བོན་ལུགས་འདུལ་བའི་ལོ་འགོ་འཛིན་སྟངས་སམ་འདུལ་རྩིས་ཀྱི་སྐོར་ལ་རགས་ཙམ་གླེང་བ།
[ཟླ་ཚེས། 2023-09-16 21:54:14][རྩོམ་པ་པོ། འབྲིང་རྒྱུད་དགེ་བཤེས་གཡུང་དྲུང་ཕྲིན་ལས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
[གནད་བསྡུས] བོན་གཞུང་འདུལ་བ་རྒྱུད་དྲུག་དང་མཛད་མདོ་ཁག་ལས་འདུལ་རྩིས་ཀྱི་རྣམ་བཞག་ཇི་ལྟར་གསལ་བའི་སྐོར་དང་། མཁན་ཆེན་ཉི་མའི་དགོངས་བཞེད་ལྟར་རང་ལུགས་འདུལ་བའི་ལོ་འགོ་འཛིན་ཚུལ་དང་། མཁན་ཉི་མའི་འདུལ་བའི་རྣམ་བཤད་དང་མཉམ་མེད་བླ་མའི་ནང་སྒྲུབ་སོགས་ལས། དཔྱིད་ཟླ་ར་བ་སྟག་གི་ཟླ་བའི་དུས་འཁོར་བའི་ཚེས་པ་ལྔ་ལ། དུས་ཁྲིམས་འདུལ་བའི་ལུགས་སམ་འདུལ་རྩིས་ཀྱི་ཚེས་བརྒྱད་ཞེས་གསུངས་འདུག་པས། དེ་ལྟར་དུས་འཁོར་ལུགས་དང་འདུལ་རྩིས་རང་ལུགས་གཉིས་ཚེས་གྲངས་མི་མཐུན་པའི་གནད་དོན་ཅི་ལྟར་ཡིན་མིན་དང་། རང་ལུགས་འདུལ་རྩིས་ཀྱི་ཞག་ནི་ཉིན་ཞག་ལ་བརྩི་དགོས་པའི་སྐོར་སོགས་ལ་དཔྱད་པ་དང་བསམ་ཚུལ་ཅུང་ཙམ་བརྗོད་ཡོད།
[གནད་ཚིག] འདུལ་བའི་ལོ་འགོ འདུལ་རྩིས། ཉིན་ཞག
གླེང་གཞི།
དེ་ཡང་འདུལ་བ་ནི་བསྟན་པའི་སྲོག་ཤིང་ཡིན་ཞེས་ལུང་གིས་བསྟན་པ་བཞིན་སངས་རྒྱས་བསྟན་པར་འདུལ་བ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན། ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་རྣམ་པར་དག་པ་ཞིག་ཡུན་རིང་གནས་ཐུབ་མིན་ནི་འདུལ་བ་ལ་རག་ལས་ཡོད་པ་སྟེ། ཇི་སྐད་དུ། “སངས་རྒྱས་བསྟན་པ་ཚུལ་ཁྲིམས་ཡིན། །ཚུལ་ཁྲིམས་མེད་ན་བསྟན་པ་མེད། །”ཅེས་པ་བཞིན་ནོ། །ད་ལྟའི་འདུལ་བ་འདི་དང་པོ་བྱུང་བའི་ཁུངས་བཙུན་པ་སྟེ། རྗེ་རིན་པོ་ཆེའི《འདུལ་འགྲེལ》ལས། “ད་ལྟའི་འདུལ་བ་འདི་ཕུགས་དང་བྱུང་ཁུངས་བཟང་བའི་ཚུལ་ནི། སྤངས་རྟོགས་ཕུལ་ཏུ་ཕྱིན་པའི་སྟོན་པ་གཤེན་རབ་ཉིད་ནི། ཟག་པ་མེད་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ། རྣམ་གྲོལ་གྱི་ཡན་ལག་དང་། རྣམ་གྲོལ་ཡེ་ཤེས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ་ཡིན་མོད་ཀྱང་། གདུལ་བྱའི་མོས་པ་བསྐྱེད་ཅིང་། བསྟན་པ་རྣམ་པར་དག་པ་ལ་སོགས་ཀྱི་ཕྱིར་དུ། མི་ལོ་སུམ་སྟོང་གཅིག་བརྒྱ་གཤེན་ལོ་སུམ་ཅུ་སོ་གཅིག་ལ། ཕྲིན་ལས་དམ་པ་ཁྱིམ་སྤངས་རབ་ཏུ་བྱུང་བའི་ཚུལ་བསྟན།” ཅེས་པ་བཞིན་ད་ལྟའི་བོད་གངས་ཅན་པའི་འདུལ་བའི་ཕུགས་ནི་ཡང་དག་རྫོགས་པའི་སངས་རྒྱས་སྟོན་པ་ཁྲི་གཙུག་རྒྱལ་བ་ལ་ཐུག་ཡོད། དེ་ནས་ཁྲི་གཙུག་རྒྱལ་བས་སློབ་དཔོན་མཛད། གཙུག་གཤེན་རྒྱལ་བས་མཁན་པོ་མཛད། འ་ཞ་གསང་བས་དཔང་པོ་མཛད་ནས་འཁོར་སྡེ་བཞི་ཡ་བརྒྱད་རྣམས་ལ་ཁྲིམས་རྫོགས་པར་གནང་ཞིང་། དེ་ནས་སྟག་གཟིག་དང་། ཞང་ཞུང་དང་། བོད་སོགས་ལ་སྔ་ཕྱི་རིམ་བཞིན་དར་ཏེ། བོད་གངས་ཅན་གྱི་ཡུལ་འདིར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དག་གིས་འདུལ་བའི་སྡོམ་རྒྱུན་ཟམ་མ་ཆད་པར། ད་ལྟ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་དཔལ་རྒྱལ་བ་སྨན་རི་བའི་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ལ་ཐུག་གི་བར་དུ་རྒྱུན་བསྐྱངས་པའི་བཀའ་དྲིན་གྱིས་ཡུལ་འདིར་འདུལ་རྒྱུད་འདི་མ་ཉམས་པར་གནས་བཞིན་ཡོད་ལ། རང་རེའི་འདུལ་བསྟན་མུ་ཟི་གསལ་བཟང་ནས། སོག་སྟོན་ཁྲི་འབར་ཚུལ་ཁྲིམས་ལ་བརྒྱུད་པ། སྨད་ལུགས་ཞེས་གྲགས་པ་འདི་ཉིད་ཐེག་པ་ཆེན་པོའི་སོ་ཐར་གྱི་རིགས་ཡིན་ཞེས་རྗེ་རིན་པོ་ཆེ་དང་མཁན་ཆེན་ཉི་མ་བསྟན་འཛིན་སོགས་ཀྱིས་ཡང་ཡང་གསུངས་པ་ཡིན་ནོ། །དེ་ལྟར་རྣམ་དག་འདུལ་བའི་བོན་སྒོ་ལ་ཞུགས་པའི་རབ་བྱུང་པ་ཞིག་ཡིན་པ་ནས་བཟུང་རང་ལུགས་འདུལ་རྩིས་ཀྱི་རྣམ་བཞག་འདི་དག་མ་ཤེས་ན་ཐབས་མེད་ཅིག་ཡིན་པས། དེ་ཡང་འདུལ་རྩིས་ཞེས་པ་ནི། འདུལ་བ་རང་ལུགས་ཀྱི་ལོ་འགོ་འཛིན་སྟངས་དང་། ལོ་ཟླ་ཞག་དུས་རྩི་སྟངས། ཟླ་རེའི་གསོ་སྦྱོང་འགྲོ་ལུགས་སོགས་ལ་ཉིན་ཞག་བརྩིས་ནས་འདུལ་བ་རང་ལུགས་ཀྱི་འདུལ་བའི་ལས་ཆོག་གནང་བའི་རྣམ་བཞག་སོགས་ལ་འདུལ་རྩིས་ཞེས་བཤད་ཆོག་པར་སྣང་། དེ་ཡང་སྤྱིར་ལོ་ཟླ་ཞག་དུས་ཀྱི་རྣམ་བཞག་ལའང་རྩི་ལུགས་མི་འདྲ་མང་པོ་ཡོད་པ་སྟེ། དཔེར་ན། ལོ་ལ་ཁྱིམ་ལོ་དང་། ཚེས་ལོ། ཉིན་ལོ། ཟླ་བ་ལ་ཡར་ངོ་དང་། མར་ངོ་། ཟླ་ཆེན་ཟླ་ཆུང་སོགས་དང། ཞག་ལ་ཁྱིམ་ཞག་དང་། ཉིན་ཞག1 ཚེས་ཞག་དང་། དུས་ཚོད་ལ་དུས་བཅུ་གཉིས་དང་། དུས་དྲུག་ལ་སོགས་དང་། ལོ་སྐོར་ཟླ་བ་བཅུ་གཉིས་ལའང་དུས་བཞི་རུ་དབྱེ་བ་དང་། དུས་དྲུག་ཏུ་དབྱེ་བ་ཅི་རིགས་ཡོད་པ་དང་། ལོ་འགོ་འཛིན་ཚུལ་བཤད་ན་མི་འདྲ་བ་མང་པོ་ཡོད་དེ། ནག་རྩིས་ཀྱི་ལུགས་དང་། དུས་འཁོར་སྐར་རྩིས་ལུགས། གསོ་དཔྱད་པའི་ལུགས། འདུལ་བའི་ལུགས་སོགས་ཡོད། དེ་དག་ལའང་ཁ་ཤས་ཡར་ངོའི་ཚེས་གཅིག་ནས་ལོ་འགོ་འཛིན་པ་དང་འགའ་ཞིག་མར་ངོའི་ཚེས་གཅིག་ནས་ལོ་འགོ་འཛིན་པ་བཅས་ལུགས་མི་འདྲ་བ་ཡོད། དེ་ནས་ཡར་ངོའི་ཚེས་གཅིག་ནི་ཟླ་བ་གང་ཡིན་གྱི་ཚེས་གཅིག་རང་ཡིན་ལ་མར་ངོའི་ཚེས་གཅིག་ནི་ཟླ་བ་གང་ཡིན་གྱི་ཚེས་བཅུ་དྲུག་ནས་འཇོག་དགོས་པ་བཞིན་ནོ། །དཔེར་ན་དེང་དུས་གསར་བརྩམས་ཀྱི་རྩིས་རིག་དཔེ་ཆ་མི་ཉུང་བ་ཞིག་གི་ནང་ལ་འདི་ལྟར་ཡོད་དེ། ཧོར་ཟླ་བཅུ་པའི་མར་ངོའི་ཚེས་གཅིག་ནས་ལོ་འགོ་འཛིན་པ་ནི། འདུལ་བ་དང་། མངོན་པ་མཛོད་ཀྱི་རྗེས་འབྲངས་ས་དགེ་མཁས་མང་གི་ལུགས་ཟེར་བ་བཞིན་གྲུབ་མཐའ་དེ་དག་གིས་འདུལ་བའི་ལོ་འགོ་ཧོར་ཟླ་བཅུ་པའི་མར་ངོའི་ཚེས་གཅིག་ནས་འཛིན་པ་ནི་ཡོངས་གྲགས་སུ་ཆགས་ཡོད་པ་བཤད་མི་དགོས་མོད། རང་ལུགས་གཡུང་དྲུང་བོན་གྱི་འདུལ་རྩིས་ཀྱི་ཁུངས་ལུང་གཞུང་གང་དང་གང་ལས་གསལ་བ་དང་། དུས་ཁྲིམས་གཙང་མ་འདུལ་བའི་ལུགས་ཀྱི་ལོ་འགོ་ཟླ་བ་གང་ལ་འཛིན་ཚུལ་སྐོར་ནས་ཅུང་ཟད་གླེང་བར་འདོད།
དང་པོ། སངས་རྒྱས་ཀྱི་བཀའ་ལས་འདུལ་རྩིས་སྐོར་ཅི་ལྟར་གསལ་བ།
ད་ལྟ་བོན་གྱི་བཀའ་འགྱུར་ཁྲོད་དུ་བཞུགས་པའི་གནའ་དཔེ་འདུལ་བ་རྒྱུད་དྲུག་དང་། མཛད་མདོ་དྲི་མེད་གཟི་བརྗིད་སོགས་ལས་དུས་ཁྲིམས་འདུལ་རྩིས་ཀྱི་རྣམ་བཞག་ཅི་ལྟར་བྱུང་བའི་བརྡ་ཆད་འགའ་ཞིག་གཙིགས་སུ་བཟུང་སྟེ་ཡིད་ཆེས་པར་བྱ་ཕྱིར་ལོ་རྒྱུས་ཀྱི་ཚུལ་དུ་འདིར་ཟུར་འདོན་ཞུས་ན། འདུལ་བ《སྤྱི་ལྟོས་འགོག་པ་སྡོམ་བྱེད་རྒྱུད》ལོ་ཟླ་ཉི་མ་དུས་བཟུང་གི་ལེའུ་ལས། “དྲང་སྲོང་ཉི་མ་ཚད་ལ་བསྒྲིམ། དབྱར་དབྱུག་གུ་བཅུ་དྲུག་ཚད་ནས་གུང་གསོལ། དེ་ལས་འདས་ན་ཡོལ་བ་ཡིན་པས་སྤོང་། ནམ་ལངས་ཉི་མའི་མདངས་རི་རྩེ་བྱུང་ནས་དྲོ་བཟའ། དགུན་ཆུ་ཚོད་བརྒྱད་ནས་གུང་གསོལ།”2 ཞེས་དང་། ཡང་དེ་ཉིད་ལས། “སྟོན་དཔྱིད་ཉིན་མཚན་མཉམ་བཞིན་པར། ཉིན་མཚན་ཆ་བགོས་ཚད་ཟིན་བྱས་ལ། དྲོ་དང་གུང་གི་ཚད་ཟིན་མ་ཡོལ་གསོལ། དཔྱིད་དང་པོ་སྒྲོག་ལ་ཚེས་ནས་སྟ་རི་མཆུ་ལ་ཉ། དབྱར་དང་པོ་སྨིན་དྲུག་གིས་ཚེས་ནས་ལག་སོར་ལྷ་མཚམས་ལ་ཉ། སྟོན་དང་པོ་ནམ་ཐོང་ལ་ས་རི་ཚེས་སྟོང་དབྱུག་པ་ལ་ཐ་སྐར་ཉ། དགུན་དང་པོ་དཔུང་པས་སྣྲུབས་ཚེས་སྨིན་དྲུག་ལ་ཉའོ། །” ཞེས་དང་། 《མཛད་མདོ་དྲི་མེད་གཟི་བརྗིད་ཁྱིམ་སྤང་རབ་བྱུང་གི་མདོ》ལས། “དེས་ན་དགེ་སྤྱོད་ཉི་མཚན་འཁོར་ཡུག་ཏུ། ལོ་ཟླ་ཞག་གྲངས་ཟ་མ་དུས་མི་འདའ།”3ཞེས་དང་། 《མཛད་མདོ་དྲི་མེད་གཟི་བརྗིད་དཀའ་ཐུབ་མཐར་ཕྱིན་གྱི་མདོ》ལས། “དེ་ལྟར་ལོ་སྐོར་ཟླ་བ་བཅུ་གཉིས་ལ། ཞག་དང་ཟ་མ་བགྲང་བས། དུས་དྲུག་རྒྱུན་པར་ཁོར་ཡུག་ཏུ། རྣམ་པར་དག་པ་གཤེན་གྱི་དགེ་སྤྱོད་ཟབ་མོ་ཉམས་སུ་བླངས་ན།”4ཞེས་པས། དེ་ལྟར་གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་སྒོ་ལ་འཇུག་ནས་ཉམས་སུ་ལེན་ཚེ་སྤོང་ལེན་གི་ཚུལ་ཡང་འདུལ་རྒྱུད་རང་ལས་དབྱར་དགུན་སྟོན་དཔྱིད་ཀྱི་དུས་རང་རང་ལ་དབྱུག་གུ་དང་ཆུ་ཚོད་ལ་བརྟགས་ནས་དུས་ཀྱི་ཚད་འཛིན་ཚུལ་དང་། ཚེས་སྐར་དང་། ཉ་སྐར། ཉ་གོང་ཉ་འོག་གི་བཤད་པ་མང་པོ་བྱུང་བ་དང་། མཛད་མདོ་ལས་ཀྱང་། དེ་ལྟར་ལོ་ཟླ་ཞག་དང་ཟ་མ་དུས་ཚོད་བཅས་ཞིབ་པར་བགྲང་བ་འམ་བརྩི་དགོས་པར་བསྟན་པ་དེ་དག་ནི་འདུལ་རྩིས་ཀྱི་རྣམ་བཞག་རང་གཞུང་བཀའ་ལས་གསལ་བའི་ཚུལ་ཡིན་ཞེས་སྨྲ་ཆོག
གཉིས་པ། རང་ལུགས་འདུལ་བའི་ལོ་འགོ་གང་ལ་འཛིན་པ།
གཅིག རང་ལུགས་འདུལ་བའི་ལོ་འགོ་ཧོར་ཟླ་བརྒྱད་པའི་ཡར་ངོའི་ཚེས་གཅིག་ནས་འཛིན་དགོས་པ་སྟེ། རྒྱལ་བ་མཉམ་མེད་ཆེན་པོའི་རིང་ལུགས་འཁྲུལ་མེད་དུ་སྐྱོང་བའི་མཁན་ཆེན་ཉི་མ་བསྟན་འཛིན་མཆོག་གིས་མཛད་པའི《རྣམ་པར་དག་པ་འདུལ་བའི་སྤྱོད་ཚུལ་དབྱར་གནས་བསླབ་བྱའི་རིམ་པ་མདོར་བསྡུས》ལས།5 “ཧོར་ཟླ་ལྔ་པའི་ཡར་ངོའི་ཚེས་བཅུ་ནས་བཅོ་ལྔའི་བར་གྱི་གཟའ་སྐར་བཟང་པོ་ཞིག་ལ་དབྱར་གནས་ཀྱི་དབུ་འཛུགས་ཏེ། ཧོར་ཟླ་བདུན་པའི་གནམ་སྟོང་ཉིན་དགག་པ་དབྱེ་ཞིང་བཀྲོལ་བའོ། །དེ་ལྟར་མ་ལྕོགས་ཚེ་ཟླ་བ་གཉིས་དང་ཕྱེད་གཉིས་ཙམ་ལ་དབྱར་གནས་སྲུང་ཀྱང་རུང་ངམ་སྙམ་ཞིང་། ཧོར་ཟླ་བདུན་པའི་གནམ་གང་ཉིན་དགག་དབྱེ་བྱེད་པ་ནི་རྗེ་མཉམ་མེད་རིན་པོ་ཆེ་ལ་སོགས་རང་གཞན་མཁས་གྲུབ་དུ་མའི་ཕྱག་སྲོལ་ཡིན་ནོ། །”ཞེས་དང་། “དེ་ནས་ཧོར་ཟླ་བདུན་པའི་གནམ་གང་གི་ཕྱེད་ཡོལ་ཙམ་ནས་དགག་དབྱེ་ཞེས་བྱ་སྟེ། དཀར་གསུམ་དང་འབྲས་ཆན་གྱི་གསོལ་བཅས་རྣམས་དགའ་སྟོན་རྟེན་འབྲེལ་གྱི་ཚུལ་དུ་དྲང་ངོ་། །དེའི་ཕྱི་ཉིན་ཧོར་ཟླ་བརྒྱད་པའི་ཚེས་འགོ་ནས་བཟུང་མཉམ་མེད་རིན་པོ་ཆེ་ལ་སོགས་འདུལ་འཛིན་རང་ལུགས་ཀྱི་ལོ་འགོ་འཁྲུལ་མེད་དང་། དགག་དབྱེ་ཆེན་པོ་ཞེས་པ་ཡིན་པས་རང་རང་གི་དགེ་སྦྱོར་འགྲུབ་པའི་རྟགས་སུ་དགའ་སྤྲོ་རྒྱ་ཆེན་པོ་བྱའོ། །”ཞེས་པས། རང་ལུགས་འདུལ་བའི་ལོ་འགོ་སྟོན་འབྲིང་ཧོར་ཟླ་བརྒྱད་པའི་ཡར་ངོའི་ཚེས་གཅིག་ལ་ཡིན་པ་རང་རེའི་བོན་ལུགས་སུ་འཛིན་པ་ཀུན་གྱིས་མཁྱེན་དགོས་པ་གལ་ཆེའོ། །
གཉིས། ཀུན་མཁྱེན་ཉི་མས་རང་ལུགས་འདུལ་བའི་ལོ་འགོ་སྟོན་ཟླ་འབྲིང་པོ་ལ་མཛད་པའི་ཁུངས་ནི་རྩ་བ་འདུལ་བ་ཀུན་འབྱུང་དབྱིངས་དག་གི་རྒྱུད་ལས་བཏུགས་འདུག་པར་སྙམ་ཏེ། 《འདུལ་བ་ཀུན་འབྱུང་དབྱིངས་དག》ལས། “དུས་ཕུན་སུམ་ཚོགས་པ་ནི། སྟོན་པ་དང་འཁོར་རྣམས་འཛོམས་པ། དུས་ཚེ་ལོ་བརྒྱ་པའི་སྟོད། ལོ་ཤིང་ཕོ་སྟག་གི་ལོ། ཟླ་བ་སྟོན་དང་པོའི་དུས། ཉི་མ་སྔ་དྲོ་དང་པོའི་དུས། དུས་དེ་རྣམས་ལ་བོན་གྱི་དབུ་བཙུགས།”6ཞེས་པས། སྟོན་པས་འདུལ་བའི་བོན་སྡེ་འདི་ཉིད་གསུངས་པའི་དུས་ནི་ཤིང་ཕོ་སྟག་གི་ལོའི་སྟོན་ཟླ་དང་པོ་ལ་ཡིན་པ་གསལ་བས། དེས་ན་ཀུན་མཁྱེན་ཉི་མས་རང་ལུགས་འདུལ་བའི་ལོ་འགོ་སྟོན་ཟླ་ལ་བྱེད་པ་ནི་སྔོན་གྱི་སྟོན་པས་འཁོར་རྣམས་ལ་འདུལ་བའི་བོན་སྡེ་ཐོག་མར་གསུངས་ཏེ་ཁྲིམས་གནང་བའི་དུས་ཁྱད་པར་ཅན་དང་བསྟུན་པ་ཡིན་ནམ་སྙམ། འོན་ཀྱང་སྟོན་པས་འདུལ་བའི་བོན་སྡེ་གསུངས་པའི་དུས་ནི་སྟོན་ཟླ་དང་པོ་ལ་ཡིན་པས། ཕྱིས་ཧོར་ཟླའི་ལུགས་ལྟར་བྱས་ན་སྟོན་དང་པོ་ནི་ཧོར་ཟླ་བདུན་པ་ལ་ཁེལ་བ་ཡིན། ཀུན་མཁྱེན་ཉི་མས་རང་ལུགས་འདུལ་བའི་ལོ་འགོ་སྟོན་འབྲིང་ཧོར་ཟླ་བརྒྱད་པ་ལ་འཛིན་པ་ལས་ཧོར་ཟླ་བདུན་པ་ལ་འཛིན་མི་འདུག་པས། དེས་ན་ཀུན་མཁྱེན་གྱིས་ལོ་འགོ་འཛིན་པའི་ཁུངས་རྩ་བ་འདུལ་བ་ཀུན་འབྱུང་དབྱིངས་དག་གི་ལུང་ལ་གཞི་བཅོལ་འདུག་ཅེས་བཤད་ན་མི་འཐད་དེ་ཟླ་གཅིག་གི་སྔ་ཕྱི་ཤོར་བའི་ཕྱིར་ཞེ་ན། དེ་ལ་འདི་ལྟར་སྨྲ་བར་འདོད་དེ། ཀུན་མཁྱེན་གྱིས་སྔོན་གྱི་སྟོན་པ་སངས་རྒྱས་ཀྱིས་སྡོམ་ཁྲིམས་ཀྱི་བཅའ་བ་མཛད་པ་རྣམས་ཀྱི་དགོངས་དོན་དང་། དེ་མཐུན་རྗེ་རིན་པོ་ཆེ་སྐུ་ཕྲེང་གོང་འོག་རྣམས་ཀྱིས་བཅའ་སྒྲིག་མཛད་པ་རྣམས་མ་འཛོལ་བར་ཉམས་སུ་ལེན་དགོས་ཞེས་པ་ལྟར། སྟོན་ཟླ་དང་པོ་ནི་སྟོན་པས་འཁོར་རྣམས་ལ་འདུལ་བའི་བོན་གསུངས་པ་དབུ་འཛུགས་པའི་དུས་དང་པོ་དེ་ཡིན་པས། ཟླ་བ་དེ་ལ་བཙུན་པ་རྣམས་ལྷན་གཅིག་ཏུ་འཚོགས་ནས་དུས་མཚམས་བཅད་པའི་ཚུལ་གྱིས་བསླབ་པ་རྣམ་པར་དག་པ་འཇུག་ཅིང་དཀའ་ཐུབ་ལ་གནས་དགོས་པར་མཛད་པས། དེ་ལྟར་དཀའ་ཐུབ་ཀྱི་ཟླ་བ་དེའི་རིང་ལ་ཕྱི་དྲོའི་ཁ་ཟས་སོགས་སྤངས་ནས་ཟས་བཅད་དགོས་པས་འདུལ་བའི་ལོ་སར་ཅི་ལྟར་བྱེད། དེས་ན་ཧོར་ཟླ་བདུན་པའི་གནམ་གང་ལ་ཚོགས་གྲོལ་བས་ཕྱི་ཉིན་ཧོར་ཟླ་བརྒྱད་པའི་ཡར་ངོའི་ཚེས་གཅིག་ལ་འདུལ་བའི་ལོ་འགོ་བཟུང་ནས་རང་རང་གི་དགེ་སྦྱོར་གྲུབ་པའི་རྟགས་སུ་བཟའ་བཏུང་ལ་རོལ་ཏེ་དགའ་སྤྲོ་རྒྱ་ཆེར་བྱེད་པས་འདུལ་བའི་ལོ་སར་ཡང་ཟེར། གང་ལྟར་ཧོར་ཟླ་བརྒྱད་པའི་ཚེས་གཅིག་ལ་འདུལ་བའི་ལོ་འགོ་བཟུང་ན། སྟོན་པས་འཁོར་རྣམས་ལ་འདུལ་བའི་བོན་གསུངས་པའི་དུས་ཁྱད་པར་ཅན་ལ་བསྟུན་ཏེ་ལོ་འགོ་འཛིན་པ་མ་ཡིན་པར་མི་འགྱུར་ཏེ། སྟོན་ཟླ་དང་པོ་ལ་སྟོན་པས་བོན་དབུ་འཛུགས་གསུངས་ཡོད་པ་ལས་གསུངས་པ་མཇུག་རྫོགས་པ་ཡིན་མ་གསུངས་པའི་ཕྱིར། ཀུན་མཁྱེན་གྱིས་འདུལ་བའི་ལོ་འགོ་འཛིན་པའི་ཁུངས་རྩ་བ་འདུལ་བ་ཀུན་འབྱུང་དབྱིངས་དག་གི་ལུང་ལ་གཞི་བཅོལ་ཡོད་པ་ནི་རང་ལུགས་འདུལ་བའི་ལོ་འགོ་དབྱར་དཔྱིད་དགུན་སོགས་དུས་གཞན་ལ་མི་བྱེད་པ་སྟོན་ཟླ་ལ་བྱས་པས་ཤེས་ཐུབ།
གསུམ། དུས་འཁོར་དང་འདུལ་རྩིས་གཉིས་ཚེས་དང་ཞག་ལ་སྔ་ཕྱི་ཁྱད་པར་ཇི་ལྟར་བྱུང་བ། སྐམ་གཡུང་དྲུང་ཉི་རྒྱལ་གྱིས་མཛད་པའི《མཉམ་མེད་བླ་མའི་ནང་སྒྲུབ》ལས། “རྗེ་མཉམ་མེད་ཆེན་པོ་7མེ་ཕོ་སྤྲེལ་གྱི་ལོ་དཔྱིད་ཟླ་ར་བ་སྟག་གི་ཟླ་བའི་དུས་འཁོར་བའི་ཚེས་པ་ལྔའམ་རྣམ་དག་འདུལ་བའི་དུས་ཁྲིམས་གཙང་མའི་ལུགས་ཀྱི་ཚེས་བརྒྱད་ལ་སྐུ་བལྟམས་ཏེ།” ཞེས་དང་། ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི《འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ》ལས། “ཤིང་ལུག་དབྱར་ཐའི་ཚེས་བརྒྱད་ལ་སྐུ་མི་རྟག་མྱ་ངན་ལས་འདས་པའི་ཚུལ་བསྟན་ཞིང་ཕྱི་ལོ་དཔྱིད་ཟླ་ར་བའི་ཚེས་ལྔའམ་འདུལ་རྩིས་ཀྱི་ཚེས་བརྒྱད་ལ་སྐུ་གདུང་ཞུགས་ལ་བཞེན།” ཞེས་པས། དེ་ལྟར་རང་ལུགས་དུས་འཁོར་བའི་དཔྱིད་རའི་ཚེས་པ་ལྔ་ལ། དུས་ཁྲིམས་འདུལ་ལུགས་ཀྱི་ཚེས་བརྒྱད་ལ་ཁེལ་བས། དེ་གཉིས་སྔ་ཕྱི་ཤོར་དོན་ཅི་ལྟར་ཡིན་ཞེ་ན། དེ་ནི་གཅིག་ཚེས་ཞག་ལ་བརྩི་བ་དང་གཅིག་ཤོས་ཉིན་ཞག་ལ་བརྩི་ནས་དེ་གཉིས་རྩི་སྟངས་ཡང་ལུགས་མི་འདྲ་བའི་དབང་གིས་དེ་ལྟར་འགྱུར་བ་ཡིན་པར་སྙམ། ཀུན་མཁྱེན་གྱིས་འདུལ་བའི་ལོ་འགོ་སྟོན་འབྲིང་ཧོར་ཟླ་བརྒྱད་པ་ལ་མཛད་ནས། དེ་ནས་དཔྱིད་ར་ཧོར་ཟླ་དང་པོའི་བར་དུ་རགས་རྩིས་བྱས་ཚེ། དུས་འཁོར་ཚེས་ཞག་མའི་ལུགས་དང་ཚེས་ཆད་ལྷག་སོགས་ལ་མ་བསྟུན་པར། འདུལ་རྩིས་རང་ལུགས་ཉིན་ཞག་མའི་ལུགས་སུ་བྱས་ཏེ་ཟླ་གཅིག་ལ་ཞག་སུམ་ཅུ་དང་། ཟླ་གཅིག་ལ་ཞག་ཉེར་དགུ་རེ་རྗེ་རིན་པོའི་ཆེའི་མཛོད་འགྲེལ་དང་མཐུན་པར་བརྩིས་འདུག་པར་མངོན་ཏེ། 《སྲིད་པའི་མཛོད་ཕུགས》ལས། “ཟླ་རི་ནི་ཆུ་ལ་ལོད་ཏིག །རྒྱུ་གང་ཏི་པར་ཏེ་པྲེ་གྱིན། །ཟླ་བ་བཅུ་གཉིས་ལོ་གཅིག་སྟེ། །གང་པོ་འཕར་ནི་ཕྱེད་ཕྱེད་རྩི། །”8ཞེས་པ་དེ་ལ་རྗེའི་འདི་ལྟར་འགྲེལ་འདུག་སྟེ། “གང་བ་ནི་ཕོ་ཟླ་དྲུག་སྟེ་ཞག་སུམ་ཅུ་རེའོ། །བོ་བ་ནི་མོ་ཟླ་དྲུག་སྟེ་ཞག་ཉེར་དགུ་རེའོ། །”9ཞེས་སོ། །ཡང་མཁས་པ་སྒ་སྟོན་གྱིས། “གང་བ་ནི་ཕོ་ཟླ་དྲུག་སྟེ་ཞག་སུམ་ཅུ་རེའོ། །བོ་ནི་མོ་ཟླ་དྲུག་སྟེ་གླང་ལུག་བྱ་ཡོས་བཞི་ལ་ཞག་ཉེར་བརྒྱད་ལས་མེད། ཕག་སྦྲུལ་གཉིས་གདུག་པ་ཅན་ཡིན་པས་ཞག་རེ་ལས་མི་བོ་སྟེ་ཉེར་དགུ་རེའོ། །”10ཞེས་པ་ལྟར། ལོ་འགོ་ཧོར་ཟླ་བརྒྱད་པའི་ཚེས་གཅིག་ནས་བཟུང་སྟེ། དེ་ཡང་རགས་རྩིས་བྱས་ན། དུས་འཁོར་ལུགས་ཀྱི་ཚེས་ཟླ་རེ་ལ་ཚེས་ཞག་སུམ་ཅུ་རེ་ཆ་མཉམ་པར་བརྩི་བ་དང་། འདུལ་རྩིས་ཉིན་ཞག་ཏུ་བརྩི་བའི་ཕོ་ཟླ་རེ་ལ་ཞག་སུམ་ཅུ་དང་། མོ་ཟླ་ཕག་སྦྲུལ་གཉིས་ལ་ཞག་ཉེར་དགུ་རེ་དང་གཞན་པ་བཞི་ལ་ཞག་ཉེར་བརྒྱད་རེ་བྱས་ཏེ་བརྩིས་ན། ཟླ་བ་ལྔ་ལ་ཞག་གསུམ་སྔོན་དུ་མགྱོགས་པས་དུས་འཁོར་དཔྱིད་རའི་ཚེས་ལྔ་ལ་འདུལ་རྩིས་ཀྱི་ཚེས་བརྒྱད་ཏག་ཏག་ཁེལ་བ་འདི་ནི་སྒ་སྟོན་ཅན་མཐུན་ཆེ་འདུག་སྙམ། ཀུན་མཁྱེན་གྱིས་འདུལ་རྩིས་ཉིན་ཞག་མའི་ལུགས་ལྟར་བྱས་ནས་མཛོད་ཀྱི་དགོངས་པ་བཞིན་བརྩིས་ཡོད་པ་རྒྱུ་མཚན་དེ་དག་ཤེས་པ་ཡིན། རང་ལུགས་འདུལ་རྩིས་ཀྱི་ཞག་ནི་ཉིན་ཞག་ལ་བརྩི་དགོས་པར་ལུང་གིས་ཡང་གྲུབ་སྟེ། བོན་དཔེ་འདུལ་བ་རྒྱུད་དྲུག་སོགས་ལས། “ཞག་གི་འདུལ་བ་དུས་བཟང་གཉེར་། །ཉིན་ཞག་དྲུག་པ་ཐང་རེ་ཟུང་། །”ཞེས་གསུངས་པ་ལྟར་རོ། །དུས་ཁྲིམས་གཙང་མ་འདུལ་ལུགས་ཀྱི་ལོ་ཟླ་ཞག་དུས་རྣམས་ཉིན་ཞག་ལྟར་བརྩི་དགོས་པ་ལས་ཚེས་ཞག་གམ་ཉིན་ཚེས་སྦྲག་མའི་ལུགས་སུ་བརྩི་བ་ནི་ཅིས་ཀྱང་མི་འཐད་པར་རང་ལུགས་འདུལ་བའི་དཔེ་གཞུང་དང་མཁན་ཉི་མའི་དགོངས་པ་སོགས་ལ་ཞིབ་པར་དཔྱད་ན་ཤེས་སོ། །ཡང་སྐམ་གཡུང་དྲུང་ཉི་རྒྱལ་གྱིས་རྗེ་རིན་པོ་ཆེ་མེ་ཕོ་སྤྲེལ་གྱི་ལོ་དཔྱིད་རའི་དུས་འཁོར་བའི་ཚེས་པ་ལྔའམ་རྣམ་དག་འདུལ་བའི་དུས་ཁྲིམས་གཙང་མའི་ལུགས་ཀྱི་ཚེས་བརྒྱད་ལ་སྐུ་བལྟམས་ཏེ། ཞེས་དང་། མཁན་ཆེན་ཉི་མ་བསྟན་འཛིན་གྱིས་ཤིང་ལུག་དབྱར་ཐའི་ཚེས་བརྒྱད་ལ་གཤེགས་ཤིང་ཕྱི་ལོ་དཔྱིད་ཟླ་ར་བའི་ཚེས་ལྔའམ་འདུལ་རྩིས་ཀྱི་ཚེས་བརྒྱད་ལ་སྐུ་གདུང་ཞུགས་ལ་བཞེན།”ཞེས་པ་སོགས། རྗེ་རིན་པོ་ཆེའི་འཁྲུངས་ཚེས་དུས་འཁོར་བའི་ཚེས་ལྔ་དང་། འདུལ་རྩིས་ཀྱི་ཚེས་བརྒྱད་གསུངས་པ་དེ་དག་རགས་རྩིས་ཡིན་པ་ལས་ཞིབ་རྩིས་མ་ཡིན་ནོ། །ཞིབ་རྩིས་འདོད་ན་མི་ལོ་སྟོང་གཉིས་ལྷག་གི་དུས་འཁོར་གྲུབ་ལུགས་ཀྱི་ཚེས་རྩིས་རྒྱས་པ་ཡོད་པའི་གངས་ལྗོངས་སྨན་རྩིས་རིག་མཛོད་ཆེན་མོ་སྐར་རྩིས་གྲངས་མཛོད་ལྟར།11 རབ་བྱུང་དྲུག་པའི་མེ་སྤྲེལ་ལོའི་བོད་ཟླ་བརྒྱད་པའི་ཚེས་གཅིག་ནས་དང་པོའི་ཚེས་ལྔ་བར་གྱི་གྲུབ་ལུགས་ཞིབ་རྩིས་ཚེས་ཆད་ལྷག་དང་ལྔ་བསྡུས་ཀྱི་རི་མོ་རྣམས་ལ་གཟིགས་ན་ཞིབ་རྩིས་བྱས་པའི་དུས་འཁོར་ཚེས་ལྔ་ལ་འདུལ་རྩིས་ཀྱི་ཚེས་གྲངས་གང་ལ་ཁེལ་བ་འདིས་ཤེས་པ་ཡིན། ཧོར་ཟླ་བརྒྱད་པར་ཚེས་༡༥ཆད་༢༣ལྷག དགུ་པར་ཚེས་༢༧ཆད་ལྷག་མེད། བཅུ་པར་ཚེས་༨ལྷག་༢༡ཆད། བཅུ་གཅིག་ཚེས་༢༨ཆད་༢༩ལྷག བཅུ་གཉིས་ཚེས་༢༠ཆད་ལྷག་མེད། ཟླ་བ་དང་པོའི་ཚེས་༣ལྷག་པས། དེ་ལྟར་དུས་འཁོར་ཚེས་གྲངས་ཞིབ་རྩིས་དང་། འདུལ་རྩིས་གོང་བཞིན་བརྩིས་ཏེ་གྲངས་གཤིབ་ཚེ་དུས་འཁོར་དཔྱིད་རའི་ཚེས་ལྔ་ལ་འདུལ་ཚེས་དྲུག་ལ་སླེབས་པ་ཞིབ་རྩིས་སོ། །རྗེའི་འཁྲུངས་ཚེས་མེ་སྤྲེལ་དཔྱིད་རའི་ཚེས་ལྔ་ཉིན་རེས་གཟའ་ཉི་མ། ༡/༩་༤༨་༠་༤༤་༦༩༠། ཟླ་སྐར་ཐ་སྐར། ༠་༢༤་༥༣་༤་༦༥་༡༧། ཉི་སྐར་མོན་གྲུ། ༢༣་༤་༤༡་༥་༤༣། སྦྱོར་བ་དཀར་པོ། ༢༣་༢༩་༤༥་༤་༤༡་༡༧། དོན་ཁྱིམ་བུམ།༡༠་༦་༡༡་༣༨་༣་/༣། འདིར་ཚེས་ལྔ་ཉིན་གྱི་ལྔ་བསྡུས་རི་མོ་གཟའ་སྐར་དབྱུག་སྲང་དབུགས་ཆ་རྣམས་སྐར་རྩིས་གྲངས་མཛོད་རྒྱས་པ་ལྟར་བཀོད་པ་ཡིན། ད་དུང་མཁན་ཆེན་ཉི་མ་བསྟན་འཛིན་གྱི་འདུལ་བ་ལས་རྗེ་རིན་པོ་ཆེ་ཤིང་ལུག་དབྱར་ཐའི་ཚེས་བརྒྱད་ལ་གཤེགས་ཤིང་ཕྱི་ལོ་དཔྱིད་ཟླ་ར་བའི་ཚེས་ལྔའམ་འདུལ་རྩིས་ཀྱི་ཚེས་བརྒྱད་ལ་སྐུ་གདུང་ཞུགས་ལ་བཞེན་ཞེས་པ་དེ་ཡང་ཞིབ་རྩིས་འདོད་ན། འབྱུང་ལྡན་༢༩༡། སྤྱི་ལོ་༡༤༡༥། རབ་བྱུང་བདུན་པའི་ཤིང་ལུག་དབྱར་ཐའི་ཚེས་བརྒྱད་ནས་ཕྱི་ལོ་སྐུ་གདུང་ཞུགས་ལ་བཞེན་པའི་ཉིན་བར་འདུལ་རྩིས་དང་དུས་འཁོར་ལྔ་བསྡུས་གཉིས་དཔྱད་བསྡུར་བྱས་ན་དུས་འཁོར་ཚེས་ལྔ་ལ་འདུལ་རྩིས་ཚེས་གང་ལ་ཁེལ་མིན་གསལ་པོར་ཤེས་ཐུབ།
གསུམ་པ། མཇུག་བསྡུ་བ།
བོན་རང་ལུགས་འདུལ་བའི་ལོ་འགོ་སྟོན་འབྲིང་ཧོར་ཟླ་བརྒྱད་པའི་ཡར་ངོའི་ཚེས་གཅིག་ནས་འཛིན་དགོས་པ་དང་། དུས་བཞིའི་ནང་ནས་ལོ་འགོ་སྟོན་ལ་འཛིན་པ་ནི་རྫོགས་པའི་སངས་རྒྱས་ཀྱིས་འཁོར་རྣམས་ལ་འདུལ་ཁྲིམས་གནང་ཞིང་འདུལ་བའི་བོན་གསུངས་པའི་དུས་ཁྱད་པར་ཅན་ལ་བསྟུན་པ་ཡིན་ནམ་སྙམ་པ་བྱུང་། འདུལ་ཞག་རྩི་སྟངས་ནི་དུས་འཁོར་ཚེས་ཞག་མའི་ལུགས་དང་ཚེས་ཆད་ལྷག་སོགས་ལ་མ་བསྟུན་པར། འདུལ་རྩིས་རང་ལུགས་ཉིན་ཞག་མའི་ལུགས་སུ་བྱས་ཏེ་དེ་ལ་ཟླ་ཆེན་དང་ཟླ་ཆུང་གཉིས་སུ་བྱས་ཏེ་བརྩིས་ན་ཀུན་མཁྱེན་གྱི་དགོངས་པ་དང་འདུལ་བའི་ལུང་དང་མཐུན་པར་སེམས། སྤྱིར་ཀུན་མཁྱེན་གྱིས་དབྱར་གནས་དུས་ཡུན་རིང་ཐུང་ཅི་རིགས་སུ་ཆོག་པར་གསུངས་ཏེ་དུས་ལ་ངེས་གཏན་མ་མཛད་པ་དང་། དམིགས་བསལ་དུ་ཧོར་ཟླ་བདུན་པའི་གནམ་སྟོང་ལ་དགག་དབྱེ་བྱེད་དགོས་ཚུལ་གྱི་དུས་ངེས་གཏན་གནང་ཞིང་། ལུགས་དེ་དག་ནི་རྗེ་རིན་པོ་ཆེ་ལ་སོགས་མཁས་གྲུབ་དུ་མའི་ཕྱག་ལེན་ཡིན་ཞེས་གསུངས་འདུག་པས། སྔར་གདན་ས་སྨན་རིའི་ཕྱག་ལེན་ལ་སྟོན་ཟླ་དང་པོའམ་ཧོར་ཟླ་བདུན་པའི་ནང་བཀའ་ཐུབ་འཚོགས་ཤིང་བདུན་པའི་གནམ་སྟོང་ལ་ཚོགས་ཕར་གྲོལ་བ་གསལ་པོ་ཡིན་འདུག །དེང་དུས་ཕྱི་ནང་གི་གདན་ས་ཁག་ཕལ་ཆེར་གྱིས་སྟོན་འབྲིང་ཧོར་ཟླ་བརྒྱད་པའི་ཚེས་གཅིག་ནས་བཀའ་ཐུབ་འགོ་འཛུགས་གནང་བའི་ལུགས་སྲོལ་འདུག་པས། འདི་ནི་ཀུན་མཁྱེན་ཉི་མའི་ཕྱག་ལེན་ལྟར་སྔར་སྨན་རིའི་ལུགས་སྲོལ་ལས་འགྱུར་བ་ཅུང་བྱུང་བའི་རྣམ་པ་ཞིག་ཏུ་སྣང་། དོན་ངོ་མར་མཁན་ཉི་མའི་ཕྱག་ལེན་བཞིན་སྨན་རིའི་ལུགས་ལྟར་ན་སྟོན་འབྲིང་ཧོར་ཟླ་བརྒྱད་པའི་ཚེས་གཅིག་ནི་བཀའ་ཐུབ་ལས་གྲོལ་ཏེ་འདུལ་བའི་ལོ་སར་ཞེས་ཐུགས་སྤྲོ་ལ་རོལ་བའི་དུས་ཡིན་པ་ལས་བཀའ་ཐུབ་དབུ་འཛུགས་བྱེད་པའི་དུས་མ་ཡིན་པར་གོང་དུ་དྲངས་པའི་ལུང་དེ་དག་ལ་གཟིགས་ན་ཤེས་སོ། །
སྟོན་པ་རྫོགས་པའི་སངས་རྒྱས་ཁྱིམ་སྤངས་རབ་ཏུ་བྱུང་ནས་མི་ལོ་༡༤༩༣༩འཁོར་བའི་དུས་ཁྱད་པར་ཅན་བོད་ཆུ་སྟག་ལོའི་དཔྱད་གསུམ་དབྱར་འབྲིང་བོད་ཟླ་ལྔ་པའི་དཀར་ཕྱོགས་དགའ་བ་དང་པོའི་ཚེས་གཅིག་ཉིན་སྤུ་རྒྱལ་རིག་སློབ་ཁང་དུ་བྲིས།
དཔྱད་མཆན།
1 ཉིན་ཞག་ནི་ཉི་མས་ས་ཡི་གླིང་ལ་བྱ་བ་བྱེད་ཚུལ་གྱིས་འཇོག་པས་དི་རིང་ནམ་ལངས་ཏེ་ལག་རིས་མཐོང་བ་ནས་སང་ཉིན་ནས་ནམ་ལངས་ཏེ་ལག་རིས་མཐོང་བ་དེའི་བར་དབུགས་ཁུག་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ་དུས་འཁོར་ལུཊ་ཀྱི་ཆུ་ཚོད་དྲུག་ཅུ་ཐམས་པའམ་དེངས་སྐབས་ཀྱི་ཆུ་ཚོད་ཉེར་བཞི་ལ་ཉིན་ཞག་ཕྲུགས་གཅིག་བརྗོད་པ་ཡིན། ཚེས་ཞག་ཞེས་པ་ནི་ཟླ་བའི་ཆ་ཤས་འཕེལ་འགྲིབ་ཀྱི་སྒོ་ནས་འཇོག་སྟེ་ཡར་ངོར་འཕེལ་ཆ་བཅོ་ལྔ་དང་། མར་ངོར་འགྲིབ་ཆ་བཅོ་ལྔའི་ཆ་རེ་འགྲིབ་པའམ་འཕེལ་བའི་ཡུན་ཚད་ལ་བརྗོད། ཁྱིམ་ཞག་ནི་ཉི་བར་གྱི་ཁྱིམ་རེར་འཕོ་བའི་ཡུན་ཚད་ལ་ཆ་སུམ་ཅུར་བྱས་པའི་ཆ་རེ་ལ་འཇོག་གོ།
2 སྟོན་པ་གཤེན་རབ་མི་བོའི་བཀའ། 《སྤྱི་ལྟོས་འགོག་པ་སྡོམ་བྱེད་རྒྱུད》་གསུང་རབ་སྒོ་མཛོད་རིན་པོ་ཆེ།ངོས་༣༥༤ལས་གསལ།
3 སྟོན་པ་གཤེན་རབ་མི་བོའི་བཀའ། 《གཟི་བརྗིད་ཁྱིམ་སྤང་རབ་བྱུང་གི་མདོ》 གསུང་རབ་སྒོ་མཛོད་རིན་པོ་ཆེ། དེབ་གྲངས༢༣པ་ངོས༤༤༢་ལས་གསལ།
4 སྟོན་པ་གཤེན་རབ་མི་བོའི་བཀའ། 《གཟི་བརྗིད་དཀའ་ཐུབ་མཐར་ཕྱིན་གྱི་མདོ《 གསུང་རབ་སྒོ་མཛོད་རིན་པོ་ཆེ། དེབ་གྲངས་༢༣པ་ངོས་༢༧༤ལས་གསལ།
5 མཁན་ཉི་མ་བསྟན་འཛིན། 《རྣམ་དག་འདུལ་བའི་སྤྱོད་ཚུལ་གྱི་དབྱར་གནས་བསླབ་བྱའི་རིམ་མདོར་བསྡུས》 དཔེ་གཟུགས་ཡིག་ནག་ལྗིབ་ཅན །
མཁན་ཆེན་ཉི་མ་ནི་འབྱུང་ལྡན་༢༩༨དང་། སྤྱི་ལོ་༡༨༡༣། རབ་བྱུང་༡༤པའི་བོད་ཆུ་བྱ་ལོར་འཁྲུངས། འབྱུང་ལྡན་༢༩༩སྤྱི་ལོ་༡༨༧༠ རབ་བྱུང་༡༥པའི་ལྕགས་རྟ་ལ་གཤེགས།
6 གསུང་རབ་སྒོ་མཛོད་རིན་པོ་ཆའི་གླེག་བམ་༢པ། ངོས༡༡།
7 རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་ནི། འབྱུང་ལྡན་༢༩༠སྤྱི་ལོ་༡༣༥༦རབ་བྱུང་དྲུག་པའི་མེ་སྤྲེལ་དཔྱིད་རའི་ཚེས་ལྔ་ལ་འཁྲུངས། འབྱུང་ལྡན་༢༩༡སྤྱི་ལོ་༡༤༡༥རབ་བྱུང་བདུན་པའི་ནང་ཤིང་ལུག་དབྱར་ཐའི་ཚེས་བརྒྱད་ཀྱི་ཐོ་རེངས་ལ་སྐུ་གཤེགས། ཕྱིས་བྱ་ལོའི་དཔྱིད་རའི་ཚེས་ལྔ་ལ་སྐུ་གདུང་ཞུགས་ལ་བཞེན་ཞེས་བཙུན་པ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་རྗེ་རིན་པོ་ཆེའི་རྣམ་ཐར་ལས་གསལ།
8 སྟོན་པ་གཤེན་རབ་མི་བོ། 《སྲིད་པའི་མཛོད་ཕུགས》 བཀའ། གསུང་རབ་སྒོ་མཛོད་རིན་པོ་ཆེ། དེབ་༡ངོས་༡༩༣ལས་གསལ།
9 མཉམ་མེད་ཤེས་རབ་རྒྱལ་མཚན། 《མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ》སྒོ་བཞི་མཛོད་ལྔའི་ཡང་བཅུད།དེབ་བཅུ་གཉིས་པ། ངོས་༡༣༤ལས་གསལ།
10 སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། 《བདེན་པའི་མཛོད་ཕུག་ས་རྣམ་པར་འབྱེད་པའི་ལྡེ་མིག》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ངོས་༡༨༨༡ལས་གསལ།
11 ཡུམ་པས་གཙོ་སྒྲིག་བྱས།《 གངས་ལྗོངས་སྨན་རྩིས་རིག་མཛོད་ཆེན་མོ་སྐར་རྩིས་གྲངས་མཛོད》དེབ་ཕྲེང་གཉིས་པ། ངོས་༧༢༣།
དཔྱད་གཞིའི་ཡིག་ཆ།
༡༽སྟོན་པའི་བཀའ། 《སྲིད་པའི་མཛོད་ཕུགས》 གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། དེབ་གྲངས། ༡ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༢༽ སྟོན་པའི་བཀའ། 《འདུལ་བ་རྒྱུད་དྲུག》གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། དེབ་གྲངས། ༢ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༣ ༽སྟོན་པའི་བཀའ ། 《གཟི་བརྗིད་ཁྱིམ་སྤང་རབ་བྱུང་གི་མདོ》 གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། དེབ་གྲངས ༢༣ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༤ ༽སྟོན་པའི་བཀའ། 《གཟི་བརྗིད་དཀའ་ཐུབ་མཐར་ཕྱིན་གྱི་མདོ》 གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། དེབ་གྲངས་༢༣ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༥ ༽སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན།《བདེན་པའི་མཛོད་ཕུགས་རྣམ་པར་འབྱེད་པའི་ལྡེ་མིག》ལྔ་རིག་བོན་གྱི་སྙིང་གཏེར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་༢༠༠༥ལོར་བསྐྲུན།
༦ ༽མཉམ་མེད་ཤེས་རབ་རྒྱལ་མཚན། 《མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ》སྒོ་བཞི་མཛོད་ལྔའི་ཡང་བཅུད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
༧༽ བཙུན་པ་གྲགས་པ་རྒྱལ་མཚན། 《རྗེ་རིན་པོ་ཆེའི་རྣམ་ཐར》 འཕྲུལ་དེབ།
༨༽ མཁན་ཆེན་ཉི་མ་བསྟན་འཛིན། 《རྣམ་པར་དག་པ་འདུལ་བའི་སྤྱོད་ཚུལ་དབྱར་གནས་བསླབ་བྱའི་རིམ་པ་མདོར་བསྡུས》 དཔེ་གཟུགས་ཡིག་ནག་ལྗིབ་ཅན །
༩༽ཡུམ་པས་གཙོ་སྒྲིག་བྱས། 《གངས་ལྗོངས་སྨན་རྩིས་རིག་མཛོད་ཆེན་མོ་སྐར་རྩིས་གྲངས་མཛོད》 དེབ་ཕྲེང་གཉིས་པ།