བར་དོའི་རྣམ་བཤད་སྐྱ་རེངས་གསར་པ།

[ཟླ་ཚེས། 2013-06-08 23:18:06][རྩོམ་པ་པོ། བྲག་མགོ་དགེ་བཤེས་ཚེ་དབང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

      རྒྱུད་གསུམ་ལས་གསང་རྒྱུད་རྫོགས་པ་ཆེན་པོ་ལྟ་བ་ཐོག་བབ་ལས་བར་དོའི་འཕྲང་ལམ་གྱི་དགོངས་འགྲེལ་བར་དོའི་རྣམ་བཤད་སྐྱ་རེངས་གསར་པ་བསྟན་པ་ལ། ས་བཅད་རྣམ་པ་བཞིའི་སྒོ་ནས་སྙིང་བསྡུས་རེ་འཆད་པར་བྱ་སྟེ། བཤད་པར་བྱ་བའི་གཞི་ངོས་བཟུང་བ་དང་། རྣམ་དབྱེ་སྤྱི་དོན་ཙམ་ཁོག་དབུབ་སྟེ་བསྟན་པ་དང། བྱེ་བྲག་སོ་སོའི་དོན་རྒྱས་པར་བཤད་པ་དང་། བར་དོའི་ངེས་ཚིག་བསྟན་པ་དང་བཞི་ལས། ཐོག་མར་བར་དོ་ལ་གསུམ་དང་བཞི་དང་དགུ་རུ་ཕྱེས་ནས་བཤད་པ་སྣང་ཡང། སྐབས་འདིར་རྫོགས་ཆེན་ལྟ་བ་ཐོག་བབ་ལས། བསྟན་པ་ཇི་བཞིན་བཤད་པར་བྱ་བ་དགུ་རུ་ངོས་བཟུང་བའོ། གཉིས་པ་རྣམ་དབྱེ་ལ། རང་འབྱུང་ཡེ་ཤེས་གཞིའི་བར་དོ་དང་། ཕུང་པོ་རྟེན་གནས་ཚེའི་བར་དོ། རྨི་ལམ་བག་ཆགས་འཁྲུལ་བའི་བར་དོ། གཞི་དུས་འཇིག་པ་དུས་ཀྱི་བར་དོ། གནས་ལུགས་ཡེ་ཤེས་རྩེ་རྒྱལ་གྱི་བར་དོ། བོན་ཉིད་རང་འབྱུང་འོད་གསལ་གྱི་བར་དོ། ཆད་ལྟ་སྟོང་ཉིད་འཐུག་པོའི་བར་དོ། དངོས་མེད་སྟོང་པ་སྲིད་པའི་བར་དོ། བརྡའ་ཐབས་སྐབས་སྦྱོར་ངོ་སྤྲོད་བསྟན་པ་དང་དགུའོ། གསུམ་པ་བྱེ་བྲག་ཏུ་གཞུང་ནས་དགུ་རུ་གསུངས་པ་ལྟར་རིམ་གྱིས་བཤད་པ་ལ།

དང་པོ་རང་འབྱུང་ཡེ་ཤེས་ཀྱི་བར་དོ་བསྟན་པ།

      རང་འབྱུང་ཡེ་ཤེས་ཀྱི་བར་དོ་བསྟན་པ་ལ་གསུམ་སྟེ། ངོ་བོ་དང་མན་ངག་ངེས་ཚིག་དང་གསུམ་ལས། དང་པོ་ངོ་བོ་ནི། ཡེ་གདོད་མ་ནས་ངོ་བོ་སྟོང་ལ་ཡོངས་སུ་རྒྱ་མ་ཆད་པ། རྣམ་པ་གསལ་ལ་དམིགས་འཛིན་མེད་པ། འཁོར་འདས་གཉིས་ཀྱི་སྤྱི་གཞི་ཆེན་མོའོ། དེ་ནི་རང་འབྱུང་ཡེ་ཤེས་ཀྱི་བར་དོའི་ངོ་བོ་ཡིན་ལ། རྫོགས་ཆེན་ལྟ་བ་ཐོག་བབ་ཀྱི་མན་ངག་འགྲེལ་བ་གསལ་བྱེད་སྒྲོན་མེ་ལས་“འཁོར་འདས་གཉིས་ཀྱི་སྤྱི་གཞི། སྟོང་ལ་ཡོངས་སུ་རྒྱ་མ་ཆད་པ། གསལ་ལ་དམིགས་མེད་ཡེ་སངས་རྒྱས་པའི་དགོངས་པ་ལ་མཚོན་པ་སྟེ།”ཞེས་གསུངས།

      གཉིས་པ་མན་ངག་ནི། འཁོར་འདས་གཉིས་ཀྱི་གཞི་རྩ་སངས་རྒྱས་སེམས་ཅན་གཉིས་ཀྱི་ཡང་མེས་ཆེན་པོ་དེ་ནི་ཚིག་ཏུ་མཚོན་ན་ཅི་ཡང་གདགས་སུ་རུང་ལ། དོན་དུ་དྲིལ་ན་གང་ཡང་མ་ཡིན་པར་གནས་པ། གདོད་ནས་འཁྲུལ་བས་མ་གོས་མ་སླད་པའི་སྒྲིབ་མེད་རང་གསལ་སྟོང་ཉིད་རྩ་་བྲལ་གཅེར་བུ་རྗེན་ནེ་བ། རྒྱུ་ཡིས་མ་བསྐྱེད། རྐྱེན་གྱིས་མ་བཅོས། རྩོལ་བས་མ་བསྒྲུབ། སྤྲོས་པའི་མཐའ་དང་བྲལ་བས་གཞི་རང་འབྱུང་དུ་ངོ་སྤྲད།

      གསུམ་པ་ངེས་ཚིག་ནི། སངས་རྒྱས་སྒམ་པོས་མ་མཛད། སེམས་ཅན་སྒྲིམ་པོས་མ་བཅོས། བཅོས་མེད་སླད་མེད་དུ་གནས་པའི་རང་འབྱུང་ཞེས་ཟེར། ཡེ་ཤེས་ནི་གསལ་ལ་དམིགས་སུ་མེད་པས་ཡེ་ཤེས་ཞེས་དང་། བར་དོ་ནི་འཁོར་བའི་ཕྱོགས་སུ་མ་ལྟུང། མྱང་འདས་ཕྱོགས་ལ་མ་རེག འཁོར་འདས་གཉིས་ཀྱི་མཚམས་ན་གནས་པས་བར་དོ་ཞེས་བཤད་དུ་རུང་ངོ་། བར་དོ་ཞེས་པ་ལས་དོ་ནི་སྤྱིར་གཉིས་ལ་གོ་ཡང་། སྐབས་འདིར་འཁོར་བ་དང་མྱང་འདས་གཉིས་ལ་གོ་ཞིང། བར་ནི་འཁོར་འདས་གཉིས་གང་གི་ཕྱོགས་སུ་མ་གཏོགས། དེ་གཉིས་སྤྱིའི་གཞི་རུ་གནས་པས་བར་ཡིན། རྫོགས་ཆེན་ལྟ་བ་ཐོག་བབ་ཀྱི་མན་ངག་འགྲེལ་བ་གསལ་བྱེད་སྒྲོན་མེ་ལས་“ངེས་ཚིག་ཏུ་གསལ་བ་ནི། རང་འབྱུང་ཞེས་པ་ནི་སངས་རྒྱས་དང་སེམས་ཅན་གྱིས་མ་བྱས་པ། ཡེ་ཤེས་ཅེས་པ་ནི། གསལ་ལ་དམིགས་མེད་དུ་ཡེ་ནས་གནས་པ། གཞི་ཞེས་པ་ནི། གསལ་ལ་དམིགས་མེད་དེ། འཁོར་འདས་ཡོངས་ཀྱི་གཞི་མ། བར་ཅེས་པ་ནི། འཁོར་བ་དང་མྱང་འདས་གཉིས་ཀ་མ་ཡིན་པའི་བར། དོ་ཞེས་པ་ནི་མིང་དང་ཚིག་ལས་འདས་པའོ”ཞེས་གསུངས།

གཉིས་པ་ཕུང་པོ་རྟེན་གནས་ཚེའི་བར་དོ།

      ཕུང་པོ་རྟེན་གནས་ཚེའི་བར་དོ་བསྟན་པ་ལ་གསུམ་སྟེ། ངོ་བོ་དང་མན་ངག་ངེས་ཚིག་དང་གསུམ་ལས། དང་པོ་ངོ་བོ་ནི། གཞི་ལས་སྣང་བ་གང་ཤར་རང་སྣང་དང་རང་ངོ་མ་ཤེས་པའི་དབང་གིས་བག་ཆགས་ལུས་དང་འབྲེལ་ཏེ་ཕུང་པོར་བརྟེན་ནས་སྐྱེ་རྒས་ན་འཆིའི་བར་ལ་གནས་བཅའ་པ་དེའོ། དེ་ནི་ཕུང་པོ་བརྟེན་གནས་ཚེའི་བར་དོའི་ངོ་བོ་ཡིན། རྫོགས་ཆེན་ལྟ་བ་ཐོག་དབབ་ཀྱི་མན་ངག་འགྲེལ་བ་གསལ་བྱེད་སྒྲོན་མེ་ལས་“མ་རྟོགས་པའི་དབང་གིས། ལུས་དང་བག་ཆགས་འབྲེལ་ཏེ། སྐྱེ་རྒ་ན་འཆིའི་བར་ལ། ཕུང་པོ་རྟེན་གནས་ཚེའི་བར་དོ་ཞེས་བྱའོ།”ཞེས་གསུངས།

      གཉིས་པ་མན་ངག་ནི། ཚེ་སྟོད་ཀྱི་སྣང་བ་ཐམས་ཅད་འཇའ་ལྟར་གར་སོང་ཆ་མེད། ད་ལྟའི་སྣང་བ་ཡང་སྨིག་རྒྱུ་བཞིན་དུ་གནས་པས་འདི་ཞེས་ཟིན་དུ་མེད་། ཚེ་མཇུག་ཡང་དེ་ལས་མ་འདས་པས། འདོར་ན་ཚེ་འདིའི་ཟ་ཉལ་འགྲོ་འདུག་སྤྱོད་ལམ་རྣམ་བཞི་གང་ལ་དཔྱད་ཀྱང་སྙིང་པོ་མེད་པར་གོམས་ཤིང་འདྲེས་པར་བྱ། དེ་ལྟར་བྱས་པས་ཕྱི་མའི་འཁྲུལ་སྣང་ཐམས་ཅད་རང་སྣང་དང་སྒྱུ་མའི་སྣང་བར་ངོ་ཤེས་ཏེ་ཕྱི་མའི་བར་དོ་ཚེ་འདི་ནས་ཆོད། རྫོགས་ཆེན་ལྟ་བ་ཐོག་དབབ་ཀྱི་མན་ངག་འགྲེལ་བ་གསལ་བྱེད་སྒྲོན་མེ་ལས་“དེ་ལྟར་སྒྱུ་མའི་རང་བཞིན་དུ་རྟོགས་ཅིང་གོམས་པས། ཕྱི་མ་འཁྲུལ་སྣང་གི་བར་དོ་འདི་ནས་ཆོད་པའོ།”ཞེས་གསུངས། གསུམ་པ་ངེས་ཚིག་ནི། ཕུང་ནི་གཞི་ལས་སྣང་བ་གང་ཤར་རང་སྣང་ཡིན་པར་ངོས་མ་ཟིན་འཁྲུལ་བས་ཕུང་ཞེས་དང་། པོ་ཞེས་པ་ནི་ཕུང་པོ་ལྔར་བདག་དུ་བཟུང་བའི་ཕྱིར་ན་པོ་ཞེས་བྱ། རྟེན་གནས་ཅེས་པ་ནི་ཕུང་པོ་ལྔ་ལ་ཞེན་ཅིང་བརྟེན་ནས་འཚོ་བའི་ཕྱིར་ན་རྟེན་གནས་ཅེས་དང་། ཚེ་ཞེས་པ་ནི་འཇིག་རྟེན་འདི་སྣང་གི་བྱ་བ་ཐམས་ཅད་ལ་སྐད་ཅིག་དང་སྐད་ཙམ་ལའང་བརྟན་པར་མ་མཐོང་ཡང་དེར་བརྟེན་པའི་ཚེ་ཞེས་བྱ། བར་དོ་ཞེས་པ་ལས་བར་ནི་སྐྱེ་བ་སྔ་ཕྱི་གཉིས་ཀྱི་བར་དང། དོ་ནི་སྐྱེ་བ་སྔ་ཕྱི་གཉིས་ལ་དོ་ཞེས་བྱའོ། སྐྱེ་བ་སྔ་ཕྱི་གཉིས་ཀྱི་བར་དུ་ཕུང་པོ་ལ་བརྟེན་ནས་གནས་པ་ནི་ཚེའི་བར་དོ་ཞེས་བཤད་དུ་རུང་ངོ། སྤྱིར་སྒྲ་བཤད་ཚུལ་ལའང་ཅུང་ཙམ་མི་མཐུན་བར་སྣང་ཡང། སྐབས་ཀྱི་བབས་དང་བསྟུན་ནས་ལུང་གི་གོ་བ་དང་སྒྲ་བཤད་འཇུག་བཅས་དགོངས་བཞེས་གནང་དགོས་ངེས་ཤིག་ཏུ་སེམས། རྫོགས་ཆེན་ལྟ་བ་ཐོག་བབ་ཀྱི་མན་ངག་འགྲེལ་བ་གསལ་བྱེད་སྒྲོན་མེ་ལས་“ཕུང་པོ་ཞེས་པས། རང་ངོ་མ་ཤེས་ཕྱིར་དུ་ཕུང་། པོ་ཞེས་པ་ནི། གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུས་བྱེད་དང་རྣམ་པར་ཤེས་པ་དང་ལྔ་གྲུབ་པའོ། བརྟེན་ཅེས་པ་ནི། དེ་ལྔ་པོ་ལ་བདེན་པར་འཛིན་ཅིང་ཞེན་ལ། གནས་ཅེས་པ་ནི། སེམས་ལ་ཉོན་མོངས་ཐེར་ཟུག་ཅན་དུ་གནས་པ། ཚེ་ཞེས་པ་ནི། འདིའི་སྣང་བ་སྐད་ཅིག་ཡུད་ཙམ་དུ་མ་རྟོགས་པས། བདེ་བ་ཅན་དུ་མཐོང་། བར་ཅེས་པ་ནི། སྔ་མ་དང་ཕྱི་མའི་བར། དོ་ཅེས་པ་ནི། ངེས་མེད་སྒྱུ་མའི་རང་བཞིན་དུ་གནས་པ་སྟེ།”ཞེས་གསུངས།

གསུམ་པ་རྨི་ལམ་བག་ཆགས་འཁྲུལ་པའི་བར་དོ།

      རྨི་ལམ་བག་ཆགས་འཁྲུལ་པའི་བར་དོ་བསྟན་པ་ལ་གསུམ་སྟེ། ངོ་བོ་དང་མན་ངག་ངེས་ཚིག་དང་གསུམ་ལས། དང་པོ་ངོ་བོ་ནི། བག་ཆགས་སྣ་ཚོགས་ལས་གཉིད་ལམ་དུ་འཁྲུལ་སྣང་ལས་སོགས་འབྱུང་བའི་སྣང་བ་ནི། རྨི་ལམ་བག་ཆགས་འཁྲུལ་བའི་བར་དོ་ཞེས་བྱའོ། རྫོགས་ཆེན་ལྟ་བ་ཐོག་དབབ་ཀྱི་མན་ངག་འགྲེལ་བ་གསལ་བྱེད་སྒྲོན་མེ་ལས་“གཉིད་ནས་མ་སད་ཀྱི་བར་ལ་བྱ་སྟེ།”ཞེས་གསུངས།

       གཉིས་པ་མན་ངག་ནི། སྔ་མའི་བག་ཆགས་དབང་གིས་གཉིད་ལམ་དུ་འཇིག་རྟེན་བོན་བརྒྱད་ལས་སོགས་ཆགས་སྡང་རྨོངས་གསུམ་དང་དགའ་སྐྱོའི་སྣང་བ་སྣ་ཚོགས་སུ་སྣང་བ་མཐའ་དག་རང་སྣང་དང་རང་རྩལ་དུ་བསམ་ཏེ་བདེན་པར་མི་ཞེན་མི་འཛིན་ཞིང་རྨི་ལམ་གྱི་འཁྲུལ་སྣང་རང་ཡིན་པ་བདེན་མེད་དུ་རྩལ་སྦྱོང་ཡང་ཡང་གོམས་པར་བྱ། དེ་ལྟར་བྱས་པས་སྲིད་པའི་བར་དོའི་འཁྲུལ་སྣང་ཆོད། གཞན་ཡང་དབང་པོ་རབ་འབྲིང་ཐ་གསུམ་ལ་བཤད་སྟངས་མི་འདྲ་བའི་གདམས་ངག་ཡང་གཞན་དུ་གསལ།

       གསུམ་པ་ངེས་ཚིག་ནི། རྨི་ཞེས་པ་ནི། སེམས་ཉིད་རིག་པའི་ཀློང་ལས་རྩལ་མ་འགག་པར་འཕྲོས་པས་ན་རྨི་ཞེས་དང་། ལམ་ཞེས་པ་ནི། ཚོར་མེད་དྲན་མེད་མ་ཡིན་པར་སྣང་བ་ཁྲ་ལམ་མེ་འཆར་བས་ན་ལམ་ཞེས་བྱ། བག་ཞེས་པ་ནི། སྔར་གྱིས་ཞེན་པ་ལས་བཟང་ངན་སྣ་ཚོགས་པ་འདི་ཞེས་མ་ངེས་འཕྲོ་ཞིང་འགྱུ་བའི་ཕྱིར་ན་བག་ཞེས་བྱ། ཆགས་ཞེས་པ་ནི། སྣ་ཚོགས་སུ་སྣང་བ་དེ་དག་ལ་ཡིད་སེམས་འཁྲི་ཞིང་འཁུ་བའི་ཕྱིར་ན་ཆགས་ཞེས་བྱ། འཁྲུལ་ཞེས་པ་ནི་གང་སྣང་བ་ཐམས་ཅད་རང་སྣང་དང་རང་རྩལ་དུ་ངོས་མ་ཟིན་པས་འཁྲུལ་ཞེས་བྱ། པ་ཞེས་པ་ནི་སྣང་བ་ལྟར་དུ་གྲུབ་པའམ་གནས་པར་བཟུང་བའི་ཕྱིར་པ་ཞེས་བྱ་ལ། བར་ཞེས་པ་ནི། ཕྱི་ཡུལ་ལ་འཇུག་པའི་དབང་ཤེས་ནང་དུ་བསྡུས་པ་ནས། གཉིད་སད་ཁ་གཉིས་ཀྱི་བར་ལ་བྱའོ། དོ་ནི་ཕྱི་དབང་བསྡུད་ནས་གཉིད་པ་དང། ལྡིང་པ་གཉིས་ལ་དོ་ཞེས་བཤད། རྫོགས་ཆེན་ལྟ་བ་ཐོག་དབབ་ཀྱི་མན་ངག་འགྲེལ་བ་གསལ་བྱེད་སྒྲོན་མེ་ལས་“རྨི་ཞེས་པ་ནི། རིག་པའི་རྩལ་མ་འགག་པ། ལམ་ཅེས་པ་ནི། ཡུལ་མངོན་དུ་གསལ་བ། བག་ཅེས་པ་ནི། འཕྲོ་བ་མ་ཚོར་དེ་འགྱུ་བ། ཆགས་ཅེས་པ་ནི། ཡུལ་ལ་འཛིན་ཅིང་ཆགས་པ། འཁྲུལ་ཞེས་པ་ནི། བཟང་ངན་དུ་མ་རུ་ཕྱེས་བ། པ་ཞེས་པ་ནི། བདེན་མེད་དུ་རྟོགས་པར་དཀའ་བ། བར་ཞེས་པ་ནི་གཉིད་‘དང་མ་འདས’ ‘གཉིད་ནས་མ་སད’ཀྱི་བར་དུ། དོ་ཅེས་པ་ནི། འཁྲུལ་སྣང་ལ་དངོས་པོ་མེད་པའོ།”ཞེས་གསུངས།

བཞི་པ་བཞི་འདུས་འཇིག་པ་དུས་ཀྱི་བར་དོ་བསྟན་པ།

      བཞི་འདུས་འཇིག་པ་དུས་ཀྱི་བར་དོ་བསྟན་པ་ལ་གསུམ་སྟེ། ངོ་བོ་དང་མན་ངག་ངེས་ཚིག་གསུམ་ལས། དང་པོ་ངོ་བོ་ནི། འཆི་རྟགས་ཤར་ནས་བཞི་འདུས་ཕུང་པོ་ཁམས་དང་མ་བྲལ་བར་དུ་གནས་པ་དེ། བཞི་འདུས་འཇིག་པ་དུས་ཀྱི་བར་དོ་ཡིན། རྫོགས་ཆེན་ལྟ་བ་ཐོག་བབ་ཀྱི་མན་ངག་འགྲེལ་བ་གསལ་བྱེད་སྒྲོན་མེ་ལས་“འཆི་རྟགས་བྱུང་ནས། རྣམ་ཤེས་ཙི་ཏ་ལ་འདུས་པའི་བར་ལ་བྱ།”ཞེས་གསུངས།

      གཉིས་པ་མན་ངག་ནི། འབྱུང་བ་ཉམས་པའི་རྟགས་ནི་མཚེར་པ་སའི་ཁམས་ཉམས་པས་ལུས་ཀྱི་བཀྲག་མདངས་ཤོར། མཁལ་མ་ཆུའི་ཁམས་ཉམས་པས་རྣ་བ་ཅུང་ཙམ་འོན། མཆིན་པ་མེའི་ཁམས་ཉམས་པས་ལུས་ཀྱི་དྲོད་འགྲིབ། གློ་བ་རླུང་གི་ཁམས་ཉམས་པས་ཚིག་སྨྲ་བ་མི་འདོད། ཙི་ཏ་ནམ་མཁའི་ཁམས་ཉམས་པས། མིག་གིས་གཟུགས་ཤན་མི་འབྱེད། དེ་རྣམས་ནི་ཞག་ཟླའི་གོང་ནས་འབྱུང་ཞེས་གསུངས་ལ་འཆི་རྟགས་བྱུང་ན་ངོ་སྤྲོད་གལ་འགངས་སུ་ཆེ་བས། “དེ་ལ་གསལ་འདེབས་ཤིན་ཏུ་གལ་ཆེ་བ་སྟེ”ཞེས་པས། དེ་ཡང་དབང་པོ་རབ་ལ་རང་རིག་ཡེ་སངས་རྒྱས་པ་རུ་གསལ་གདབ། འབྲིང་ལ་རང་སྣང་སྒྱུ་མ་དང་གནས་ལུགས་མི་གཡོ་གསལ་ལ་དམིགས་མེད་དུ་ངོ་སྤྲད། ཐ་མ་ལ་འཇིག་རྟེན་འདི་ན་མ་ཆགས་མ་ཞེན་བླ་མ་ཡི་དམ་ལ་དད་གུས་མོས་འདུན་གྱི་ཡུལ་དུ་ངོ་སྤྲོད་བྱ། སྤྱིར་སེམས་བཟང་ངན་དང་དགེ་སྒྲུབ་ལས་སོགས་འབད་པ་ལ་ཁྱད་པར་མཆིས་མོད་ཀྱང། ལྷག་ཏུ་འཆི་ཁའི་དུས་སུ་སྨོན་ལམ་གསོལ་འདེབས་དང་བསམ་པ་བཟང་པོ་བྱེད་དགོས་པ་ནི་ཤིན་ཏུ་ནས་གལ་ཆེའོ། །

     གཞན་ཡང་དབང་པོ་ཡང་རབ་ཀྱི་རྣལ་འབྱོར་པ་རྣམས་ལ་མ་བཅོས་མ་སླད་རང་སར་བཞག་པ་ལས་བྱ་རྩོལ་གྱིས་གཞན་ནས་འཕོ་བ་མི་དགོས་ཏེ། འཕོ་བྱ་འཕོ་བྱེད་ཀྱི་དྲན་འཛིན་མེད་པས་འཕོ་བ་ལ་སོགས་བྱ་རྩོལ་སྣ་ཚོགས་མི་རིགས་པར་ཤེས་པར་བྱ་ལ། “དབང་པོ་འབྲིང་དང་ཐ་མ་ནི། འཕོ་བ་ཤིན་ཏུ་གནད་ཆེ་བའོ།”ཞེས་གསུངས་པས་དུས་ནམ་ཞིག་ཏུ་གནད་ཆེ་བ་ཡིན་ཞེས་ན་སྤྱིར་ན་འཆི་རྟགས་བྱུང་བ་ནས་ཉིན་རེ་ལ་ཐུན་བདུན་རེ་ལ་རྩལ་སྦྱང་དུ་འབད་པ་བཟང་མོད་ཀྱང། ལྷག་ཏུ་ནམ་མཁའི་ཁམས་སེམས་ལ་ཐིམ་པའི་འཆི་རྟགས་འཆར་བའི་དུས་སུ་ངོ་སྤྲོད་དང་དབང་པོ་འབྲིང་དང་ཐ་མ་ལ་འཕོ་བ་གནང་བ་བཅས་ནི། ནད་དུས་སུ་སྨན་དང་སྐོམ་དུས་ཀྱི་རྩི་དང་འཕྲད་པ་བཞིན་དུ་དགེ་མཚན་ཆེ་ལ། ནམ་འཁའི་ཁམས་སེམས་ལ་ཐིམ་པའི་འཆི་རྟགས་ནི་མིག་གྱེན་ལ་བཟློག་པ་དང་ཕྱིའི་གཟུགས་མི་མཐོང་སྐེ་ཐག་ཆད་ཅིང་མགོ་འགུལ་མི་ཤེས། མུན་རུབ་པ་ནང་བཞིན་སྣང་བ་དང་། འོད་དཀར་པོ་རུ་འཆར་བའི་རྟགས་བཅས་འབྱུང་།

      གསུམ་པ་ངེས་ཚིག་ནི། བཞི་འདུས་ཅེས་པའི་བཞི་ནི་གཟུགས་ཀྱི་ཕུང་པོ་སྟེ་ཤ་ཁྲ་དྲོད་དབུགས་ཅེས་དང། འདུས་ཅེས་པ་ནི། དེ་བཞི་ཚོགས་ནས་ཕུང་པོར་གྲུབ་པས་འདུས་ཞེས་བྱའོ། འཇིག་པ་ཞེས་པ་ནི་སྤྱིར་དངོས་པོ་ཞིག་ཡིན་གཤིས་འཇིག་པའི་རང་བཞིན་ཅན་ཡིན་ཀྱང་སྐབས་འདིར་འཆི་བའི་སྔ་ལྟས་སུ་འབྱུང་བའི་ཁམས་ཉམས་པ་ལ་འཇིག་པ་ཞེས་བྱ། དུས་ཀྱི་ཞེས་པ་ནི། དུས་ཀྱི་དབང་གིས་འབྱུང་བའི་ཁམས་ཉམས་པ་ལས་སྣང་བ་མ་ངེས་སྣ་ཚོགས་པ་ཞེས་བྱ། བར་ཞེས་པ་ནི་འཆི་ལྟས་མ་བྱུང་ཚེ་ལ་གནས་པ་དང། རིག་པ་རྟེན་མེད་གཅེར་བུར་མ་སོང་གི་བར་ཞེས་བྱའོ། དོ་ཞེས་པ་ནི། འཆི་ལྟས་མ་ཤར་ཚེ་འཚོ་བ་དང། རིག་པ་རྟེན་མེད་གཅེར་བུར་ཕྱིན་པ་གཉིས་ལ་སྐབས་འདིར་དོ་ཞེས་བྱ་ལ་གཞན་ཡང་དོ་ནི་མཚམས་རེ་བར་ལ་འགྲེལ་བསྐྱོན་པ་སྣང་ཡང་དོན་དུ་དོ་ནི་བར་དང་ཁྱད་པར་ཆེའོ། རྫོགས་ཆེན་ལྟ་བ་ཐོག་བབ་ཀྱི་མན་ངག་འགྲེལ་བ་གསལ་བྱེད་སྒྲོན་མེ་ལས་“བཞི་བསྡུས་ཞེས་པ་ནི། ཤ་ཁྲག་དྲོད་དབུགས་བཞི་ལས་གྲུབ་པའི་ཕུང་པོ། འཇིག་པ་ནི། མི་རྟག་འཆི་བའི་དུས་ཅན། དུས་ཀྱི་ཞེས་པ་ནི། འཁྲུལ་སྣང་སྣ་ཚོགས་སུ་འཆར་བ། བར་ཞེས་པ་ནི། ཚེ་ལ་གནས་པ་ཡང་མ་ཡིན། རིག་པ་རྟེན་མེད་ཡང་མ་ཡིན་པའི་བར། དོ་ཞེས་པ་ནི། དེའི་དུས་ན་རང་མགོན་རང་ལས་མ་རྙེད་ན། མགོན་མེད་དྭའུ་དང་འདྲ་བའི་འགོ་ཟུག་པའོ།”ཞེས་གསུངས།

ལྔ་པ་གནས་ལུགས་ཡེ་ཤེས་རྩེ་རྒྱལ་གྱི་བར་དོ་བསྟན་པ།

        གནས་ལུགས་ཡེ་ཤེས་རྩེ་རྒྱལ་གྱི་བར་དོ་བསྟན་པ་ལ། ངོ་བོ་དང་མན་ངག་ངེས་ཚིག་གསུམ་ལས། དང་པོ་ངོ་བོ་ནི། བག་ཆགས་བཟང་ངན་གང་གིས་མ་སྒྲིབ་མ་སླད་གཞིའི་རང་ངོ་གསལ་བ་དེ། གནས་ལུགས་ཡེ་ཤེས་རྩེ་རྒྱལ་གྱི་བར་དོ་ཡིན། རྫོགས་ཆེན་ལྟ་བ་ཐོག་བབ་ཀྱི་མན་ངག་འགྲེལ་བ་གསལ་བྱེད་སྒྲོན་མེ་ལས་“སྤྱིར་ནི་གང་ཟག་ཐམས་ཅད་ལ། ཡེ་ཤེས་རྩེ་རྒྱལ་གྱི་བར་དོ་ནི། དབང་པོ་རྣོ་བརྟུལ་དང་། བག་སྒྲིབ་ཆེ་ཆུང་ཁྱད་མེད་པར། ཀུན་ལ་འཆར་བ་སྟེ།”ཞེས་གསུངས།

      གཉིས་པ་མན་ངག་ནི། དབང་པོ་རབ་འབྲིང་ཐ་མ་དང་བག་ཆགས་བཟང་ངན་ཁྱད་མེད་པར་ཀུན་ལ་རྣམ་ཤེས་ཙི་ཏའི་དབུས་ནས། ནམ་མཁའ་ལ་ཐོན་ཏེ། ལུས་དང་ནམ་མཁའ་སྦྲེལ་བའི་ཚེ་ན། འབྱུང་བཞི་ཟད་པའི་ནམ་མཁའ་ལ། ཉི་མ་ཤར་བ་བཞིན་དུ་བག་ཆགས་བཟང་ངན་གང་གིས་མ་སྒྲིབ་པར་གཞི་ཡེ་སངས་རྒྱས་པའི་དགོངས་པ། གྲོལ་འཁྲུལ་གང་གིས་མ་གོས་པའི་རང་འབྱུང་གི་ཡེ་ཤེས་ཏེ། དུས་ཡུན་སྐད་ཅིག་ཉི་ཤུ་རྩ་གཅིག་གི་བར་ལ་འཆར། དབང་པོ་ཡང་རབ་ནི་དེ་ག་རང་དམར་ཐག་ཆོད་དེ་གྲོལ་བ་ཡིན་ལ། སྔར་ཅུང་འདྲིས་པ་རྣམས་ལ་གསལ་འདེབས་དང་དྲན་བསྐུལ་ཞུས་ཙམ་གྱིས་སངས་རྒྱས་པ་དང་། གཞན་ལའང་རང་ས་ཟིན་པའི་ཐབས་ལམ་ངོ་སྤྲོད་གནང་ན་གནས་ལུགས་ཡེ་ཤེས་རྩེ་རྒྱལ་གྱི་བར་དོ་ལས་གྲོལ་བར་བསྟན།

       གསུམ་པ་ངེས་ཚིག་ནི། གཞིའི་རང་གཤིས་གཡོ་མེད་འགག་མེད་དུ་གསལ་པའི་གནས་ལུགས་ཞེས་བྱ། ཡེ་ཤེས་ཞེས་པ་ནི། རང་བཞིན་གྱི་དྲི་མ་བྲལ་བ་གཞི་ཡེ་སངས་རྒྱས་པ་ལ། ཡེ་ཤེས་ཞེས་བྱ། རྩེ་རྒྱལ་ཞེས་པ་ནི། གང་ལའང་སྒོམ་སྒྲུབ་བམ་རྩོལ་བ་ལ་མ་ལྟོས་པར་རང་ཞལ་འཕྲད་ཙམ་གྱིས་ཀུན་གྱི་ཡང་རྩེ་ཐེག་པའི་རྒྱལ་པོའི་གྲས་སུ་ཚུད་པའི་ཕྱིར་ན་རྩེ་རྒྱལ་ཞེས་དང་། བར་ཞེས་པ་ནི་སྔ་མའི་སྣང་བ་ནུབ། ཕྱི་མའི་སྣང་བ་མ་ལྡང་བའི་མཚམས་སུ། སྤྲིན་དྭངས་པའི་མཁའ་ལས་ཉི་མ་གསལ་བ་བཞིན་དུ་གཞིའི་རང་ངོ་གསལ་བས་ན་བར་ཞེས་བྱ་ལ། དོ་ནི་སྔ་མའི་སྣང་བ་དང་ཕྱི་མའི་སྣང་བ་ལ་གོ་ཡང། སྐབས་འདིར་གཞུང་ཚིག་དང་བསྟུན་ན་གསལ་བ་དང་སྟོང་བ། ཡོད་པ་དང་མེད་པ་གང་ཡང་མ་ཡིན་པས་དོ་ཞེས་བཤད་དུ་རུང་བར་སེམས་ཏེ། རྫོགས་ཆེན་ལྟ་བ་ཐོག་བབ་ཀྱི་མན་ངག་འགྲེལ་བ་གསལ་བྱེད་སྒྲོན་མེ་ལས་“གནས་ལུགས་ཞེས་པ་ནི། གསལ་ལ་གཡོ་བ་མེད་པ། ཡེ་ཤེས་ཞེས་པ་ནི། དཔེ་དང་ཚིག་ལས་འདས་པ། གཞིའི་སངས་རྒྱས། རྩེ་རྒྱལ་ཞེས་པ་ནི། སྒོམ་ལམ་དང་ཐེག་པ་གཅིག་ལ་རྫོགས་པ། བར་ཞེས་པ་ནི་དབང་པོ་འཁྲུལ་སྣང་ནི་ཟད། རྗེས་ཀྱི་འཁྲུལ་སྣང་མ་ལྡང་བའི་བར། དོ་ཞེས་པ་ནི། གསལ་སྟོང་དང་ཡོད་མེད་གང་ཡང་མ་ཡིན་པའོ།”ཞེས་གསུངས་སོ།།

དྲུག་པ་བོན་ཉིད་རང་འབྱུང་འོད་གསལ་གྱི་བར་དོ་བསྟན་པ།

       བོན་ཉིད་རང་འབྱུང་འོད་གསལ་གྱི་བར་དོ་བསྟན་པ་ལ། ངོ་བོ་དང་མན་ངག་ངེས་ཚིག་དང་གསུམ་ལས། དང་པོ་ངོ་བོ་ནི། རང་སྣང་ཚོན་གང་བ་སྐད་ཅིག་ལ་འཆར་ནས་དེར་འཛིན་པ་ཞུགས་པའི་རྩལ་ལས་ཡུལ་གསུམ་མདུན་རྒྱབ་ཕྱོགས་མཚམས་གང་བའི་སྒྲ་འབྲུག་སྟོང་ལྡིར་བ་ལྟ་བུ་དང་། འོད་ལྔས་གང་བའམ། ཐེར་ཟུག་འབྲུག་སྟོང་ལྡིར་བ་ལྟ་བུའི་སྣང་བ་བྱུང་བ་ནི་བོན་ཉིད་རང་འབྱུང་འོད་གསལ་གྱི་བར་དོ་ཡིན། རྫོགས་ཆེན་ལྟ་བ་ཐོག་བབ་ཀྱི་མན་ངག་འགྲེལ་བ་གསལ་བྱེད་སྒྲོན་མེ་ལས་“དང་པོ་རང་སྣང་ཚོན་གང་སྐད་གཅིག་ལ་འཆར། དེ་ལ་འཛིན་པ་ཞུགས་པའི་རྩལ་ལས། ཡུལ་གསུམ་གྲངས་མེད་དུ་མངོན་ནས་ཤར་ཏེ། དེ་ཡང་སྟེང་འོག་ཕྱོགས་མཚམས་མདུན་རྒྱབ་མེད་པར་འཆར་བས། སྒྲ་འབྲུག་མོ་སྟོང་ལྡིར་ལྟ་བུ་དང་། ཐེར་ཟུག་སྣང་སྲིད་གང་བ་ཙམ་དུ་འཆར་བའོ།”ཞེས་གསུངས་པ་བཞིན་ནོ།།

      གཉིས་པ་མན་ངག་ནི། སྐུ་གསུམ་དུ་འཆར་བ་ནི་འོད་གསལ་ལ་གོམས་པ་ཡིན་པས་གྲོལ་བར་འགྱུར་ལ། ཡི་དམ་ལྷའི་ཞལ་འཆར་བ་ནི་བསྐྱེད་རྫོགས་ལ་གོམས་པའི་བདེ་འགྲོ་དག་པའི་སྦྱང་འཕྲོ་མཐུད་པ་དང་། ཡིད་འོང་གི་ལྷ་མིའི་གཟུགས་སྣ་ཚོགས་སུ་མཐོང་བ་ནི་ཚུལ་ཁྲིམས་རྣམ་པར་དག་པ་ལས་བྱུང། ལས་མ་དག་ལ་འོད་ནི་མུན་པ་དང་ཁུ་རླངས་སྨིག་རྒྱུ་ལས་སོགས་སྣང་། ཟེར་ལས་བྱ་གཅན་དང་ཁྱི་སྤྱང་གཤིན་རྗེའི་མགོ་བརྙན་དང་མཚོན་ཆ་ལས་སོགས་ཡིད་དུ་མི་འོང་བའི་གཟུགས་སྣ་ཚོགས་སུ་འཆར། སྒྲ་ནི་བདེན་མེད་བྲག་ཆ་དང་སྙིང་པོའི་སྒྲ་དང་གླུ་དབྱངས་ཀྱི་སྒྲ་ལྟ་བུ་ནི་ལས་དག་པ་རྣམས་ལ་ཐོས་ལ། ལས་མ་དག་པ་ལ་གསོད་དང་རྒྱོབ་དང་མྱ་ངན་གྱི་སྐད་སྒྲ་སྣ་ཚོགས་འབྲུག་སྟོང་ལྡིར་བ་ནང་བཞིན་གྲགས། འདི་དག་དུས་ཡུན་སྐད་ཙམ་མ་བདུན་གྱི་ཡུན་ཚད་ལ་གྲགས་པར་གསུངས། ཡུལ་གསུམ་ནི་དབང་པོ་རབ་ལ་སྣང་མ་ཐག་རང་སྣང་དང་སྒྱུ་མར་མཐོང་ནས་རིག་པའི་བདག་ཞལ་མཐོང་ནས་སངས་རྒྱས། འབྲིང་ནི་རང་སྣང་སྒྱུ་མར་དྲན་ནས་སྐད་ཅིག་ཉི་ཤུ་རྩ་གཅིག་ལ་གོམས་པར་བྱས་ན་གྲོལ་བར་བཞེད་ལ། ཐ་མ་ལ་བདེན་མེད་སྒྱུ་མ་བཞིན་དུ་ངོ་སྤྲད་པས་དེ་མ་ཐག་རང་འཁྲུལ་བར་མི་འགྱུར་བས། སྲིད་པའི་བར་དོ་ཤར་མ་ཐག་གྲོལ་བ་བཅས་སོ། །

      གསུམ་པ་ངེས་ཚིག་ནི། བོན་ཉིད་ནི་ད་ལྟའི་བོན་ཐམས་ཅད་ཀྱི་རང་གཤིས་བདག་མེད་དུ་གནས་པའི་ཕྱིར་ན་བོན་ཉིད་ཅེས་བྱ། རང་འབྱུང་ནི་འགག་མེད་རྩལ་ལས་ཡུལ་གསུམ་གྲངས་མེད་རྩོལ་མེད་དུ་འཆར་བས་རང་འབྱུང་ཞེས་བྱ། འོད་གསལ་ནི་ཡུལ་གྱི་སྣང་བའི་འོད་ལྔ་ཁོང་ནས་ཤར་བས་འོད་གསལ་ཞེས་དང། བར་དོ་ནི་སྔ་ཕྱི་གཉིས་ཀྱི་བར་དུ་གནས་པས་བར་ཞེས་དང་། དོ་ཞེས་པ་ནི་སྔ་སྲིད་ཕྱི་སྲིད་གཉིས་ཏེ་ཞེས་ཀྱང་བྱའོ། རྫོགས་ཆེན་ལྟ་བ་ཐོག་བབ་ཀྱི་མན་ངག་འགྲེལ་བ་གསལ་བྱེད་སྒྲོན་མེ་ལས་“བོན་ཉིད་ཅེས་པ་ནི། ད་ལྟའི་བོན་རྣམས་བདག་མེད་དུ་གནས། རང་འབྱུང་ཞེས་པ་ནི། ཡུལ་གསུམ་སུ་ཡིས་མ་བྱས་པས། འོད་གསལ་ཞེས་པ་ནི། སྣང་བ་མངོན་ནས་ཤར་བ། བར་ཞེས་པ་ནི། སྔུན་རྒྱབ་གཉིས་ཀྱི་བར། དོ་ཞེས་པ་ནི་ཅི་འཆར་ཡང་ངོ་བོ་དམིགས་མེད་ཀྱི་རང་བཞིན།”ཞེས་གསུངས།

བདུན་པ་ཆད་ལྟ་སྟོང་ཉིད་འཐུག་པོའི་བར་དོ་བསྟན་པ།

      ཆད་ལྟ་སྟོང་ཉིད་འཐུག་པོའི་བར་དོ་བསྟན་པ་ལ། ངོ་བོ་དང་མན་ངག་ངེས་ཚིག་གསུམ་ལས། དང་པོ་ངོ་བོ་ནི། དྲན་པ་རིག་པ་ལ་ཐིམ་རིག་པ་དང་སྣང་བ་གཞི་སྟོང་པའི་ཀློང་དུ་བག་ལ་ཞ་སྟེ། དྲན་མེད་དུ་ཞག་གསུམ་དྲོས་བཞིའི་བར་དུ་གནས་པ། དེ་ཆད་ལྟ་སྟོང་ཉིད་འཐུག་པོའི་བར་དོའི་ངོ་བོ་ཡིན། རྫོགས་ཆེན་ལྟ་བ་ཐོག་བབ་ཀྱི་མན་ངག་འགྲེལ་བ་གསལ་བྱེད་སྒྲོན་མེ་ལས་“ཞག་གསུམ་དྲོས་དང་བཞི་ཡི་བར་ལ། དྲན་པ་ནི་རིག་པ་ལ་ཐིམ། སྣང་བ་དང་རིག་པ་ནི། ཀུན་གཞི་སྟོང་པའི་དབྱིངས་སུ་བག་ལ་ཞ་སྟེ། དྲན་མེད་དུ་གནས་པས། དེ་ནི་ཆད་ལྟ་སྟོང་ཉིད་འཐུག་པོའི་བར་དོ་བསྟན་པའོ།”ཞེས་གསུངས་སོ།།

      གཉིས་པ་མན་ངག་ནི། འདིའི་སྐབས་སུ་གསོན་དུ་གནས་པའི་ཉེ་དྲུང་རྣམས་ཀྱིས་དགེ་སྒྲུབ་ལ་འབད་པ་ཕན་ཆེ་བར་བཞེད་ལ། དེའི་སྐབས་སུ་གྲོལ་བར་དཀའ་ཡང་ཕྱིས་སྲིད་པའི་བར་དོའི་དུས་སུ་བག་ཆགས་ལྡང་ནས་ཉེ་དྲུང་འབྲེལ་བ་ཡུལ་འཁོར་སོགས་ལ་རྣམ་ཤེས་རྟེན་མེད་གཅེར་བུ་དེ་ཡང་ཡང་འཁོར་བ་ཡིན་ལ། སྐབས་དེར་གཤིན་པོའི་ཆེད་དུ་དགེ་སྒྲུབ་བྱེད་པ་མཐོང་དུས། རང་ཉིད་ཤི་ཟིན་པ་ངོ་འཕྲོད་དགེ་བའི་སྟོབས་ཀྱིས་ཕག་པ་དབྱར་ལམ་དུ་བཙུད་པ་བཞིན་དུ་མཐོ་རིས་བདེ་འབྲས་ཀྱི་ལམ་དུ་ཞུགས་པའི་ཕན་འབྲས་གནད་དུ་སྨིན་པ་ཡིན།

      གསུམ་པ་ངེས་ཚིག་ལ། ཆད་ལྟ་ནི་དྲན་རིག་གི་སྣང་བ་ཕྱལ་བས་ཆད་ལྟ་ཞེས་དང་། སྟོང་ཉིད་ནི་དྲན་འཛིན་གྱིས་སྟོང་ཡང་རིག་པ་གཞི་ཉིད་ལ་ཐིམ་པའི་ཕྱིར་ན་སྟོང་ཉིད་ཅེས་དང་། འཐུག་པོ་ཞེས་པ་ནི། སྒྲ་འོད་ཟེར་གསུམ་ལས་སོགས་ཡུལ་གྱི་སྣང་བ་དུས་སྐད་ཅིག་ལ་ཡང་འཆར་སྣང་མེད་པ་མུན་ཁུང་ལྟ་བུ་གནས་པས་འཐུག་པོ་ཞེས་བྱ། བར་དོ་ཞེས་སྔ་མའི་སྣང་བ་བག་ལ་ཞ་ཕྱི་མའི་སྣང་བ་མ་ལྡང་པས་བར་དོ་ཞེས་བཤད། རྫོགས་ཆེན་ལྟ་བ་ཐོག་དབབ་ཀྱི་མན་ངག་འགྲེལ་བ་གསལ་བྱེད་སྒྲོན་མེ་ལས་“ཆད་ལྟ་ཞེས་པ་ནི། སེམས་སྟོང་ཕྱལ་ཆད། སྟོང་ཉིད་ཅེས་པ་ནི། རང་སྣང་ལ་དྲན་པའི་གསལ་ཆ་མེད་ཀྱང་རིག་པ་ཟད་ཅིང་འགྲིབ་པ་མེད། འཐུག་པོ་ཞེས་པ་ནི། རིག་པ་གསལ་འགྲིབ་མེད་ཀྱང་། རང་སྣང་ལ་ཡུལ་ཤེས་སྐད་ཅིག་ཀྱང་གསལ་བར་མི་འགྱུར། བར་ཅེས་པ་ནི། སྔུན་རྒྱབ་གཉིས་ཀྱི་བར། དོ་ཅེས་པ་ནི། ཅི་ཡང་མ་ཡིན་པས། ལུང་མ་བསྟན་ལ་གནས་པའོ། །

བརྒྱད་པ་དངོས་མེད་སྟོང་པ་སྲིད་པའི་བར་དོ་བསྟན།

      དངོས་མེད་སྟོང་པ་སྲིད་པའི་བར་དོ་བསྟན་པ་ལ། ངོ་བོ་དང་མན་ངག་ངེས་ཚིག་གསུམ་ལས། དང་པོ་ངོ་བོ་ནི། ཞག་གསུམ་དྲོས་བཞིའི་རྗེས་གཞི་སྟོང་པའི་ཀློང་ལས་རིག་པ་དང་སྣང་པའི་བག་ཆགས་ལྡང་ནས་ཡུལ་ལ་འཁོར་བ་དེ་དངོས་མེད་སྟོང་པ་སྲིད་པའི་བར་དོའི་ངོ་བོ། རྫོགས་ཆེན་ལྟ་བ་ཐོག་དབབ་ཀྱི་མན་ངག་འགྲེལ་བ་གསལ་བྱེད་སྒྲོན་མེ་ལས་“ཞག་གསུམ་དྲོས་བཞི་ནས། ཐང་སྟོང་དྭ་ཕྲུག་གཉིད་སད་པ་ལྟ་བུ་སྟེ། ད་ལྟའི་བག་ཆགས་ཀྱི་སྣང་བ་འཆར་བས། སྔར་འདྲིས་ཀྱི་ས་ཕྱོགས་དང་། གཉེན་འབྲེལ་ཟས་ནོར་ལ་སོགས་ལ་འཁོར་བའོ།”ཞེས་གསུངས།

      མན་ངག་ནི་སྲིད་པའི་བར་དོ་ལ་དྲན་རིག་ལྡང་ནས་བྱ་སྤུ་རླུང་གིས་དེད་པ་བཞིན་དུ་མ་ངེས། སྔར་འདྲིས་ཀྱི་ས་ཕྱོགས་དང་ཉེ་དུད་ལས་སོགས་དྲན་ཙམ་གྱིས་སླེབས་ཚར་བ་བརྡ་འཕྲོད་སླ་བ་ཡིན་པས་ངོ་སྤྲོད་ནི་གལ་ཆེ། རྫོགས་ཆེན་གྱི་གདམས་ངག་གོ་ཐོས་མྱོང་པའི་ཅུང་གོམས་འདྲིས་ཆེ་བའི་རིགས་ནི་དང་པོ་འཆི་བ་ངོ་འཕྲད། དེ་ནས་བར་དོ་དང་། དཔོན་གསས་གདམས་ངག་བཅས་དྲན་ཏེ་གནས་ལུགས་ཀྱི་རང་ངོ་འཕྲོད་དེ་གྲོལ། བར་དོའི་གདམས་ངག་ལས་སོགས་གོ་ཐོས་མ་མྱོང་པའི་རིགས་ནི་སྐབས་འདིར་འཆི་བ་ཤེས་ཀྱང་། གཟུགས་ནི་བོར། ཡུལ་ནི་སྣང། རང་ངོ་མ་ཤེས་དབང་གིས་སྡུག་བསྔལ་བཟོད་མེད་ཅིག་སྐྱེས་པ་ཡིན་པས། དེའི་སྐབས་སུ་ངོ་སྤྲོད་གདམས་ངག་ལ་གཟིར་བ་གལ་ཆེའོ། །

      གསུམ་པ་ངེས་ཚིག་ནི། དངོས་མེད་ནི་གཟུགས་སམ་སྔ་མའི་ལས་རྟེན་ཕྱལ་བས་དངོས་མེད་ཅེས་བྱ། སྟོང་པ་ནི་དམིགས་འཛིན་དང་དྲན་སྣང་གིས་སྟོང་པའི་ཕྱིར་ན་སྟོང་པ་ཞེས་བྱ། སྲིད་པ་ཞེས་པ་ནི། སྣང་རིག་བག་ལ་ཞ་ཡང་ལྷུན་གྲུབ་ཚུལ་དུ་ཡོད་པས་ན་སྲིད་པ་ཞེས་བྱ། བར་དོ་ནི་མཐོ་རིས་དང་ངན་སོང་སྟེ། དེའི་མཚམས་ལ་བར་དོ་ཞེས་བཤད། རྫོགས་ཆེན་ལྟ་བ་ཐོག་དབབ་ཀྱི་མན་ངག་འགྲེལ་བ་གསལ་བྱེད་སྒྲོན་མེ་ལས་“དངོས་མེད་ཅེས་པ་ནི། ལུས་གཟུགས་མེད། སྟོང་པ་ཞེས་པ་ནི། སེམས་དམིགས་མེད། སྲིད་པ་ཞེས་པ་ནི། གཟུགས་མེད་ལ་གཟུགས་སུ་མཐོང་བ། བར་ཞེས་པ་ནི། མཐོ་རིས་དང་ངན་སོང་གི་བར། དོ་ཞེས་པ་ནི། མགོན་སྐྱབས་དང་རྟེན་མེད་པའོ།”ཞེས་གསུངས་སོ།།

དགུ་པ་བརྡ་ཐབས་སྐབས་སྦྱོར་ངོ་སྤྲོད་བསྟན་པ།

      བརྡ་ཐབས་སྐབས་སྦྱོར་ངོ་སྤྲོད་བསྟན་པ། གལ་པོ་ཆེའི་གདམས་ངག་དང། གྲོལ་ཚུལ་གཉིས་ལས། དང་པོ་གདམས་ངག་ནི། སྐབས་བབས་བར་དོ་སོ་སོའི་དུས་དང་བསྟུན་ནས་ངོ་སྤྲོད་རིགས་ནི་ཕན་གནད་དུ་སེམས། ལྷག་ཏུ་དལ་འབྱོར་གྱི་རྟེན་བཟང་དང་མ་བྲལ་བའི་དུས་སུ་འཇིག་རྟེན་བོན་བརྒྱད་ལས་དུས་མི་འདའ་བར། བར་དོའི་མན་ངག་ལ་ཉམས་ལེན་དང་རྩལ་སྦྱང་འབད་འབུངས་གོམས་འདྲིས་དཔྱིས་ཕྱིན་མཛད་པ་ནི་གལ་ཆེ་ལ། ཐེག་པ་འོག་མའི་བསྐལ་པར་བསགས་པའི་དགེ་སྟོབས་ལས་ཀྱང། བར་དོ་ནས་བླ་མེད་རྫོགས་པ་ཆེན་པོའི་བར་དོའི་མན་ངག་གི་ཚིག་དོན་རེ་ཟུང་དྲན་པ་དེ་ཕན་རླབས་ཆེ་བ་ཡིན། རྫོགས་ཆེན་ལྟ་བ་ཐོག་དབབ་ལས་“བར་དོའི་མན་ངག་དང་། རྫོགས་ཆེན་གྱི་ངོ་སྤྲོད་ལྟ་ཚིག་རེ་ཙམ་སེམས་ལ་ཡོད་ན། བར་དོ་ནས་ཚེ་གཅིག་ལུས་གཅིག་གི་དགེ་སྟོབས་བས། དེའི་སྟོབས་ཆེ་བའོ།”ཞེས་གསུངས་པས། ངོ་སྤྲོད་གདམས་ངག་ལ་གསུམ་ལས།

      དང་པོ་གཞི་རང་གསལ་དུ་ངོ་སྤྲད་པ་ནི། ཀུན་གཞི་ནི་མར་མེ་དང་འདྲ་བར་མར་མེ་རང་གི་ངོ་བོ་སུས་ཀྱང་མ་བྱས་ངོ་བོ་རང་གསལ་བ་བཞིན་དུ། ཀུན་གཞི་ཡང་གང་གིས་མ་བྱས་རང་གསལ་ལྷུན་གྲུབ་དུ་ངོ་སྤྲད། དེ་བཞིན་ཀུན་གཞི་ནི་པད་མ་དང་འདྲ་བར་པད་མ་འདམ་ལ་གནས་ཀྱང་འདམ་གྱིས་དྲི་མས་མ་གོས་པ་བཞིན་དུ། ཀུན་གཞི་བག་ཆགས་ཀྱི་སྦུབས་སུ་གནས་ཀྱང་བག་ཆགས་ཀྱི་དྲི་མས་མ་གོས་ཀ་དག་རང་གསལ་དུ་ངོ་སྤྲད། ཀུན་གཞི་ནི་ཤེལ་སྒོང་དང་འདྲ་བར་ཤེལ་སྒོང་ལ་ཕྱི་ནང་ཐམས་ཅད་སྒྲིབ་མེད་དུ་གསལ་བ་བཞིན་དུ། ཀུན་གཞི་ཡང་ཕྱི་ནང་ཐམས་ཅད་སྒྲིབ་གཡོག་མེད་པར་གཅེར་བུ་ཟང་ཐལ་དུ་ངོ་སྤྲད། ཀུན་གཞི་ནི་ནམ་མཁའ་དང་འདྲ་བར་ནམ་མཁའ་ཤེས་བྱ་ཀུན་ལ་སྤྱི་བླུགས་སུ་ཁྱབ་པ་བཞིན་དུ། ཀུན་གཞི་ཡང་ཕྱི་ནང་མེད་པར་སྒྲོན་མེའི་སྒོ་ཀུན་ལ་སྤྱི་བླུགས་སུ་ཁྱབ་པར་ངོ་སྤྲད།

      གཉིས་པ་རང་སྣང་རང་ཤར་དུ་ངོ་སྤྲད་པ་ནི། རིག་པ་ཆུ་དང་འདྲ་བར་སྣང་བ་ཆུ་འོད་ཀྱི་ཚུལ་དུ་ངོ་སྤྲད། རིག་པ་ཤེལ་སྒོང་དང་འདྲ་བ་ལ་སྣང་བ་ཤེལ་སྒོང་གི་འོད་ཟེར་དང་འདྲ་བར་ངོ་སྤྲད། རིག་པ་ཉི་མ་དང་འདྲ་བ་ལ་སྣང་བ་ཉི་མའི་འོད་ཟེར་དང་འདྲ་བའི་རང་ཤར་དུ་ངོ་སྤྲད། རིག་པ་མར་མེ་དང་འདྲ་བར་སྣང་བ་འོད་ཀྱི་ཚུལ་དུ་ངོ་སྤྲད། གཟེར་བུ་ལས་“ཆུ་ཤེལ་ཉི་མ་མར་མེ་(མེའི)་འོད་ཀྱི་ཚུལ།”ཞེས་གསུངས་པ་དང་མཐུན་པར་བཀོད་པའོ། །

       གསུམ་པ་རང་སྣང་དུ་ངོ་སྤྲད་པ་ནི། སྒྲ་ནི་རང་སྒྲ་བྲག་ཆ་བཞིན་དུ་ངོ་སྤྲད། འོད་ནི་རང་འོད་འཇའ་ཚོན་བཞིན་དུ་ངོ་སྤྲད། ཟེར་ནི་རང་ཟེར་གཟུགས་བརྙན་བཞིན་དུ་ངོ་སྤྲད། ཡང་དབང་པོ་རབ་ལ་རང་ཤར་རང་གྲོལ་དུ་ངོ་སྤྲད། འབྲིང་ལ་ལྷ་ཡི་སྐུ་དང་ཡེ་ཤེས་སུ་ངོ་སྤྲད། ཐ་མ་ལ་རང་སྣང་སྒྱུ་མ་ལྟ་བུར་ངོ་སྤྲད། དབང་པོ་ཡང་རབ་ལ་ངོ་སྤྲོད་མི་དགོས་པར་སྣང་།

       བཞི་པ་འབྲས་བུ་སྐུ་གསུམ་རང་ཆས་སུ་ངོ་སྤྲད་པ་ནི། ཕྱོགས་དང་རིས་སུ་མ་ཆད་པའི་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཉིད་ཁྱབ་བདལ་ཆེན་པོར་རང་རིག་ཀ་དག་ཆེན་པོར་གནས་པ་ལ་བོན་སྐུ་རང་ཆས་སུ་ངོ་སྤྲད། དེ་ནི་ཡེ་གདོད་མ་ནས་གནས་ཀྱང་རང་ཞལ་མ་འཚོ་བ་ཡིན། འོག་མིན་འདའ་བ་མེད་པའི་ཞིང་ཁམས་གནས་མཆོང་གུར་སྨུག་པོ་ཤེལ་གྱི་ཁ་བད་ཅན་སྣང་གསལ་འོད་ཀྱི་གཞལ་ཡས་ན་རིག་པའི་ཡེ་ཤེས་ལ་རྩལ་གསུམ་ལྷུན་གྱིས་གྲུབ། འཁོར་འདས་ཐམས་ཅད་ལྷུན་གྲུབ་ཏུ་རྫོགས་པ་ལ་ལོངས་སྤྱོད་རྫོགས་སྐུ་རང་ཆས་སུ་ངོ་སྤྲད། རྫོགས་སྐུ་རང་ཆས་སུ་ཡོད་ཀྱང་ངོ་མ་ཤེས་ནས་རྩལ་སྒྲ་འོད་ཟེར་གསུམ་ལས་འཁྲུལ་བའི་སྣང་བ་འབྱུང་། རྩ་གསུམ་འཁོར་ལོ་ལ་ཡན་ལག་དང་ཉིང་ལག་གི་ཚུལ་དུ་རྩ་འཁོར་དྲུག་ལས་སོགས་རྫོགས་པ་ནི་ཡི་གེ་འཁོར་ལོའི་གཞལ་ཡས་དེ་ན་རྩལ་དྲུག་ཡུལ་དྲུག་ལ་སོགས་རིག་པའི་ཡེ་ཤེས་ཀྱི་རྩལ་ལས་ཆོ་འཕྲུལ་སྣ་ཚོགས་སུ་ཤར་བ་ལ་སྤྲུལ་སྐུ་རང་ཆས་སུ་ངོ་སྤྲད། དེ་ལྟར་སྤྲུལ་སྐུ་རང་ཆས་སུ་གནས་ཀྱང་ངོ་མ་ཤེས་ན། མ་རྟོགས་དབང་གིས་རིགས་དྲུག་གི་སྣང་བ་འབྱུང་།

      གཉིས་པ་གྲོལ་པའི་ཚུལ་བསྟན་པ་ལ་གསུམ་ལས། དང་པོ་དབང་པོ་རབ་གྲོལ་ཚུལ་ནི། ཡང་རབ་ནི་གཞི་རང་འབྱུང་གི་བར་དོ་ལ་ཕུང་པོ་འོད་ཀྱི་སྐུའི་རྣམ་པར་འགྱུར་ནས་གྲོལ་བ་དང་། རབ་ཀྱི་འབྲིང་ནི་གཞི་དུས་འཇུག་པ་དུས་ཀྱི་བར་དོ་ལ་འཆི་རྟགས་ཤར་བ་དང་སྔར་འདྲིས་ཀྱི་གནས་ལུགས་གོམས་པར་གསོས་འདེབས་པས་དགོངས་པ་བོན་གྱི་སྐུ་དང་མཉམ་ནས་གྲོལ་བའོ། རབ་ནི་ཟག་བཅས་ཀྱི་ཕུང་པོ་དོར་མ་ཐག་ནས་གྱད་ཆེན་གྱིས་མདའ་འཕེན་པ་བཞིན་དུ་སངས་རྒྱས་སར་ཕྱིན་པའམ། ཁྱུང་སེང་གི་བུ་ལྟར་རྩལ་རྫོགས་ཏེ་ལུས་སེམས་བྲལ་མ་ཐག་ནས་གྲོལ་བ་བཞིན་ནོ། །

      འབྲིང་གྲོལ་ཚུལ་ནི། དང་པོ་འབྲིང་གི་རབ་ནི་གནས་ལུགས་ཡེ་ཤེས་རྩེ་རྒྱལ་གྱི་བར་དོ་ལ་སྔར་འདྲིས་ཀྱི་མི་དང་འཕྲད་པ་བཞིན། ངོ་འཕྲོད་པ་ཙམ་གྱིས་དེ་མ་ཐག་ཏུ་གྲོལ་བ་དང་། འབྲིང་གི་འབྲིང་ནི་རྐྱེན་གྱིས་བསྐུལ་བ་ཙམ་གྱིས་མངོན་སངས་རྒྱས་ལ། འབྲིང་ནི་དཔོན་གསས་ཀྱིས་གསོས་བཏབ་པ་ལ་བརྟེན་ནས་ཅུང་ཟད་གོམས་པར་བྱས་ཏེ་བོན་ཉིད་རང་འབྱུང་འོད་གསལ་གྱི་བར་དོ་ལ་གྲོལ་བའོ། །

       ཐ་མ་གྲོལ་ཚུལ་ནི། ཐ་མའི་རབ་ནི་སྟོང་པ་སྲིད་པའི་བར་དོ་ན་རྐྱེན་གྱིས་བསྐུལ་བ་ཙམ་གྱིས་ངོ་འཕྲོད་དེ་གྲོལ། འབྲིང་ནི་དཔོན་གསས་ཀྱི་གདམས་ངག་དྲན་ནས་ཉམས་སུ་བླངས་པས་རང་ཞལ་འཕྲད་ནས་སྤྲང་ཕྲུག་རྒྱལ་པོར་ངོ་ཤེས་པ་བཞིན་དུ་གྲོལ་བའོ། ཐ་མ་ནི་ཤི་བ་དང་བར་དོ་རུ་ངོ་ཤེས་ཏེ་འཆར་ཚད་ཐམས་ཅད་རང་སྣང་དུ་དབང་བསྒྱུར་ཏེ་མཐོ་རིས་གནས་སུ་སྐྱེ་བ་བཞེས་ནས་སྔར་གྱིས་སྦྱངས་འཕྲོ་སད་དེ་ཉམས་ལེན་མཐར་ཕྱིན་པར་མཛད་ནས་ཕྱི་མའི་བར་དོ་མེད་པར་གྲོལ་བ་ཡིན་ནོ། །

       བཞི་པ་ངེས་ཚིག་ལ་བར་ཞེས་པ་ནི་དཀྱིལ་དང་དབུས་ལ་གོ་ཡང། སྐབས་འདིར་འཁོར་བ་དང་མྱང་འདས་ཀྱི་བར། མཐོ་རིས་དང་ངན་སོང་གི་བར། སྐྱེ་བ་སྔ་མ་དང་ཕྱི་མའི་དཀྱིལ་བཅས་ལ་བར་ཞེས་བྱ། དོ་ནི་དུ་མ་སྟེ་འཁོར་བ་དང་མྱང་འདས། མཐོ་རིས་དང་ངན་སོང་། སྐྱེ་བ་སྔ་མ་དང་ཕྱི་མ་བཅས་ལ་དོ་ཞེས་བཞེད་ལ། སྤྱིར་སྒྲ་བཤད་འཇུག་ནི་འདི་ཞེས་མ་ངེས་ཇི་སྙེད་ཅིག་སྣང་མོད་ཀྱང་སྐབས་འདིར་འདི་ཙམ་གྱིས་འཐུས་པར་བྱས་པའོ། །

       དེ་ཡང་བར་དོའི་རྣམ་བཤད་སྐྱ་རེངས་གསར་པ་འདི་ནི་ཕྲན་རང་ཉིད་ཀྱི་ཡིད་ཡུལ་ལ་རིང་ཏུ་འཇག་པའི་ཕྱིར་དང་རང་ལས་དམན་པའི་ཐར་པ་དོན་གཉེར་ཅན་ལ་ཕན་པར་སྙམ་སྟེ་བྲིས་པའོ།།  དགེའོ།།  ཐ་ཚན་མུ་ཙུག་སྨར་རོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།