སེམས་རྟེན་དང་ལུས་རྟེན་ལ་དཔྱད་པ།
[ཟླ་ཚེས། 2023-09-02 11:17:41][རྩོམ་པ་པོ། ཚེ་དབང་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
རྗེ་བླ་མ་མཉམ་མེད་ཤེས་རབ་རྒྱལ་མཚན་ལ་ཕྱག་འཚལ་ལོ།།
ནང་དོན་གནད་བསྡུས། སེམས་རྟེན་དང་བསམ་པའི་རྟེན་གཉིས་ཀྱི་ཁྱད་པར་སྤྱི་དང་། བྱེ་བྲག་ཏུ་ཐེག་པ་གོང་འོག་གི་འདོད་ཚུལ། ལུས་རྟེན་ལ་རང་སྟོབས་ཀྱིས་སྐྱེ་བའི་ལུས་རྟེན་དང་གཞན་སྟོབས་ཀྱིས་སྐྱེ་བའི་ལུས་རྟེན་སོགས་ཀྱི་སྐོར་ནས་བྲིས་པའི་དཔྱད་བརྗོད་ཅིག་ཡིན།
བརྡ་ཆད་གཙོ་བོ། སེམས་རྟེན། ལུས་རྟེན།
སྤྱིར་ཤེས་བྱའི་དོན་ལ་མཐའ་མེད་པ་ནམ་མཁའ་ལྟ་བུ་རྒྱ་ཆེ་ཞིང་། རྒྱ་མཚོ་ལྟ་བུ་གཏིང་ཟབ་པ་ཡིན་པས། གཞུང་ལུགས་ཀུན་ལ་ཇི་བཞིན་དཔྱོད་པའི་ཤེས་རབ་མི་མངའ་ཡང་། རང་གིས་ཐོས་བསམ་ཁྲོད་ནས་རྙེད་པའི་ལུས་སེམས་རྟེན་གྱི་སྐོར་ནས་རགས་ཙམ་གླེང་ན། སེམས་རྟེན་དང་ལུས་རྟེན་གྱི་སྐོར་རང་གཞན་མཁས་པའི་བཞེད་ཚུལ་མི་འདྲ་བ་དུ་མ་ཡོད་ལ། སྤྱིར་ཐར་ལམ་གྱི་བསམ་པའི་རྟེན་ལ་སེམས་རྟེན་ཞེས་པའི་ཚིག་འདི་རང་ལུགས་ཡིག་ཆ་ཁག་ལ་མེད་དེ།《 འགྲོ་མགོན་བློ་གྲོས་རྒྱལ་མཚན 》གྱིས་མཛད་པའི་ས་ལམ་དང་།《 རྨེའུ་མཁས་པ་དཔལ་ཆེན 》གྱིས་མཛད་པའི་ཁམས་འགྲེལ།《 རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན 》གྱིས་མཛད་པའི་ས་ལམ་རང་འགྲེལ། 《 ཀུན་མཁྱེན་ཉི་མ་བསྟན་འཛིན 》གྱིས་མཛད་པའི་ཕར་ཕྱིན་སྐབས་དང་པོ། འདི་དག་གི་གཞུང་ནང་ལ་ཐར་ལམ་གི་རྟེན་ཚོགས་ས་དང་གསུམ་བཤད་པའི་དུས་སུ་ལུས་རྟེན་དང་བསམ་པའི་རྟེན་བསྟན་པ་ལས། སེམས་རྟེན་ཞེས་པའི་ཚིག་མ་མཐོང་ངོ་།། ཡིན་ཡང་སེམས་རྟེན་ཞེས་པའི་ཚིག་འདིེ་ནི་རྗེས་རབས་མཁས་པའི་གཞུང་ལུགས་ནང་ལ་མང་སྟེ།《 རྣམ་དག་འོད་ཟེར 》གྱིས་མཛད་པའི་ཕར་ཕྱིན་སྐབས་གཉིས་པ་དང་།《 སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན 》གྱིས་མཛད་པའི་གཞི་ལམ་རྣམ་འབྱེད་རྩ་འགྲེལ།《 སྤ་ཚང་འབྲུག་རིན་པོ་ཆེས 》མཛད་པའི་ཕར་ཕྱིན་སྟོད་ཆ་དང་སྨད་ཆ།《 མཁས་གྲུབ་རིན་ཆེན་བློ་གྲོས 》ཀྱིས་མཛད་པའི་ཤེར་ཕྱིན་མངོན་རྟོགས་ལམ་གྱི་རིམ་པ་སོགས་རང་གཞུང་འདི་དག་གི་ནང་ལ་སེམས་རྟེན་ཞེས་པའི་ཚིག་མང་དུ་སྣང་ངོ་།། གཞུང་དེ་དག་ལས་སེམས་རྟེན་ལས་བསམ་པའི་རྟེན་ཞེས་མ་གསུང་ཡང་འགལ་བ་ཆེན་པོ་མ་མཐོང་ལ་ཁྱད་པར་ཡོད་དོ།། གཞན་ལུགས་ཀྱི་ཐར་ལམ་གྱི་བསམ་པའི་རྟེན་ལ་སེམས་རྟེན་ཞེས་བརྗོད་པ་ཡོངས་སུ་གྲགས་སོ།།
བརྡ་ཆད་གཙོ་བོ། སེམས་རྟེན། ལུས་རྟེན།
སྤྱིར་ཤེས་བྱའི་དོན་ལ་མཐའ་མེད་པ་ནམ་མཁའ་ལྟ་བུ་རྒྱ་ཆེ་ཞིང་། རྒྱ་མཚོ་ལྟ་བུ་གཏིང་ཟབ་པ་ཡིན་པས། གཞུང་ལུགས་ཀུན་ལ་ཇི་བཞིན་དཔྱོད་པའི་ཤེས་རབ་མི་མངའ་ཡང་། རང་གིས་ཐོས་བསམ་ཁྲོད་ནས་རྙེད་པའི་ལུས་སེམས་རྟེན་གྱི་སྐོར་ནས་རགས་ཙམ་གླེང་ན། སེམས་རྟེན་དང་ལུས་རྟེན་གྱི་སྐོར་རང་གཞན་མཁས་པའི་བཞེད་ཚུལ་མི་འདྲ་བ་དུ་མ་ཡོད་ལ། སྤྱིར་ཐར་ལམ་གྱི་བསམ་པའི་རྟེན་ལ་སེམས་རྟེན་ཞེས་པའི་ཚིག་འདི་རང་ལུགས་ཡིག་ཆ་ཁག་ལ་མེད་དེ།《 འགྲོ་མགོན་བློ་གྲོས་རྒྱལ་མཚན 》གྱིས་མཛད་པའི་ས་ལམ་དང་།《 རྨེའུ་མཁས་པ་དཔལ་ཆེན 》གྱིས་མཛད་པའི་ཁམས་འགྲེལ།《 རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན 》གྱིས་མཛད་པའི་ས་ལམ་རང་འགྲེལ། 《 ཀུན་མཁྱེན་ཉི་མ་བསྟན་འཛིན 》གྱིས་མཛད་པའི་ཕར་ཕྱིན་སྐབས་དང་པོ། འདི་དག་གི་གཞུང་ནང་ལ་ཐར་ལམ་གི་རྟེན་ཚོགས་ས་དང་གསུམ་བཤད་པའི་དུས་སུ་ལུས་རྟེན་དང་བསམ་པའི་རྟེན་བསྟན་པ་ལས། སེམས་རྟེན་ཞེས་པའི་ཚིག་མ་མཐོང་ངོ་།། ཡིན་ཡང་སེམས་རྟེན་ཞེས་པའི་ཚིག་འདིེ་ནི་རྗེས་རབས་མཁས་པའི་གཞུང་ལུགས་ནང་ལ་མང་སྟེ།《 རྣམ་དག་འོད་ཟེར 》གྱིས་མཛད་པའི་ཕར་ཕྱིན་སྐབས་གཉིས་པ་དང་།《 སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན 》གྱིས་མཛད་པའི་གཞི་ལམ་རྣམ་འབྱེད་རྩ་འགྲེལ།《 སྤ་ཚང་འབྲུག་རིན་པོ་ཆེས 》མཛད་པའི་ཕར་ཕྱིན་སྟོད་ཆ་དང་སྨད་ཆ།《 མཁས་གྲུབ་རིན་ཆེན་བློ་གྲོས 》ཀྱིས་མཛད་པའི་ཤེར་ཕྱིན་མངོན་རྟོགས་ལམ་གྱི་རིམ་པ་སོགས་རང་གཞུང་འདི་དག་གི་ནང་ལ་སེམས་རྟེན་ཞེས་པའི་ཚིག་མང་དུ་སྣང་ངོ་།། གཞུང་དེ་དག་ལས་སེམས་རྟེན་ལས་བསམ་པའི་རྟེན་ཞེས་མ་གསུང་ཡང་འགལ་བ་ཆེན་པོ་མ་མཐོང་ལ་ཁྱད་པར་ཡོད་དོ།། གཞན་ལུགས་ཀྱི་ཐར་ལམ་གྱི་བསམ་པའི་རྟེན་ལ་སེམས་རྟེན་ཞེས་བརྗོད་པ་ཡོངས་སུ་གྲགས་སོ།།
སེམས་རྟེན་དང་བསམ་པའི་རྟེན་གཉིས་ཀྱི་ཁྱད་པར།
དང་པོ་བསམ་པའི་རྟེན་ནི།《 རྗེ་བླ་མ་མཉམ་མེད་ཤེས་རབ་རྒྱལ་མཚན 》གྱིས་མཛད་པའི་ས་ལམ་རང་འགྲེལ་ལས། སྤྱིར་རང་རང་གི་རིགས་སད་ཅིང་ཁྱད་པར་དུ་ཐེག་པ་ཆེན་པོའི་རིགས་སད་ཅིང་། བདག་མེད་རྟོགས་པའི་ཤེས་རབ་ལ་སོགས་ཐོབ་པར་འདོད་པ་དང་། སྟོང་ཉིད་ལ་སོགས་མི་སྐྲག་པའི་བློ་དང་ལྡན་པའོ།། ཞེས་དང་། དེ་ལ་རྒྱབ་རྟེན་ནི།《 ཚངས་པ་གཙུག་ཕུད 》ཀྱིས་མཛད་པའི་འབུམ་ཏིག་ལས། མཐའ་དགུ་བྲལ་བའི་ཤེས་པས་འཇུག་ཞེས་དང་། མ་ཚད།《 འགྲོ་མགོན་བློ་གྲོས་རྒྱལ་མཚན 》གྱིས་མཛད་པའི་ས་ལམ་ལས་དེ་བཞིན་གསུངས་སོ།། ཡང་དེ་ཉིད་ལས། དེ་ལ་ཉེ་བར་ལེན་པའི་རྒྱུ་དང་། ལྷན་ཅིག་བྱེད་པའི་རྐྱེན་གཉིས། ཉེར་ལེན་ནི། འཁོར་བའི་སྡུག་བསྔལ་ལ་སྐྱོ་བ་སྐྱེས་པ་དང་། མར་རིགས་དྲུག་གི་སེམས་ཅན་ལ་སྙིང་རྗེ་བསྐྱེད་པ་དང་། སངས་རྒྱས་བོན་དང་གཤེན་རབ་ལ་སོགས་ལ་ནི་དད་པ་དང་ལྡན་པའོ།། ལྷན་ཅིག་བྱེད་རྐྱེན་ནི། ཡོངས་འཛིན་དཔོན་གསས་དང་། ཐོབ་བྱེད་ཐབས་ཀྱི་གདམས་ངག་དང་། ཡུལ་ལ་དམིགས་པའི་སེམས་བསྐྱེད་དང་གསུམ། ཞེས་གསུངས། དང་པོ། ཉེར་ལེན་དུ་གྱུར་པའི་དད་པ་དང་སྙིང་རྗེ་གཉིས་ཀ་དེ། ཐར་ལམ་གྱི་བསམ་པའི་རྟེན་ཡིན་པ་ལས་སེམས་རྟེན་མ་ཡིན་ནམ་སྙམ། རྒྱུ་མཚན་ནི། སེམས་རྟེན་གྱི་ངོ་བོ་ལ། དམིགས་པ་འཕོ་བའི་སེམས་རྟེན་གཅིག་དང་། དམིགས་པ་མཚུངས་པའི་སེམས་རྟེན་གཉིས་ཡོད་པས། དད་པ་དང་སྙིང་རྗེ་གཉིས་ཐར་ལམ་གྱི་དམིགས་པ་འཕོ་བའི་སེམས་རྟེན་ཡང་མ་ཡིན། དམིགས་པ་མཚུངས་པའི་སེམས་རྟེན་ཡང་མ་ཡིན་པའི་ཕྱིར། འོ་ན། ཐར་ལམ་གྱི་བསམ་པའི་རྟེན་དང་ཉེར་ལེན་འགྲོ་ཚུལ་གང་ཡིན་ཞེ་ན། ས་བོན་སྐྱ་བོས་མྱུ་གུ་སྔོན་པོ་ལ་ཉེར་ལེན་གྱི་རྒྱུ་བྱེད་པ་ལྟ་བུ་མ་ཡིན། དད་པ་དེ་ཐར་ལམ་གྱི་ངོ་བོར་འགྱུར་སོང་བ་ཡང་མ་ཡིན། འོ་ན་གང་ཡིན་ཞེ་ན། ཐར་ལམ་སྐྱེ་བ་ལ་དད་པ་མེད་ན་སྐྱོན་འབྱུང་བ་དང་། ཡོད་ན་ཡོན་ཏན་སྐྱེ་བའི་རྩ་བ་ཡིན་པས་ན་ཐར་ལམ་གྱི་ཉེར་ལེན་དང་བསམ་པའི་རྟེན་དུ་བཞག་པ་ཡིན། དད་པ་མེད་ན་སྐྱོན་གང་ཞེ་ན།《 བླ་ཆེན་དྲན་པས 》མཛད་པའི་དྲང་དོན་མུན་སེལ་སྒྲོན་མ་ལས། དད་པ་མེད་པའི་སྐྱོན་དྲུག་དཔེར་བསྟན་འདི་ལྟར་རོ།། རྒྱ་མཚོ་གཏིང་གི་ཕ་བོང་མཉན་པ་མེད་པའི་གྲུ་དང་འདྲ། ལོང་བ་ལྷ་ཁང་ཕྱིན་འདྲ་ས་བོན་མེས་ཚིག་འདྲ། སྤྱང་མོ་འཁོར་དོང་ཚུད་དང་ལག་རྡུམ་གསེར་གླིང་ཕྱིན་དང་འདྲ། ཞེས་སོ།། དད་པ་ཡོད་པའི་ཕན་ཡོན་ནི། དྲང་དོན་དེ་ཉིད་ལས། དད་པས་བོན་གྱི་སྒོ་རྣམས་མ་ལུས་འབྱེད། དད་པས་མི་ཁོམ་གནས་བརྒྱད་སྤང་བར་བྱེད། དད་པས་ཐར་པ་ཕྱོགས་ཀྱི་ལམ་སྣ་སེལ། དད་པས་ཁམས་གསུམ་འཁོར་བའི་ཆུ་རྒྱུན་གཅོད། ཞེས་གསུངས་པའི་གཞུང་ཚིག་འདི་ལ་བལྟས་ན་ཐར་ལམ་སྐྱེ་བ་ལ་དད་པ་ངེས་པར་དུ་དགོས་པ་དང་། ལམ་གྱི་ཡོན་ཏན་སྐྱེ་སའི་གཞི་མ་ཡིན་པས་ཉེར་ལེན་གྱི་རྒྱུར་བཞག་པ་ཡིན་པའི་ཕྱིར། མ་ཚད།《 སྟོན་པ་གཤེན་རབ 》ཀྱིས་མཛད་པའི་མདོ་ཕྲན་ལས། དད་པ་བརྟན་པ་དེ་ནི་ཕྱིར་མི་ལྡོག་པའི་རྒྱུ། ཞེས་གསུངས་སོ།། སྙིང་རྗེ་ཡང་ལམ་གྱི་གཞི་མ་ཡིན་པས། ཐར་ལམ་གྱི་ཉེར་ལེན་བཞག་པ་ཡིན་ཏེ།《 སྟོན་པ་གཤེན་རབ 》ཀྱིས་མཛད་པའི་མདོ་གཟེར་མིག་ལས། གཞི་སྙིང་རྗེ་ཆེན་པོ་ལ་ལོངས་ཤིག་གསུངས་པ་དང་།《 ཡར་འབྲོག་མེ་སྟོན་ཤེས་རབ་འོད་ཟེར 》གྱིས་མཛད་པའི་དབུ་མའི་རང་འགྲེལ་གསལ་བྱེད་སྒྲོན་མ་ལས། སྙིང་རྗེའི་ཚད་མེད་བསྒོམ་པའི་རིམ་པ་སྐབས། ཤིན་ཏུ་གལ་ཆེ་བས་ཆུ་བོའི་རྒྱུན་བཞིན་མ་ཡེངས་པར་བསྒོམ་པར་བྱའོ།། ཞེས་གསུངས་པའི་ཕྱིར། དེ་མིན་གཞན་དག་ཀྱང་ཐར་ལམ་གྱི་བསམ་པའི་རྟེན་དང་ཉེར་ལེན་འགྲོ་ཚུལ་དེ་བཞིན་ནོ།། འོན་ཀྱང་སེམས་རྟེན་ཡིན་པའི་རྒྱུ་མཚན་དུ་མི་འགྲོ་སྟེ། སེམས་རྟེན་ནི་བསམ་པའི་རྟེན་གྱི་བྱེ་བྲག་པ་ཞིག་ཡིན་པའི་ཕྱིར།
བྱེ་བྲག་ཏུ་ཐེག་པ་གོང་འོག་གི་འདོད་ཚུལ།
ཐེག་པ་ཆེ་ཆུང་གི་ས་དང་ས་ལ་བརྟེན་པའི་སེམས་རྟེན་འདོད་ཚུལ་མི་འདྲ་བ་ཅུང་ཟད་སྤྲོ་ན། དང་པོ་ཐེག་པ་ཆེན་པོ་དག་གི་འདོད་ཚུལ།《 རྗེ་བླ་མ་མཉམ་མེད་ཤེས་རབ་རྒྱལ་མཚན 》གྱིས་མཛད་པའི་ས་ལམ་རྩ་བ་ལས། རྟེན་བཤད་ཚོགས་ནི་བསོད་ཆ་མཐུན།། ས་ནི་ཁམས་གསུམ་གང་རུང་ངོ་།། ཞེས་དང་། དེ་ཉིད་ཀྱི་འགྲེལ་བ་ལས། རྟེན་དང་། ཚོགས་དང་། སའོ།། ཞེས་པས། དང་པོ་རྟེན་ནི། བསམ་པའི་རྟེན་གོང་དུ་བཤད་ཟིན་ལ། ལུས་རྟེན་འོག་ཏུ་འཆད། གཉིས་པ་ཚོགས་ནི་དབང་པོ་ལ་རག་ལས་སོ།། གསུམ་པ་ས་ནི། འདོད་གཟུགས་གཟུགས་མེད་ས་དགུ་ལ་བརྟེན་ནས་སྐྱེ་བ་ཡོད་པའོ།། ཡོད་པ་དེ་ཡང་།《 རྣམ་དག་འོད་ཟེར 》གྱིས་མཛད་པའི་ཕར་ཕྱིན་སྐབས་གཉིས་པ་ལས། ཐེག་དམན་ཚོགས་ལམ་ནི། འདོད་སེམས་རྩེ་གཅིག་པ་དང་། བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ནས་སྐྱེས་ལ། ཐེག་ཆེན་གྱི་ཚོགས་ལམ་ནི། དེར་མ་ཟད་གཟུགས་མེད་བཞི་གང་རུང་ལ་བརྟེན་ནས་སྐྱེ་བ་ཡང་ཡོད་དེ། རྒྱབ་བརྟེན་ལ།《 འབུམ་ལྔ 》ལས། གང་ཞིག་ཐོས་བསམ་རྣམ་པར་དག་པའི་སྐྱེས་བུ་དེ་ལ། འདོད་པའི་ཁམས་སུ་གནས་ཀྱང་སེམས་རྩེ་གཅིག་པའི་གང་ཟག་དང་། གཟུགས་ཁམས་ས་དྲུག་གཟུགས་མེད་པ་བཞི་ལ་ཚོགས་ལམ་བཞི་གསུམ་བཅུ་གཉིས་སྐྱེ་སྟེ། ཞེས་གསུངས་པ་དང་། མ་ཚད།《 སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན 》གྱིས་མཛད་པའི་གཞི་ལམ་རྣམ་འབྱེད་རྩ་འགྲེལ་དང་། 《 སྤ་ཚང་འབྲུག་རིན་པོ་ཆེས 》མཛད་པའི་ཕར་ཕྱིན་སྨད་ཆ་ལ་སོགས་ལས་དེ་བཞིན་དུ་གསུངས་སོ།། ཁ་ཅིག་གིས། ཐར་ལམ་གྱི་སེམས་རྟེན་ལ། ཞི་རགས་རྣམ་ཅན་དང་ཟག་བཅས་ཀྱི་ས་དགུ་མེད་པས། ཟག་མེད་བདེན་པའི་རྣམ་ཅན་གྱི་ས་དགུ་ཁོ་ན་འདོད་དོ།། དེ་ཡང་མི་འཐད་དེ།《 སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན 》གྱིས་མཛད་པའི་གཞི་ལམ་རྣམ་འབྱེད་ལས། གཉིས་པ་ས་གང་ལ་ལམ་རྟེན་པ་ལ། ཚོགས་ལམ་ནི་བསམ་གཏན་གྱི་ཉེར་བསྡོགས་ལ་བརྟེན་ཏེ། ཟག་མེད་ཀྱི་བསམ་གཏན་གྱི་དངོས་གཞི་ཐོབ་པ་དང་མ་ཐོབ་པ་གཉིས་སུ་ཡོད་པས་སོ།། ཞེས་གསུངས་པའི་ཕྱིར། དང་པོ་རིག་པའི་ཐོག་ནས་ཟག་མེད་ཡོད་ཚུལ་བཤད་ན། ཐེག་དམན་དགྲ་བཅོམ་རྟོགས་པ་སྔོན་དུ་སོང་བའི་བདུན་པ་སེམས་བསྐྱེད་ལ་གནས་པའི་གང་ཟག་གཅིག་གི་རྒྱུ་ལ་ཐེག་ཆེན་ཚོགས་ལམ་མ་སྐྱེས་པ་སྐྱེ་བར་བྱེད་པ་ལ། སྣང་བ་རང་བཞིན་མེད་པ་རྟགས་ཀྱིས་གཏན་ལ་འབེབས་པའི་སྐབས་སུ། བསྒྲུབ་བྱ་རྟོགས་པའི་བློ་མ་སྐྱེ་བའི་སྔོན་དུ་རྟགས་འཛིན་སེམས་དང་ཡིད་དཔྱོད་ངོ་བོར་འགྱུར་བའི་འདོད་སེམས་རྩེ་གཅིག་པ་དང་། བསམ་གཏན་གྱི་ཉེར་བསྡོགས། བསམ་གཏན་གྱི་དངོས་གཞི། གཟུགས་མེད་ཀྱི་དངོས་གཞི་ཆ་ཚང་ཡོད་ཆོག་པ་རེད། དཔེར་ན། བདག་མེད་དང་བདེན་མེད་གང་རུང་ཞིག་ལ་དམིགས་པའི་བསམ་གཏན་དང་པོའི་དངོས་གཞིའི་ངོ་བོར་གྱུར་པའི་ཡིད་དཔྱོད་དེ། དམིགས་པ་མ་འཕོ་བའི་ཐོག་ནས་བདག་མེད་དང་བདེན་མེད་རྟོགས་པའི་ཤེས་རབ་ངོར་འགྱུར་སོང་བས་ན་ལམ་དེའི་སེམས་རྟེན་ཞེས་བརྗོད། ཁ་ཅིག་གིས་འདི་བདེན་པའི་རྣམ་ཅན་གྱི་དངོས་གཞི་མ་ཡིན་པར་འདོད་ཀྱང་མི་འཐད་དེ། འདི་བདེན་པའི་རྣམ་ཅན་ཡིན་ཏེ། དམིགས་པ་ཡུལ་གྱི་ཐོག་ཏུ་ཞི་ལྷག་ཟུང་འབྲེལ་གི་ཉམས་ལེན་ཐོབ་པ་དང་། བདག་མེད་དང་བདེན་མེད་གང་རུང་ཞིག་ལ་དམིགས་པའི་ཕྱིར། གཉིས་པ། ཟག་བཅས་ཡོད་ཚུལ་བཤད་ན། ཐེག་ཆེན་ཐར་ལམ་སྐྱེ་དགོས་ཀྱི་གང་ཟག་གཅིག་གིས། སྔར་འཇིག་རྟེན་ལམ་གྱི་སྐབས་སུ་ཟག་བཅས་སམ་ཞི་རགས་རྣམ་ཅན་གྱི་ཉེར་བསྡོགས་དང་དངོས་གཞི་བསྒྲུབས་ནས་དངོས་གཞི་དེས་ཐར་ལམ་གྱི་སེམས་རྟེན་འགྲོ་ཚུལ་ཡོད་དེ། དཔེར་ན། ཞི་རགས་རྣམ་ཅན་གྱི་བསམ་གཏན་གྱི་དངོས་གཞིའི་ཏིང་ངེ་འཛིན་གྱིས་སེམས་རྩེ་གཅིག་ཏུ་དམིགས་པའི་ཚེ་ན། དེའི་དམིགས་པ་མ་དོར་བའི་སྒོ་ནས། དེ་འདྲའི་ཏིང་ངེ་འཛིན་དེ་ཐར་ལམ་དང་ངོ་བོ་གཅིག་པའི་ཚུལ་གྱིས་སོང་ཡང་ཐར་ལམ་མ་ཡིན། དེ་ལས་ཚོགས་ལམ་སྐྱེས་པས་ན་དེའི་སེམས་རྟེན་ཞེས་བརྗོད། དཔེར་ན། དཔེ་ཆ་ཁག་ནང་། ལྕགས་བསྲེག་པ་ན་ལྕགས་དེ་མེའི་ངོ་བོར་སོང་པ་ལྟར་ལྕགས་མེ་མ་ཡིན་པ་བཞིན་དུ་དེ་བཞིན་ནོ།།
ཐེག་པ་ཆུང་ངུ་དག་གི་འདོད་ཚུལ།
ཐེག་དམན་ཐར་ལམ་ནི་འདོད་སེམས་རྩེ་གཅིག་པ་དང་། བསམ་གཏན་ས་དྲུག་གང་རུང་ལས་མ་གཏོགས་མི་སྐྱེས་ཏེ།《 རྣམ་དག་འོད་ཟེར 》གྱིས་མཛད་པའི་ཕར་ཕྱིན་སྐབས་གཉིས་པ་ལས། ཐེག་དམན་ཚོགས་ལམ་ནི། འདོད་སེམས་རྩེ་གཅིག་པ་དང་། བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ནས་སྐྱེས་ལ། ཐེག་ཆེན་གྱི་ཚོགས་ལམ་ནི། དེར་མ་ཟད་གཟུགས་མེད་བཞི་གང་རུང་ལ་བརྟེན་ནས་སྐྱེ་བ་ཡང་ཡོད་དོ།། ཞེས་གསུངས། ཁ་ཅིག་གིས། ཐེག་ཆེན་ཚོགས་ལམ་གཟུགས་མེད་ཀྱི་དངོས་གཞི་ལ་བརྟེན་ནས་སྐྱེ་བ་ཡོད་དུས། ཐེག་དམན་ཚོགས་ལམ་ཡང་གཟུགས་མེད་ཀྱི་དངོས་གཞི་ལ་བརྟེན་ནས་སྐྱེས་བ་མེད་པའི་རྒྱུ་མཚན་མེད་པར་སྨྲ། འདི་ཐེག་ཆེན་དང་མི་འདྲ་ཏེ། ཐེག་ཆེན་ལ་བདེན་མེད་རྟོགས་པའི་ཚོགས་ལམ་གཅིག་གི་སེམས་རྟེན་ལ་གཟུགས་མེད་ཀྱི་ས་ཡོད་དེ། དམིགས་པ་མཚུངས་པའི་གཟུགས་མེད་སས་རྟེན་བྱེད་པ་ཡོད་པའི་ཕྱིར། དཔེར་ན། ནམ་མཁའ་དང་མཐའ་ཡས་པ། རྣམ་ཤེས་དང་མཐའ་ཡས་པ་ལ་ཏིང་ངེ་འཛིན་གྱི་སེམས་རྩེ་གཅིག་ཏུ་དམིགས་པ་དེ་དང་། གཞི་ཀ་བ་ལྟ་བུ་ཞིག་གི་ཐོག་ཏུ་བརྟག་དཔྱད་བྱས་ནས་ཅིར་ཡང་མ་རྙེད་པ་ནམ་མཁའ་དང་མཐའ་ཡས་པ་ལྟ་བུ་སྟོང་པ་ལ་དམིགས་ནས་བདེན་པར་མེད་པ་རྟོགས་པའི་ཚོགས་ལམ་སྐྱེ་སོང་བ་དེ་ལ་ཐེག་ཆེན་ལམ་གྱི་སེམས་རྟེན་ཞེས་བརྗོད་དོ།། ཡང་ཁ་ཅིག་གིས། ཐེག་དམན་ཚོགས་ལམ་གྱི་སེམས་རྟེན་ལ་གཟུགས་མེད་བདེན་པའི་རྣམ་ཅན་དང་ཞི་རགས་རྣམ་ཅན་གཉིས་ཀ་ཡོད་པར་འདོད་པ་མི་འཐད་དེ། དང་པོ་ལམ་དེའི་རྟེན་ལ་གཟུགས་མེད་བདེན་པའི་རྣམ་ཅན་མེད་དེ། རིགས་ངེས་ཡིན་ན་གཟུགས་མེད་བདེན་པའི་རྣམ་ཅན་འཕགས་པ་ཕྱིར་མི་འོང་མ་ཐོབ་བར་སྐྱེས་མི་ནུས་པའི་ཕྱིར། མ་མཐའ་མཐོང་ལམ་སྐྱེས་དགོས་པའི་ཕྱིར། རིགས་མ་ངེས་པ་ཆགས་བྲལ་སྔོན་སོང་ལྟ་བུ་ཡིན་ན། བདེན་པའི་རྣམ་ཅན་གྱི་གཟུགས་མེད་ཀྱི་དངོས་གཞི་མ་མཐའ་ཐེག་དམན་སྦྱོར་ལམ་དྲོད་ནས་མ་གཏོགས་མི་སྐྱེས་པའི་ཕྱིར། སྦྱོར་ལམ་དྲོད་ནས་སྐྱེས་པ་ཡོད་དེ། སྔར་འཇིག་རྟེན་ལམ་གྱི་སྐབས་སུ་བསམ་གཏན་བཞི་པའི་ཉོན་མོངས་དགུ་བ་ལ་ཆགས་བྲལ་བྱས་ནས། རྗེས་སུ་ཉན་ཐོས་པའི་ཐར་ལམ་རིམ་གྱིས་བགྲོད་ནས་ཞི་ལྷག་ཟུང་འབྲེལ་གྱི་ཉམས་ལེན་ཐོབ་པ་དང་བདེན་པའི་རྣམ་ཅན་གྱི་དངོས་གཞི་ཐོབ་པ་དུས་མཉམ་ཡིན་པའི་ཕྱིར། བསམ་གཏན་དང་པོ་དངོས་གཞི་ཡང་དེ་བཞིན་ཡིན་པའི་ཕྱིར་ཏེ།《 དགེ་བཤེས་བརྩོན་འགྲུབ་གོང་འཕེལ 》གྱིས་མཛད་པའི་བསམ་གཟུགས་ཆེན་མོ་ལས། ཉན་ཐོས་སྦྱོར་ལམ་བཞི་ན་མི་རྟག་སོགས་ཀྱི་རྣམ་པ་ཅན་གྱི་ཉེར་བསྡོགས་དེ་བཞི་ཡོད་པར་མ་ཟད་དེ་དག་རྣམ་ཅན་གྱི་བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་ཀྱང་ཡོད། ཞེས་གསུངས་པའི་ཕྱིར། གཉིས་པ་ཐེག་དམན་ཚོགས་ལམ་གྱི་སེམས་རྟེན་ལ་ཞི་རགས་རྣམ་ཅན་གྱི་གཟུགས་མེད་དངོས་གཞི་ལྷག་ཏུ་མེད་དེ། དམིགས་པ་འཕོ་བའི་རྟེན་མེད་པ་གང་ཞིག དམིགས་པ་མཚུངས་པའི་རྟེན་མེད་པའི་ཕྱིར། དམིགས་པ་མཚུངས་པ་མེད་པ་སླའོ།། ཁ་ཅིག་གིས། དམིགས་པ་འཕོ་བའི་རྟེན་ཡོད་དེ། དེ་འདྲའི་ཞི་རགས་རྣམ་ཅན་གྱི་གཟུགས་མེད་དངོས་གཞི་དེ། ཚོགས་ལམ་གྱི་སེམས་རྟེན་འགྲོ་སྟེ། དཔེར་ན། གཟུགས་མེད་དངོས་གཞི་སྙོམས་འཇུག་དེའི་ནམ་མཁའ་དང་མཐའ་ཡས་པར་དམིགས་པ་སེམས་རྩེ་གཅིག་པའི་ཐོག་ནས་ཉེར་ལེན་བྱེད་ནུས་པའི་ཕྱིར་ཞེ་ན། ཤིན་ཏུ་མ་ཁྱབ་སྟེ། འོ་ན་དགེ་བའི་སེམས་རྟེན་ལ་མི་དགེ་བ་ཡོད་པར་ཐལ་ཏེ། མི་དགེ་བའི་སེམས་གཅིག་གིས་དགེ་བ་ལ་ཉེར་ལེན་བྱེད་པ་ཡོད་པའི་ཕྱིར། འདིར་ཐེག་པ་ཆེ་ཆུང་གང་ཡིན་རུང་སྦྱོར་ལམ་དང་མཐོང་ལམ་སྒོམ་ལམ་སོགས་ཀྱི་སེམས་རྟེན་ལ་འཆད་ཚུལ་མི་འདྲ་བ་མང་ཡང་འདིར་མ་བྲིས།
གཉིས་པ་ཐར་ལམ་གྱི་ལུས་རྟེན་བཤད་པ།
སྤྱིར་ལུས་རྟེན་ལ་བཞེད་ཚུལ་མི་འདྲ་བ་མང་ཡང་། འདིར་ཐེག་པ་ཆེ་ཆུང་གི་ཐར་ལམ་སྐྱེས་པའི་ལུས་རྟེན་སྐོར་ནས་གླེང་ན། དང་པོ་ལུས་རྟེན་ལ་ཡང་རང་སྟོབས་ཀྱིས་སྐྱེ་བའི་ལུས་རྟེན་དང་གཞན་སྟོབས་ཀྱིས་སྐྱེ་བའི་ལུས་རྟེན་གཉིས་ཡོད། རང་སྟོབས་ཀྱིས་སྐྱེ་བའི་རྟེན་ལ། མ་ཐོབ་གསར་སྐྱེས་དང་། ཐོབ་ཟིན་ལྡན་པའམ། སྔར་མ་སྐྱེས་པ་སྐྱེ་བའི་རྟེན་དང་། སྐྱེས་པ་གནས་པའི་རྟེན་གཉིས། ཐོབ་ཟིན་ལྡན་པའམ་སྐྱེས་བ་གནས་པའི་རྟེན་ལ་གླིང་བཞིའི་མི་དང་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་རུང་སྟེ།《 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན 》གྱིས་མཛད་པའི་ས་ལམ་རང་འགྲེལ་ལས། ལམ་སྐྱེས་པ་གནས་པའི་རྟེན་ནི། འགྲོ་དྲུག་ཀུན་གྱི་ལུས་སེམས་གང་རུང་བར་སྐྱེ་སྟེ། སྐྱ་ཀས་ས་ཕྱོགས་དཀར་སར་ཚང་བཅའ་བ་དང་། ཁྱིས་ཉ་སྡོམ་བསྲུང་བ་དང་། རྟས་སྒོ་ང་ལ་འཛེམ་པ་ལ་སོགས། སྔོན་གྱི་བག་ཆགས་བརྟེན་པ་ཡིན་ནོ།། ཞེས་དང་།《 སྒ་སྟོན་ཚུལ་རྒྱན 》གྱིས་མཛད་པའི་གཞི་ལམ་རྣམ་འབྱེད་ལས། སྔར་ཐོབ་མི་ཉམས་པའི་རྟེན་ནི། གཞན་དག་ལྷ་རིགས་དང་ངན་སོང་ཡང་རུང་སྟེ། ཀླུའི་གཡུང་དྲུང་སེམས་དཔའ་དང་། སྤྲེའུ་བྱུང་ཆུབ་སེམས་དཔའ་དང་། ཡིད་བཏགས་ཀྱི་གཡུང་དྲུང་སེམས་དཔའ་ཡང་བཤད་པའི་ཕྱིར་རོ།། དང་པོ་སྔར་མ་སྐྱེས་པ་སྐྱེ་བ་གནས་པའི་རྟེན་ལ། དལ་འབྱོར་ལྡན་པའི་མི་དང་ལྷ་ལུས་གཡེང་བ་མེད་པ་ཞིག་དགོས་ཏེ།《 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན 》གྱིས་མཛད་པའི་ས་ལམ་རྩ་འགྲེལ་གཉིས་ལས། རྩ་བ་ལས། མ་སྐྱེས་སྐྱེ་བ་ཕལ་ཆེར་ནི།། ལྷ་དང་མི་ཡི་རྟེན་ཡིན་ཏེ།། མི་ལུས་དལ་འབྱོར་ལྡན་པ་དང་།། ལྷ་ལུས་གཡེང་བ་མེད་པའོ།། ཞེས་དང་། དེའི་འགྲེལ་ལས། དེས་ན་སྔར་མ་སྐྱེས་བ་སྐྱེ་བའི་རྟེན་ཕལ་ཆེར་ནི། ལྷ་དང་མིའི་རྟེན་དག་ལས་སྐྱེ་བར་འགྱུར་བ་ཡིན་ཏེ། དེ་ཡང་མི་ལུས་དལ་འབྱོར་ལྡན་པ་དང་། ལྷ་ལུས་མི་ཁོམ་པས་གཡེང་བ་མེད་པའོ།། ཞེས་གསུངས་པའི་ཕྱིར། ཁ་ཅིག་གིས། མིའི་ལུས་རྟེན་དང་ལྷའི་ལུས་རྟེན་གཉིས་ཀ་མཉམ་པར་འདོད་དོ།། དེ་མི་འཐད་དེ། གཙོ་བོ་མིའི་ལུས་རྟེན་དགོས་པ་སྙམ། རྒྱུ་མཚན་ནི།《 སྟོན་པ་གཤེན་རབ 》ཀྱིས་མཛད་པའི་མདོ་ལས། སྐྱེ་བ་རྣམ་བཞི་ལས་ཁུངས་བཙུན་ཞིང་མཆོག་གཙང་མ་མི་ལུས་རིན་པོ་ཆེ་ལགས་ཏེ། ཐར་ལམ་གོ་འབྱེད་ཀྱི་སྲིད་པ་ཡིན་ནོ།། ཞེས་གསུངས། ཡང་ཁ་ཅིག་གིས། མི་ཁོམ་པའི་གནས་བརྒྱད་ལ་རང་སྟོབས་ཀྱི་སེམས་བསྐྱེད་དང་ཐར་ལམ་སྐྱེ་བ་ཡོད་པ་འདོད་མོད། དེ་ལྟར་མི་འཐད་དེ། ལུང་རིག་གཉིས་དང་འགལ། དང་པོ་ལུང་ནི།《 འགྲོ་མགོན་བློ་གྲོས 》ཀྱིས་མཛད་པའི་ས་ལམ་ལས། དང་པོ་མི་ཁོམ་པའི་གནས་བརྒྱད་ལ་མི་སྐྱེ་ཏེ། དེ་དག་ནི་སྒྲིབ་པ་ཆེ་བས་རིགས་མི་སད་པ་དང་། ཤེས་རབ་མེད་པས་ངེས་འབྱུང་གི་བློ་མི་སྐྱེ་བ། ཞེས་དང་།《 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན 》གྱིས་མཛད་པའི་ས་ལམ་ལས། ལ་ལ་ནི་སྡུག་བསྔལ་གྱི་གདུང་ཆེན་མེད་པས་སྐྱོ་བ་མི་སྐྱེ་བའི་ཕྱིར། ཞེས་གསུངས་སོ།། རིག་པས་མེད་པར་སྒྲུབ་ན། ངན་སོང་གསུམ་བོན་ཅན། ཁྱོད་ལམ་མ་ཐོབ་པ་ཐོབ་བྱེད་ཀྱི་རྟེན་དུ་མི་རུང་སྟེ། ཁྱོད་ལམ་བསྒྲུབ་པ་ལ་དལ་ཁོམ་མེད་པའི་སེམས་ཅན་ཡིན་པའི་ཕྱིར། ཟ་མ་དང་མ་ནིང་བོན་ཅན། ཁྱོད་ལམ་མ་ཐོབ་པ་ཐོབ་བྱེད་ཀྱི་རྟེན་དུ་མི་རུང་སྟེ། ཁྱོད་ཀྱི་རྒྱུད་ལ་བསམ་གཏན་སྐྱེ་བའི་གོ་སྐབས་མེད་པའི་ཕྱིར། བྱང་སྒྲ་མི་སྙན་བོན་ཅན། ཁྱོད་ལམ་མ་ཐོབ་པ་ཐོབ་བྱེད་ཀྱི་རྟེན་དུ་མི་རུང་སྟེ། ཁྱོད་རྣམ་སྨིན་གྱི་སྒྲིབ་པ་ཤས་ཆེ་བའི་ཕྱིར། སྤྱིར་རང་སྟོབས་ཀྱིས་སྐྱེ་བའི་ལུས་རྟེན་ཡིན་ན། གཞན་སྟོབས་ཀྱིས་སྐྱེ་བའི་ལུས་རྟེན་ཡིན་པས་ཁྱབ། རང་ལ་བརྟེན་པ་གང་ཞིག་སྐྱེས་ན། རང་སྟོབས་ཀྱིས་སྐྱེ་བའི་ལུས་རྟེན་ཡིན་པས་མ་ཁྱབ་པ་དང་། གཞན་ལ་བརྟེན་པ་གང་ཞིག་སྐྱེ་ན། གཞན་སྟོབས་ཀྱིས་སྐྱེ་བའི་ལུས་རྟེན་ཡིན་པས་མ་ཁྱབ་པའི་ཚུལ་གཉིས་ཤེས་པར་བྱའོ།། རང་སྟོབས་ཀྱིས་སྐྱེ་བའི་ལུས་རྟེན་གྱི་ངོ་བོ་ནི། གཙོ་བོ་རང་རང་གི་ལམ་ལ་འབད་པ་དང་བརྩོན་འགྲུབ་སྔོན་གྱི་བག་ཆགས་སད་པ་སོགས་ལ་བརྟེན་ནས་སེམས་བསྐྱེད་དང་ཐར་ལམ་སྐྱེ་སོང་བའི་རྟེན་ལ་རང་སྟོབས་ཀྱིས་སྐྱེ་པའི་ལུས་རྟེན་ཞེས་བརྗོད།
གཞན་སྟོབས་ཀྱིས་སྐྱེ་བའི་ལུས་རྟེན་བཤད་པ།
གཞན་སྟོབས་ཀྱིས་སྐྱེ་བའི་ལུས་རྟེན་གྱི་ངོ་བོ་ནི། གཙོ་བོ་རྒྱལ་བའི་ཐུགས་རྗེའི་མཐུ་སྟོབས་ལ་བརྟེན་ནས་སྐྱེ་པས་ན་གཞན་སྟོབས་ཀྱིས་སྐྱེ་བའི་ལུས་རྟེན་ཞེས་བརྗོད། གཉིས་པ། གཞན་སྟོབས་ཀྱིས་སྐྱེ་བའི་ལུས་རྟེན་ནི་འགྲོ་བ་མཐའ་དག་གི་རྒྱུ་ལ་སྐྱེས་ཏེ།《 རྗེ་བླ་མ་མཉམ་མེད་ཤེས་རབ་རྒྱལ་མཚན 》གྱིས་མཛད་པའི་ས་ལམ་ལས། གཞན་སྟོབས་ཀྱིས་སྐྱེས་པ་ནི། འདི་ལྟར་རྒྱལ་བའི་ཐུགས་རྗེའི་མཐུ་སྟོབས་ལ་སོགས་ལ་བརྟེན་ནས་འགྲོ་བ་རིགས་དྲུག་གི་སེམས་ཅན་གང་ཡང་རུང་བ་ལས་སྐྱེ་སྟེ། གཏོ་བུ་དམྱལ་བའི་ཡུལ་ན་ཡོད་ཀྱང་གཡུང་དྲུང་སེམས་དཔའ་ཡོད། ཅེས་གསུངས་པ་དང་། ཀླུ་མོ་དང་། ཀླུ་རིགས་ལྔ་དང་། བདུད་ལ་གཡུང་དྲུང་གི་སེམས་ཐོབ་པར་གེ་སར་གཞོན་ནུར་ལ་སོགས་བཤད་པ་བཞིན་ནོ།། ཞེས་དང་།《 འགྲོ་མགོན་བློ་གྲོས 》ཀྱིས་ས་ལམ་ལས་དེ་ལྟར་གསུངས་སོ།། མ་ཚད།《 རྣམ་དག་འོད་ཟེར 》གྱིས་མཛད་པའི་ཕར་ཕྱིན་སྐབས་གཉིས་པ་ལས། གཟུགས་ཁམས་དང་གཟུགས་མེད་ཁམས་པའི་སེམས་ཅན་ལ། གཞན་སྟོབས་ཀྱིས་སྐྱེ་བ་ཡོད་དོ།། ཞེས་གསུངས། མཁས་པ་འགའ་ཞིག་གིས། གཞན་སྟོབས་ཀྱིས་སྐྱེ་བའི་རྟེན་བཤད་པའི་སྐབས། འདུ་ཤེས་མེད་པའི་སེམས་ཅན་དང་གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷ་ཙམ་མ་གཏོགས་གཞན་འགྲོ་བ་ཐ་དག་གི་རྒྱུད་ལ་སྐྱེ་བར་བཤད་དོ།། འདིའི་མི་སྐྱེ་ཞེས་པ་ནི། རང་རྟོགས་པའི་ལུགས་ལ་གཞི་བཞག་ནས་བསྟན་པ་ཡིན་ནམ་དཔྱད། རྒྱུ་མཚན་ནི།《 རྣམ་དག་འོད་ཟེར 》གྱིས་མཛད་པའི་ཕར་ཕྱིན་སྐབས་གཉིས་པ་ལས། ཐེག་པ་ཆེ་ཆུང་གི་ལུས་རྟེན་བཤད་པའི་སྐབས། དང་པོ་ཉན་ཐོས་ཚོགས་ལམ་གྱི་ལུས་རྟེན་དང་། གཉིས་པ་རང་རྒྱལ་ཚོགས་ལམ་གྱི་ལུས་རྟེན། གསུམ་པ་ཐེག་ཆེན་ཚོགས་ལམ་གྱི་ལུས་རྟེན་གསུམ་དུ་བཤད་པ་ལས། གཉིས་པ་རང་རྒྱལ་ཚོགས་ལམ་གྱི་ལུས་རྟེན་བཤད་པའི་སྐབས་སུ། གཞན་ཡང་རང་རྒྱལ་ཚོགས་ལམ་ནི། ཕལ་ཆེར་དེར་ངེས་ཏེ། རང་རྒྱལ་གྱི་ལམ་ནི་སོ་ཐར་རིགས་བརྒྱད་གང་རུང་ཞིག་ལྡན་པ་དགོས་པའི་ཕྱིར་ཏེ། ཐེག་རིམ་གྱི་རང་རྟོགས་དངོས་ཀྱི་སྐབས་སུ། དགེ་སྤྱོད་མ་ཉམས་ཁྲིམས་ཆེན་དགུ་པོ་བསྲུང་། ཞེས་དང་། སངས་རྒྱས་དང་གཡུང་དྲུང་སེམས་དཔའ་ཁྱད་པར་ཅན་གྱི་ཐུགས་རྗེ་ལ་བརྟེན་ནས་འདུ་ཤེས་མེད་པ་དང་། གཟུགས་མེད་ཁམས་ཀྱི་སེམས་ཅན་མ་གཏོགས་པའི་འགྲོ་བ་གཞན་རྣམས་ལ་སྐྱེ་བ་ཡང་ཡོད་དོ།། ཞེས་གསུངས་པའི་ཕྱིར། དེའི་འོག་ཏུ་ཐེག་ཆེན་ཚོགས་ལམ་གསར་དུ་སྐྱེ་བའི་ལུས་རྟེན་བཤད་པའི་དུས་སུ། གཟུགས་ཁམས་དང་གཟུགས་མེད་ཁམས་པའི་སེམས་ཅན་ལ། གཞན་སྟོབས་ཀྱིས་སྐྱེ་བ་ཡོད་དོ།། ཞེས་གསུངས་སོ།། སྤྱི་ན་ཁམས་གསུམ་དང་རིགས་དྲུག་གི་སེམས་ཅན་གང་ཡིན་རུང་ཐེག་པ་ཆེ་ཆུང་གི་ཚོགས་ལམ་དང་སེམས་བསྐྱེད་སྐྱེ་བའི་ལུས་རྟེན་དུ་རུང་སྟེ། དེ་འདྲའི་སེམས་ཅན་གང་ཡིན་ན། རིགས་སད་རུང་དུ་ཡོད་པའི་ཕྱིར་ཏེ། ཟག་མེད་ཀྱི་ཡོན་ཏན་སྐྱེ་བར་ནུས་པའི་ས་བོན་ཡོད་པའི་ཕྱིར། ཁྱབ་སྟེ།《 སྟོན་པ་གཤེན་རབ 》ཀྱིས་མཛད་པའི་མདོ་ལས། ཀུན་གཞིའི་རྣམ་པར་ཤེས་ལ།། དགེ་སྡིག་གཉིས་ཀྱི་ས་བོན་ཡོད།། རྐྱེན་དང་འཕྲད་པའི་དུས་སུ་སློང་།། ཞེས་གསུངས་པས་སོ།། ཡང་ཁམས་གསུམ་དང་རིགས་དྲུག་གི་སེམས་ཅན་གང་ཡིན་རུང་། ཟག་མེད་ཀྱི་ཡོན་ཏན་སྐྱེ་བར་ནུས་པའི་ས་བོན་ཡོད་པ་འདོད་དོ།། འོ་ན་རིགས་ཆད་པའི་སེམས་ཅན་ཡོད་གསུངས་པ་དང་འགལ་ཞེ་ན། དེ་དང་མི་འགལ་ཏེ། རིགས་ཆད་པའི་སེམས་ཅན་མེད་དེ། ཟག་མེད་ཀྱི་ས་བོན་མེད་པའི་སེམས་ཅན་མེད་པའི་ཕྱིར། རྒྱུ་མཚན་ནི། ཁམས་གསུམ་སེམས་ཅན་གང་ཡིན་ན་ཟག་མེེད་ཀྱི་ས་བོན་ཡོད་དགོས་ཏེ། སེམས་ཀྱི་རང་བཞིན་དྲི་བཅས་ཡོད་པས་སོ།། ཁྱབ་ཏེ།《 སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན 》གྱིས་མཛད་པའི་ཀུན་བཏུས་མཛོད་འགྲེལ་ལས། སེམས་ཀྱི་རང་བཞིན་དྲི་བཅས་ཡོད་པས་ཟག་མེད་ཀྱི་ས་བོན་ཡོད་ལ། འཕགས་ལམ་གྱི་བསྒོ་མཁན་མེད་ཀྱང་། ལམ་གྱི་ཉེར་ལེན་ཐོས་བསམ་བསྒོམ་པའི་ཤེས་རབ་ཀྱིས་བག་ཆགས་བསྒོ་བའོ།། ཞེས་གསུངས་སོ།། གོང་གི་ཡིག་ཆ་ཁག་ནང་རིགས་ཆད་པའི་སེམས་ཅན་ཡོད་དེ། སྒྲིབ་པ་ཤས་ཆེ་བས་ཟག་མེད་ཀྱི་ས་བོན་དང་མི་ལྡན་པ་ཡོད་པའི་ཕྱིར་ཞེས་པ་ནི། དངོས་སྨྲའི་གྲུབ་མཐའ་ཁག་གི་འདོད་ཚུལ་ཡིན་ཏེ། དེའི་འོག་ཏུ། ཐེག་པ་གསུམ་གྱི་རིགས་དང་བྲལ་བས་རྟེན་མྱ་ངན་ལས་མི་འདའ་བའི་སེམས་ཅན་ཡོད་པའི་ཕྱིར། ཞེས་པའི་གཞུང་ཚིག་འདི་ལ་དཔྱད་ན། ཐུགས་རྗེ་སེམས་དཔའ་དང་རྣམ་རང་གང་རུང་གྲུབ་མཐའ་ཁག་གི་འདོད་པ་ཡིན་ནམ་སྙམ། ཐེག་པ་གོང་འོག་གི་སྦྱོར་ལམ་ནི་ཚོགས་ལམ་གྱི་ལུས་རྟེན་དང་མཚུངས་སོ།། མཐོང་ལམ་དང་སྒོམ་ལམ་གཉིས་ལ་ལུས་རྟེན་བཞེད་ཚུལ་མི་འདྲ་བ་དང་ཁམས་གོང་འོག་གིས་རྟེན་རུང་མི་རུང་ནི།《 དགེ་བཤེས་བརྩོན་འགྲུབ་གོང་འཕེལ 》གྱིས་མཛད་པའི་དགེ་འདུན་ཉི་ཤུ་དང་། བསམ་གཟུགས་ཆེན་མོ་ནང་ཁ་གསལ་བོ་ཧ་ཅང་མང་པོ་ཡོད་པས་འདིར་ངས་མ་བྲིས།
ཞེས་བཀའ་ལུང་ཟབ་མོ་དག་ལ་གཞིར་བཅོལ་ཅི་ཐུབ་བྱས་ཏེ་ལི་ཐང་འགྲོ་མགོན་དགོན་པའི་གྲྭ་བཙུན་ཚེ་དབང་རྒྱལ་མཚན་ནམ་ཀུན་མཁྱེན་བློ་གྲོས་ནས་མདོ་སྨད་སྣང་ཞིག་དགོན་ཆེན་དུ་སྤྱི་ལོ༢༠༢༣ལོ་ཟླ་བ༨པའི་ཚེས༢༨ཉིན་མཇུག་གྲུབ་པ་དགེའོ།།
དཔྱད་གཞི་ཡིག་ཆ།
སྟོན་པ་གཤེན་རབ་ཀྱིས་མཛད་པའི ༼མདོ་ཕྲན༽ གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།
སྟོན་པ་གཤེན་རབ་ཀྱིས་མཛད་པའི ༼མདོ་གཟེར་མིག༽ གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།
སྟོན་པ་གཤེན་རབ་ཀྱིས་མཛད་པའི ༼བྱམས་མ་འབུམ་ལྔ༽ གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།
དྲན་པ་ནམ་མཁས་མཛད་པའི ༼དྲང་དོན་མུན་སེལ་སྒྲོན་མ༽ གཡུང་དྲུང་བོན་གྱི་གཞུང་ཁྲིད་ཡིག་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།
རྨེའུ་མཁས་པ་དཔལ་ཆེན་གྱིས་མཛད་པའི ༼ཁམས་འགྲེལ༽ སྟོད་ཆ། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས། དེབ་ཕྲེང་བཅོ་བརྒྱད་པ།
ཡར་འབྲོག་མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི ༼དབུ་མའི་རང་འགྲེལ་གསལ་བྱེད་སྒྲོན་མ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།
འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི ༼ས་ལམ༽ གཙང་སྨན་རི་དགོན་གྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས། དེབ་ཕྲེང་བདུན་པ།
རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི ༼ས་ལམ༽ གཙང་སྨན་རི་དགོན་གྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས། དེབ་ཕྲེང་དྲུག་པ།
ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད་པའི ༼ཕར་ཕྱིན་སྐབས་དང་པོ༽ གཙང་སྨན་རི་དགོན་གྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས། དེབ་ཕྲེང་བརྒྱད་པ།
རྣམ་དག་འོད་ཟེར་གྱིས་མཛད་པའི ༼ཕར་ཕྱིན་སྐབས་གཉིས་པ༽ གཙང་སྨན་རི་དགོན་གྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས། དེབ་ཕྲེང་དགུ་བ།
སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི ༼གཞི་ལམ་རྣམ་འབྱེད་རྩ་འགྲེལ༽ ཝཱ་ཎ་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས།
སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི ༼ཀུན་བཏུས་མཛོད་འགྲེལ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས། དེབ་ཕྲེང་དང་པོ།
དགེ་བཤེས་བརྩོན་འགྲུབ་གོང་འཕེལ་གྱིས་མཛད་པའི ༼བསམ་གཟུགས་དང་དགེ་འདུན༽ དཔལ་གཤེན་བསྟན་བྱང་བྱ་དུར་དགའ་མལ་དགོན་གྱིས་པར་སྐྲུན་བྱས། དེབ་ཕྲེང་གཉིས་པ།
ཚངས་པ་གཙུག་ཕུད་ཀྱིས་མཛད་པའི ༼འབུམ་ཏིག༽
སྤ་ཚང་འབྲུག་རིན་པོ་ཆེས་མཛད་པའི ༼ཕར་ཕྱིན་མངོན་རྟོགས་ལམ་གྱི་རིམ་པའི་འགྲེལ་བ་སྟོད་ཆ་དང་སྨད་ཆ༽ བོད་ལྗོངས་བོད་ཡིག་དཔེ་རྙིང་ཁང་གིས་པར་སྐྲུན་བྱས།
མཁས་གྲུབ་རིན་ཆེན་བློ་གྲོས་ཀྱིས་མཛད་པའི ༼ཤེར་ཕྱིན་མངོན་རྟོགས་ལམ་གྱི་རིམ་པ༽ གཡས་རུའི་དཔེ་ཚོགས།
སྟོན་པ་གཤེན་རབ་ཀྱིས་མཛད་པའི ༼མདོ་ཕྲན༽ གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།
སྟོན་པ་གཤེན་རབ་ཀྱིས་མཛད་པའི ༼མདོ་གཟེར་མིག༽ གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།
སྟོན་པ་གཤེན་རབ་ཀྱིས་མཛད་པའི ༼བྱམས་མ་འབུམ་ལྔ༽ གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།
དྲན་པ་ནམ་མཁས་མཛད་པའི ༼དྲང་དོན་མུན་སེལ་སྒྲོན་མ༽ གཡུང་དྲུང་བོན་གྱི་གཞུང་ཁྲིད་ཡིག་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།
རྨེའུ་མཁས་པ་དཔལ་ཆེན་གྱིས་མཛད་པའི ༼ཁམས་འགྲེལ༽ སྟོད་ཆ། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས། དེབ་ཕྲེང་བཅོ་བརྒྱད་པ།
ཡར་འབྲོག་མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི ༼དབུ་མའི་རང་འགྲེལ་གསལ་བྱེད་སྒྲོན་མ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།
འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི ༼ས་ལམ༽ གཙང་སྨན་རི་དགོན་གྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས། དེབ་ཕྲེང་བདུན་པ།
རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི ༼ས་ལམ༽ གཙང་སྨན་རི་དགོན་གྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས། དེབ་ཕྲེང་དྲུག་པ།
ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད་པའི ༼ཕར་ཕྱིན་སྐབས་དང་པོ༽ གཙང་སྨན་རི་དགོན་གྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས། དེབ་ཕྲེང་བརྒྱད་པ།
རྣམ་དག་འོད་ཟེར་གྱིས་མཛད་པའི ༼ཕར་ཕྱིན་སྐབས་གཉིས་པ༽ གཙང་སྨན་རི་དགོན་གྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས། དེབ་ཕྲེང་དགུ་བ།
སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི ༼གཞི་ལམ་རྣམ་འབྱེད་རྩ་འགྲེལ༽ ཝཱ་ཎ་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས།
སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི ༼ཀུན་བཏུས་མཛོད་འགྲེལ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས། དེབ་ཕྲེང་དང་པོ།
དགེ་བཤེས་བརྩོན་འགྲུབ་གོང་འཕེལ་གྱིས་མཛད་པའི ༼བསམ་གཟུགས་དང་དགེ་འདུན༽ དཔལ་གཤེན་བསྟན་བྱང་བྱ་དུར་དགའ་མལ་དགོན་གྱིས་པར་སྐྲུན་བྱས། དེབ་ཕྲེང་གཉིས་པ།
ཚངས་པ་གཙུག་ཕུད་ཀྱིས་མཛད་པའི ༼འབུམ་ཏིག༽
སྤ་ཚང་འབྲུག་རིན་པོ་ཆེས་མཛད་པའི ༼ཕར་ཕྱིན་མངོན་རྟོགས་ལམ་གྱི་རིམ་པའི་འགྲེལ་བ་སྟོད་ཆ་དང་སྨད་ཆ༽ བོད་ལྗོངས་བོད་ཡིག་དཔེ་རྙིང་ཁང་གིས་པར་སྐྲུན་བྱས།
མཁས་གྲུབ་རིན་ཆེན་བློ་གྲོས་ཀྱིས་མཛད་པའི ༼ཤེར་ཕྱིན་མངོན་རྟོགས་ལམ་གྱི་རིམ་པ༽ གཡས་རུའི་དཔེ་ཚོགས།