ་སྙིང་འཐིབས་སྟོད་བཏང་། །སེལ་འབྲུ་དབྱི་མོང་ཚ་བ་གསུམ་གྱི་ཐང་། །རྒྱམ་ཚ་དྲོད་སྨན་ཁ་རུ་ཚ་ཐང་བཏང་། །ཤུ་དག་རྒྱམ་ཚ་ཤིང་ཀུན་ཁ་རུ་ཚ། །དོང་གྲ་སུག་མེ་ཡ་བག་ཤ་ར་དང་། །ལ་ལ་ཕུད་དང་དྲོད་སྨན་སྦྲང་སྦྱར་བཏང་། སྙིང་སྲིན་བྱི་ཏང་ཀ་དང་ཤིང་ཀུན་དང་། །མེ་རུ་རྩེ་དང་སྒོག་སྐྱ་ལང་ཐང་རྩེ། །འཛྭའ་ཏི་ཞོ་ཤ་སྤྲུ་མའི་ཁུ་བས་དབུལ། །ཁ་ལེ་ནག་པོ་སྐྱུ་རུ་རའི་ཐང་། །རྒོད་ཀྱི་ལྟོ་སྟོང་པ་ཡི་ཚ་བ་བཏང་། །ཞོ་ཤ་གསུམ་གྱི་མར་དང་སྦྱར་ཏེ་བཏང་། །མཐེབ་མཛུག་བར་གྱི་སྙིང་གསང་མེ་ཡིས་བསྲེག །ཅེས་གསུངས་སོ།།

 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།