དབུ་མའི་ལྟ་དོན་ལ་དཔྱད་པ།

[ཟླ་ཚེས། 2025-01-13 19:04:05][རྩོམ་པ་པོ། དཔོན་སློབ་ཤེས་བྱ་ཀུན་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ལྟ་བ་མཐའ་བྲལ་བླ་མེད་དོན་རྟོགས་ཤིང་།།

སྒོམ་པ་རྟོག་བྲལ་སྒྱུ་ལུས་ལྷ་སྐུ་བཞེངས།།

སྤྱོད་པ་དྲི་བྲལ་ཉིས་བརྒྱ་ལྔ་བཅུ་རྫོགས།།

སུམ་ལྡན་བསྟན་འཛིན་དབང་རྒྱལ་ཞབས་ལ་འདུད།།

  ཅེས་སྔོན་འགྲོ་ཚོགས་བསགས་ཀྱི་ཡན་ལག་ཡུལ་ཁྱད་པར་ཅན་ལ་མཆོད་པར་བརྗོད་ནས། དངོས་གཞི་སེམས་དཔའ་སྤྲོས་མེད་པའམ་མཐའ་བྲལ་དབུ་མའི་ལྟ་བའི་དོན་ལ་དཔྱད་པ་ལ། ལྟ་བ་བདེན་གཉིས་ཀྱི་རྣམ་བཞག་སྤྱིར་བསྟན་པ་དང་། དེ་རྟོགས་རྗེས་དཔག་ཚད་མ་སྐྱེ་བྱེད་ཀྱི་དོན་ལྔ་སོ་སོར་བཤད་པ་དང་། མཐར་མདོར་བསྡུ་བའོ།།

  དང་པོ་ནི། སྤྱིར་དབུ་མ་ཞེས་པའི་སྒྲ་གཞི་ལམ་འབྲས་གསུམ་ལ་སོགས་ཡུལ་དུ་མ་ལ་འཇུག་ལ། འདིར་གང་ཟག་དང་གནས་ལུགས་ལ་གཙོ་ཆེ་བར་འཇུག་སྟེ། གཞུང་འབུམ་ལས། མཐའ་བརྒྱད་སྤྲོས་བྲལ་དབུ་མ་སྟོན།། ཞེས་གསུངས་པའི་ཕྱིར། དེའི་ལྟ་བ་ནི། བདེན་གཉིས་ཟུང་འཇུག་སྟེ། ཐེག་འགྲེལ་ལས། དེ་ལ་སྤྱིར་གཡུང་དྲུང་སེམས་དཔའི་ཐེག་པའི་ལུགས་ཀྱི། བདེན་པ་གཉིས་སུ་ཁས་ལེན་ཏེ། ཞེས་པས་བྱང་སེམས་དབུ་མ་པས་བོན་ཐམས་ཅད་བདེན་པ་གཉིས་སུ་གཏན་ལ་ཕབ་པའི་བདེན་གཉིས་ལ་གསུམ་སྟེ། དབྱེ་གཞི་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་འཁོར་འདས་ཤེས་བྱ་ཐམས་ཅད་ཀུན་སྤྱི་དྲིལ་བ་སྟེ། དབུ་མའི་འགྲེལ་ལས། འདི་ལྟར་སྣང་བ་ཤེས་བྱ་སྤྱི་དྲིལ་བ་སྟེ། འཁོར་བའམ་མྱང་འདས་མཚན་བཅས་མཚན་མེད་ལ་སོགས་གང་རུང་རེ་གཞིར་མི་འཇོག་སྟེ། བདེན་པ་གཉིས་མི་བདེན་པས་སོ།། ཞེས་གསུངས་པའི་ཕྱིར། བདེན་གཉིས་ཤེས་བྱ་སྤྱི་ལ་བདེན་དགོས་པས། བུམ་པའི་བདེན་གཉིས་བུམ་པའི་ཤེས་བྱ་ལ་བདེན་པ་མ་གཏོགས་ཤེས་བྱ་སྤྱི་ལ་མི་བདེན་པ་སྟེ། ཀ་བ་བུམ་པའི་བདེན་གཉིས་གང་ཡང་མ་ཡིན་པ་བཞིན་ནོ།། ༧དབྱེ་དོན་ལ་འདོད་པ་མི་མཐུན་པ་མང་སྟེ། ཐེག་འགྲེལ་ལས། དེ་ལ་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་གཉིས། མཚན་ཉིད་གཅིག་གམ་ཐ་དད་ཡིན་ཞེ་ན། ཞེས་པས། ཁ་ཅིག་གིས། བདེན་གཉིས་འབྲེལ་མེད་དོན་གཞན་གྱི་ཐ་དད་ཡིན་ཞེ་ན་སྐྱོན་བཞི་དང་། ཡང་ན་བདེན་གཉིས་རྟོགས་དཀའ་སླ་མེད་པའི་མཚན་ཉིད་གཅིག་པ་ཡིན་ཞེ་ན་སྐྱོན་གཉིས་ཡོད་དེ། དང་པོ་ཕ་རོལ་བའི་ཁས་བླང་རྟགས་སུ་བཀོད་པ་བཞི་ཡི་སྒོ་ནས་དགག་པ་ལ། དང་པོ་ནི། ཐེག་འགྲེལ་ལས། དེ་ལ་ཐ་དད་པ་མེ་ཆུ་ལྟ་བུ་མ་ཡིན་ཏེ། གལ་ཏེ་ཡིན་ན། དོན་དམ་པས། ཀུན་རྫོབ་ཀྱི་མཚན་མ་ཟིལ་གྱིས་མི་ནོན་པར་འགྱུར་རོ།། ཞེས་པས། ཁ་ཅིག་གིས། བདེན་གཉིས་ཤིན་ཏུ་ཐ་དད་ཡིན་ཞེ་ན། བདེན་གཉིས་འབྲེལ་མེད་དོན་གཞན་གྱི་ཐ་དད་མེ་ཆུ་ལྟ་བུ་མ་ཡིན་ཏེ། གལ་ཏེ་དེ་ལྟ་བུ་ཡིན་ན་དོན་དམ་སྟོང་ཉིད་རྟོགས་པས་ཀུན་རྫོབ་གཉིས་སྣང་གི་མཚན་མ་ཟུལ་གྱིས་མི་ནོན་པར་འགྱུར་ཏེ། ཤིན་ཏུ་ཐ་དད་པའི་ཕྱིར་རོ།། གཉིས་པ་ནི། ཐེག་འགྲེལ་ལས། འདོད་ན་སངས་རྒྱས་ལ་མཚན་མ་དངོས་སུ་ཡོད་པར་འགྱུར་ཏེ། ཐ་དད་པའི་ཕྱིར་རོ།། ཞེས་པས། ཁ་ཅིག་གིས། བདེན་གཉིས་ཤིན་ཏུ་ཐ་དད་ཡིན་ཞེ་ན། སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་གཟུང་འཛིན་ཐ་དད་ཀྱི་སྣང་བ་དངོས་སུ་ཡོད་པར་འགྱུར་ཏེ། བདེན་གཉིས་འབྲེལ་མེད་དོན་གཞན་གྱི་ཐ་དད་ཡིན་པའི་ཕྱིར་རོ།། གསུམ་པ་ནི། ཐེག་འགྲེལ་ལས། ཡང་ཐ་དད་ན་ཀུན་རྫོབ་ཏུ་དགེ་བའི་བོན་སྤྱོད་བྱས་པ་དང་ལམ་བསྒོམ་པ་ཐམས་ཅད་དོན་མེད་པར་འགྱུར་ཏེ། ཐ་དད་པའི་ཕྱིར་རོ།། ཞེས་པས། ཁ་ཅིག་གིས། ཡང་བདེན་གཉིས་ཤིན་ཏུ་ཐ་དད་ཡིན་ཞེ་ན། ཀུན་རྫོབ་ཏུ་གདམས་ངག་ཉན་པ་དང་སྟོང་ཉིད་བསྒོམ་པ་ལ་སོགས་དགེ་སྦྱོར་ཐམས་ཅད་དོན་མེད་དུ་འགྱུར་ཏེ། བདེན་གཉིས་ཤིན་ཏུ་ཐ་དད་ཡིན་པའི་ཕྱིར་རོ།། བཞི་པ་ནི། ཐེག་འགྲེལ་ལས། ཐོབ་བྱ་དོན་དམ་ཡིན་པས་ཀུན་རྫོབ་ལ་བོན་སྤྱོད་པས་དོན་དམ་ལ་མི་ཕན་པར་འགྱུར་ཏེ། ཐ་དད་པའི་ཕྱིར་རོ།། ཞེས་པས། ཁ་ཅིག་གིས། བདེན་གཉིས་ཤིན་ཏུ་ཐ་དད་ཡིན་ཞེ་ན། ཐོབ་བྱ་དག་པ་གཉིས་ལྡན་གྱི་བོན་དབྱིངས་དོན་དམ་བདེན་པ་ཡིན་པས། སེམས་དཔའི་མཉམ་བཞག་གིས་བོན་ཉིད་བསྒོམ་པ་དོན་དམ་བོན་སྐུ་ཐོབ་པ་ལ་མི་ཕན་པར་འགྱུར་ཏེ། བདེན་གཉིས་ཤིན་ཏུ་ཐ་དད་ཡིན་པའི་ཕྱིར་རོ།།

  ༧གཉིས་པ་ཕ་རོལ་བའི་ཁས་བླང་རྟགས་སུ་བཀོད་པ་གཉིས་ཀྱི་སྒོ་ནས་དགག་པ་སྟེ། དང་པོ་ནི། ཐེག་འགྲེལ་ལས། མཚན་ཉིད་གཅིག་པ་ཡང་མ་ཡིན་ཏེ། གལ་ཏེ་ཡིན་ན། ཀུན་རྫོབ་རྟོགས་པས་དོན་དམ་རྟོགས་པར་འགྱུར་ཏེ། གཅིག་པའི་ཕྱིར་རོ།། ཞེས་པས་བདེན་གཉིས་མཚན་ཉིད་གཅིག་པ་ཡང་མ་ཡིན་ཏེ། གལ་ཏེ་བདེན་གཉིས་ཟན་དང་བཞེས་པ་ལྟ་བུའི་ཤིན་ཏུ་ངོ་བོ་གཅིག་ཡིན་ན། བྱིས་པ་སོ་སོའི་སྐྱེ་བོ་བོན་ཅན། ཁྱོད་ཀྱིས་གཟུགས་དང་སྒྲ་ལ་སོགས་ཀྱི་ཀུན་རྫོབ་མངོན་གསུམ་དུ་མཐོང་བས་དོན་དམ་སྟོང་ཉིད་ཡང་མངོན་གསུམ་དུ་མཐོང་བར་འགྱུར་ཏེ། བདེན་གཉིས་ཤིན་ཏུ་གཅིག་པའི་ཕྱིར་རོ།། གཉིས་པ་ནི། ཐེག་འགྲེལ་ལས། ཡང་ན་སངས་རྒྱས་ས་ན་ཀུན་རྫོབ་དངོས་སུ་ཡོད་པར་འགྱུར་ཏེ། གཅིག་པའི་ཕྱིར་རོ།། ཞེས་པས། ཁ་ཅིག་གིས། བདེན་གཉིས་མཚན་ཉིད་གཅིག་པ་ཡིན་ཞེ་ན། སངས་རྒྱས་ཀྱི་ས་ན་དོན་དམ་པ་དབྱིངས་ཉིད་མཐར་ཐུག་པ་ཡོད་པས་ཀུན་རྫོབ་སྤྲོས་བཅས་ཀྱི་སྣང་བ་ཡང་དངོས་སུ་ཡོད་པར་འགྱུར་ཏེ། བདེན་གཉིས་ཤིན་ཏུ་གཅིག་པའི་ཕྱིར་རོ།། དེས་ཕྱིར་ན་དབུ་མ་རང་ལུགས་ལ་བདེན་གཉིས་ངོ་བོ་དབྱེར་མེད་སྣང་སྟོང་ཟུང་འཇུག་གི་བོན། མེད་ན་མི་འབྱུང་བའི་འབྲེལ་བ་ཡིན་པའི་ཕྱིར་རོ།།

  དབྱེ་ངོ་དོན་དམ་བདེན་པ་དང་། ཀུན་རྫོབ་བདེན་པ་གཉིས་ཏེ། ཐེག་འགྲེལ་ལས། གང་ཞེ་ན། དོན་དམ་པའི་བདེན་པ་དང་། ཀུན་རྫོབ་ཀྱི་བདེན་པའོ།། ཞེས་པས་ཀུན་རྫོབ་བདེན་པའི་ངེས་ཚིག་ནི། སྣང་ལ་བརྟགས་མི་བཟོད་པའི་ཕྱིར་དང་། བསླུ་བའི་ཕྱིར་རོ།། ཀུན་རྫོབ་ཞེས་བྱའོ།། མཚན་ཉིད་ནི། བདེན་པར་ཡོད་པ་མ་ཡིན་ཞིང་བདེན་པའི་དོན་ལྟར་སྣང་བའོ།། དེ་ལ་བསླུ་བར་མ་ངེས་པའི་ཀུན་རྫོབ་དང་། བསླུ་བར་ངེས་པའི་ཀུན་རྫོབ་གཉིས། དང་པོ་ནི་ཐ་སྙད་ཚད་མའི་ཡུལ་དུ་གྲུབ་པ། ཀ་བ་བུམ་པ་ལ་སོགས་ཡོད་པའི་ཀུན་རྫོབ་རྣམས་བསླུ་བར་མ་ངེས་པའི་ཀུན་རྫོབ་དང་། གཉིས་པ་ནི། སྒྲོ་བཏགས་ཙམ་མ་གཏོགས་ཐ་སྙད་ཚད་མའི་ཡུལ་དུ་མ་གྲུབ་པ། ཟླ་གཅིག་ཟླ་གཉིས་ལ་སོགས་མེད་པའི་ཀུན་རྫོབ་རྣམས་བསླུ་བར་ངེས་པའི་ཀུན་རྫོབ་བོ།། དབུ་མ་བདེན་གཉིས་ལས་དག་པའི་ཀུན་རྫོབ་དང་མ་དག་ཀུན་རྫོབ་ཞེས་པ་ནི། མཐོང་སྤང་གིས་དག་མ་དག་གི་ཀུན་རྫོབ་བོ། མ་དག་པ་ལ་ཡང་དག་དང་ལོག་པའི་ཀུན་རྫོབ་གཉིས་དབྱེ་བ་ནི་སོ་སྐྱེས་ཀྱི་ཤེས་པ་འཁྲུལ་མ་འཁྲུལ་གྱིས་བཞག་པའི་ཁྱད་པར་རོ།། མཚན་ཉིད་ནི། རེ་ཞིག་པའི་ཚད་མས་གྲུབ་ཅིང་རེ་ཞིག་པའི་དོན་བྱེད་ནུས་པ་ནི། བསླུ་བར་མ་ངེས་པའོ།། ཞེས་གནས་སྐབས་ཀྱི་ཡུལ་རྟོགས་པའི་ཚད་མས་གྲུབ་ཅིང་རང་འཛིན་ཤེས་པ་བསྐྱེད་ནུས་པའི་བོན་ནོ།། རེ་ཞིག་པའི་ཚད་མས་མ་གྲུབ་ཅིང་དོན་བྱེད་ནུས་པས་སྟོང་པ་ནི། བསླུ་བར་ངེས་པའི་ཀུབ་རྫོབ་བོ།། ཞེས་གནས་སྐབས་དང་མཐར་ཐུག་གི་ཡུལ་རྟོགས་པའི་ཚད་མས་མ་གྲུབ་ཅིང་རང་འཛིན་ཤེས་པ་བསྐྱེད་མི་ནུས་པའི་མེད་ངེས་སོ།། བསླུ་བར་མ་ངེས་པའི་ཀུན་རྫོབ་རྣམས་མཚན་ཉིད་བཞི་དང་ལྡན་པ་ཡིན་ཏེ། སྒྲ་བློ་དོན་མཐུན་གྱིས་བཞག་པ་དང་། གནས་སྐབས་བཞག་པ་ལྟར་དུ་གྲུབ་པ་དང་། རིགས་མཐུན་ལ་མཐུན་སྣང་དུ་གྲུབ་པ་དང་། རང་འཛིན་ཤེས་པ་བསྐྱེད་ནུས་པ་སོགས་མཚན་ཉིད་དེ་བཞི་དང་ལྡན་པས་སོ།། བསླུ་བར་ངེས་པའི་ཀུན་རྫོབ་རྣམས་མཚན་ཉིད་དེ་བཞི་དང་མི་ལྡན་ཏེ། སྒྲ་བློ་འཁྲུལ་བས་བཞག་པ་དང་། བཞག་པ་ལྟར་དུ་མ་གྲུབ་པ་དང་། རིགས་མཐུན་ལ་མཐུན་པར་མི་སྣང་བ་དང་། རང་འཛིན་ཤེས་པ་བསྐྱེད་མི་ནུས་པས་སོ།། ཁ་ཅིག་གིས། དོན་བྱེད་ནུས་པ་ལ་སོགས་མཚན་ཉིད་བཞི་དང་ལྡན་མི་ལྡན་གྱིས། བསླུ་བར་མ་ངེས་པ་དང་བསླུ་བར་ངེས་པའི་ཀུན་རྫོབ་གཉིས་བཞག་པ་མི་འཐད་དེ། དབུ་མ་བདེན་གཉིས་ལས། དོན་བྱེད་ནུས་དང་མི་ནུས་སོགས།། ཀུན་རྫོབ་དབྱེ་བའི་ཁྱད་པར་འདོད།། སྐྱེ་བ་མེད་དང་སྒྱུ་མར་མཚུངས།། བརྟག་ན་ཁྱད་པར་ཡོད་མ་ཡིན།། ཞེས་པ་དང་འགལ་བས་སོ་ཞེ་ན། དེ་ནི་ཡང་ལོག་གི་ཀུན་རྫོབ་འཇོག་བྱེད་དུ་མི་འཐད་པར་བསྟན་པ་ཡིན་ཏེ། དབུ་མའི་རང་འགྲེལ་ལས། གསུམ་པ་གཞན་གྱི་འདོད་པ་བཀག་པ་སྟོན་ཏེ། ཁ་ཅིག་ན་རེ། རྒྱུ་རྐྱེན་ལས་སྐྱེས། མཐུན་པར་སྣང་། དོན་བྱེད་ནུས། བརྟགས་ན་དབེན། དེ་ལྟར་མཚན་ཉིད་བཞི་དང་ལྡན་པ་ཡང་དག་པའི་ཀུན་རྫོབ་ཡིན་ལ། དེ་བཞི་མི་ལྡན་པ་ལོག་པའི་ཀུན་རྫོབ་ཡིན་ཟེར་ཏེ། དེ་ནོར་བས་གཉིས་ཀ་ལ་མཉམ་པར་ལྡན་ཏེ། དཔེར་ན་ཆུ་ཟླ་དེ་ཡང་ཆུ་དྭངས་པ་དང་མཁའ་ཟླ་སྤྲིན་ཚོགས་མེད་པའི་རྒྱུ་རྐྱེན་ལས་སྐྱེས། མིག་སྐྱོན་མེད་པ་རྣམས་ལ་མཐུན་པར་སྣང་། དེར་སྣང་གི་ཤེས་པར་སྐྱེ་བའི་དོན་བྱེད་ནུས། རིགས་པས་བརྟག་ན་རང་བཞིན་མེད་པའི་ཟླ་བས་དབེན་པའོ།། ཞེས་གསུངས་པའི་ཕྱིར་རོ།། བསླུ་བར་མ་ངེས་པའི་ཀུན་རྫོབ་ལ་གཉིས་ཡོད་དེ། ཐེག་འགྲེལ་ལས། དེ་ལ་བསླུ་བར་མ་ངེས་པའི་ཀུན་རྫོབ་ལ་གཉིས་ཏེ། རྟོག་པ་དང་བཅས་པའི་ཤེས་པ་ཡུལ་དང་ཡུལ་ཅན་དོན་རྟགས་ཅན་དང་། རྟོག་པ་མེད་པའི་ཤེས་པ་ཡུལ་དང་ཡུལ་ཅན་དང་བཅས་པའོ།། ཞེས་གསུངས་པས་ཡོད་པའི་ཀུན་རྫོབ་ལ། རྟོག་པ་དོན་མཐུན་གྱི་བློས་བཞག་པའི་ཡུལ་དང་ཡུལ་ཅན་དོན་དང་ལྡན་པའི་ཀུན་རྫོབ་དང་། རྟོག་མེད་ཀྱི་བློ་དོན་མཐུན་གྱིས་བཞག་པའི་ཡུལ་དང་ཡུལ་ཅན་དོན་དང་ལྡན་པའི་ཀུན་རྫོབ་གཉིས་སོ།། བསླུ་བར་ངེས་པའི་ཀུན་རྫོབ་ལ་གཉིས་ཏེ། ཐེག་འགྲེལ་ལས། བསླུ་བར་ངེས་པའི་ཀུན་རྫོབ་ལ་གཉིས་ཏེ། སྣང་ལ་དོན་བྱེད་མི་ནུས་པ་དང་། སྣང་ཡང་མི་སྣང་ལ་དོན་བྱེད་ཀྱང་མི་ནུས་པའི་ཀུན་རྫོབ་བོ།། ཞེས་གསུངས་པས་མེད་པའི་ཀུན་རྫོབ་སྣང་ལ་དོན་བྱེད་མི་ནུས་པ་ནི། སོ་སྐྱེ་ལ་སྨིག་སྒྱུ་ཆུར་སྣང་བ་ཡོད་ཀྱང་དེས་ཆུའི་དོན་བྱེད་མི་ནུས་པ་དང་། སྣང་ཡང་མི་སྣང་ལ་དོན་བྱེད་ཀྱང་མི་ནུས་པའི་ཀུན་རྫོབ་ནི། གང་ཟག་གི་བདག་གོ།

  ༧གཉིས་པ་དོན་དམ་གྱི་ངེས་ཚིག་ནི། སངས་རྒྱས་ཀྱི་སྤྱོད་ཡུལ་དམ་པ་ཡིན་པའི་ཕྱིར་དང་། རིག་པས་འགྲུབ་ཅིང་ཚད་མས་མི་གནོད་པའི་ཕྱིར་དང་། གང་ལ་དམིགས་ནས་སྒྲིབ་པ་དག་ཅིང་ཡེ་ཤེས་བསྐྱེད་ལ། ལུས་ཅན་སྒྲོལ་བའི་རྟེན་བྱེད་པའི་ཕྱིར་དོན་དམ་ཞེས་བྱའོ།། མཚན་ཉིད་ནི། སྤྲོས་པ་རྣམས་དང་བྲལ་བའོ།། དོན་དམ་ལ་རང་ལྡོག་ནས་མཚན་མཚོན་དང་དབྱེ་བའི་སྤྲོས་པ་མེད་ཅིང་ཀུན་རྫོབ་ལ་ལྟོས་ནས་ཡོད་དེ། དབུ་མ་བདེན་གཉིས་ལས། དོན་དམ་མཚན་ཉིད་རྣམ་པར་ཆད།། འོན་ཀྱང་སྤྲོས་པ་རྣམས་དང་བྲལ།། ཞེས་དང་། ཐེག་འགྲེལ་ལས། དེ་ལ་དོན་དམ་པའི་བདེན་པ་ལ་གཉིས་ཏེ། ཟབ་མོ་གཏམ་གྱི་དོན་དམ་དང་། འཇིག་རྟེན་གྲགས་སྡེའི་དོན་དམ་མོ།། ཞེས་པས་ཟབ་མོ་གཏམ་གྱི་དོན་དམ་བདེན་པ་ནི། བྱང་སེམས་འཕགས་པའི་མཉམ་བཞག་ཟབ་མོའི་ཡེ་ཤེས་ཀྱིས་བཞག་པའི་དོན་དམ་བདེན་པ་སྟེ། ཕྱི་དོན་བདེན་གྲུབ་ཀྱི་སྣང་བ་ལ་སོགས་གཟུང་འཛིན་གྱི་སྤྲོས་པ་ཡོངས་སུ་ཆོད་པ། ངོ་བོ་སྐྱེ་འགག་གི་མཐའ་དང་བྲལ་བ་ནམ་མཁའ་ལྟར་གནས་པ། འདི་ཞེས་སྤྲོས་པ་གང་དུ་མ་གྲུབ་པ་གཉིས་སྣང་སྣ་ཚོགས་ཉེ་བར་ཞི་བ། སྙིང་རྗེ་ཆེན་པོས་ཞི་མཐའ་མི་གནས་པའི་ཡེ་ཤེས་ཀྱིས་བཞག་པའི་དོན་དམ་བདེན་པ་ཡིན་ཏེ། ཐེག་འགྲེལ་ལས། དེ་ལ་ཟབ་མོ་གཏམ་གྱི་དོན་དམ་ཞེས་བྱ་བ་གང་ཞེ་ན། སྤྲོས་པའི་མཚན་མ་ཐམས་ཅད་ཡོངས་སུ་ཆོད་པ། སྐྱེ་འགག་དང་བྲལ་ཏེ་ནམ་མཁའ་ལྟར་གནས་པ། ཅི་ལྟར་ཡང་མ་གྲུབ་པ་དངོས་པོ་ཐམས་ཅད་ཉེ་བར་ཞི་བ། དེ་ཡང་ཞི་བ་ཙམ་ལ་ཡང་མི་གནས་པའི་ཡེ་ཤེས་སོ།། ཞེས་གསུངས་པས་སོ།། འཇིག་རྟེན་གྲགས་སྡེ་དོན་དམ་ནི། འཇིག་རྟེན་ཚོགས་སྦྱོར་བའི་རྒྱུད་ཀྱི་ཡུལ་དང་ཡུལ་ཅན་གཉིས་སྣང་དང་བཅས་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་བཞག་པའི་དོན་དམ་བདེན་པ་སྟེ། ཐེག་འགྲེལ་ལས། འཇིག་རྟེན་གྲགས་སྡེ་ཞེས་བྱ་བའི་དོན་དམ་གང་ཡིན་ཞེ་ན། རིགས་པའི་ཤེས་པ་ཡུལ་དང་ཡུལ་ཅན་དུ་བཅས་པའོ།། ཞེས་གསུངས་པའོ།། སྟོང་ཉིད་རྟོགས་པའི་རིགས་ཤེས་དང་འཕགས་རྒྱུད་མཉམ་བཞག་ཡེ་ཤེས་ནི། ཡུལ་ཅན་དོན་དམ་ཡིན་གྱི་དོན་དམ་བདེན་པ་མ་ཡིན་ཏེ། དེ་གཉིས་ཀུན་རྫོབ་ཡིན་ཕྱིར་རོ།། མཚན་ཉིད་ནི་གཉིས་ཏེ། ཐེག་འགྲེལ་ལས། སྤྲོས་པའི་ཕྱོགས་གཅིག་དང་བྲལ་བ་ནི་འཇིག་རྟེན་གྲགས་སྡེའི་དོན་དམ་མོ།། སྤྲོས་པའི་ཕྱོགས་མཐའ་དག་དང་བྲལ་བ་ནི་ཟབ་མོ་གཏམ་གྱི་དོན་དམ་མོ།། ཞེས་པས་བདེན་ཞེན་གྱི་སྤྲོས་པ་ཆོད་ལ་བདེན་སྣང་གི་སྤྲོས་པ་མ་ཆོད་པའི་ཤེས་པས་བཞག་པའི་བོན་ནི། འཇིག་རྟེན་པའི་དོན་དམ་མོ།། བདེན་ཞེན་དང་བདེན་སྣང་ལ་སོགས་སྤྲོས་པ་ཐམས་ཅད་དང་བྲལ་བ་མཉམ་བཞག་ཡེ་ཤེས་ཀྱིས་བཞག་པའི་བོན་ནི། འཕགས་པའི་དོན་དམ་མོ།།

  གཉིས་པ་ནི། ཐེག་རིམ་ལས། དོན་ལྔ་ཁྱད་པར་བཞག་པའི་ཚད་མ་ཡིས།། དོན་དམ་ཀུན་རྫོབ་གཉིས་འཇལ་ཤེས་པ་དེས།། བོན་རྣམས་བདག་མེད་སྤྲོས་དང་བྲལ་བར་བལྟ།། སྤྲོས་ལ་གནོད་བྱེད་ཚད་མས་དེ་སེམས་བཟློག། ཞེས་པས་མཐའ་བྲལ་དབུ་མའི་ལྟ་བ་མ་རྟོགས་པའི་གང་ཟག་གིས་དེ་གསར་དུ་རྟོགས་པར་བྱེད་པ་ལ་རྟགས་ཅན་རྗེས་དཔག་གིས་རྟོགས་དགོས་པས། རྗེས་དཔག་ཚད་མ་དང་། དོན་ལྔ་གཉིས་ལས། རྗེས་དཔག་གི་མཚན་ཉིད་ནི། ཚུལ་གསུམ་གྱི་རྟགས་ལས་བསྒྲུབ་བྱ་རྟོགས་པའི་མི་བསླུ་རྟོགས་པའི་བོན་སུམ་ལྡན་གསུངས་སོ།། དེ་ལ་རྣམ་བཅད་དོན་གྱི་བསྒྲུབ་བྱ་རྟོགས་པའི་རིགས་ཤེས་ཚད་མ་དང་། ཡོངས་གཅོད་ཀུན་རྫོབ་ཀྱི་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་གཉིས་ཡོད་དེ། དྲི་མེད་གསལ་སྒྲོན་ལས། རྟོགས་པ་དེ་ཡང་ཚོགས་ལམ་ཚུན་ཆད་དུ་རྗེས་དཔག་དང་རིག་ཤེས་ཡིན་ལ། ཞེས་གསུངས་པས་སོ།། གཉིས་པ་ནི། ཐེག་འགྲེལ་ལས། ལྔ་གང་ཞེ་ན། བོན་ཅན་གྱི་དོན་དང་། དགག་བྱའི་དོན་དང་། བསྒྲུབ་བྱའི་དོན་དང་། གཏན་ཚིགས་ཀྱི་དོན་དང་། དཔེའི་དོན་ནོ།། ཞེས་པས་དང་པོ་ནི། ཐེག་འགྲེལ་ལས། བོན་ཅན་ལ་བཞི་སྟེ། མཐུན་པ་དཔེའི་བོན་ཅན་དང་། མི་མཐུན་པ་དཔེའི་བོན་ཅན་དང་། སྐབས་སུ་བབས་པའི་བོན་ཅན་དང་། རྩོད་གཞི་བོན་ཅན་ནོ།། དེ་ལ་བོན་ཅན་སྤྱི་ཡི་མཚན་ཉིད་ནི། གང་བོན་གྱི་རྟེན་བྱེད་པ་དེའོ།། མཐུན་པ་ནི། བསྒྲུབ་བྱའི་བོན་དང་ལྡན་པའོ།། མི་མཐུན་པ་ནི། བསྒྲུབ་བྱའི་བོན་དང་མི་ལྡན་པའོ།། རྩོད་གཞིའི་བོན་ཅན་ནི་གཉིས་ཏེ། གྲགས་པ་བོན་ཅན་དང་། བརྟག་པ་བོན་ཅན་ནོ།། དེ་ལ་གྲགས་པ་ནི་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མཐུན་པར་སྣང་བའི་ཚད་མས་གྲུབ་པ་གཅིག་ལ་བྱའོ།། བརྟག་པ་ནི་མི་སྣང་བ་སྣང་བར་བྱས་ནས་འཇོག་པ་སྟེ། མཐུན་སྣང་དུ་ཚད་མས་མ་གྲུབ་པ་ལ་བྱའོ།། ཤུགས་ལ་གྲུབ་ཀྱང་སྲིད་དོ།། ཞེས་གསུངས་པའོ།། དེ་ལ་མཐུན་པ་དཔེའི་བོན་ཅན་ནི། གཅིག་དུ་བྲལ་གྱི་རྟགས་ཀྱིས་སྣང་བ་ཡང་དག་པའི་རང་བཞིན་མེད་པར་བསྒྲུབ་པའི་ཚེ། རྗེས་ཁྱབ་ངེས་པའི་གཞི་མཐུན་དཔེ་གཟུགས་བརྙན་ལྟ་བུའོ།། མི་མཐུན་དཔེའི་བོན་ཅན་ནི། དེ་བསྒྲུབ་ཀྱི་ལྡོག་ཁྱབ་ངེས་པའི་གཞི་ལྟ་བུའོ།། སྐབས་སུ་བབས་པའི་བོན་ཅན་ནི། དེ་བསྒྲུབ་ཀྱི་བོན་ཅན་སྣང་བ་ལྟ་བུའོ།། རྩོད་གཞི་བོན་ཅན་ནི། སྣང་བ་བདེན་མི་བདེན་རྩོད་པའི་ཚེ་སྣང་བ་ལྟ་བུའོ།། གྲགས་པ་བོན་ཅན་ནི། དེ་བསྒྲུབ་ཀྱི་སྔ་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་ཚད་མས་གྲུབ་པའི་སྣང་བ་ལྟ་བུའོ།། བརྟག་པ་བོན་ཅན་ནི། དེ་ལྟར་བསྒྲུབ་ཚེ་རྒོལ་བ་གཉིས་ཀ་ལ་མཐུན་སྣང་དུ་ཚད་མས་མ་གྲུབ་པ། བདེན་པའི་ཁྱད་པར་དུ་བྱས་པའི་སྣང་བའམ་བདེན་མེད་ཀྱི་ཁྱད་པར་དུ་བྱས་པའི་སྣང་བ་ལྟ་བུའོ།།

  ༧གཉིས་པ་དགག་བྱའི་མཚན་ཉིད་ནི། འཚོགས་དོན་གྲུབ་བསལ་མེད་པ་ཞིག་གི་ལྡོག་ཕྱོགས་སུ་གྱུར་བ་དེ། དགག་བྱ་ཡང་དག་གི་མཚན་ཉིད། འཚོགས་དོན་གྲུབ་བསལ་མེད་པའི་ལྡོག་ཕྱོགས་གང་ཞིག རྟགས་ཡང་དག་གི་དགག་པར་བྱ་བ་དེ། རྟགས་ཡང་དག་གི་དགག་བྱའི་མཚན་ཉིད། དེ་ནི་སྣང་བ་ཡང་དག་པའི་རང་བཞིན་དུ་ཡོད་པ་ལྟ་བུའོ།། དགག་བྱའི་བོན་གྱི་མཚན་ཉིད་ནི། བོན་ཅན་ལ་རྟགས་ཀྱིས་དགག་པར་བྱ་བ་དེ། དགག་བྱའི་བོན་གྱི་མཚན་ཉིད། བོན་ཅན་ལ་ཚུལ་གསུམ་ཡིན་པས་དགག་པར་བྱ་བ་དེ། རྟགས་ཡང་དག་གི་དགག་བྱའི་བོན་གྱི་མཚན་ཉིད། གསུངས་སོ།། དེ་ནི་རང་བཞིན་གྱིས་གྲུབ་པ་ལྟ་བུའོ།།

  ༧དབུ་མ་གཉིས་ཀྱིས་དགག་བྱ་འདོད་ཚུལ་ནི། ཐེག་འགྲེལ་ལས། དགག་བྱའི་དོན་ལ་གཉིས་ཏེ། རོལ་པ་སྐྱེ་མཆེད་ལྟར་སྣང་བའི་འདོད་པ་དང་། མཚན་མ་ཀུན་བྲལ་ཅིར་མི་སྣང་གི་འདོད་པའོ།། དེ་གཉིས་ཀྱི་འདོད་པ་ནི། ཟབ་མོ་གཏམ་གྱི་དོན་དམ་ལ་མཐུན་ནོ།། དེ་གཏན་ལ་འབེབ་པའི་སྐབས་སུ། བརྟག་པ་བོན་ཅན་དུ་བཞག་ནས་བརྟག་པ་འགེགས་པ་མཐུན། སྣང་བ་བོན་ཅན་དུ་བཞག་ནས་བརྟག་པ་འགེགས་པར་མཐུན། སྣང་བ་བོན་ཅན་དུ་བཞག་ནས་སྣང་བ་འགེགས་པ་མ་མཐུན་ཏེ། ཞེས་པས་སྐྱེ་མཆེད་དང་ཅིར་མི་སྣང་གཉིས་ཀྱི་འདོད་པ་ལ། མཉམ་བཞག་ཟབ་མོའི་ཡུལ་དུ་གྱུར་པའི་སྟོང་ཉིད་ཀྱི་དགག་བྱ་རང་བཞིན་གྱིས་གྲུབ་པ་འདོད་པ་ལ་གཉིས་ཀ་མཐུན་ནོ།། སྟོང་ཉིད་རྟགས་ཀྱིས་གཏན་ལ་འབེབ་པའི་སྐབས་སུ། བརྟག་པ་བདག་དང་ཆ་མེད་བདེན་གྲུབ་སོགས་བོན་ཅན་དུ་བཞག་ནས། བརྟག་པ་དེ་དག་སྟོང་ཉིད་རྟོགས་པའི་རིག་ངོར་འགེགས་པ་གཉིས་ཀ་མཐུན་ནོ།། སྣང་བ་གཟུགས་སྒྲ་ལ་སོགས་ཀུན་རྫོབ་རྣམས་བོན་ཅན་དུ་བཞག་ནས། དེ་དག་བདེན་པར་གྲུབ་པ་སྟོང་ཉིད་རྟོགས་པའི་རིག་ངོར་འགེགས་པ་ཡང་གཉིས་ཀ་མཐུན་ནོ།། འོ་ན་གང་མ་མཐུན་ན། སྣང་བ་གཟུགས་སྒྲ་ལ་སོགས་ཀུན་རྫོབ་བདེན་པ་རྣམས་བོན་ཅན་དུ་བཞག་ནས། རང་བཞིན་མེད་པར་བསྒྲུབ་པས། གཞི་སྣང་བའི་སྟེང་གི་སྟོང་ཉིད་རྟོགས་པའི་རིག་ངོར་སྣང་བ་འགོག་པ་དབུ་མ་གཉིས་མ་མཐུན་ཏེ། རོལ་བ་སྐྱེ་མཆེད་པའི་སྟོང་ཉིད་རྟོགས་པའི་རིག་ངོར་སྣང་བ་ཡོད་པར་འདོད་པ་དང་། ཅིར་མི་གནས་ཀྱིས་སྟོང་ཉིད་རྟོགས་པའི་རིག་ངོར་སྣང་བ་མེད་པར་འདོད་དེ། ཐེག་འགྲེལ་ལས། རོལ་པ་སྐྱེ་མཆེད་ཀྱི་ལུགས་ཀྱི། སྣང་བ་བོན་ཅན་ལ་གཏན་ཚིགས་གཅིག་དང་དུ་བྲལ་གྱིས། ཡང་དག་གི་སྤྲོས་པ་བཅད་ནས་ཤུགས་ལ་སྐྱེ་མཆེད་སྒྱུ་མ་རྫུན་དུ་ཡོངས་སུ་གཅོད་ཅིང་བསྒྲུབ་པའོ།། ཞེས་པས་རོལ་པ་སྐྱེ་མཆེད་ཀྱི་ལུགས་ལ། སྣང་བ་ཙམ་བོན་ཅན། ཡང་དག་པའི་རང་བཞིན་མེད་དེ། གཅིག་དང་དུ་མ་དང་བྲལ་བའི་ཕྱིར། ཞེས་པའི་གཏན་ཚིགས་གཅིག་དུ་བྲལ་གྱི་རྟགས་ཀྱིས་སྣང་བ་ཡང་དག་པའི་རང་བཞིན་གྱིས་གྲུབ་པ་ཁེགས་ནས། གཞི་སྣང་བའི་སྟེང་གི་སྟོང་ཉིད་རྟོགས་པའི་རིགས་ཤེས་ཀྱིས་སྟོང་ཉིད་དངོས་སུ་རྟོགས་པའི་སྟོབས་ཀྱིས། སྟོང་གཞི་སྣང་བ་ཡང་ཤུགས་ལ་རྟོགས་ཤིང་བསྒྲུབ་པར་འདོད་པའོ།། དེས་ཕྱིར་སྟོང་ཉིད་ཡོངས་གཅོད་དུ་སྨྲ་བའི་དབུ་མ་པ་ཞེས་བྱའོ།། མཚན་མ་ཀུན་བྲལ་གྱིས་དེ་ལྟར་མི་འདོད་དེ། ཐེག་འགྲེལ་ལས། མཚན་མ་ཀུན་བྲལ་ཅིར་མི་གནས་ཀྱི་གོ་བ་ནི། སྣང་བ་ལ་རིགས་པས་དཔྱད་ན་རྣམ་པར་བཅད་པ་ཙམ་ལ་ཐ་སྙད་གདགས་ཏེ། སྤྲོས་པ་ཐམས་ཅད་ཡོངས་སུ་བྲལ་བའི་ཕྱིར།། རིག་པའི་ངོ་ན་ཡོངས་གཅོད་མི་གནས་ཏེ། ཡོངས་སུ་བཅད་ན་ཡང་དག་པར་འགྱུར་བའི་ཕྱིར་རོ།། ཞེས་པས་མཚན་མ་ཀུན་བྲལ་གྱིས། སྣང་བ་ཙམ་བོན་ཅན། ཡང་དག་པའི་རང་བཞིན་མེད་དེ། གཅིག་དང་དུ་མ་དང་བྲལ་བའི་ཕྱིར། ཞེས་པའི་གཏན་ཚིགས་གཅིག་དུ་བྲལ་གྱི་རྟགས་ཀྱིས་སྣང་བ་རང་བཞིན་གྱིས་གྲུབ་པ་ཁེགས་ནས། དགག་བྱའི་རྣམ་པ་བཅད་ཆའི་སྟོང་ཉིད་ཙམ་རྟོགས་པའི་ཤེས་པ་ལ། རིགས་ཤེས་ཡོངས་གཅོད་མེད་པ་ཞེས་པའི་ཐ་སྙད་གདགས་སྟེ། སྟོང་ཉིད་རྟོགས་པའི་རིག་ངོར་དགག་བྱའི་སྤྲོས་པ་དང་གཉིས་འཛིན་གྱི་སྤྲོས་པ་ཐམས་ཅད་བྲལ་བའི་ཕྱིར། སྟོང་ཉིད་རྟོགས་པའི་བློས་ཀུན་རྫོབ་དངོས་ཤུགས་གང་ལ་ཡང་མི་རྟོགས་ཏེ། དེས་ཀུན་རྫོབ་རྟོགས་ན་ཀུན་རྫོབ་སྟོང་ཉིད་དུ་ཐལ་བའི་སྐྱོན་ཡོད་པར་འདོད་པའི་ཕྱིར་རོ།། དེས་ཕྱིར་སེམས་དཔའ་སྤྲོས་མེད་པ་ཞེས་བྱའོ།། དེས་ཕྱིར་དབུ་མ་གཉིས་ཀྱི་ཁྱད་པར་དེའི་སྒོ་ནས་འཇོག་པར་སེམས་སོ།།

  ཁ་ཅིག་གིས་དབུ་མ་རང་རྒྱུད་པ་ལ་དབྱེ་བཞག་མཛད་འདུག་ཀྱང་། འདིར་མཚན་མ་ཀུན་བྲལ་གཉིས་ཏེ། ཐེག་འགྲེལ་ལས། མཚན་ཀུན་བྲལ་ཅིར་མི་གནས་ལ་གཉིས་ཏེ། མཚན་མ་འགེགས་པ་དང་། མཚན་མ་ཤུགས་སྣང་ངོ་། ཞེས་པས་དབུ་མ་དེ་གཉིས་ཀྱི་འདོད་པ་ནི། ཐེག་འགྲེལ་ལས། དེ་ལ་མཚན་མ་ཤུགས་སྣང་གི་འདོད་པའི་དགག་བྱ་ལ་གཉིས་ཏེ། ལམ་གྱི་དགག་བྱ་དང་། རིག་པའི་དགག་བྱའོ།། ཞེས་པས་ཐར་ལམ་གྱི་སྤང་བྱ་གྱུར་བའི་བདག་འཛིན་ཀུན་བརྟགས་དང་ལྷན་སྐྱེས་རྣམས་ལམ་གྱི་དགག་བྱ་སྟེ། སྤང་གཉེན་རྒྱུད་ནས་གནོད་བྱ་གནོད་བྱེད་དུ་གྱུར་པའི་ཕྱིར་ཏེ། ཐེག་འགྲེལ་ལས། དེ་ལ་ལམ་གྱི་དགག་བྱ་ནི་རྒྱུད་འགལ་གྱིས་འགེགས། ཞེས་གསུངས་པའི་ཕྱིར། སྟོང་ཉིད་རྟོགས་པའི་རིག་ངོའི་དགག་བྱ་ནི། ཐེག་འགྲེལ་ལས། རིག་པའི་དགག་བྱ་ནི་དངོས་འགལ་གྱིས་འགེགས་སོ།། དེ་ལ་སྤྱིར་ཁམས་གསུམ་ན་གནས་པའི་ཤེས་བྱ་ཐམས་ཅད་སྒྲོ་བཏགས་པ་ཡིན་ནོ། ཤེས་པ་ཐམས་ཅད་སྒྲོ་འདོགས་པ་ཡིན་ཏེ། དེས་ན་སྒྲོ་བཏགས་འདོགས་ཡིན་པས་ཀུན་དགག་བྱ་ཡིན་ནོ།། ཞེས་པས་སྤྱིར་ཁམས་གསུམ་ན་གནས་པའི་སེམས་ཅན་གྱིས་འདི་ཞེས་སུ་འཛིན་པའི་ཡུལ་དུ་གྱུར་པའི་ཤེས་བྱ་ཐམས་ཅད་སྒྲོ་བཏགས་པ་ཡིན་ལ། དེའི་ཤེས་པ་ཐམས་ཅད་སྒྲོ་འདོགས་བྱེད་ཡིན་པས། སྒྲོ་བཏགས་འདོགས་ཀྱི་ཀུན་རྫོབ་ཐམས་ཅད་སྟོང་ཉིད་རྟོགས་པའི་རིག་ངོར་དགག་བྱའོ།། སྣང་བ་དེ་དག་ཅི་ལྟར་རིག་ངོར་འགེགས་ཞེ་ན། ཐེག་འགྲེལ་ལས། ཡིན་པ་ལ་དེ་ལྟར་རྟོགས་ན། རྟོག་པས་རྟོག་པ་འགེགས། སྤྲོས་པས་སྤྲོས་པ་གཅོད། བཟང་རྟོག་གིས་ངན་རྟོག་འགེགས་ཏེ། དཔེར་ན་ཁྲག་གིས་ཁྲག་འཁྲུ་བ་དང་འདྲའོ།། ཞེས་པས་དཔེ་དོན་གཉིས་ལས། དོན་ནི་སྣང་བ་རང་བཞིན་མེད་པ་ཡེ་ནས་ཡིན་པ་ལ། དེ་ལྟར་ཡིན་པ་ལམ་ཞུགས་སོ་སྐྱེས་ཀྱི་གནས་སྐབས་སུ་རྟོགས་པས། ཚོགས་སྦྱོར་གྱི་སྟོང་ཉིད་རྟོགས་པའི་རིག་ངོར་གཟུང་འཛིན་གྱི་རྟོག་པ་ཀུན་འགེགས་པའོ།། དོན་སྤྱི་སྣང་བའི་སྤྲོས་པ་དང་བཅས་པའི་རིགས་ཤེས་ཀྱིས་། ཡང་དག་པར་ཡོད་པ་སོགས་དགག་བྱའི་སྤྲོས་པ་ཀུན་ཆོད་པའོ།། དེ་ལྟར་སྟོང་ཉིད་རྟོགས་པའི་བཟང་རྟོག་གིས་གཟུང་འཛིན་གྱི་རྟོག་པ་ངན་རྟོག་ཀུན་འགེགས་པ་སྟེ། དཔེར་ན། ཁྲག་གིས་ཁྲག་འཁྲུ་བ་ལ་ཁྲག་རགས་པ་དག་པ་བཞིན། ཚོགས་སྦྱོར་གྱི་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་དགག་བྱའི་སྤྲོས་པ་ཆོད་པའོ།། དེ་ནི་དགག་བྱ་དང་འགེགས་བྱེད་དེ། ཐེག་འགྲེལ་ལས། དེ་ལ་ཐ་སྙད་ནི་དགག་བྱ་དང་། དགག་བྱའི་རིགས་འགེགས་བྱེད་དང་། འགེགས་བྱེད་ཀྱི་རིགས་འགེགས་བྱེད་གཉིས་སོ།། ཞེས་པས་རིག་ངོའི་དགག་བྱ་སྣང་བ་སོགས་འགེགས་བྱེད་སྟོང་ཉིད་རྟོགས་པའི་རིགས་ཤེས་དང་། སྟོང་ཉིད་རྟོགས་པའི་རིག་པ་རང་འགེགས་བྱེད་ཀྱི་རིགས་འགེགས་བྱེད་དོ།།

  ༧དབུ་མ་གཉིས་ཀའི་ལུགས་ཀྱི་ལྟ་བའི་དགག་བྱ་གང་ཡིན་ཞེ་ན། འདོད་པ་མཐུན་པ་དང་མི་མཐུན་པ་གཉིས་ལས། མཐུན་པ་ནི། འཕགས་པའི་མཉམ་བཞག་ཟབ་མོའི་ཡུལ་དུ་གྱུར་པའི་དོན་དམ་བདེན་པ་ལ་གཉིས་ཀ་མཐུན་ཏེ། དེ་ནི་དགག་སྒྲུབ་གཉིས་སུ་མེད་པའི་བོན་ཉིད། མཉམ་བཞག་ཡེ་ཤེས་ཀྱིས་ངོ་ཤེས་པ་ཙམ་མོ།། ཀུན་རྫོབ་གཏན་ལ་འབེབ་པའི་སྐབས་སུ་སྒྲུབ་བྱ་རྟོགས་པའི་ཚད་མའི་ངོར་སྣང་བ་མི་འགེགས་པ་དང་། ཚད་མ་དེས་དགག་བྱའི་རྣམ་པ་བཅད་པ་དང་སྣང་བ་ཡོངས་གཅོད་བྱེད་པ་གཉིས་ཀ་མཐུན་ནོ།། མི་མཐུན་པ་ནི། སྣང་བའི་སྟེང་དུ་དོན་དམ་གཏན་ལ་འབེབ་པའི་སྐབས་སུ་མ་མཐུན་ཏེ། རོལ་པས་སྣང་བའི་སྟེང་གི་སྟོང་ཉིད་རྟོགས་པའི་རིགས་ཤེས་ཀྱིས་སྣང་བ་ཡོངས་གཅོད་བྱེད་པར་འདོད་ལ། མཚན་མ་ཀུན་བྲལ་གྱིས་སྣང་བའི་སྟེང་གི་སྟོང་ཉིད་རྟོགས་པའི་རིགས་ཤེས་ཀྱིས་སྣང་བ་ཡང་དག་ཏུ་ཡོད་པའི་རྣམ་པར་བཅད་པ་ཙམ་ལས་སྣང་བ་ཡོངས་གཅོད་མི་བྱེད་པར་འདོད་པའོ།། འོ་ན་ཀུན་འགེགས་དང་ཤུགས་སྣང་གཉིས་ཀྱི་ཁྱད་པར་གང་ཞེ་ན། ཐེག་འགྲེལ་ལས། མཚན་མ་ཤུགས་སྣང་གི་ལུགས་ཀྱི་དོན་དམ་གཏན་ལ་འབེབས་པའི་སྐབས་སུ། དེའི་ཚད་མས་སྣང་བ་དང་སྣང་ཚད་ཀྱང་མི་འགེགས། སྣང་བ་ཡང་དག་གི་རང་བཞིན་བྱ་བ་ཙམ་ཡང་མི་འགེགས། སྣང་བ་སྒྱུ་མ་ཙམ་ཡང་མི་འགེགས་སོ།། འོ་ན་གང་ཞེ་ན། སྣང་བ་ལས་གོང་བརྒལ་བའི་བརྟགས་པའི་བརྟག་པའམ། སྣང་བ་རིགས་ངོར་ཡོད་པའམ། ཡང་དག་ཏུ་ཡོད་པ་དེ་འགེགས་སོ།། དེ་ནི་ཚད་མ་དངོས་ཀྱིས་འགལ་བས་འགེགས་པའོ།། ཞེས་པས་དེའི་ལུགས་ལ་གཞི་སྣང་བའི་སྟེང་གི་སྟོང་ཉིད་རྟོགས་པའི་རིགས་ཤེས་རྗེས་དཔག་ཚད་མ་ལ་སྟོང་ཉིད་ཀྱི་དོན་སྤྱི་གཙོ་བོར་ཤར་ནས་སྣང་བའི་དོན་སྤྱི་ཕལ་བའི་ཚུལ་དུ་ཤར་བ་འདོད་པས། རིག་ངོར་སྟོང་གཞིའི་སྣང་བ་སྣང་ཚོད་མི་འགེགས། རིག་ངོར་གཟུང་འཛིན་ཐ་དད་དུ་སྣང་བ་ཙམ་ཡང་མི་འགེགས། རིག་ངོར་སྣང་བའི་དོན་སྤྱི་སྒྱུ་མ་ལྟ་བུ་བདེན་པ་མ་གྲུབ་བཞིན་དུ་བདེན་པར་གྲུབ་པ་སྣང་བ་ཡང་མི་འགེགས་སོ།། ཁ་ཅིག་གིས། འོ་ན་གང་འགེགས་ཞེ་ན། སྣང་བ་ཡོངས་གཅོད་བྱེད་པ་འགེགས་ཏེ། རིག་ངོར་དོན་སྤྱི་སྣང་ཀྱང་དེས་དོན་སྤྱི་དོན་དུ་མི་འཛིན་པ་དང་། སྣང་བ་རིག་ངོར་ཡོད་པ་འགེགས་པ་དང་། སྣང་བ་བདེན་པར་གྲུབ་པ་རིག་ངོར་འགེགས་པའོ།། རང་བཞིན་གྱིས་གྲུབ་པ་ནི་རང་བཞིན་མེད་པར་རྟོགས་པའི་ཚད་མའི་འཛིན་སྟངས་དངོས་འགལ་དུ་སོང་བས་འགེགས་པའོ།། ལམ་གྱི་དགག་བྱ་ནི། ཐེག་འགྲེལ་ལས། སྣང་བ་ཚད་མ་རྒྱུད་འགལ་གྱིས་འགེགས་ཏེ། ལམ་གྱི་དགག་བྱའི་འགེགས་པའི་འདོད་པ་ནི། སྣང་བ་ལ་གཅིག་དང་དུ་བྲལ་གྱིས་རང་བཞིན་མེད་པར་གཏན་ལ་འབེབས་ཏེ། རང་བཞིན་མེད་པར་གོ་བས་རང་བཞིན་དུ་འཛིན་པའི་བློ་ལྡོག་དེ་ལོག་པས་རང་ལྟ་ལ་མི་ཆགས། གཞན་ལྟ་ལ་མི་སྡང་། དེ་གཉིས་མེད་དུ་རྟོགས་པས་གཏི་མུག་མེད། དེ་མེད་པས་དུག་གསུམ་ལྡོག་དེ་ལོག་པས་འཁོར་བ་རྒྱུད་གསུམ་དུ་མི་སྐྱེ། དེར་མ་སྐྱེས་པས་མི་ལུས་ངན་པ་མི་ཐོབ། དེ་མ་ཐོབ་པས། མིག་ལ་སོགས་པའི་དབང་པོ་ལྔ་ངན་པ་ལོག དེ་མ་བྱུང་བས་རྣམ་ཤེས་ངན་པ་མེད། དེ་མེད་པས་སྣང་བ་བཀྲ་ཅག་གེ་བ་འདི་གང་ལ་སྣང་སྟེ་མི་སྣང་། དེར་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ། ཡེ་ཤེས་དེས་རིག་ཤེས་ལ་སོགས་པ་ཀུན་ཡེ་ཤེས་ཉིད་དུ་བསྒྱུར་རོ།། ཞེས་གསུངས་པའོ།།

  ༧མཚན་མ་འགེགས་པའི་འདོད་པ་ནི། ཐེག་འགྲེལ་ལས། མཚན་མ་འགེགས་པའི་ལུགས་ཀྱི། དོན་དམ་གཏན་ལ་འབེབས་པའི་སྐབས་སུ། དེའི་ཚད་མས་སྣང་བ་སྣང་ཚོད་དང་། སྒྱུ་མ་དང་སྣང་བ་ཡང་དག་ཏུ་འདོད་པ་ལ་སོགས་པ་ཀུན་འགེགས་སོ།། ཚད་མ་ཚད་མ་རང་གི་ངོ་ལ་སྤྲོས་པར་སོང་བས། ཚད་མ་ཚད་མ་རང་གིས་འགེགས་སོ།། ཚད་མ་དེས་ཀྱང་མེད་དགག་རྣམ་གཅོད་འབའ་ཞིག་བྱེད་པ་ལས། ཡོངས་གཅོད་མི་བྱེད་དོ།། ཞེས་པས་དེའི་ལུགས་ལ་གཅིག་དུ་བྲལ་གྱི་རྟགས་ཀྱིས་སྣང་བའི་སྟེང་གི་སྟོང་ཉིད་རྟོགས་པའི་རིགས་ཤེས་རྗེས་དཔག་ཚད་མའི་ངོར། སྟོང་གཞི་སྣང་བ་དང་འབྲེལ་བའི་སྣང་བ་སྣང་ཚད་འགེགས་ཏེ། སྟོང་གཞི་སྣང་བའི་དོན་སྤྱི་དང་། སྣང་བ་སྒྱུ་མ་ལྟ་བུ་སྣང་བ་དང་། སྣང་བ་བདེན་པར་གྲུབ་པ་སྣང་བ་ལ་སོགས་ཀུན་འགེགས་ཏེ་དེའི་ངོར་མི་སྣང་བའོ།། རིགས་ཤེས་ཚད་མ་རང་གིས་རང་ཡང་མི་རྟོགས་ཏེ། དེ་རྟོགས་ན་སྤྲོས་པ་དང་བཅས་པར་འགྱུར་བས། རིགས་ཤེས་ཚད་མ་རང་གི་ངོར་རང་འགེགས་པའོ།། རིགས་ཤེས་ཚད་མ་དེས་རང་གི་ཡུལ་སྟོང་ཉིད་མེད་དགག་རྣམ་བཅད་འབའ་ཞིག་རྟོགས་པར་བྱེད་པ་ལས། སྣང་བ་དངོས་ཤུགས་གང་ལ་རྟོགས་པ་མི་འདོད་ལ་སྟོང་ཉིད་ཀྱི་དོན་སྤྱི་སྣང་བར་འདོད་དོ།། དེ་དཔེ་ཡི་སྒོ་ནས་བསྟན་པ་ནི། ཐེག་འགྲེལ་ལས། ཡང་མཚན་མ་འགེགས་པ་དང་ཤུགས་སྣང་གི་གོ་བ་ནི། དཔེར་ན། དུང་དཀར་པོ་ལ་སེར་པོར་འཛིན་པའི་ཤེས་པ་དེ། འཁྲུལ་བའི་དུས་ན་སེར་པོར་སྣང་མི་སྣང་ཞེ་ན། སྣང་ཞེས་སོ། སེར་པོར་ཡོད་དམ་ཞེ་ན། མེད་ཅེས་སོ།། དེ་བཞིན་དུ་རིགས་པའི་ཤེས་པ་ལ་སྣང་བ་སྣང་ངམ་མི་སྣང་ཞེ་ན། སྣང་ངོ་།། ཡོད་དམ་ཞེ་ན་མེད་དོ།། ཞེས་པས་མཚན་མ་འགེགས་པའི་ལུགས་ལ་དཔེ་དོན་གཉིས། དཔེ་ནི་དུང་དཀར་པོ་ལ་སེར་པོར་འཛིན་པའི་ཤེས་པ་དེ། དུང་ལ་འཁྲུལ་བའི་དུས་ན་དུང་སེར་པོའི་རྣམ་པ་སྣང་ངམ་མི་སྣང་ཞེ་ན། སྣང་ཞེས་སོ། དུང་སེར་པོར་འཛིན་པའི་སེར་འཛིན་མིག་ཤེས་ཀྱི་ངོ་ལ་དུང་སེར་པོར་ཡོད་དམ་ཞེ་ན། དེའི་ངོ་ལ་དུང་སེར་པོ་མེད་ཅེས་སོ།། དོན་ནི། དཔེ་དེ་བཞིན་དུ། རིགས་པའི་ཤེས་པ་ལ་སྣང་བ་སྣང་ངམ་མི་སྣང་ཞེ་ན། སྟོང་གཞི་སྣང་བའི་དོན་སྤྱི་མི་སྣང་ལ་སྟོང་ཉིད་ཀྱི་དོན་སྤྱི་སྣང་ངོ་།། རིགས་ཤེས་ཀྱིས་སྣང་བ་དང་དོན་སྤྱི་རྟོགས་པ་ཡོད་དམ་ཞེ་ན་མེད་པར་འདོད་པའོ།། ཐེག་འགྲེལ་ལས། ཤུགས་སྣང་བ་ནི་རིག་པའི་ཤེས་པ་ལ་སྣང་བ་སྣང་ངམ་མི་སྣང་ཞེ་ན། ཡང་དག་ཏུ་མི་སྣང་ལ་སྒྱུ་མར་སྣང་ཞེས་བྱའོ།། ཞེས་པས་ཤུགས་སྣང་གིས་འདོད་པ་ལ། གཞི་སྣང་བའི་སྟེང་གི་སྟོང་ཉིད་རྟོགས་པའི་རིགས་ཤེས་རྗེས་དཔག་ཚད་མ་ལ། སྣང་བའི་དོན་སྤྱི་སྣང་ངམ་ཞེ་ན། དེ་ལ་སྣང་བའི་དོན་སྤྱི་ཡང་དག་པར་ཐ་མི་དད་པའི་ཚུལ་དུ་མི་སྣང་ལ། གཟུང་འཛིན་ཐ་དད་པ་སྒྱུ་མ་ལྟ་བུར་སྣང་བ་འདོད་པའོ།། མདོར་བསྡུས་བ་ནི། ཐེག་འགྲེལ་ལས། ཚད་མ་ལ་སྣང་བ་སྣང་མི་སྣང་ལ་ཡང་འཇོག་གོ། ཞེས་པ་མཐའི་སྡོམ་ཚིག་སྟེ། ཀུན་འགེགས་དང་ཤུགས་སྣང་གི་ཁྱད་པར། སྟོང་ཉིད་རྟོགས་པའི་རིགས་ཤེས་ཚད་མ་ལ། སྟོང་གཞི་སྣང་བའི་དོན་སྤྱི་སྣང་བ་འདོད་མི་འདོད་ཀྱིས་ཁྱད་པར་རོ།།

  ༧གསུམ་པ་ལ། བསྒྲུབ་བྱ་དང་། བསྒྲུབ་བྱའི་བོན་གཉིས། བསྒྲུབ་བྱའི་མཚན་ཉིད་ནི། རང་ལྡོག་གྲུབ་བསལ་མེད་ཅིང་རྟགས་ཀྱི་གོ་བྱར་བཟུང་བ་གསུངས་སོ།། དེ་ལ་གཉིས་ཏེ། དྲན་པའི་རྣམ་འབྱེད་འཕྲུལ་ལྡེ་ལས། མཚོན་བྱ་དངོས་དང་དབྱིངས་ཉིད་དང་། ཞེས་གསུངས་པས་མཚོན་བྱ་ནི་བསྒྲུབ་བྱ་དང་། དངོས་ནི་ཀུན་རྫོབ་དངོས་ཀྱི་བསྒྲུབ་བྱ་དང་། དབྱིངས་ཉིད་ནི། དོན་དམ་རྣམ་བཅད་ཀྱི་བསྒྲུབ་བྱའོ།། སྒྲུབ་བྱའི་བོན་གྱི་མཚན་ཉིད་ནི། བོན་ཅན་ལ་རྟགས་ཀྱི་གོ་བྱར་བཟུང་བ་དེའོ།། དེ་ལ་གཉིས་ཏེ། ཐེག་འགྲེལ་ལས། བསྒྲུབ་བྱའི་དོན་ལ་གཉིས་ཏེ། རང་བཞིན་མེད་པའི་དོན་བསྒྲུབ་དང་། ཐ་སྙད་བསྒྲུབ་པའོ།། ཞེས་པས་དོན་བསྒྲུབ་པའི་སྒྲུབ་བྱའི་བོན་དང་། ཐ་སྙད་བསྒྲུབ་པའི་སྒྲུབ་བྱའི་བོན་གཉིས་སོ།། སྤྱིར་དོན་དང་ཐ་སྙད་ནི། མཚན་ཉིད་དང་མཚོན་བྱ་ལ་གོ་བའི་སྐབས་ཡང་ཡོད་ལ། འདིར་དོན་ནི་རང་བཞིན་ནམ་རྫས་དང་། ཐ་སྙད་ནི་མིང་ངམ་ལྡོག་པ་སྟེ། སྣང་བ་ཡང་དག་པའི་རང་བཞིན་མེད་པ་མ་རྟོགས་པའི་ཕྱི་རྒོལ་གྱི་ངོར། སྣང་བ་ཡང་དག་པའི་རང་བཞིན་མེད་པ་རྟགས་དང་འབྲེལ་བར་བྱེད་པའི་བསྒྲུབ་པ་དོན་བསྒྲུབ་པ་དང་། སྣང་བ་ཡང་དག་པའི་རང་བཞིན་མེད་པའི་ཐ་སྙད་མ་ཐོགས་པའི་ངོར། སྣང་བ་ཡང་དག་པར་མེད་པའི་ཐ་སྙད་བྱ་རུང་རྟགས་དང་འབྲེལ་བར་བྱེད་པའི་བསྒྲུབ་པ་ནི། ཐ་སྙད་བསྒྲུབ་པ་སྟེ། ཐེག་འགྲེལ་ལས། དེ་གཉིས་ཀྱི་གོ་བ་ནི། དོན་གྱི་སྒྲོ་འདོགས་དང་མ་འབྲེལ་བ་འབྲེལ་བར་བྱེད་པ་དོན་བསྒྲུབ་པའོ།། ཐ་སྙད་ཀྱི་སྒྲོ་འདོགས་དང་མ་འབྲེལ་བ་འབྲེལ་བར་བྱེད་པ་ཐ་སྙད་བསྒྲུབ་པའོ།། ཞེས་དང་། དྲི་མེད་གསལ་སྒྲོན་ལས། དེས་ན་གཅིག་དང་དུ་བྲལ་གྱིས་སྣང་བ་སྟོང་ཉིད་དུ་བསྒྲུབ་ན་དོན་བསྒྲུབ་ལ། དེ་ཉིད་ལ་ཚུལ་གསུམ་ཚང་བས་རྟགས་ཀྱི་ཐ་སྙད་དུ་བསྒྲུབ་ན། ཐ་སྙད་སྒྲུབ་ཀྱི་རྟགས་ཏེ། ཐ་སྙད་མ་ཐོགས་རྨོངས་པ་ལ་འདོགས་པས་སོ།། ཞེས་གསུངས་པས་སོ།།

  ༧བཞི་བ་གཏན་ཚིགས་བཤད་པ་ལ། རྟགས་ཀྱི་མཚན་ཉིད། རྟགས་བོན་གྱི་འབྲེལ་བ། དབྱེ་བ་དང་གསུམ་ལས། དང་པོ་ནི། སྒྲུབ་བྱ་བསྒྲུབ་པར་བྱེད་པ་ལ་ཕྱོགས་ཁྱབ་གྲུབ་པའི་གཏན་ཚིགས་ཡིན་ཏེ། ཐེག་འགྲེལ་ལས། གཏན་ཚིགས་ཀྱི་དོན་ལ་གཉིས་ཏེ། གཏན་ཚིགས་ཀྱི་ཕྱོགས་དང་། ཁྱབ་པ་བསྒྲུབ་པའོ།། ཞེས་གསུངས་པས་སོ།། དེ་ནི་རྩ་བའི་སྒྲུབ་བྱ་མ་རྟོགས་པའི་གང་ཟག་གིས་བསྒྲུབ་བྱ་རྟོགས་པ་ལ། ཕྱོགས་ཁྱབ་གྲུབ་པའི་གཏན་ཚིགས་ཀྱིས་སྒྲུབ་བྱ་བསྒྲུབ་པར་བྱེད་པའོ།། དེའི་ཕྱོགས་ཁྱབ་གང་ཞེ་ན། ཕྱོགས་ནི་ཕྱོགས་བོན་དང་། ཁྱབ་པ་ལ་རྗེས་ཁྱབ་དང་ལྡོག་ཁྱབ་བོ། དང་པོའི་མཚན་ཉིད་ནི། རྟགས་ཤེས་འདོད་བོན་ཅན་ལ་ཇི་ལྟར་བཀོད་པ་བཞིན་ངེས་རུང་ངམ་དངོས་སུ་ངེས་པ་དེ། ཕྱོགས་ཀྱི་བོན་གྱི་མཚན་ཉིད། གསུངས་སོ།། དེ་ནི་རྟགས་སྐབས་སུ་བབ་པའི་བོན་ཅན་གྱི་སྟེང་དུ་ཡིན་འགོད་དང་ཡོད་འགོད་ཇི་ལྟར་བཀོད་པ་བཞིན་དུ་ཕྱི་རྒོལ་གྱིས་ངེས་ལ། སྒྲུབ་བྱ་མ་ངེས་པར་ངེས་རུང་ཞིག་ལ་བྱའོ།། གཉིས་པ་ལ། རྗེས་འགྲོ་དང་། རྗེས་ཁྱབ་ཀྱི་མཚན་ཉིད་གཉིས་ལས། དང་པོ་ནི། རྟགས་ཤེས་འདོད་བོན་ཅན་ལ་ཇི་ལྟར་བཀོད་པ་བཞིན་དུ་མཐུན་དཔེ་ལ་ཡོད་པར་ངེས་རུང་ངམ་དངོས་སུ་ངེས་པ་ནི་རྗེས་འགྲོའི་མཚན་ཉིད་དོ།། གཉིས་པ་ནི། རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་རུང་ངམ་ངེས་པ་ནི། རྗེས་ཁྱབ་ཀྱི་མཚན་ཉིད་དོ།། དེ་ནི་རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་སྐབས་ཀྱི་ཕྱི་རྒོལ་གྱིས་ངེས་ལ། རྩ་བའི་སྒྲུབ་བྱ་མ་ངེས་པ་ངེས་རུང་ཞིག་ལ་བྱའོ།། གསུམ་པ་ལ། ལྡོག་པ་དང་ལྡོག་ཁྱབ་ཀྱི་མཚན་ཉིད་གཉིས་ལས་དང་པོ་ནི། རྟགས་ཤེས་འདོད་བོན་ཅན་ལ་ཇི་ལྟར་བཀོད་པ་བཞིན་དུ་མི་མཐུན་དཔེ་ལ་མི་འཇུག་པར་ངེས་རུང་ངམ་དངོས་སུ་ངེས་པ་ནི། ལྡོག་པའི་མཚན་ཉིད་དོ།། གཉིས་པ་ནི། རྟགས་མི་མཐུན་ཕྱོགས་ལ་འཇུག་མི་སྲིད་པར་ངེས་རུང་ངམ་དངོས་སུ་ངེས་པ་དེ། ལྡོག་ཁྱབ་ཀྱི་མཚན་ཉིད་དོ།། དེ་ནི་རྟགས་ཤེས་འདོད་བོན་ཅན་ལ་ཇི་ལྟར་བཀོད་པ་བཞིན་དུ་མི་མཐུན་དཔེ་ལ་འཇུག་མི་སྲིད་པར་སྐབས་ཀྱི་ཕྱི་རྒོལ་གྱིས་དངོས་སུ་ངེས་ལ། སྒྲུབ་བྱ་མ་ངེས་པར་ངེས་རུང་ཞིག་ལ་བྱའོ།།

  ༧གཉིས་པ་ལ། འབྲེལ་བ་སྤྱི་དང་། རྟགས་བོན་གྱི་འབྲེལ་བ་གཉིས་ལས། འབྲེལ་བའི་མཚན་ཉིད་ནི། མེད་ན་མི་འབྱུང་བ་གསུངས་སོ།། དེ་ལ་བདག་གཅིག་འབྲེལ་དང་། དེ་བྱུང་འབྲེལ་དང་། རྒྱུ་དང་རྐྱེན་གྱིས་འབྲེལ་བ་དང་གསུམ་སྟེ། ལུང་ཚད་མ་ལས། འབྲེལ་བ་གསུམ་ལ་གཏན་ཚིགས་གཅིག། ཅེས་གསུངས་པའི་ཕྱིར། མཚན་ཉིད་ནི། བོན་གང་ཞིག་རང་བཞིན་དབྱེར་མེད་དུ་གནས་པའི་སྟོབས་ཀྱིས་མི་འཁྲུལ་བ། བདག་གཅིག་འབྲེལ་བའི་མཚན་ཉིད། བོན་གང་ཞིག་རང་བཞིན་རྒྱུ་འབྲས་སུ་གནས་པས་མི་འཁྲུལ་བ། དེ་བྱུང་འབྲེལ་བའི་མཚན་ཉིད། བོན་གང་ཞིག་རྐྱེན་ལ་ལྟོས་པའི་མི་འཁྲུལ་བ། རྒྱུ་རྐྱེན་གྱི་འབྲེལ་བའི་མཚན་ཉིད་དོ།། གཉིས་པ་ནི། སྐབས་ཀྱི་ཕྱི་རྒོལ་གྱིས་རྟགས་ཡང་དག་གི་སྒྲུབ་བྱ་རྟོགས་པ་ལ། རྟགས་དང་སྒྲུབ་བྱའི་བོན་གྱི་འབྲེལ་བ་དངོས་སུ་ངེས་དགོས་པས། སྤྱིར་གོ་བྱེད་རྟགས་ཀྱི་འབྲེལ་བ་ལ། བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ་གཉིས་རུང་བའོ།། འོ་ན་གོང་གི་གཏན་ཚིགས་གཅིག་ཅེས་པའི་དོན་གང་ཞེ་ན། དེ་ནི་སྣང་སྟོང་གཉིས་སུ་མེད་པའི་གནས་ལུགས་ཟབ་མོའི་དོན་མཐར་ཐུག་པ་ཡོད་པར་བསྒྲུབ་པ་ལ། དགག་བྱ་དང་། འགོག་བྱེད་ལས། དང་པོ་ནི། ཐིགས་འགྲེལ་ལས། དེ་ཉིད་བཅུ་དྲུག་དབང་ཕྱུག་རྒྱུ། ཞེས་པས་ཕྱི་རོལ་རིག་པ་ཅན་ན་རེ། དབང་ཕྱུག་གི་རང་བཞིན་ལས་གྲུབ་པས་ཚིག་གི་དེ་ཁོ་ན་ཉིད་བཅུ་དྲུག་བདེན་པ་ཁོ་ན་ཡོད་པས། སྣང་སྟོང་གཉིས་སུ་མེད་པའི་གནས་ལུགས་མཐར་ཐུག་ཅིག་མེད་དོ་ཞེ་ན། གཉིས་པ་ནི། སྣང་སྟོང་གཉིས་བོན་ཅན། ངོ་བོ་གཉིས་སུ་མེད་དེ། འདུག་པ་ཐ་དད་དུ་མེད་པའི་ཕྱིར། ཞེས་པའི་གནས་ལུགས་བསྒྲུབ་བྱེད་ཀྱི་རྟགས་དང་སྒྲུབ་བྱའི་བོན་གཉིས་ལ་བདག་ཉིད་གཅིག་པའི་འབྲེལ་བ་རུང་ལ། དེ་བསྒྲུབ་ཀྱི་རྟགས་དང་སྒྲུབ་བྱའི་བོན་གཉིས་ལ་དེ་བྱུང་འབྲེལ་དང་རྒྱུ་རྐྱེན་གྱི་འབྲེལ་བ་མི་རུང་བ་དགོངས་པར་སེམས་སོ།། ཡང་ན་གཏན་ཚིགས་གཅིག་དུ་བྲལ་གྱི་རྟགས་ཀྱིས་སྣང་བ་ཡང་དག་པའི་རང་བཞིན་མེད་པ་བསྒྲུབ་པ་ལྟ་བུ་ལ་མཚོན་ན། སྦྱོར་བ་དེའི་རྟགས་བོན་ལ་ཁྱབ་བྱ་ཁྱབ་བྱེད་ཀྱི་བདག་ཉིད་གཅིག་པའི་འབྲེལ་བ་གྲུབ་པ་ལས་གཞན་གཉིས་མ་གྲུབ་སྟེ། ཐེག་འགྲེལ་ལས། དེ་ལ་གཅིག་དང་དུ་བྲལ་གྱི་གཏན་ཚིགས་ཅིའི་འགྲུབ་ཅེ་ན། རྗེས་སུ་དཔག་པས་འགྲུབ་སྟེ། གཅིག་དང་བྲལ་བ་ནི་རང་བཞིན་འགལ་བ་དམིགས་པས་འགྲུབ་ལ། དུ་མ་དང་བྲལ་བའི་གཏན་ཚིགས་ནི་ཁྱབ་བྱེད་མ་དམིགས་པས་བསྒྲུབ་པའོ།། ཞེས་པས་དང་པོ་ནི། རྣམ་རྩོད་པ་ལ་སོགས་པས་སྣང་བ་གཅིག་དང་བྲལ་བ་རྟགས་མ་གྲུབ་ཟེར་ན། སྣང་བ་ཉམས་སུ་མྱོང་བ་འདི་བོན་ཅན། ཡང་དག་པའི་གཅིག་ཏུ་མེད་དེ། ཆ་དུ་མར་དམིགས་པའི་ཕྱིར་རོ།། ཞེས་གཅིག་དང་བྲལ་བ་རང་བཞིན་འགལ་དམིགས་ཀྱིས་བསྒྲུབ་པའོ།། གཉིས་པ་ནི། སྣང་བ་ཉམས་སུ་མྱོང་བ་འདི་བོན་ཅན། ཡང་དག་པའི་དུ་མར་མེད་དེ། ཡང་དག་པའི་གཅིག་མ་རྙེད་པའི་ཕྱིར་རོ།། ཞེས་ཡང་དག་པ་དུ་མའི་ཁྱབ་བྱེད་ཡང་དག་པའི་གཅིག་མ་དམིགས་པ་གཏན་ཚིགས་སུ་བཀོད་པས་བསྒྲུབ་པའོ།། དེ་ནི་ཐེག་འགྲེལ་ལས། སྤྱིར་ཁྱབ་བྱེད་ཀྱི་སྒོ་ནས་ཁྱབ་བྱ་དགག་དུ་བཏུབ་པ་ལས། ཁྱབ་བྱ་དུ་མའི་སྒོ་ནས་ཁྱབ་བྱེད་གཅིག་དགག་ཏུ་མི་བཏུབ་བོ་ཞེ་ན། གཅིག་དང་དུ་མ་ལ་ཁྱབ་བྱ་ཁྱབ་བྱེད་ཡིན་པའི་མུ་དང་། མ་ཡིན་པའི་མུ་གཅིག་ཡོད་དེ། ཡིན་པའི་མུ་ནི་སྣང་གྲགས་ཀྱི་གཅིག་དང་དུ་མ་ཁྱབ་བྱ་ཁྱབ་བྱེད་ཡིན་ཏེ། སྣང་གྲགས་ཀྱི་གཅིག་ལོག་ན་སྣང་གྲགས་ཀྱི་དུ་མ་ཡང་ལྡོག་གོ། ཡང་དག་པའི་གཅིག་དང་དུ་མ་ཁྱབ་བྱ་ཁྱབ་བྱེད་ཡིན་ཏེ། རྗེས་སུ་འགྲོ་ལྡོག་ངེས་པའི་ཕྱིར་རོ།། དེའི་སྒོ་ནས་མི་འགེགས་སོ།། ཞེས་གསུངས་པས་གཅིག་དང་དུ་མ་དང་བྲལ་བ་དགག་མི་ཐུབ་པའི་རིགས་དང་། དགག་ཐུབ་པའི་རིགས་གཉིས་ལས་མི་ཐུབ་པ་ནི། ཐེག་འགྲེལ་ལས། ཁྱབ་བྱ་ཁྱབ་བྱེད་མ་ཡིན་པའི་མུ་ནི། ཡང་དག་པའི་གཅིག་དང་སྣང་གྲགས་ཀྱི་དུ་མ་ཁྱབ་བྱ་ཁྱབ་བྱེད་མ་ཡིན་ཏེ་འགལ་ལོ།། ཡང་དག་པའི་གཅིག་ལོག་ཀྱང་སྣང་གྲགས་ཀྱི་དུ་མ་མི་ལྡོག་གོ། སྣང་གྲགས་ཀྱི་གཅིག་དང་ཡང་དག་པའི་དུ་མ་ཁྱབ་བྱ་ཁྱབ་བྱེད་མ་ཡིན་ཏེ། སྣང་གྲགས་ཀྱི་གཅིག་ལོག་ཀྱང་ཡང་དག་པའི་དུ་མ་མི་ལྡོག་སྟེ་འགལ་ལོ།། དེས་ན་སྣང་གྲགས་ཀྱི་གཅིག་གིས་ཡང་དག་པའི་དུ་མ་མི་ཁེགས་སོ།། ཞེས་གསུངས་པས་སོ།། འགེགས་ཐུབ་པ་ནི། ཐེག་འགྲེལ་ལས། སྣང་གྲགས་ཀྱི་དུ་མས་ཡང་དག་གི་གཅིག་དགག་གོ། ཡང་ཆ་མེད་ཀྱི་གཅིག་དང་དུ་མ་དང་བྲལ་བ་མངོན་སུམ་གྱིས་གྲུབ། སྣང་གྲགས་ཀྱི་གཅིག་དང་དུ་མ་བྲལ་བ་ནི་རྗེས་དཔག་གིས་གྲུབ་བོ།། ཁྱབ་པ་ཅེས་འགྲུབ་ཅེ་ན། བཟློག་པ་ལ་མངོན་སུམ་གྱིས་གྲུབ་སྟེ། རྗེས་སུ་འགྲོ་བའི་ཁྱབ་པ་ནི། ཡང་དག་པའི་གཅིག་དང་དུ་མ་དང་བྲལ་བ་ཁྱབ་བྱ། ཡང་དག་པའི་རང་བཞིན་མེད་པ་ཁྱབ་བྱེད་དེ། རང་བཞིན་མེད་པ་ལོག་ན་གཅིག་དང་དུ་མ་དང་བྲལ་བ་ལྡོག་གོ། དེ་ལས་བཟློག་པ། ཡང་དག་པའི་གཅིག་དང་དུ་མ་ཁྱབ་བྱེད། ཡང་དག་པའི་རང་བཞིན་ཁྱབ་བྱ། ཡང་དག་པའི་གཅིག་དང་དུ་མ་ལོག་ན་རང་བཞིན་ལྡོག་གོ། དཔེར་ན་མེ་དང་དུ་བ་ལྟ་བུའམ།། མངོན་སུམ་བུམ་པ་ལྟ་བུ་ལ་བསྒྲུབ་བོ།། ཞེས་པའོ།།

  ༧གསུམ་པ་རྟགས་ཀྱི་དབྱེ་བ་ལ། དོན་དང་ཐ་སྙད་སྒྲུབ་པའི་རྟགས་གཉིས་དང་། རང་བཞིན་མེད་པའི་དོན་བསྒྲུབ་པའི་གཏན་ཚིགས་ཆེན་པོ་དྲུག་གོ། དོན་བསྒྲུབ་ཀྱི་རྟགས་ནི། ཕྱོགས་ཁྱབ་གྲུབ་པའི་གཏན་ཚིགས་ཀྱིས་བོན་ཅན་བསྒྲུབ་བྱའི་བོན་གྱི་རང་བཞིན་ཇི་བཞིན་བསྒྲུབ་པའོ།། ཐ་སྙད་བསྒྲུབ་པའི་རྟགས་ནི། ཕྱོགས་ཁྱབ་གྲུབ་པའི་གཏན་ཚིགས་ཀྱིས་བོན་ཅན་ལ་སྒྲུབ་བྱའི་བོན་ཐ་སྙད་བྱ་རུང་བསྒྲུབ་པ་སྟེ། ཐེག་འགྲེལ་ལས། དེ་ལྟར་དོན་དང་ཐ་སྙད་བསྒྲུབས་པའོ།། དོན་གྲུབ་ན་ཐ་སྙད་སྒྲུབ་ཅི་དགོས་སྙམ་ན། ཐ་སྙད་མ་ཐོགས་པའི་ཕྱིར་ཏེ། གཅིག་དང་དུ་མ་དང་བྲལ་ཡང་རང་བཞིན་ཡོད་དམ་སྙམ་པའི་སྒྲོ་འདོགས་དེ་གཅོད་པ་སྟེ། གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ།། རང་བཞིན་མེད་པའི་ཐ་སྙད་བསྒྲུབ་པའོ།། དཔེར་ན་སྔོ་ལ་ཕྱུར་ལ་མཚུབ་དུ་རྒྱུ་ཡང་དུད་པ་མིན་ནམ་སྙམ་པ་ལ། མཚན་ཉིད་དེ་གསུམ་དང་ལྡན་པས་དུད་པ་ཡིན་ཞེས་ཐ་སྙད་ངེས་པར་བསྒྲུབ་པའོ།། ཞེས་གསུངས་པའི་ཕྱིར།

  ༧གཉིས་པ་གཏན་ཚིགས་དྲུག་ནི། ཐེག་འགྲེལ་ལས། དེ་ལ་སྤྲོས་མེད་ཀྱི་རང་བཞིན་མེད་པའི་དོན་བསྒྲུབ་པ་ནི། སྤྲོས་པ་འགེགས་ཏེ། གཏན་ཚིགས་ཆེན་པོ་དྲུག་གིས་འགེགས་ཏེ། སྤྲོས་པའི་རྒྱུ་ལ་གནོད་པ་གཏོང་བ་གཡུང་དྲུང་གཟེགས་ཆེན་དང་། རྟེན་འབྲེལ་ཆེན་པོ་དང་། སྤྲོ་པ་རང་གི་ངོ་བོ་ལ་གནོད་པ་གཏོང་བ་གཅིག་དང་དུ་བྲལ་དང་། འབྲས་བུ་ལ་གནོད་པ་གཏོང་བ་མུ་བཞི་སྐྱེ་འགོག་དང་། ཡོད་མེད་སྐྱེ་བ་དགག་པའོ།། ཞེས་པས་དོན་སྒྲུབ་ཀྱི་གཏན་ཚིགས་དྲུག་ནི། དགག་བྱའི་སྤྲོས་པ་རྒྱུ་བདེན་པར་གྲུབ་པ་ལས་སྐྱེ་བ་འདོད་པ་ལ་གནོད་པ་གཏོང་བ་གཡུང་དྲུང་གཟེགས་ཆེན་གྱི་གཏན་ཚིགས་དང་། རྟེན་འབྲེལ་ཆེན་པོའི་གཏན་ཚིགས་གཉིས་དང་། དགག་བྱའི་སྤྲོས་པ་རང་གི་ངོ་བོ་བདེན་གྲུབ་འདོད་པ་ལ་གནོད་པ་གཏོང་བ་གཅིག་དང་དུ་བྲལ་གྱི་གཏན་ཚིགས་དང་། འབྲས་བུ་བདེན་པ་གྲུབ་པར་སྐྱེ་བར་འདོད་པ་ལ་གནོད་པ་གཏོང་བ་མུ་བཞི་སྐྱེ་འགོག་གི་གཏན་ཚིགས་དང་། འབྲས་བུ་མེད་པར་སྐྱེ་བ་འགོག་པའི་གཏན་ཚིགས་དང་། འབྲས་བུ་ཡོད་པར་སྐྱེ་བ་འགོག་པའི་གཏན་ཚིགས་དང་དྲུག་གོ། སྒ་སྟོན་ཐེག་འགྲེལ་ལས། གཏན་ཚིགས་དྲུག་ལས་བཞི་ནི་གོང་དུ་བཤད་པ་དེ་བཞི་ཡིན་ལ། མུ་བཞི་སྐྱེ་འགོག་ལ་གཉིས་སུ་དབྱེ་སྟེ། གཅིག་དང་དུ་མའི་སྐྱེད་པ་འགོག་པ་དང་། རིགས་འདྲ་རིགས་མི་འདྲ་སྐྱེ་བ་འགོག་པའོ།། དེ་ལྟར་གཏན་ཚིགས་དྲུག་གོ། ཞེས་དང་། རྗེའི་ཐེག་འགྲེལ་ལས། མུ་བཞི་སྐྱེ་འགོག་ལ་གཅིག་བསྐྱེད་པ་དང་དུ་མ་བསྐྱེད་པ་འགོག་པ་གཉིས་སུ་ཕྱེ་བའོ།། གསུངས་ཀྱང་། རྟགས་སྦྱོར་དྲུག་ཐེག་འགྲེལ་ལས་བཀོད་ཚུལ་ལྟར་ན་སྔ་མ་བཞིན་ཡིན་པར་སེམས་སོ།། འདིར་སྦྱོར་བ་ཞེས་པ་ནི་རྟགས་བོན་དོན་གསུམ་ཚང་བའི་སྒྲའོ།། དེ་ལ་དྲུག་ལས། དང་པོ་ནི། ཐེག་འགྲེལ་ལས། ད་ནི་སྤྲོས་པ་དང་བྲལ་བ་རང་བཞིན་མེད་པའི་དོན། སྐྱེ་འགག་གི་སྟོང་པ་མཚན་མ་ལས་གྲོལ་བའི་དོན་ཡང་དག་པ་དེ། བསྒྲུབ་པར་བྱེད་པའི་གཏན་ཚིགས་ཆེན་པོ་རྣམས་བཀོད་དེ། གཡུང་དྲུང་གཟེར་ཆེན་གྱི་ཚད་མ་དགོད་པ་ནི། སྣང་བ་ཉམས་སུ་མྱོང་བའམ་དེ་འཛིན་གྱི་ཤེས་པ་བོན་ཅན། ཡང་དག་པའི་རྒྱུ་འབྲས་སུ་མེད་དེ། རང་ལས་སྐྱེ་བ་ལ་སོགས་སྐྱེ་བ་མུ་བཞི་དང་བྲལ་བའི་ཕྱིར་རོ།། དཔེར་ན་རི་བོང་གི་རྭ་བཞིན་ནོ།། ཞེས་སྤྲོས་མེད་པས་ཐེག་པ་འོག་མའི་ངོ་བོར་བཀོད་པ་ལ། དགག་བྱ་དང་། འགོག་བྱེད་གཉིས་ལས། དང་པོ་ནི། ཐེག་འགྲེལ་ལས། གཏན་ཚིགས་མ་གྲུབ་བོ་ཞེ་ན། ཞེས་པས་ཐེག་པ་འོག་མས་རྟགས་མ་གྲུབ་ཟེར་ན། གཉིས་པ་ནི། ཐེག་འགྲེལ་ལས། འོ་ན་རྒྱུ་འབྲས་དེ་རང་ལས་སྐྱེའམ། གཞན་ལས་སྐྱེའམ། གཉིས་ཀ་ལས་སྐྱེའམ། རྒྱུ་མེད་པ་ལས་སྐྱེ། ཞེས་པས་གལ་ཏེ་དངོས་པོ་ཡང་དག་པར་རང་བཞིན་གྱིས་སྐྱེ་བ་ཡོད་ན། སྐྱེ་བ་ལ་མཐའ་བཞི་གང་རུང་གི་ཁ་ཚོད་ཆོད་དགོས་པས་མཐའ་བཞི་གང་ལས་སྐྱེ་ཞེས་བཀོད་པ་ལ་བཞི་ལས། དང་པོ་རང་སྐྱེ་འདོད་པ་འགོག་པ་ལ། དགག་བྱ་དང་། འགོག་བྱེད་གཉིས་ལས། དང་པོ་ནི། ཐེག་འགྲེལ་ལས། གལ་ཏེ་རང་ལས་སྐྱེའོ་ཞེ་ན། ཞེས་པས་གྲངས་ཅན་པས་རྒྱུ་ལ་ཡེ་ནས་འབྲས་བུ་རང་བཞིན་གྱི་ཆ་ནས་གནས་པར་ཡོད་པས། རྒྱུ་ལ་རང་བཞིན་ཞེས་ཐ་སྙད་སྦྱར། འབྲས་བུ་ཡོད་པ་འདི་མུན་ཁང་ནང་གི་བུམ་པ་བཞིན་མི་གསལ་བ་ལ། རྐྱེན་མར་མེ་སོགས་ཀྱིས་གསལ་བར་བྱེད་པ་བཞིན་དུ། སྐྱེ་བར་འདོད་པའི་ཕྱིར་འབྲས་བུ་ལ་རྣམ་འགྱུར་ཞེས་ཐ་སྙད་སྦྱར་ཏེ་རང་ལས་སྐྱེ་ཞེ་ན། གཉིས་པ་ནི། ཐེག་འགྲེལ་ལས། རང་གྲུབ་པ་ལས་སྐྱེའམ། མ་གྲུབ་པ་ལས་སྐྱེ། རང་མ་གྲུབ་པ་ལས་སྐྱེ་ཞེ་ན། རི་བོང་གི་རྭ་ལས་སྐྱེ་བར་འགྱུར་ཏེ། མ་གྲུབ་པ་ལས་ཀྱང་སྐྱེ་བའི་ཕྱིར་རོ།། འདོད་ན། མངོན་སུམ་གྱིས་བསལ་ལོ།། རང་གྲུབ་པ་ལས་སྐྱེའོ་ཞེ་ན། སྐྱེ་བ་ལ་ཐུག་པ་མེད་པར་འགྱུར་ཏེ། རང་གྲུབ་པ་ལས་ཀྱང་སྐྱེ་དགོས་པའི་ཕྱིར་རོ།། འདོད་ན་བསལ་ལོ།། ཡང་རང་གྲུབ་པ་བོན་ཅན། རྒྱུ་འབྲས་སུ་མི་འཐད་དེ། རྒྱུ་འབྲས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ།།

  གལ་ཏེ་གློ་བུར་བ་ལས་སྐྱེའོ་ཞེ་ན། གློ་བུར་བ་བོན་ཅན། རྒྱུ་འབྲས་སུ་མི་འཐད་དེ། རྒྱུ་འབྲས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ།། གལ་ཏེ་ལྡན་ནོ་ཞེ་ན། མ་ཡིན་ཏེ། དེ་རྒྱུ་རྐྱེན་ལ་བརྟེན་དགོས་སམ་མི་དགོས། གལ་ཏེ་མི་དགོས་ན་རང་ལས་སྐྱེ་བ་ཉམས་སོ།། དགོས་ན་ཡང་ན་དུས་གཅིག་ཏུ་སྐྱེ་བར་འགྱུར་ལ། ཡང་ན་ གཏན་མི་སྐྱེ་བ་འགྱུར་ཏེ། གློ་བུར་བ་ལས་སྐྱེ་བའི་ཕྱིར་རོ།། གསུངས་པའོ།།

  ༧གཉིས་པ་གཞན་སྐྱེ་འདོད་པ་འགོག་པ་ནི། སྤྱིར་གཞན་ལས་སྐྱེ་བ་ཙམ་འགོག་པ་མ་ཡིན་གྱི་འོག་མས་རང་བཞིན་གྱིས་གྲུབ་པའི་རྒྱུ་རྐྱེན་ལས་སྐྱེའོ་ཞེ་ན། ཐེག་འགྲེལ་ལས། གཞན་རྟག་པ་ལས་སྐྱེའམ་མི་རྟག་པ་ལས་སྐྱེ། ཞེས་བཀོད་པ་ལ། གཉིས་ལས། དང་པོ་ལ། དགག་བྱ་དང་། འགོག་བྱེད་གཉིས། དང་པོ་ནི། ཕྱྭ་སྲས་ཀུན་སྟོན་གྱིས་བོན་ཐམས་ཅད་ཀྱི་བྱེད་པ་པོ་ཕྱྭའམ་དབང་ཕྱུག་ཡིན་ཏེ། འདིའི་རང་བཞིན་ནི་མི་འགྱུར་བའི་གཡུང་དྲུང་ཞེས་བྱ་སྟེ། རྟག་པ་ཁོ་ནའོ། དེ་ཕྱིར་རྟག་པ་ལས་སྐྱེ་ཞེ་ན། གཉིས་པ་ནི། ཐེག་འགྲེལ་ལས། རྟག་པ་བོན་ཅན། ཡང་དག་པའི་དངོས་པོ་མེད་དེ། དོན་བྱེད་ནུས་པས་སྟོང་པའི་ཕྱིར་རོ།། དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ།། གཏན་ཚིགས་མ་གྲུབ་བོ་ཞེ་ན། རིམ་གྱིས་དོན་བྱེད་དམ། གཅིག་ཆར་གྱིས་དོན་བྱེད། རིམ་གྱིས་དོན་བྱེད་ན། རྟག་པའི་མཚན་ཉིད་ཉམས་ཤིང་མི་རྟག་པར་འགྱུར་ཏེ། རེས་འགའ་བར་སོང་བའི་ཕྱིར་རོ།། གཅིག་ཆར་གྱིས་དོན་བྱེད་ན། སེམས་ཅན་ཐམས་ཅད་དུས་གཅིག་ཏུ་སྐྱེ་ཤི་བྱེད་པའམ། བུ་ཆུང་གི་དུས་སུ་རྒན་པོར་སོང་བར་འགྱུར་ཏེ། གཅིག་ཆར་གྱིས་དོན་བྱེད་པའི་ཕྱིར་རོ།། ཞེས་གསུངས་པའོ།། གཉིས་པ་མི་རྟག་པ་ལས་སྐྱེ་བར་འདོད་པ་ལ། དགག་བྱ་དང་། འགོག་བྱེད་གཉིས་ལས། དང་པོ་ནི། ཐེག་འགྲེལ་ལས། མི་རྟག་པ་ལས་སྐྱེ་ཞེ་ན། ཞེས་པས་རྣམ་རང་སེམས་ཙམ་ལ་སོགས་པས་བདེན་པར་གྲུབ་པའི་རྒྱུ་རྐྱེན་མི་རྟག་པ་ལས་སྐྱེའོ་ཞེ་ན། གཉིས་པ་ནི། ཐེག་འགྲེལ་ལས། འདས་པ་ལས་སྐྱེའམ། མ་འོངས་པ་ལས་སྐྱེའམ། ད་ལྟ་བ་ལས་སྐྱེ། འདས་པ་ལས་སྐྱེ་ཞེ་ན། མ་ཡིན་ཏེ། འདས་པ་བོན་ཅན། རྒྱུ་འབྲས་སུ་མི་འཐད་དེ། རྒྱུ་རྐྱེན་གྱིས་བྱ་བ་བྱས་ཟིན་པའི་ཕྱིན་རོ།། མ་འོངས་པ་ལས་མི་སྐྱེ་སྟེ། རང་གི་ངོ་བོ་མ་ཐོབ་པའི་ཕྱིར་རོ།། ད་ལྟ་བ་ལས་སྐྱེའོ་ཞེ་ན། དུས་མཉམ་པོ་ལས་སྐྱེའམ། དུས་ཐ་དད་པ་ལས་སྐྱེ། དུས་མཉམ་པོ་ལས་སྐྱེའོ་ཞེ་ན། རང་གི་ངོ་བོ་གྲུབ་པ་དུས་མཉམ་ལས་སྐྱེའམ། མ་གྲུབ་པ་དུས་མཉམ་ལས་སྐྱེ། རང་གི་ངོ་བོ་གྲུབ་པ་དུས་མཉམ་ལས་རྒྱུ་འབྲས་སུ་མི་འཐད་དེ། ཕན་གདགས་བྱ་འདོགས་བྱེད་མེད་པའི་ཕྱིར་རོ།། དཔེར་ན་རྭ་རུ་གཡས་གཡོན་བཞིན་ནོ།། རང་གི་ངོ་བོ་མ་གྲུབ་པ་དུས་མཉམ་ལ་ཡང་རྒྱུ་འབྲས་སུ་མི་འཐད་དེ། རང་གི་ངོ་བོ་མ་ཐོབ་པའི་ཕྱིར་རོ།། དཔེར་ན་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་བཞིན་ནོ།། དུས་ཐ་དད་པ་ལས་སྐྱེ་སྟེ། རང་ལས་གཞན་པ་དེ་ཡང་མི་རྟག་པ། དེ་ཡང་མ་ཞིག་པའི་རྒྱུ་སྔར་བསེགས་པ་ལས་ཤེས་པ་དོན་དམ་ཕྱི་བསེགས་པ་སྐྱེའོ་ཞེ་ན། འོ་ན་བར་དུ་ཆོད་པ་ལས་སྐྱེའམ། མ་ཆོད་པ་ལས་སྐྱེ། གལ་ཏེ་བར་དུ་མ་ཆོད་པ་ལས་སྐྱེའོ་ཞེ་ན། དུས་མཉམ་དུ་འགྱུར་རོ།། བར་དུ་ཆོད་པ་ལས་སྐྱེ་ན། གཞན་དུས་ཀྱིས་བར་དུ་ཆོད་པ་ལས་སྐྱེའམ། རང་དུས་ཀྱིས་བར་དུ་ཆོད་པ་ལས་སྐྱེ། གལ་ཏེ་གཞན་དུས་ཀྱིས་བར་དུ་ཆོད་པ་ལས་སྐྱེའོ་ཞེ་ན། འདས་པ་ལས་སྐྱེ་བར་འགྱུར་ཏེ། སྔ་མ་དང་ཕྱི་མའི་བར་དུ་སྐད་ཅིག་མ་གཅིག་ལ་གཞན་གཅིག་གིས་ཆོད་པའི་ཕྱིར་རོ།། གལ་ཏེ་རང་དུས་ཀྱི་བར་དུ་ཆོད་པ་ལས་སྐྱེའོ་ཞེ་ན། རང་དུས་ཕྱོགས་ཀྱི་ཕྱོགས་གཅིག་གིས་ཆོད་དམ། རང་དུས་ཕྱོགས་ཀྱི་ཕྱོགས་མཐའ་དག་གིས་ཆོད། ཕྱོགས་མཐའ་དག་གིས་ཆོད་ན། འདས་པ་ལས་སྐྱེ་བར་འགྱུར་ཏེ། ཕྱོགས་མཐའ་དག་གིས་ཆོད་པའི་ཕྱིར་རོ།། རང་དུས་ཕྱོགས་ཀྱི་ཕྱོགས་མཐའ་དག་གིས་ཆོད་ཀྱང་། འདས་པ་ལས་སྐྱེ་བར་མི་འགྱུར་ཏེ། ཁྱབ་པ་མ་གྲུབ་བོ་ཞེ་ན། འོ་ན་མུ་སྟེགས་པའི་དོན་བྱེད་ནུས་པས་སྟོང་ཡང་། ཡང་དག་པའི་དངོས་པོར་ཡོད་པ་ཡང་བདེན་གྱིས་ཞེས་བྱའོ།། རང་དུས་ཕྱོགས་ཀྱི་ཕྱོགས་གཅིག་གིས་ཆོད་ན། སྔ་མ་ལ་ཡང་ཆོད་པ་དང་མ་ཆོད་པ་གཉིས། ཤེས་པ་ཕྱི་མ་ལ་ཡང་གཉིས་སུ་འབྱུང་བས་སྐད་ཅིག་མ་ཆ་ཤས་དང་བཅས་པར་འགྱུར་རོ།། ཞེས་གསུངས་སོ།། དེ་ལྟར་འབྲེལ་མེད་དོན་གཞན་ལས་སྐྱེ་བར་འདོད་པ་ཕྱི་རོལ་བ་དང་། དངོས་སྨྲ་བ་རྣམས་ཀྱིས་བདེན་པར་གྲུབ་པའི་རྒྱུ་ལས་སྐྱེ་ཞེས་པ་དང་། ཁ་ཅིག་གིས། དབུ་མ་རང་རྒྱུད་པས་རང་ངོས་ནས་སྐྱེ་བར་འདོད་ཞེས་པ་དག་འདིས་ཁེགས་སོ།།

  ༧གསུམ་པ་གཉིས་ཀ་ལས་ལས་སྐྱེ་བར་འདོད་པ་འགོག་པ་ལ། དགག་བྱ་དང་། འགོག་བྱེད་གཉིས་ལས། དང་པོ་ནི། ཐེག་འགྲེལ་ལས། གལ་ཏེ་གཉིས་ཀ་ལས་སྐྱེའོ་ཞེ་ན། ཞེས་པས་གྲངས་ཅན་པ་དང་གཅེར་བུ་བ་ལ་སོགས་ཀྱིས་རང་གཞན་གཉིས་ཀ་ལས་སྐྱེའོ་ཞེ་ན། གཉིས་པ་ནི། ཐེག་འགྲེལ་ལས། མ་ཡིན་ཏེ། རང་གཞན་གཉིས་ལས་སྐྱེ་བ་ཁེགས་ཙམ་ན། དེ་གཉིས་ཀ་ལས་བརྟེན་ནས་སྐྱེ་བ་མི་འཐད་པར་འགྱུར་རོ།། རང་གཞན་གཉིས་ཀ་ལས་སྐྱེ་བ་ཁེགས་པའི་ཕྱིར་རོ།། དེས་ན་བྱེ་བྲག་ལྡོག་ན་སྤྱི་ལྡོག་གོ། ཞེས་གསུངས་པའི་ཕྱིར།

  ༧བཞི་བ་རྒྱུ་མེད་པ་ལས་སྐྱེ་བར་འདོད་པ་འགོག་པ་ལ། དགག་བྱ་དང་། འགོག་བྱེད་གཉིས་ལས། དང་པོ་ནི། ཐེག་འགྲེལ་ལས། གལ་ཏེ་རྒྱུ་མེད་པ་ལས་སྐྱེ་སྟེ། མུ་སྟེགས་རྒྱང་འཕེན་པ་ན་རེ། སྲན་མ་ཟླུམ་པ་ལ་རྒྱུ་མེད་དེ་ཟླུམ་པར་བྱུང་། དེ་བཞིན་དུ་ཚེར་མའི་རྩེ་མོ་རྣོ་བ་དང་། རྨ་བྱའི་སྒྲོ་ལ་བཀྲ་བའི་རྒྱུ་མེད་དེ་བཀྲ་བར་བྱུང་། དེ་བཞིན་འདི་དག་ཐམས་ཅད་རྒྱུ་མེད་པ་ལས་བྱུང་ངོ་ཞེ་ན། ཞེས་པའོ།། གཉིས་པ་ནི། དོན་དམ་པའི་དབང་དུ་བྱས་ནས་ཟེར་རམ། ཀུན་རྫོབ་ཀྱི་དབང་དུ་བྱས་ནས་ཟེར། དང་པོ་ལྟར་ན། སྲན་མ་ལ་སོགས་པ་དཔེའི་དངོས་པོ་རང་མེད་པ་རུ། རྒྱུ་མེད་པ་ལས་སྐྱེ་བ་ཅི་ལ་སྲིད་དེ་མི་འཐད་དོ།། གཉིས་པ་ལྟར་ན། དཔེར་མ་གྲུབ་སྟེ། ཚེར་མ་དང་སྲན་མ་རང་རེའི་རྒྱུ་ལ་བརྟེན་ནས་སྐྱེའོ།། དེས་ན་རྒྱུ་འབྲས་ལ་སྐྱེ་བ་མུ་བཞིས་ཁྱབ། སྐྱེ་བ་མུ་བཞི་ལོག་ན་ཡང་དག་པའི་རྒྱུ་འབྲས་ལྡོག། དཔེར་ན་མེ་ལོག་ན་དུ་བ་ལྡོག་པའམ། ཤིང་ཙམ་ལོག་ན་ཤ་པ་ལྡོག་པ་བཞིན་ནོ།། ཞེས་གསུངས་པའོ།།

  ༧སྦྱོར་བ་གཉིས་པ་ནི། ཐེག་འགྲེལ་ལས། མུ་བཞི་སྐྱེ་འགོག་གི་གཏན་ཚིགས་འགོད་པ་ནི། ཕྱི་དང་ནང་ན་གནས་པའི་ཡུལ་སེམས་བོན་ཅན། ཡང་དག་པའི་རྒྱུ་འབྲས་སུ་མེད་དེ། སྐྱེ་བ་མུ་བཞི་དང་བྲལ་བའི་ཕྱིར་རོ།། དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ།། ཞེས་བཀོད་པ་ལ། དགག་བྱ་དང་། འགོག་བྱེད་གཉིས་ལས། དང་པོ་ནི། ཐེག་འགྲེལ་ལས། གཏན་ཚིགས་མ་གྲུབ་བོ་ཞེ་ན། ཞེས་པས་ཐེག་པ་འོག་མས་རྟགས་མ་གྲུབ་ཅེས་སྨྲ་ན། གཉིས་པ་ནི། ཐེག་འགྲེལ་ལས། འོ་ན་རྒྱུ་དུ་མས་འབྲས་བུ་དུ་མ་བསྐྱེད་དམ། རྒྱུ་གཅིག་གིས་འབྲས་བུ་གཅིག་བསྐྱེད་དམ། རྒྱུ་དུ་མས་འབྲས་བུ་གཅིག་བསྐྱེད་དམ། རྒྱུ་གཅིག་གིས་འབྲས་བུ་དུ་མ་བསྐྱེད། ཅེས་པ་ལ་བཞི་ལས།

  ༧དང་པོ་དུ་མས་གཅིག་བསྐྱེད་པ་འགོག་པ་ལ། དགག་བྱ་དང་། འགོག་བྱེད་གཉིས་ལས། དང་པོ་ནི། ཐེག་འགྲེལ་ལས། གལ་ཏེ་རྒྱུ་དུ་མས་འབྲས་བུ་གཅིག་བསྐྱེད་དེ། དུ་མ་ནི་རྒྱུ་རྐྱེན་བཞིས་མིག་གི་རྣམ་ཤེས་གཅིག་བསྐྱེད་དོ་ཞེ་ན། ཞེས་པས་གཤེན་རབ་རྣམ་བཅས་པས། རྒྱུ་དུ་མའི་འབྲས་བུ་བདེན་པ་གཅིག་བསྐྱེད་དེ། རྒྱུ་རྐྱེན་མིག་ཤེས་དང་། དམིགས་རྐྱེན་གཟུགས་དང་། བདག་རྐྱེན་མིག་དབང་གཟུགས་ཅན་པ་དང་། དེ་མ་ཐག་རྐྱེན་དེའི་སྔ་ལོག་དུ་གྱུར་པའི་ཤེས་པ་དང་བཞིས་གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་གཅིག་བདེན་པ་བསྐྱེད་ཅེ་ན། གཉིས་པ་ནི། མ་ཡིན་ཏེ། དུ་མས་གཅིག་བསྐྱེད་པ་བོན་ཅན། རྒྱུ་འབྲས་སུ་མི་འཐད་དེ། རྗེས་སུ་འགྲོ་ལྡོག་མ་ངེས་པའི་ཕྱིར་རོ།། ཞེས་པས་གཟུང་འཛིན་རྒྱུ་འབྲས་བདེན་རྟོགས་སུ་འདོད་པ་དགག་པའོ།།

  གཉིས་པ་རྒྱུ་གཅིག་གིས་འབྲས་བུ་དུ་མ་བསྐྱེད་པ་འགོག་པ་ལ། དགག་བྱ་དང་། འགོག་བྱེད་གཉིས་ལས། དང་པོ་ནི། ཐེག་འགྲེལ་ལས། རྒྱུ་གཅིག་གིས་འབྲས་བུ་དུ་མ་བསྐྱེད་དེ། རྒྱུ་གཅིག་ནི་མིག་གི་དབང་པོ། འབྲས་བུ་དུ་མ་ནི་དབང་པོའི་རིགས་འདྲ། དེས་རྣམ་ཤེས་བསྐྱེད་དོ་ཞེ་ན། ཞེས་པས་སྐྱེ་མཆེད་སྣ་ཚོགས་གཅིག་ཏུ་བདེན་པ་རྒྱུ་འབྲས་དང་བཅས་པར་འདོད་པ་ན་རེ། སྣང་བའི་ངོ་བོ་ལ་ཁ་དོག་དང་དབྱིབས་དང་རྣམ་པར་རིག་བྱེད་དུ་མར་སྣང་བས། རྒྱུ་གཅིག་གིས་འབྲས་བུ་དུ་མ་བསྐྱེད་ཅེ་ན། གཉིས་པ་ནི། ཐེག་འགྲེལ་ལས། དེ་ཡང་རྗེས་སུ་འགྲོ་ལྡོག་མེད་པའི་ཕྱིར་རྒྱུ་འབྲས་སུ་མི་འཐད་དོ།། ཞེས་སོ།།

  གསུམ་པ་རྒྱུ་དུ་མས་འབྲས་བུ་དུ་མ་བསྐྱེད་པ་འགོག་པ་ལ། དགག་བྱ་དང་། འགོག་བྱེད་གཉིས་ལས། དང་པོ་ནི། ཐེག་འགྲེལ་ལས། རྒྱུ་དུ་མས་འབྲས་བུ་དུ་མ་བསྐྱེད་དེ། མིག་དང་། གཟུགས་དང་། རྣམ་པ་དང་། ཡིད་ལ་བྱེད་པ་བཞིས། མིག་གིས་གཟུགས་ལ་འཛིན་ནུས་སུ་བསྐྱེད། གཟུགས་ཀྱིས་རྣམ་པ་ཅི་འདྲ་བར་བསྐྱེད། རྣམ་པས་ཡིད་ལ་བྱེད་པར་བསྐྱེད། ཡིད་ལ་བྱེད་པས་རིགས་འདྲར་བསྐྱེད་ཅེ་ན། ཞེས་པས་རང་རྟོགས་གཤེན་རབ་པས་རྒྱུ་དུ་མས་འབྲས་བུ་བདེན་པ་དུ་མ་བསྐྱེད་ཅེ་ན། གཉིས་པ་ནི། ཐེག་འགྲེལ་ལས། མི་འཐད་དེ། རྒྱུ་དུ་མ་འཚོགས་ཀྱིས་འབྲས་བུ་རེ་རེ་བསྐྱེད་དམ། རྒྱུ་ངོ་སྐལ་རེས་འབྲས་བུ་ངོ་སྐལ་རེ་བསྐྱེད། འཚོགས་ནས་བསྐྱེད་ན་དུ་མས་གཅིག་བསྐྱེད་པའི་མུ་རུ་འགྱུར་ལ། ངོ་སྐལ་རེས་བསྐྱེད་ན་གཅིག་གིས་གཅིག་བསྐྱེད་པའི་མུ་རུ་འགྱུར་རོ།། ཞེས་གསུངས་སོ།།

  བཞི་པ་རྒྱུ་གཅིག་གིས་འབྲས་བུ་གཅིག་བསྐྱེད་པ་འགོག་པ་ལ། དགག་བྱ་དང་། འགོག་བྱེད་གཉིས་ལས། དང་པོ་ནི། ཐེག་འགྲེལ་ལས། གལ་ཏེ་རྒྱུ་གཅིག་གིས་འབྲས་བུ་གཅིག་བསྐྱེད་དོ་ཞེ་ན། ཞེས་པས་ཆ་མེད་གཅིག་པུ་གྲུབ་པར་འདོད་པའི་འོག་མ་བ་ཁ་ཅིག་གིས། གཅིག་གིས་གཅིག་བསྐྱེད་ཞེ་ན། གཉིས་པ་ནི། ཐེག་འགྲེལ་ལས། རྒྱུ་གཅིག་པོ་དེ་རྟག་པ་གཅིག་གམ་མི་རྟག་པ་གཅིག་གིས་བསྐྱེད། ཅེས་པ་ལ་གཉིས་ལས། དང་པོ་ལ། དགག་བྱ་དང་། འགོག་བྱེད་གཉིས། དང་པོ་ནི། ཐེག་འགྲེལ་ལས། གལ་ཏེ་རྟག་པས་བསྐྱེད་དོ་ཞེ་ན། ཞེས་པས། དབང་ཕྱུག་པ་ན་རེ། དབང་ཕྱུག་རྟག་པ་ཆ་མེད་གཅིག་གིས་ཕྱི་ནང་སྣོད་བཅུད་སྣ་ཚོགས་སུ་སྣང་བ་ཐམས་ཅད་བྱས་སོ་ཞེ་ན། གཉིས་པ་ནི། ཐེག་འགྲེལ་ལས། མ་ཡིན་ཏེ། རིམ་དང་གཅིག་ཆར་གྱིས་དོན་བྱེད་ནུས་པས་མ་སྟོང་པའི་རྟག་པ་མེད། རྒྱུ་དེ་མེད་ཙམ་ན། དེས་བསྐྱེད་པའི་འབྲས་བུ་མེད་དོ།། ཞེས་གསུངས་པའོ།།

  ༧གཉིས་པ་ནི། ཐེག་འགྲེལ་ལས། མི་རྟག་པ་ལས་བསྐྱེད་དོ་ཞེ་ན། ཞེས་པ་ལ་གཉིས་ལས། དེའི་དང་པོ་ལ། དགག་བྱ་དང་འགོག་བྱེད་གཉིས། དང་པོ་ནི། རྣམ་རྩོད་པས་ཕྱིའི་རྡུལ་ཕྲན་ཆ་མེད་དང་ནང་ཤེས་པ་སྐད་ཅིག་མ་ཆ་མེད་ལས་རགས་པའི་དངོས་པོ་གཅིག་སྐྱེ་ཞེ་ན། གཉིས་པ་ནི། མི་འཐད་པ་གཡུང་དྲུང་གཟེར་ཆེན་གྱི་སྐབས་སུ་བཤད་དོ།། ཞེས་གསུངས་པའོ།། གཉིས་པ་ལ། དགག་བྱ་དང་འགོག་བྱེད་གཉིས། དང་པོ་ནི། ཐེག་འགྲེལ་ལས། གཞན་ཡང་རྒྱུ་གཅིག་སྟེ། དབང་པོས་འབྲས་བུ་གཅིག་བསྐྱེད་པའི་དུས་སུ་དབང་པོས་རིགས་འདྲར་བསྐྱེད་དམ་རྣམ་ཤེས་བསྐྱེད། རིགས་འདྲར་བསྐྱེད་དོ་ཞེ་ན། ཞེས་པས་རྣམ་རང་གཉིས་ཀྱིས་དེ་ལྟར་བསྐྱེད་དོ་ཞེ་ན། གཉིས་པ་ནི། ཐེག་འགྲེལ་ལས། འོ་ན་སྐད་ཅིག་གཉིས་པ་ལ་འགྲོ་བ་ཐམས་ཅད་འོན་ལོང་རྒྱུན་ཆད་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དབང་པོ་རིགས་འདྲར་བསྐྱེད་པའི་ཕྱིར་རོ།། རྣམ་ཤེས་བསྐྱེད་དེ་དབང་པོས་རིགས་འདྲ་མི་བསྐྱེད་དོ་ཞེ་ན། ཤེས་པ་རྒྱུན་ཆད་དུ་འགྱུར་རོ།། དེས་ན་དངོས་པོ་ལ་རྒྱུ་འབྲས་ཀྱིས་ཁྱབ། རྒྱུ་འབྲས་ལ་གཅིག་དང་དུ་མས་ཁྱབ། མཐུན་པའི་རྒྱུ་འབྲས་གཉིས། མི་མཐུན་པའི་རྒྱུ་འབྲས་གཉིས་ཏེ། མུ་བཞི་དང་བྲལ་བས་ཡང་དག་པའི་རྒྱུ་འབྲས་ལྡོག། ཅེས་གསུངས་པའོ།།

  ༧སྦྱོར་བ་གསུམ་པ་ནི། ཐེག་འགྲེལ་ལས། རྟེན་འབྲེལ་ཆེན་པོའི་གཏན་ཚིགས་འགོད་པ་ནི། སྣང་བ་ཉམས་སུ་མྱོང་བ་འདི་དག་བོན་ཅན། ཡང་དག་པའི་རྒྱུ་འབྲས་སུ་རང་བཞིན་མེད་དེ། རེས་ཤིག་པའི་རྟེན་འབྲེལ་དུ་སྣང་བའི་ཕྱིར་རོ།། དཔེར་ན་མར་མེ་བཞིན་ནོ།། ཞེས་བཀོད་པའི་རྟེན་འབྲེལ་གྱི་དོན་བཤད་ཚུལ་མང་ཡང་། འདིར་རེས་ཤིག་པའི་ཞེས་པ་གནས་སྐབས་བཏགས་པ་ཙམ་གྱི་ཞེས་པའི་དོན་དང་། རྟེན་འབྲེལ་དུ་སྣང་བའི་ཞེས་པའི་རྟེན་ནི་རྒྱུ་དང་འབྲེལ་ནི་འབྲེལ་པོའམ་འབྲས་བུ་སྟེ། གནས་སྐབས་སྣང་ཙམ་གྱི་རྒྱུ་ལས་འབྲས་བུ་འབྱུང་རུང་རྟགས་སུ་བཀོད་པའོ།། དེ་ལ་དགག་བྱ་དང་། འགོག་བྱེད་གཉིས་ལས། དང་པོ་ནི། ཐེག་འགྲེལ་ལས། གཏན་ཚིགས་མ་གྲུབ་བོ་ཞེ་ན། ཞེས་པས་དངོས་སྨྲ་བ་དག་གིས་རྟགས་མ་གྲུབ་སྟེ་ཡང་དག་པའི་རྒྱུ་འབྲས་སུ་ཡོད་དོ་ཞེ་ན། གཉིས་པ་ནི། ཐེག་འགྲེལ་ལས། འོ་ན་ཡང་དག་ཏུ་ཡོད་དམ། ཡོད་ན་གཅིག་ཏུ་ཡོད་དམ་དུ་མར་ཡོད། ཡང་ན་སྐྱེས་ནས་ཡོད་དམ། མ་སྐྱེས་པར་ཡོད་བྱས་པས་འགྲུབ་བོ།། ཞེས་པས་དང་པོ་གཉིས་སྔར་བཀག་པ་བཞིན་ནོ།། ཕྱི་མ་གཉིས་འོག་ནས་འབྱུང་ངོ་། དབུ་མ་རང་ལུགས་ལ་བོན་ཐམས་ཅད་རྟེན་འབྱུང་བདེན་མེད་ཙམ་དུ་འདོད་དེ། ཐེག་འགྲེལ་ལས། མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པས་འགལ་བའི་སྐྱོན་མེད་ལ། མི་མཐུན་པའི་ཕྱོགས་ལ་མ་གྲུབ་པས་མ་ངེས་པའི་སྐྱོན་མེད་དོ།། དེས་ན་ཡང་དག་པའི་རྒྱུ་འབྲས་ཡོད་ན། རེས་ཤིག་པའི་རྟེན་འབྲེལ་དུ་སྣང་དུ་མི་བཏུབ། རེས་ཤིག་ཏུ་སྣང་ན་ཡང་དག་ཡིན་དུ་མི་འདོད་དོ།། གལ་ཏེ་འདོད་དོ་ཞེ་ན། འོ་ན་རྟག་པ་དང་མི་རྟག་པ་ཡང་མི་འགལ་ཞེས་བྱའོ།། གལ་ཏེ་རྟེན་འབྲེལ་ནི་དངོས་པོ་ཡོད་པ་ཡིན་ལ། དངོས་མེད་རང་བཞིན་མེད་པ་དང་རྟེན་འབྲེལ་འགལ་ལོ་ཞེ་ན། ཞེས་པས་དངོས་སྨྲ་བ་དག་གིས་རྟེན་འབྲེལ་ལ་བདེན་གྲུབ་དང་འདུས་བྱས་ཀྱི་ཁྱབ། སྣང་ཙམ་དང་བདེན་མེད་རྟེན་འབྲེལ་དུ་འགལ་ལོ་ཞེ་ན། དེ་འགོག་པ་ལ། ཐེག་འགྲེལ་ལས། དངོས་པོ་ཡོད་པ་ལ་འགལ་ལམ། མེད་པ་ལ་འགལ། དངོས་པོ་ཡོད་པ་དང་རྟེན་འབྲེལ་དུ་སྣང་བ་མི་འགལ་ཏེ། འགལ་བ་མ་གྲུབ་པས་སོ།། མེད་པ་ལ་རྟེན་འབྲེལ་མི་འགལ་ཏེ། མེད་པ་ལ་རྟེན་འབྲེལ་མི་སྣང་བས་སོ།། ཞེས་གསུངས་པའོ།།

  སྦྱོར་བ་བཞི་བ་ལ། དགག་བྱ་དང་། འགོག་བྱེད་གཉིས་ལས། དང་པོ་ནི། ཐེག་འགྲེལ་ལས། དེ་ལ་འབྲས་བུ་གཅིག་བསྐྱེད་པའི་དུས་སུ་ཡོད་པ་སྐྱེའམ་མེད་པ་སྐྱེ། མེད་པ་སྐྱེ་ན། ཞེས་པས་ཕྱི་རོལ་ཆད་ལྟ་བས་རྒྱུ་ལ་འབྲས་བུ་བསྐྱེད་པའི་ནུས་པ་མེད་པ་ལ། འབྲས་བུ་བདེན་པ་ཅིག་སྐྱེའོ་ཞེས་པའམ། ཡང་ན་ཡེ་ཁྲི་ལས། ལྷ་མི་གཞན་བརྟེན་ལྟ་བ་ནི།། འཛིན་པའི་གཟུངས་ཀྱིས་བཟུང་བ་ལས།། འཛིན་བྱེད་ཤེས་པའི་རྒྱུ་མེད་ཟེར།། ཞེས་པས་གཞན་བརྟེན་པས་ཤེས་པ་རྒྱུ་མེད་དུ་སྐྱེ་ཞེ་ན། གཉིས་པ་ནི། ཐེག་འགྲེལ་ལས། འབྲས་བུ་ཡོད་པ་འདི་བོན་ཅན། མེད་པའི་བོན་དང་མི་ལྡན་ཏེ། ཕན་ཚུན་རྣམ་པ་འགལ་བའི་ཕྱིར། དཔེར་ན་ནམ་མཁའ་ལ་གཟུགས་ཅན་མི་ལྡན་པ་བཞིན་ནོ།། ཞེས་གསུངས་པའོ།།

  སྦྱོར་བ་ལྔ་བ་ལ། དགག་བྱ་དང་། འགོག་བྱེད་གཉིས་ལས། དང་པོ་ནི། ཐེག་འགྲེལ་ལས། གལ་ཏེ་ཡོད་པ་སྐྱེའོ་ཞེ་ན། ཞེས་པས་ཕྱི་རོལ་རྟག་ལྟ་བས་རྒྱུ་དུས་སུ་འབྲས་བུ་ཡོད་པ་ཞིག་སྐྱེའོ་ཞེ་ན། གཉིས་པ་ནི། ཐེག་འགྲེལ་ལས། ཡོད་པ་འདི་བོན་ཅན། རྒྱུ་འབྲས་སུ་མི་འཐད་དེ། རྒྱུ་འབྲས་གཞན་གྱིས་ཁྱད་པར་དུ་བྱར་མེད་པའི་ཕྱིར་རོ།། དེས་ན་འབྲས་བུ་ཡོད་དུ་མི་འདོད་དོ།། ཞེས་གསུངས་པའོ།།

  ༧སྦྱོར་བ་དྲུག་པ་ནི། ཐེག་འགྲེལ་ལས། གཅིག་དང་དུ་བྲལ་གྱི་གཏན་ཚིགས་འགོད་པ་ནི། སྣང་བ་ཉམས་སུ་མྱོང་བ་བོན་ཅན། དངོས་པོ་ཡང་དག་པར་མེད་དེ། ཡང་དག་གི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ།། དཔེར་ན་གཟུགས་བརྙན་བཞིན་ནོ།། ཞེས་བཀོད་པ་ལ། དགག་བྱ་དང་། འགོག་བྱེད་གཉིས་ལས། དང་པོ་ནི། ཐེག་འགྲེལ་ལས། གཏན་ཚིགས་མ་གྲུབ་བོ་ཞེ་ན། ཞེས་པས་ཐེག་པ་འོག་མས་རྟགས་མ་གྲུབ་ཅེ་ན། ཐེག་འགྲེལ་ལས། འོ་ན་ཡང་དག་པའི་གཅིག་ཏུ་ཡོད་དམ་དུ་མར་ཡོད། ཅེས་པ་ལ་གཉིས་ལས། དང་པོ་ནི། ཐེག་འགྲེལ་ལས། གལ་ཏེ་གཅིག་ཏུ་ཡོད་དོ་ཞེ་ན། ཞེས་པས་རྣམ་རྩོད་པ་དང་ཕྱི་རོལ་བ་སོགས་ཀྱིས་བདེན་པའི་ཆ་མེད་གཅིག་ཏུ་གྲུབ་པ་ཡོད་དོ་ཞེ་ན། གཉིས་པ་ནི། སྣང་བ་ཉམས་སུ་མྱོང་བ་བོན་ཅན། ཡང་དག་པའི་གཅིག་ཏུ་མེད་དེ། ཆ་དུ་མར་དམིགས་པའི་ཕྱིར་རོ།། དཔེར་ན་སྐར་མ་བཞིན་ནོ།། ཞེས་རང་བཞིན་འགལ་དམིགས་ཀྱི་རྟགས་ཀྱིས་འགོག་གོ། དེ་ལ་རྣམ་རྩོད་པས་རྟགས་མ་གྲུབ་ཅེ་ན། ཐེག་འགྲེལ་ལས། གཏན་ཚིགས་མ་གྲུབ་བོ་ཞེ་ན། འོ་ན་ཕྱོགས་ཆ་དྲུག་གི་གཅིག་པོ་ལ་འབྱར་རམ་མ་འབྱར། འབྱར་ན་ཆ་དྲུག་ཏུ་འགྱུར་ཏེ། ཕྱོགས་ཆ་དྲུག་གི་འབྱར་བའི་ཕྱིར་རོ།། གལ་ཏེ་ཕྱོགས་ཆ་དྲུག་གིས་མ་འབྱར་ཏེ། ཐམས་ཅད་དབུས་སུ་ཐིམ་མོ་ཞེ་ན། འོ་ན་གོང་བུ་ཐམས་ཅད་རྡུལ་ཕྲ་མོའི་ཚད་ཙམ་དུ་འགྱུར་ཏེ། ཐམས་ཅད་དབུས་ཀྱི་དངོས་པོ་ལ་ཐིམ་པའི་ཕྱིར་རོ།། ཞེས་གསུངས་པའོ།།

  ༧གཉིས་པ་ལ་གཉིས་ལས། དང་པོ་ནི། ཐེག་འགྲེལ་ལས། གལ་ཏེ་ཕྱི་རོལ་གྱི་དངོས་པོ་དུ་མར་ཡོད་དོ་ཞེ་ན། ཞེས་པས་རང་རྟོགས་པ་དང་སེམས་ཙམ་པ་སོགས་ཀྱིས་ཆ་བཅས་བདེན་པར་གྲུབ་པ་ཡོད་དོ་ཞེ་ན། གཉིས་པ་ནི། ཐེག་འགྲེལ་ལས། དུ་མ་འདི་བོན་ཅན། ཡང་དག་པའི་དུ་མར་མེད་དེ། ཡང་དག་པའི་གཅིག་མ་རྙེད་པའི་ཕྱིར་རོ།། ཞེས་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་ཀྱིས་འགོག་པའོ།། དེ་ལ་རྣམ་རྩོད་པ་ལ་སོགས་ཀྱིས་ནང་ཤེས་པ་སྐད་ཅིག་མ་ཕྲ་མོ་ཆ་མེད་གཅིག་པུ་བདེན་པར་གྲུབ་པ་ཞིག་ཡོད་ཅེ་ན། དབུ་མ་བདེན་གཉིས་ལས། གཟུགས་ཅན་མ་ཡིན་དུས་གསུམ་ཆ།། འགྱུར་ཞིང་མི་རྟག་སྐད་ཅིག་མ།། ཞེས་པས་གཟུགས་ཅན་མ་ཡིན་པའི་ཤེས་པ་དེ་དངོས་པོ་ཡིན་ནམ་དངོས་མེད་ཡིན། དང་པོ་ལྟར་ན། ཤེས་པ་སྐད་ཅིག་མ་ཆ་མེད་བོན་ཅན། བདེན་པའི་དངོས་པོ་མེད་དེ། འདས་པ་དང་། ད་ལྟ་བ་དང་། མ་འོང་བའི་ཆ་དང་བཅས་པའི་ཕྱིར་ཏེ། དེ་རྒྱུ་འབྲས་ཀྱི་ཆ་དང་བཅས་པའི་ཕྱིར། དེ་གསུམ་དུས་ཀྱི་བར་དུ་མ་ཆོད་ན། དུས་གསུམ་གཅིག་ཏུ་སྐྱེ་བར་འགྱུར་བས་བུ་ཆུང་རྒན་པོ་ཐལ་བར་འགྱུར་རོ།། དངོས་མེད་དོན་བྱེད་ནུས་སྟོང་ཡིན་པས། དངོས་མེད་ལ་ཤེས་པ་མི་སྲིད་དོ།། དེས་ཕྱིར་གཟུགས་སོགས་སྣང་བ་ཉམས་སུ་མྱོང་བ་ཐམས་ཅད་གཅིག་དང་དུ་མའི་མཐའ་དང་བྲལ་བ་ཡིན་ཏེ། ཐེག་འགྲེལ་ལས། དེས་ན་ཡང་དག་པའི་གཅིག་དང་དུ་མ་དང་བྲལ་བའི་གཏན་ཚིགས་གྲུབ་བོ།། དེ་གྲུབ་པས་ཕྱི་རོལ་དོན་གྱི་དངོས་པོ་ཡང་དག་པ་མེད་དེ། གཅིག་དང་དུ་མ་དང་བྲལ་ཀྱང་ཕྱི་རོལ་གྱི་དོན་ཡང་དག་པར་ཡོད་ན་ཅི་སྟོ་སྟེ་ཁྱབ་པ་མ་གྲུབ་བོ་ཞེ་ན། གཅིག་དང་དུ་མ་དང་བྲལ་བའི་རི་བོང་གི་རྭ་ཡང་ཡོད་བྱའོ།། ཞེས་པའོ།།

  ༧ལྔ་བ་ནི། སྣང་བ་ཉམས་སུ་མྱོང་བ་བོན་ཅན།། དངོས་པོ་ཡང་དག་པར་མེད་དེ།། ཡང་དག་གི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ།། དཔེར་ན་གཟུགས་བརྙན་བཞིན། ཞེས་པས་དཔེ་ལ་གཉིས་ཡོད་དེ། ཐེག་འགྲེལ་ལས། དཔེའི་དོན་ལ་གཉིས་ཏེ། གཞན་གྱི་འདོད་པ་འགོད་པ་དང་། རང་གི་གཞུང་ལུགས་བསྒྲུབ་པའོ།། ཞེས་གསུངས་པས། རྣམ་མེད་པའི་འདོད་པ་འགོད་པ་དང་སྤྲོས་མེད་རང་གི་གཞུང་ལུགས་བསྒྲུབ་པ་གཉིས་དང་། མི་རྟག་གཞོན་ནུ་དབང་པོའི་འདོད་པ་འགོད་པ་དང་སྤྲོས་མེད་རང་གི་གཞུང་ལུགས་བསྒྲུབ་པ་གཉིས་དང་། ཐུགས་རྗེ་སེམས་དཔའི་འདོད་པ་འགོད་པའོ།། དང་པོ་ལ། དེའི་འདོད་པ་བཀོད་པ་དང་། དེ་དགག་པ་གཉིས། དང་པོ་ནི། ཐེག་འགྲེལ་ལས། དེ་ལ་དང་པོ་རང་རྟོགས་གཤེན་རབ་ཀྱི་ཐེག་པ་བ་ན་རེ། འབྱུང་བ་དང་དེ་ལས་གྱུར་བའི་གཟུགས་གོམས་པ་གཅིག་ཡོད་དེ། གཟུགས་བརྙན་ཡིན་བྱ་བའི་དཔེ་མ་གྲུབ་པོ་ཞེས་ཟེར་རོ།། ཞེས་པས་གཤེན་རབ་རྣམ་མེད་པས། འབྱུང་བ་ལས་གྱུར་བའི་གཟུགས་གོམས་པ་ཡང་དག་པ་གཅིག་ཡོད་དེ། དངོས་པོ་ཡང་དག་པ་མེད་པའི་དཔེ་ལ་གཟུགས་བརྙན་མ་གྲུབ་པོ། མེ་ལོང་ནང་ན་གཟུགས་དང་འདྲ་བར་ཤར་བ་མ་ཡིན་པར་གཟུགས་དངོས་ཤར་བ་ཡིན་ནོ་ཞེ་ན། གཉིས་པ་དེ་དགག་པ་ནི། ཐེག་འགྲེལ་ལས། དེ་འགོག་བྱེད་ཀྱི་ཚད་མ་ནི། མེ་ལོང་གི་ནང་ན་སྣང་བའི་གཟུགས་འདི་བོན་ཅན། འབྱུང་བ་དང་དེ་ལས་གྱུར་པའི་གཟུགས་གོམས་པ་མ་ཡིན་ཏེ། གཟུགས་ཅན་ཐོགས་པ་དང་བཅས་པ་གཉིས་སུ་འདུག་པ་གཅིག་ཏུ་འགལ་བའི་ཕྱིར་རོ།། ཞེས་པས་གཤེན་རབ་རྣམ་མེད་པས་མེ་ལོང་ནང་ན་གཟུགས་ཅན་དངོས་སུ་སྣང་བ་ལྟར་འདོད་པ་མི་འཐད་དེ། དེ་ལྟར་ན་མེ་ལོང་དང་མེ་ལོང་ནང་ན་སྣང་བའི་གཟུགས་གཉིས། གཟུགས་ཅན་ཐོགས་པ་དང་བཅས་པ་གཉིས་སུ་ཡོད་པ་གཅིག་གི་གོ་ས་ལ་གཅིག་མི་ཤོང་བས། མེ་ལོང་གཅིག་པོའི་གོ་ས་ལ་དེ་གཉིས་ཀར་འདུག་པ་འགལ་བའི་ཕྱིར་ཞེས་དགག་པའོ།།

  ༧གཉིས་པ་ལ། གཉིས་ལས་དང་པོ་ནི། ཐེག་འགྲེལ་ལས། གཞན་ཡང་མུ་སྟེགས་གཞོན་ནུ་དབང་པོ་ན་རེ། བྱད་འདི་ཉིད་ཕ་གིར་སོང་བ་ཡིན་ཏེ། གཟུགས་བརྙན་ཡིན་བྱ་བའི་དཔེ་མ་གྲུབ་བོ་ཞེས་ཟེར་རོ།། ཞེས་པས་གཞོན་ནུ་གྲངས་ཅན་པ་ན་རེ། མེ་ལོང་ནང་ན་གཟུགས་བརྙན་ཤར་བ་མ་ཡིན་པར་གཟུགས་ཅན་དངོས་ཤར་བ་ཡིན་ཏེ། མེ་ལོང་ནང་ན་བྱད་འདི་ཉིད་ཕར་སོང་བ་ཡིན་པའི་ཕྱིར། གཟུགས་བརྙན་ཡིན་བྱ་བའི་དཔེ་རང་མ་གྲུབ་ཟེར་རོ།། གཉིས་པ་དེ་དགག་བྱེད་ནི། ཐེག་འགྲེལ་ལས། མེ་ལོང་ནང་ན་སྣང་བའི་གཟུགས་བརྙན་བོན་ཅན། བྱད་འདི་ཕ་གིར་སོང་བ་མ་ཡིན་ཏེ། ཕན་ཚུན་རྣམ་པར་འགལ་བའི་ཕྱིར་རོ།། ཞེས་པས་གཞོན་ནུ་གྲངས་ཅན་པས་མེ་ལོང་ནང་ན་གཟུགས་ཅན་དངོས་སུ་སྣང་བ་འདོད་པ་དགག་པ་སྟེ། ཁྱོད་ཀྱི་འདོད་པ་ལྟར་མེ་ལོང་ནང་ན་བྱད་འདི་ཕར་སོང་བ་མ་ཡིན་ཏེ། བྱད་དང་མེ་ལོང་གཉིས་ཕན་ཚུན་ཆེ་ཆུང་སོགས་རྣམ་པ་འགལ་བའི་ཕྱིར་ཏེ། བྱད་གཅིག་མེ་ལོང་ཆེ་བ་ལ་རྣམ་པ་ཆེ་བ་དང་ཆུང་བ་ལ་རྣམ་པ་ཆུང་བ་ཤར་བ་མྱོང་བས་གྲུབ་པའི་ཕྱིར་རོ།། གསུམ་པ་ནི། ཐུགས་རྗེ་སེམས་དཔས་བོན་ཐམས་ཅད་ཤེས་པའི་ངོ་བོར་ཤར་བའི་ཤེས་པའི་རྣམ་པ་ཙམ་ལས། ཕྱིའི་ཡུལ་གྱི་རྣམ་པ་ཤར་བ་མ་ཡིན་པས་དཔེ་མ་གྲུབ་ཟེར་ཏེ། ཐེག་འགྲེལ་ལས། གཞན་ཡང་ཐུགས་རྗེ་སེམས་དཔའི་ཐེག་པ་བ་ན་རེ། དཔེ་མ་གྲུབ་སྟེ། རང་གི་སེམས་ཉིད་གཟུགས་ཅན་དུ་སྣང་བ་ཡིན་ཟེར་རོ།། དེ་དགག་བྱེད་ནི་གཡུང་དྲུང་གཟེར་ཆེན་གྱི་སྐབས་སུ་འཆད་པར་འགྱུར་རོ།། དེས་ན་རང་གི་འདོད་པ་གཟུགས་བརྙན་དུ་འདོད་པའོ།། དེ་ནི་དོན་ལྔ་ཁྱད་པར་རྣམ་པར་བཞག་པའོ།། ཞེས་གསུངས་པའོ།།

  གསུམ་པ་དེ་དག་མདོར་བསྡུ་ནི། མཐའ་བྲལ་དབུ་མའི་ལྟ་བ་སྟོན་པའི་ཁོངས་སུ་འདུས་པ་སྟེ། ཐེག་འགྲེལ་ལས། དེ་ལྟར་སྤྲོས་པ་ཐམས་ཅད་ཆོད་པའི་དོན་ནི་ལྟ་བ་ཞེས་བྱའོ།། ཞེས་གསུངས་པའི་ཕྱིར་རོ།།
  དབུ་མའི་ལྟ་དོན་ལ་དཔྱད་པ་འདི་ཉིད་སློབ་མ་འགས་སྐུལ་བ་ལ་བརྟེན་ནས་ངས་བྲིས་པའི་ཐེག་རིམ་གྱི་རྣམ་བཤད་ལས་ཕྱོགས་ཙམ་བསྡུས་པ་འདི་ཡང་ཤེས་རབ་འཕེལ་བའི་རྒྱུ་དང་དག་སྣང་སྦྱང་བའི་རྒྱུ་རུ་གྱུར་ཅིག་ཅེས་༢༠༢༤།༤།༢༤ཉིན་ལའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།