སྐྱབས་འགྲོའི་ཚོགས་ཞིང་གི་བསྒོམ་རིམ་གསལ་འདེབས།

[ཟླ་ཚེས། 2014-08-16 11:51:44][རྩོམ་པ་པོ། སྦ་སར་ཀུན་བཟང་བསྟན་པའི་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

皈依境729.gif

      དང་པོ་འདི་ལྟར་བསམ་སྟེ། བདག་གིས་མ་གྱུར་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་འདི་རྣམས་རང་སེམས་མ་རིག་རྨོངས་པའི་དབང་གིས་གཟུང་འཛིན་འཁྲུལ་བའི་རྒྱ་ལ་འཐུམས་ཏེ། ཁམས་གསུམ་དུ་ཁ་འཁོར། རྒྱུ་དྲུག་ཏུ་ལུས་བླངས་ཏེ་སྡུག་བསྔལ་གསུམ་གྱི་སྦྱོང་ཚད་ལ་སྤྱོད་པ་འདི་རྣམས་སྙིང་རེ་རྗེ། འདི་རྣམས་མངོན་མཐོ་ལྷ་མི་དང་། ངེས་ལེགས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་འཐོབ་པའི་ཕྱིར་དུ། བདག་ནི་སྐྱབས་གནས་ཡུལ་མཆོག་གནས་བཞིའི་སྐྱབས་འོག་ཏུ་འཇུག་པར་བྱའོ། །སྙམ་པའི་བསམ་པ་བཟང་པོའི་སྒོ་ནས། རང་གི་སྤྱི་གཙུག་ནས་ཁྲུ་གང་ཐད་ཀྱི་མདུན་གྱི་བར་སྣང་ན། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་ཡངས་ཤིང་རྒྱ་ཆེ་བ། ཕྱོགས་རེ་ཁྲི་མིག་གསུམ་རེ་ཡོད་པའི་ཁྲི་མིག་གཡས་གཡོན་གཉིས་ན་སེང་གེ་གཉིས་རེ་སྟེ་བརྒྱད་དང་། དབུས་ཀྱི་ཁྲི་མིག་ན་ཤར་དུ་གླང་ཆེན། བྱང་དུ་རྟ་མཆོག ནུབ་ཏུ་གཡུ་འབྲུག ལྷོ་རུ་ཁྱུང་ཆེན། མཚམས་བཞི་གྱད་ཆེན་པོ་བཞིས་འདེགས་པ། ཁྲི་དེའི་དབུས་སུ་སྣ་ཚོགས་པད་མ་ཟེའུ་འབྲུ་འབུམ་ལང་རྒྱས་པའི་སྟེང་དུ་ཐབས་ཤེས་ཉི་ཟླའི་གདན་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་འདུས་པའི་ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཀུན་བཟང་གཤེན་ལྷ་དང་གཉིས་སུ་མེད་པར་བཞུགས་པ། དེའི་མཐའ་བསྐོར་དུ་བདག་ལ་དབང་ལུང་བོན་གྱི་འབྲེལ་བ་ཡོད་པའི་བླ་མ་རྣམས་དང་། ཞིང་ཁམས་རབ་འབྱམས་ན་བསྟན་དང་འགྲོ་བའི་དོན་ལ་སྐུ་དངོས་སུ་བཞུགས་པའི་བླ་མ་དམ་པ་རྣམས་ཀྱིས་རིམ་པར་བསྐོར་ཏེ་བཞུགས་པ། གཙོ་བོའི་དབུ་ཐོག་གི་ནམ་མཁའི་དབྱིངས་སུ་ཕྱི་ནང་གསང་གསུམ་བརྒྱུད་པའི་བླ་མ་རྣམས་རང་རང་གི་རྒྱུད་ཁུངས་སྟོན་པ་ལ་མ་ཐུག་གི་བར་དུ་འཇའ་ཟེར་སྤྲིན་དཔུང་གི་ཀློང་ན་བཀྲ་ཅགས་སེ་བཞུགས་པར་བསྒོམ། གཙོ་བོའི་གཡས་ཕྱོགས་ཀྱི་ཁྲི་སྟེང་དུ་པད་མ་དང་ཉི་ཟླའི་གདན་ལ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་གཙོ་བོ་ཀུན་བཟང་རྒྱལ་བ་འདུས་པ་ལ། ཀློང་དགུའི་ཞི་བའི་ལྷ་ཚོགས་ཕྱོགས་བཅུའི་ཀུན་བཟང་བཅུ་དང་། སྔར་འདས་སྟོན་པ་རབ་བདུན། ཕྱོགས་བཅུའི་སྟོང་གསུམ་འདུལ་བའི་སྟོན་པ་བཅུ་ལ་སོགས་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བསྐོར་ཏེ་བཞུགས་པ། གཙོ་བོའི་རྒྱབ་ཕྱོགས་ཀུན་དགའ་ར་བའི་དྲ་མིག་རྣམས་སུ་བཀའ་དར་ཤོག་གླེགས་བམ་གྱི་རྣམ་པ་ཅན་དང་། རྒྱལ་བའི་སྐུ་གཟུགས་དང་། སྐུ་གདུང་མཆོད་རྟེན་ལ་སོགས་འགྲོ་བ་འདྲེན་པའི་རྟེན་གསུམ་གྱི་ཚོགས་བསམ་གྱིས་མི་ཁྱབ་རི་བྲག་གཏམས་པ་ལྟ་བུར་རྒྱབ་ཡོལ་གྱི་ཚུལ་དུ་བཞུགས་པ། གཙོ་བོའི་གཡོན་ཕྱོགས་ཀྱི་ཁྲི་སྟེང་དུ། པདྨ་དང་ཉི་ཟླའི་གདན་ལ། ཕྱོགས་བཅུའི་གཤེན་རབ་ཀྱི་གཙོ་བོ་རྣམ་མཁྱེན་སྟོན་པ་གཤེན་རབ་སྤྲུལ་སྐུའི་ཆ་ལུགས་ཅན་ལ། ཡེ་གཤེན་གཡུང་དྲུང་སེམས་དཔའ་བཅུ་གསུམ། འདུལ་བ་ཐབས་ཀྱི་གཤེན་རབ་དྲུག འབྱུང་བའི་གཤེན་བཞི་ལ་སོགས་ཡེ་གཤེན་སུམ་བརྒྱ་དྲུག་ཅུ། གཡེན་འདུལ་དབལ་བོན་སུམ་ཅུ། ཞང་བོད་རིག་འཛིན་བརྒྱད་ཅུ་ལ་སོགས། ས་དང་ལམ་ལ་གནས་པའི་གཡུང་དྲུང་སེམས་དཔའ་བསམ་གྱིས་མི་ཁྱབ་པས་བསྐོར་བ། གཙོ་བའི་མདུན་ཕྱོགས་སུ་པདྨ་ཉི་ཟླའི་གདན་སོ་སོ་ལ། དབུས་སུ་གསས་མཁར་ཀློང་དགུའི་གཙོ་བོ་ཡི་དམ་གཙོ་མཆོག་མཁའ་འགྱིང་། གཡས་སུ་དབལ་གསས། གཡོན་དུ་ལྷ་རྒོད། ཡོན་ཏན་གེ་ཁོད། འཕྲིན་ལས་ཕུར་བ། གཞན་ཡང་འབུམ་པ། སྤྱི་འདུལ། རམ་པ། རོལ་བ་ལ་སོགས་ཡི་དམ་ཞི་ཁྲོ་ཕྱི་ནང་གསང་གསུམ་ཞི་རྒྱས་དབང་དྲག་གི་ལྷ་ཚོགས་གཙོ་འཁོར་དང་བཅས་པ། དེ་རྣམས་ཀྱི་སྤྱི་གཙུག་ན་རང་རང་གི་རིགས་བདག་ཞི་ལྷའི་ཚོགས་རྣམས་ཀྱང་འཇའ་གུར་གྱི་ཀློང་ན་བཞུགས་པ། དེའི་མཐའ་བསྐོར་དུ་དཔའ་བོ་དཔའ་མོ་མཁའ་འགྲོ་རྒོད་ལྕམ་གྲུབ་པ་ཐོབ་པའི་རིག་འཛིན་ཕོ་མོ་རྣམས་ཀྱིས་བསྐོར་ཏེ་ཁྲ་སྤུངས་སེ་བཞུགས་པར་བསྒོམ། ལྷ་ཚོགས་དེ་རྣམས་ཀྱི་མཐའ་བསྐོར་དུ། གཡས་ཕྱོགས་སུ་གཅེན་ལྷ་མི་བདུད་ལ་སོགས་བཀའ་སྐྱོང་ཕོ་རྒྱུད་དང་། གཡོན་ཕྱོགས་སུ་སྲིད་རྒྱལ་ལ་སོགས་བཀའ་སྐྱོང་མོ་རྒྱུད་ཀྱི་ལྷ་ཚོགས་གཙོ་འཁོར་སྤྲུལ་བ་ཡང་གཡོག་དང་བཅས་པས་སྐྱབས་གནས་ལྷ་ཚོགས་རྣམས་ཀྱི་བཀའ་ཉན་གསུང་སྡོད་ཀྱི་ཚུལ་དང་། སྒྲུབ་གཤེན་རྣམས་ཀྱི་ཐར་ལམ་གྱི་བར་ཆད་རྐྱེན་ཟློག་གི་ཚུལ་དུ་ཁྲིའི་ཁ་ཁྱེར་རྣམས་སུ་བསྐོར་ཏེ་བཞུགས་པར་བསྒོམ། དེ་ནས་སྐྱབས་གནས་གཙོ་བོ་བླ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གསང་བ་བསམ་གྱིས་མི་ཁྱབ་པའི་རང་མདངས་འོད་ཟེར་ཁ་དོག་སྣ་ལྔ་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ཀུན་ཏུ་འཕྲོས་པས། བོན་ཉིད་ཀྱི་དབྱིངས་ནས་ཡེ་ཤེས་སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁའ་ལ་སྤྲིན་བཞིན་དུ་འཐིབས་ཤིང་ཆར་བཞིན་དུ་བབས་ནས། མདུན་གྱི་དམ་ཚིག་སེམས་དཔའ་རྣམས་ལ་ཐིམ་པས་གཉིས་མེད་ལས་ཀྱི་སེམས་དཔའ་རུ་གྱུར་ནས་འགྲོ་དོན་རྒྱ་ལག་ཕྱད་པར་བསམ།
      དེ་ནས་རང་གི་གཡས་སུ་ཕ་ལུས་ཀྱི་སྐྱེད་ཤིང་དང་། གཡོན་དུ་མ་ལུས་ཀྱི་སྒྲོམ་བུ། མདུན་དུ་སྔོན་ནས་ལན་ཆགས་ཀྱིས་འབྲེལ་བའི་ནད་བདག་གདོན་བགེགས་ཀྱིས་གཙོ་བྱས། མཐའ་བསྐོར་དུ་མ་གྱུར་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ས་ཆེན་པོའི་རྡུལ་ལྟར་ནམ་མཁའི་མཐའ་ཚུན་ཆད་གང་སྙམ་པ་བསྒོམ་ལ། དེ་ནས་རང་ཉིད་ལྷའི་བུ་འཁོར་ལོ་བསྒྱུར་བའི་ཆ་བྱད་དུ་མར་སྤྲུལ་ནས་དེ་དག་ཀུན་གྱི་སྣ་དྲངས་ཏེ། ལུས་ལོ་ཡག་གི་སྙེ་མ་རླུང་གིས་བསྐྱོད་པ་ལྟར་སྐྱབས་གནས་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ཞིང་། ངག་གདུང་བའི་དབྱངས་ཀྱིས་སྐྱབས་སུ་འགྲོ་ཞིང་། ཡིད་དད་པ་དང་མོས་གུས་ཀྱི་སྒོ་ནས་བདག་དང་ཕ་མ་འགྲོ་དྲུག་གི་སེམས་ཅན་འདི་རྣམས་ཐར་བའི་ལམ་སྣ་སྟོར་ཅིང་འཁོར་བའི་གཡང་ལ་ལྷུང་། འཇིགས་པའི་སྐྱབས་དང་བྲལ་ཏེ་དུག་ལྔའི་དགྲས་ཁྱེར། སྡུག་བསྔལ་གྱི་རྒྱ་མཚོར་བྱིངས་ནས་མི་བཟོད་པའི་སྡུག་བསྔལ་མྱོང་ཞིང་། སྐྱོབ་པའི་ཐབས་ཀྱིས་ཕོངས་པ་འདི་རྣམས་ཐམས་ཅད་དུས་འདི་ནས་བཟུང་སྟེ། ནམ་ཞིག་རྫོགས་པའི་སངས་རྒྱས་མ་འཐོབ་ཀྱི་བར་དུ་སྐྱབས་གནས་ཁྱེད་རྣམས་ཀྱི་སྐྱབས་འོག་ཏུ་འཛུལ་བ་ཡིན་པས། སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་དཔོན་གསས་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །སྐྱབས་ཀྱི་མཐར་ཐུག་རྫོགས་པའི་སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ། །སྐྱབས་མཆོག་བསྟན་པའི་རྒྱལ་མཚན་སྐུ་གདུང་གསུང་རབ་རྣམས་ལ་སྐྱབས་སུ་མཆིའོ། །སྐྱབས་མགོན་ཕྱོགས་བཅུའི་གཤེན་རབ་སེམས་དཔའི་ཚོགས་ལ་སྐྱབས་སུ་མཆིའོ། །ཡི་དམ་ཞི་ཁྲོ་ཕྱི་ནང་གསང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །མ་སྲིང་མཁའ་འགྲོ་བོན་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །བདག་སོགས་འགྲོ་བ་རིགས་དྲུག་སྐྱབས་འོག་དམ་པར་ཚུད་པར་མཛད་དུ་གསོལ། བདག་སོགས་འགྲོ་བ་ཀུན་གྱིས་ཚེ་རབས་ཐོག་མ་དཔག་ཏུ་མེད་པ་ནས། མ་རིག་འཁྲུལ་པའི་དབང་གིས་བསགས་པའི་སྡིག་པ་མི་དགེ་བའི་ལས་ཅི་མཆིས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སླར་ཡང་མི་བགྱིད་པར་སྡོམ་སེམས་བྱའོ། །རང་གཞན་གྱི་རྒྱུད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་བར་མཛད་དུ་གསོལ། ཕྱི་སྣང་སྲིད་སྣོད་བཅུད་ཀྱི་ཞིང་ན། ལྷ་དང་མི་ཡི་དཔལ་འབྱོར་གྱི་དངོས་པོ་ཡོད་དོ་ཅོག་དང་། རང་གི་ལུས་དང་ལོངས་སྤྱོད་ནོར་ཟས་ཡུལ་འཁོར་ལ་སོགས་བདག་པོ་དགུའི་དངོས་པོ་ཐམས་ཅད་བླ་མ་དཀོན་མཆོག་གི་ཞིང་ལ་བློ་ཡིས་བླངས་ཏེ་འབུལ་བ་ཡིན་པས། ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་བཞེས་ཏེ། བདག་གཞན་གྱི་རྒྱུད་ལ་ཚོགས་གཉིས་ཡོངས་སུ་རྫོགས་པར་མཛད་དུ་གསོལ། སྐྱབས་གནས་ཁྱེད་རྣམས་སྐུ་གསུང་ཐུགས་ཀྱི་མཛད་པའི་ཕྲིན་ལས་རྒྱ་ཆེ་བ་དང་། རང་གཞན་གྱི་དགེ་ཚོགས་རྣམས་ལ་རྗེས་སུ་ཡི་རང་བར་བགྱིའོ། །འགྲོ་བ་སེམས་ཅན་གྱི་དོན་ལ་གང་ལ་གང་འདུལ་གྱི་བཀའ་ཡི་འཁོར་ལོ་ཡོངས་སུ་བསྐོར་བར་བསྐུལ་ལོ། །ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་མྱ་ངན་མི་འདའ་བར་བཞུགས་པར་གསོལ་བ་འདེབས་སོ། །དགེ་ཚོགས་འདི་དག་ལ་སོགས་དུས་གསུམ་གྱི་དགེ་རྩ་ཐམས་ཅད་མ་གྱུར་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ནམ་ཞིག་སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་རིམ་བཞིན་འཐོབ་པའི་ཕྱིར་དུ་དམིགས་མེད་ཤེས་རབ་ཆེན་པོའི་སྟོབས་ཀྱིས་ཡོངས་སུ་བསྔོ་བར་བགྱིའོ། །ཇི་བཞིན་མྱུར་དུ་འགྲུབ་པར་མཐུན་འགྱུར་དམ་པ་མཛད་དུ་གསོལ་ལོ། །ཞེ་དག་པ་ནས་ཚིག་དོན་བརྗོད་ཅིང་། གཞན་ཡང་སྐྱབས་འགྲོའི་ཚིག་ཕྲེང་ཅི་རིགས་གྲངས་སུ་བརྗོད་པར་བྱའོ། །
      དེ་ཡང་སྐྱབས་སུ་འགྲོ་བ་དང་། ཕྱག་འཚལ་བ། མཆོད་པ་འབུལ་བ། བཟའ་བཏུང་གི་ཕུད་ཀྱིས་མཆོད་པ་ལ་སོགས་པའི་སྐབས་སུ། ཚོགས་ཞིང་མདུན་གྱི་ནམ་མཁར་བསྒོམ། འགྲོ་འདུག་བསྐོར་བའི་སྐབས་སུ་ཕྲག་པ་གཡོན་ཕྱོགས་སུ་བསྒོམ་ལ་འགྲོ། ཉལ་བའི་དུས་སུ་སྐྱབས་གནས་འོད་དུ་ཞུ་ནས་བླ་མར་བསྟིམས་ལ། བླ་མ་སྙིང་དབུས་སུ་བསྒོམ་ལ་ཉལ། མདོར་ན་སྤྱོད་ལམ་ཀུན་ཏུ་སྐྱབས་གནས་དང་མི་འབྲལ་བར་བྱས་ནས་མྱུར་དུ་སྐྱབས་འོག་ཏུ་ཚུད་པར་འགྱུར་རོ། །དེ་ནས་རྗེས་སུ་བསྡུ་རིམ་བྱ་བ་ནི། དེ་ལྟར་སྒོ་གསུམ་གུས་པས་སྐྱབས་སུ་སོང་བས་སྐྱབས་གནས་ལྷ་ཚོགས་རྣམས་ལ་འོད་ཟེར་ཁ་དོག་སྣ་ལྔ་མདུན་གྱི་འགྲོ་བ་སེམས་ཅན་གྱི་སྟེང་གི་ནམ་མཁར་འཕྲོས་ཏེ་སྤྲིན་གྱི་ཕུང་བོ་ཆེན་པོར་གྱུར་བ་ལས། བདུད་རྩིའི་ཆུ་རྒྱུན་དཀར་པོ་མདའ་གང་ཙམ་ས་ལ་བབས་ནས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་ཕྱི་ལུས་ཀྱི་ནད་གདོན་སྡིག་སྒྲིབ་དང་། ནང་རྣམ་རྟོག་ཉོན་མོངས་དུག་ལྔའི་བག་སྒྲིབ་ཐམས་ཅད་སངས་ཀྱིས་དག་ནས་ཤེལ་དཀར་གྱི་བུམ་པ་ལྟར་དུ་ཐམས་ཅད་འོད་ཀྱི་ཕུང་བོ་རུ་གྱུར། ཡང་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་མཛོད་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་ནས། སེམས་ཅན་འོད་སྐུར་གྱུར་བ་རྣམས་ལ་ཕོག་པས། ཐམས་ཅད་འཇའ་འོད་དུ་ལྷགས་ནས་འོད་ཟེར་ལ་ཐིམ། འོད་ཟེར་གྲུ་གུ་བསྡོག་པ་ལྟར་མདུན་གྱི་ཚོགས་ཞིང་ལ་འདུས། ཚོགས་ཞིང་གི་མཐའ་ནས་བཀའ་སྐྱོང་སྲུང་མ། ནང་གི་ཡུལ་མཆོག་གནས་བཞི། སྟེང་ཕྱོགས་ཀྱི་བརྒྱུད་པའི་བླ་མ་རྣམས་དང་། བཞུགས་གནས་གདན་ཁྲི་དང་བཅས་པ་འོད་ཟེར་གྱི་ཕུང་བོ་གཅིག་ཏུ་འདྲིལ་ཞིང་། འོད་ཟེར་བླ་མའི་ཐུགས་ཀྱི་གསང་མཛོད་དུ་ཐིམ་སྟེ། བླ་མ་འོད་ཀྱི་སྐུ་ཚོན་གང་དུ་གྱུར་ནས། རང་གི་སྤྱི་གཙུག་དབུས་མཐིང་གི་རྩ་སྒོར་བྱོན་པ་དང་། སྐྱབས་གནས་ཐམས་ཅད་ཡོངས་སུ་འདུས་པའི་ངོ་བོར་མོས་ནས་གསོལ་བ་བཏབས་པ་དང་། དབུས་མཐིང་ནང་དུ་མར་བྱོན་ནས། རང་གི་སྙིང་དབུས་སུ་ཐིམ་པར་བསམ་ཞིང་། བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་གྱུར་ནས། རང་རིག་གཞི་མེད་རྩ་བྲལ་གསལ་སྟོང་ཁྱབ་བདལ་ཆེན་པོའི་ངང་ལ་མཉམ་པར་བཞག་གོ ། དེ་ནི་གནས་ལུགས་གྱི་སྐྱབས་འགྲོ་ཞེས་པའོ། །
      དེ་ལྟར་སྐྱབས་གནས་རྣམས་ལ་སྐྱབས་སུ་སོང་བ་ཙམ་གྱིས་མི་ཆོག་ཅིང་། དེའི་བསླབ་བྱ་སྡོམ་པ་ལ་གནས་དགོས་ཏེ། དཔེར་ན་མི་རྗེ་རྒྱལ་བོ་ཞིག་ལ་སྐྱབས་སུ་སོང་ཙམ་གྱིས། དགྲ་གྱོད་སོགས་ལས་སྐྱོབས་པ་ཡིན་ཞིང་། དེའི་རྒྱལ་ཁྲིམས་སོགས་ལ་ཚུལ་བཞིན་གནས་ན། དགྲ་གྱོད་སོགས་ལས་སྐྱོབ་ཅིང་གནས་སྐབས་ཀྱི་བདེ་བ་དང་། དགའ་བའི་ཐབས་སྟེར་བ་བཞིན་དུ་སྐྱབས་གནས་ཡུལ་མཆོག་བཞི་ལ་སྐྱབས་སུ་སོང་ནས་དེའི་བསླབ་བྱའི་སྲུང་ཁྲིམས་ལ་གནས་ན། གནས་སྐབས་སུ་མཐུན་པའི་རྐྱེན་གྱིས་འབྱོར་ཞིང་། མཐར་ཐུག་ཏུའང་འཇིགས་པ་ཀུན་ལས་སྐྱོབ་པའི་རང་གཞན་གྱི་དོན་རྣམས་འགྲུབ་པར་འགྱུར་ལ། དེ་ཡང་བསླབ་བྱ་ལ། སྤང་བའི་བསླབ་བྱ། བླང་བའི་བསླབ་བྱ། ཆ་མཐུན་གྱི་བསླབ་བྱ་དང་གསུམ་ལས། བླ་མ་ལ་སྐྱབས་སུ་སོང་བས། ཁེ་དྲེགས་ཅན་གྱི་དཔོན་དང་གྲོགས་མི་བཙལ། སྡིག་ཅན་སྐྱེ་བོ་དྲེགས་པ་ཅན་ལ་སྨོན་པ་མི་འབུལ། སངས་རྒྱས་ལ་སྐྱབས་སུ་སོང་བས། སངས་རྒྱས་ཀྱི་ཞལ་མཐོང་བའི་རིག་འཛིན་གོང་མའི་བཀའ་དམ་ལ་གནས་པ་མ་གཏོགས་པའི་འཇིག་རྟེན་པའི་ལྷ་འདྲེ་དྲེགས་པ་ཅན་ལ་ཕྱག་མི་འཚལ། གཏན་གྱི་སྐྱབས་གནས་སུ་མི་བསྟེན། བོན་ནམ་རྟེན་གསུམ་ལ་སྐྱབས་སུ་སོང་ནས། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་རྣམས་ལ་བཅོམ་བཤིག་དང་འགོམ་ཡུག་མི་བྱ་ཞིང་། སེམས་ཅན་ཐམས་ཅད་ལ་གནོད་པའི་བསམ་སྦྱོར་དངོས་སུ་བགྱིས་པ་ག་ལ་སྟེ། རྨི་ལམ་དུ་ཡང་མི་བྱེད། སེམས་དཔའ་དགེ་འདུན་ལ་སྐྱབས་སུ་སོང་ན། གྲོགས་མུ་སྟེགས་པ་དང་། སྐྱེ་བོ་སྡིག་ཅན་དང་། ལོག་ལྟ་ཅན་དང་མི་འགྲོགས་པ་དང་གསུམ་ནི་སྤང་བའི་བསླབ་བྱ་གསུམ་མོ། །བླང་བྱའི་བསླབ་པ་ནི། བླ་མ་ལ་སྐྱབས་སུ་སོང་ན། བླ་མའི་སྐུ་ལ་མི་སྨོད་ཅིང་། བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བརྗོད་ཅིང་ལུས་ངག་ཡིད་གསུམ་གྱིས་བསྟོད་བཀུར་བྱེད་དོ། །སངས་རྒྱས་ལ་སྐྱབས་སུ་སོང་ན། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་རྒྱུ་དང་བཟོ་དབྱིབས་སོགས་བཟང་ངན་གྱི་སྒྲོ་སྐུར་མི་བྱེད་ཅིང་། ལྡེར་བཟོའི་ཆགས་དུམ་ཙམ་ལའང་གུས་པ་བསྐྱེད་ལ་མཐོ་ས་དང་གཙང་སར་འཇོག་དགོས། བོན་ལ་སྐྱབས་སུ་སོང་ན། རྒྱལ་བའི་གསུང་རབ་གླེགས་བམ་རྣམས་ལ་གུས་པ་བསྐྱེད་ཅིང་། ཐ་ན་ཡིག་འཕྲིན་གྱི་རས་མ་ཙམ་དང་། ཡིག་འབྲུ་རེ་གཉིས་ལའང་ལྷ་ཡི་སྲོག་ཡིག་ཡིན་པས་རྡོག་པས་མི་རྫི་བར་མཐོ་སར་འཇོག་ཅིང་། གླེགས་བམ་དཔེ་ཆ་རྣམས་གཞན་ལ་གཏའ་མར་བྱེད་པ་དང་། ས་རྗེན་དང་། རང་ལས་དམའ་བ་དང་། སྟན་ཐོག་ཏུ་འཇོག་པ། ཐོག་ཏུ་གྲི་དང་ལྷམ་དང་དངོས་པོ་གཞན་རྣམས་བཞག་ན་ཉེས་ལྟུང་ཆེན་པོ་འབྱུང་བས་སྤངས་པར་བྱ་ལ་གུས་པས་མཆོད་བསྟོད་བྱེད་དོ། །སེམས་དཔའ་ལ་སྐྱབས་སུ་སོང་ན། དགེ་འདུན་གྱི་རྟགས་ཙམ་འཛིན་པའི་སེར་གཟུགས་རྣམས་ལའང་གཤེ་སྐུར་དང་ཡ་ག་སྒྲོགས་པ། བརྙས་བཅོས་བྱེད་པ་སྤངས་ཏེ། སྟོན་པའི་འཁོར་སློབ་ཀྱི་དག་སྣང་འཇོག་ཅིང་། ཐ་ན་ལྷན་པ་དམར་སེར་ལའང་དགེ་འདུན་གྱི་ན་བཟའ་ཡིན་སྙམ་པའི་དད་པས་སྲི་ཞུ་བཀུར་བསྟི་བྱ་བ་དང་གསུམ་ནི་བླང་བའི་བསླབ་བྱའོ། །ཆ་མཐུན་གྱི་བསླབ་བྱ་ནི། བླ་མ་ནི་ཐར་བའི་ལམ་སྟོན་པའི་ལམ་མཁན་ཡིན་པས། བླ་མ་སྐྱེས་བུ་དམ་པ་མཁས་གྲུབ་མཚན་ཉིད་དང་ལྡན་པ་ས་ཕྱོགས་གང་ན་བཞུགས་ཀྱང་བཙལ་པ། བསམ་སྦྱོར་གཉིས་དང་མཉེས་པ་གསུམ་གྱི་སྒོ་ནས་བསྟེན་ཏེ་དགོངས་སྤྱོད་ཐམས་ཅད་བསླབ་ཏེ་རང་གི་ཐར་བའི་ལམ་སྣ་ཟིན་པ་ལ་འབད་པར་བྱའོ། །སངས་རྒྱས་དཀོན་མཆོག་ནི་གཞི་ཡེ་ནས་དག་པ་དང་། ལམ་གློ་བུར་གྱི་དྲི་མ་སྤངས་ཏེ་དག་པ་དང་། འབྲས་བུ་དག་པ་གཉིས་ལྡན་གྱི་བོན་སྐུ་བདེ་བ་ཆེན་པོ་དང་། དེ་ཉིད་ས་བཅུའི་འཁོར་ལ་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། གདུལ་བྱ་སོ་སྐྱེས་རྣམས་ལ་ཅིར་ཡང་སྤྲུལ་བའི་སྐུ་སྟེ། སྐུ་གསུམ་རྫོགས་པའི་སངས་རྒྱས་ནི། སྐྱབས་ཀྱི་མཐར་ཐུག་དངོས་ཡིན་པས། འཁོར་བ་དང་ངན་སོང་གི་འཇིགས་པ་མཐའ་དག་སྐྱོབ་པའི་ནུས་མཐུ་ཅན་ཏེ། དུས་གསུམ་དུས་མེད་ཀུན་ཏུ་གློ་སྙིང་བྲང་གསུམ་གཏད་ནས་སྐྱབས་འགྲོ་ལ་བརྩོན་ཞིང་། མཆོད་བསྟོད་ཕྱག་བསྐོར་སོགས་བཀུར་བསྟི་བྱེད་ཅིང་། སྐུ་གཟུགས་བཞེངས་པ། སྐུ་གཟུགས་ལ་ན་བཟའ་དང་གསེར་ཆབ་འབུལ་བ་སོགས་ལ་བསླབ་པར་བྱའོ། །བོན་དཀོན་མཆོག་ནི། འགོག་ལམ་གྱིས་བསྡུས་པའི་ས་བཅུ་ལམ་ལྔའི་རྟོགས་བྱའི་ཡེ་ཤེས་དང་ཡོན་ཏན་རྣམས་དང་དོན་དམ་རྟོགས་པའི་བོན་ཡིན་ལ། དེ་ཉིད་རྟོགས་པར་བྱེད་པའི་རྗོད་བྱེད་རྣམས་ཀུན་རྫོབ་ལུང་གི་བོན་དང་། དེ་ཉིད་ཟུང་དུ་འབྲེལ་བའི་སྟོན་པ་རྒྱལ་བའི་བཀའ་དང་། རྒྱལ་སྲས་འཕགས་མཆོག་སེམས་དཔའ་རྣམས་ཀྱིས་མཛད་པའི་བཀའ་རྟེན་གྱི་གཡུང་དྲུང་གི་བོན་རྣམས་ཡིན་ལ། དེ་ཉིད་ཐར་བར་བགྲོད་པ་རྣམས་ཀྱི་ལམ་མཆོག་ཡིན་པས་དེ་ལ་ཐོས་བསམ་རྒྱ་ཆེན་པོར་བྱེད་ཅིང་། དེ་དག་གི་དགོངས་དོན་རང་གི་རྒྱུད་ལ་འབྱོང་བར་བསླབ་པ་དང་། རྒྱལ་བའི་གསུང་རབ་ཀྱི་གླེགས་བམ་རྣམས་ལ་བསམ་པ་དང་། བཀླག་པ་དང་། བྲི་བ་དང་། བཞེངས་པ་དང་། ན་བཟའ་སྒྲོན་པ། ཁྲི་གདན་འབུལ་བ་སོགས་སྲི་ཞུ་བཀུར་བསྟི་ལ་བསླབ་པར་བྱའོ། །སེམས་དཔའ་དཀོན་མཆོག་ནི། སྟོན་པའི་བཀའ་ཡིས་ཕྱེས་པའི་འཁོར་སྡེ་བཞི་ཡ་བརྒྱད་ཡིན་ཏེ། དེ་ཡང་ལྡན་གྲོལ་གཉིས་དང་ལྡན་པ་ལ། ལྡན་པ་ནི་བསླབ་པ་གསུམ་དང་། སྔགས་ལྟར་ན་བསྐྱེད་རྫོགས་རིམ་གཉིས་ལ་བརྩོན་པའི་སེམས་དཔའ་རྣམས་ཡིན་ལ། གྲོལ་བ་ནི། ཚོགས་ལམ་དྲན་པ་ཉེར་བཞག་ནས་ས་བཅུ་མན་ཆད་ཀྱི་སློབ་པའི་ལམ་བཞི་ལ་གནས་ཤིང་། དེ་ཉིད་རྟོགས་བྱའི་ཡེ་ཤེས་མངོན་དུ་གྱུར་བའི་སར་གནས་གཡུང་དྲུང་སེམས་དཔའ་རྣམས་ཡིན་ལ། གཞན་ཡང་དེའི་རྗེས་སུ་འཇུག་པའི་རྟགས་ཙམ་འཛིན་པའི་དགེ་འདུན་རྣམས་ཀྱང་སེམས་དཔའི་ཁོངས་སུ་གཏོགས་ཤིང་། དེ་དག་ཀུན་བྱང་ཆུབ་བསྒྲུབ་པའི་གྲོགས་སམ་སློབ་པའི་རྟེན་གནས་ཡིན་པས། དེ་དག་གི་རྗེས་སུ་འཇུག་པ་དང་། ཚུལ་སློབ་པ་དང་། མཆོད་ཅིང་བཀུར་བ་སོགས་ལ་བསླབ་པར་བྱའོ། །དེ་དག་ནི་ཆ་མཐུན་གྱི་བསླབ་པའོ། །
      སྐྱབས་འགྲོའི་རྒྱུ་ནི། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལ་འཇིགས་སྐྲག་སྐྱེས་པ་དང་། སྐྱབས་གནས་ཀྱི་ཡོན་ཏན་མཐོང་བའི་དད་པ་དང་། སེམས་ཅན་ཕ་མར་ཤེས་པའི་སྙིང་རྗེ་དང་གསུམ་ནི། སྐྱབས་འགྲོ་རྒྱུད་ལ་སྐྱེས་པའི་རྒྱུ་ཡང་དག་པའང་བསླབ་པར་བྱའོ། །སྐྱབས་འགྲོའི་ས་མཚམས་ནི། དབང་བོ་ཐ་མའི་གང་ཟག་གིས་ངན་སོང་གསུམ་གྱི་སྡུག་བསྔལ་ལ་འཇིགས་ནས། མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་རག་གི་བར་དུ་སྐྱབས་སུ་འགྲོ་བ་དང་། དབང་བོ་འབྲིང་གི་གང་ཟག་གིས་འཁོར་བའི་འཇིགས་པ་མཐའ་དག་ལ་སྐྲག་སྟེ་རང་ཉིད་གཅིག་པུར་ཐར་བ་དོན་དུ་གཉེར་བའི་བློས། རང་རྟོགས་གཤེན་རབ་དང་། ཐུགས་རྗེ་སེམས་དཔའི་འབྲས་བུ་ཐོབ་རག་གི་བར་དང་། དབང་བོ་རབ་ཀྱི་གང་ཟག་གིས། གཞན་དོན་སྤངས་ཏེ་རང་ཉིད་གཅིག་པུ་ཞི་བདེ་རུ་གནས་པས་འཇིགས་ཏེ། འཁོར་བའི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་ཕྱིར། རྫོགས་པའི་སངས་རྒྱས་བྱང་ཆུབ་ཐོབ་རག་གི་བར་ཏུ་སྐྱབས་སུ་འགྲོ་ཞིང་དེའི་བསླབ་བྱ་ལ་གནས་པ་ནི་རྒྱུ་ཡི་སྐྱབས་འགྲོ་སྟེ། བསོད་ནམས་ཀྱི་ཚོགས་རྫོགས་ཤིང་འབྲས་བུ་རྫོགས་པའི་སྐུ་དང་སྤྲུལ་སྐུ་གཉིས་འགྲུབ་ལ། སྐྱབས་གནས་རྣམས་ཀྱི་ཐུགས་དགོངས་དང་། རང་གི་རིག་པ་ཐ་མའི་དད་པའི་ངོ་བོར་དམིགས་པ་མེད་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་དོན་ལ་མཉམ་པར་འཇོག་པ་ནི། འབྲས་བུའི་སྐྱབས་འགྲོ་སྟེ་ཡེ་ཤེས་ཀྱི་ཚོགས་རྫོགས་ནས་དག་པ་གཉིས་ལྡན་གྱི་བོན་སྐུ་ཐོབ་པ་ཡིན་ཞིང་། སྐྱབས་འགྲོའི་ལམ་ནས་སྐུ་གསུམ་ཐོབ་ཚུལ་གྱི་རྣམ་བཞག་དེ་ལྟར་ཡིན་ནོ། །དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ནི། ཡུལ་མཆོག་གནས་བཞི་གོ་ཆ་བརྩན་པའི་རྫོང་། །ཞེས་པས། ཡུལ་མཆོག་རྣམས་ལ་སྐྱབས་ནུས་པའི་བརྩན་པའི་རྫོང་དང་འདྲ་བར་གསུངས་ཤིང་། གཞན་ཡང་སྐྱབས་འགྲོ་ནི། བསྟན་པ་ལ་འཇུག་པའི་སྒོ་དང་། ཐར་བའི་ལམ་ལ་འཇུག་པའི་སྣེ་མོ་ཡིན་ཞིང་། སྡོམ་པ་ཐམས་ཅད་ཀྱི་རྟེན་དང་། ཡོན་ཏན་ཐམས་ཅད་འབྱུང་བའི་སྣོད་ཡིན་པ་དང་། ཚེ་རབས་ཀྱི་སྡིག་སྒྲིབ་དག་པ། བར་ཆད་བགེགས་ཀྱི་གནོད་པའི་མི་ཚུགས་པ་དང་། ངན་སོང་གསུམ་གྱི་འཇིགས་པ་ལས་སྐྱོབ་ཅིང་དཀོན་མཆོག་གསུམ་གྱི་སྣང་བ་དང་མི་འབྲལ་ཞིང་། ཚེ་རབས་དྲན་ཞིང་བར་དོ་བགྲོད་སླ་བ་དང་། ཚེ་འདི་དང་ཕྱི་མའི་ལེགས་ཚོགས་ཀྱི་ཡོན་ཏན་ཀུན་གྱིས་ཕྱུག་ཅིང་འབྱོར་བ་དང་། ལུས་ཅན་ཉམ་ཐག་རྣམས་ཀྱི་གཉེན་དང་དཔུང་དང་སྐྱོབ་པའི་ནུས་མཐུ་ཅན་དུ་འགྱུར་བ་སོགས་ཕན་ཡོན་མཐའ་ཡས་པ་མཐོང་བའི་ཡུལ་དུ་འབྱུང་བས་ན། སྐྱབས་འགྲོའི་ཉམས་ལེན་ལ་རྒྱུན་དུ་བརྩོན་པ་ནི་གདམས་པའོ། །
      ཞེས་སྐྱབས་འགྲོའི་ཚོགས་ཞིང་གི་བསྒོམ་རིམ་བསླབ་བྱ་འདི་ནི། སྐལ་ལྡན་སྐྱེས་བུ་དམ་པ་རྣམས་ཀྱི་སྤྱོད་ཡུལ་ཆེན་པོ་ཡིན་པས། རྩེ་ཞིག་བླ་མ་ཁྲི་ཡོངས་འཛིན་མཆོག་སྤྲུལ་ཐེག་མཆོག་གཡུང་དྲུང་ཡེ་ཤེས་རིན་པོ་ཆེ་དང་། དད་ལྡན་སློབ་མ་མང་བོས་བསྐུལ་ངོ་ལ་བརྟེན་ནས། སྦ་སར་བླ་མ་ཀུན་བཟང་རྒྱལ་མཚན་ནམ་གསང་མཚན་ནམ་མཁའ་དབང་ཕྱུག་བློ་གྲོས་དྲི་མེད་ཅེས་པས། རང་གི་དགོངས་དོན་རྣམ་པར་དག་པ་ལ་བརྟེན་ནས། སྐྱེས་བུ་མཆོག་དམན་རྣམས་ལ་ཕན་ཕྱིར་དུ། བཀའ་རྒྱུད་གོང་མའི་ཞལ་ཁྲིད་དང་། ལམ་གྱི་རིམ་པའི་དགོངས་དོན་ལ་ལུང་ཉི་འོད་རྒྱན་གྱི་མན་ངག་གིས་བརྒྱན་ཏེ་བཀོད་པས། དགེ་དེས་རྒྱལ་བ་མཉམ་མེད་ཆེན་པོའི་མདོ་སྔགས་ཀྱི་བསྟན་པ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག དགེའོ། །བཀྲ་ཤིས་སོ། །

2012ལོའི་«ཞང་བོད་ཞིབ་འཇུག»སྤྱི་དེབ་དང་པོ་ལས་དྲངས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།