བདེན་བཞིའི་ཁྱད་བོན་བཅུ་དྲུག་འཇོག་དགོས་པའི་སྐོར་གྱི་རྟོག་འཆར།
[ཟླ་ཚེས། 2023-08-28 09:38:26][རྩོམ་པ་པོ། མཁས་གྲུབ་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
བདེན་བཞིའི་ཁྱད་བོན་བཅུ་དྲུག་འཇོག་དགོས་པའི་སྐོར་གྱི་རྟོག་འཆར།
མཁས་གྲུབ་རྒྱ་མཚོ། སྡེ་དགེ།
ནང་དོན་གནད་བསྡུས། འདིར་བདེན་བཞིའི་ཁྱད་བོན་བཅུ་དྲུག་འཇོག་དགོས་པའི་རྒྱུ་མཚན་ལས་འཕྲོས་ཏེ། བདེ་བཞིའི་ཁྱད་བོན་བཅུ་དྲུག་ནི། ལོག་རྟོག་གི་གཙོ་བོ་བཅུ་དྲུག་ཟློག་ཆེད་དང་། ལོག་རྟོག་གི་གཙོ་བོ་གང་དག་ཡིན་མིན་སྐོར་ངོས་འཛིན་བྱས་ནས་འབྲི་ཁུལ་བགྱིས་ཡོད། བརྡ་ཆད་གཙོ་བོ། སྡུག་བསྔལ་བདེན་པའི་ཁྱད་བོན་བཞི། ཀུན་འབྱུང་བདེན་པའི་ཁྱད་བོན་བཞི། འགོག་བདེན་གྱི་ཁྱད་བོན་བཞི། ལམ་བདེན་གྱི་ཁྱད་བོན་བཞི།
བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོའི་《ཐེག་འགྲེལ》རྫ་ཁྲོ་ཚང་དགོན་གཡུང་དྲུང་བོན་ནང་བསྟན་ལྔ་རིག་སློབ་གླིང་གི་པར་མ་དེབ་གཟུགས་ཅན། ཤོག་གྲངས་༢༣ལས། དེ་ལྟར་བདེན་པ་བཞི་ལ་བོན་བཅུ་དྲུག་ནི། ཉོན་མོངས་པ་ལ་མི་རྟག་པ། ཉོན་མོངས་པ། སྟོང་པ། བདག་མེད་པའོ།།གཞི་དངོས་ལ་རྒྱུ། གཞི་དངོས་ཉིད། རབ་ཏུ་བསྐྱེད་པ། རྐྱེན་གྱི་རྣམ་པའོ།། བགྲོད་བྱེད། རིག་པ། བསྒྲུབ་པ། ངེས་པར་འབྱིན་པའོ།། རྣམ་བཅད། ཞི་བ། གྱ་ནོམ་པ། ངེས་པར་འབྱུང་པའོ།། ཞེས་པའི་བདེན་པ་བཞི་ལ་ཁྱད་བོན་བཞི་བཞིར་བཅུ་དྲུག་བསྟན་པ་ལགས། དེ་ལྟར་བཅུ་དྲུག་འཇོག་པའི་དགོས་པ་ནི། བདེན་བཞི་སྐོར་གྱི་ལོག་རྟོག་གི་གཙོ་བོ་བཅུ་དྲུག་སེལ་བའི་ཕྱིར་དུ་བཞག་པའོ།།དེ་ལྟར་སྡུག་བསྔལ་བདེན་པའི་ཁྱད་བོན་བཞི་ཡི་ནང་ཚན་སྡུག་བསྔལ་མི་རྟག་པའི་བསལ་བྱར་གྱུར་བའི་ལོག་རྟོག་ནི། ཟག་བཅས་ཉེར་ལེན་གྱི་ཕུང་པོའམ་སྡུག་བདེན་གྱི་ཕུང་པོ་འདི་ཉིད་རྟག་པ་འདོད་པའི་ཕྱི་རོལ་པ་འགའ་ཞིག་གི་ལོག་རྟོག་འགོག་པའི་ཆེད་དུ། ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་སྐད་ཅིག་སྐད་ཅིག་གིས་འཇིག་པ་མི་རྟག་པའི་རང་བཞིན་ཡིན་པར་བསྒྲུབས་པས། མི་རྟག་པ་དེ་སྡུག་བསྔལ་བདེན་པའི་ཁྱད་བོན་གཅིག་ཏུ་བཞག་པ་དང་། སྡུག་བསྔལ་བདེན་པའི་ཁྱད་བོན་གཉིས་པ་ཉོན་མོངས་པའི་བསལ་བྱ་ནི། ཉེར་ལེན་གྱི་ཕུང་པོ་འདི་གཙང་བ་དང་བདེ་བར་འཛིན་པའི་ལོག་རྟོག་འགོག་པའི་ཆེད་དུ། ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་ལས་ཉོན་མོངས་ཀྱི་དབང་གིས་བྱུང་བ་ཡིན་པས་མི་གཙང་དང་སྡུག་བསྔལ་གྱི་རང་བཞིན་ཡིན་པ་སྒྲུབ་པས་ཉོན་མོངས་པ་སྟེ་སྡུག་བསྔལ་བདེན་པའི་ཁྱད་བོན་གཅིག་ཏུ་རྩི་བ་དང་། གང་ཟག་ལ་སོགས་པ་ནི་ཕུང་པོ་དང་འབྲེལ་མེད་དུ་གནས་པའི་གང་ཟག་གི་བདག་དང་། རྟག་གཅིག་རང་དབང་ཅན་གྱི་གང་ཟག་གི་བདག་འདོད་པའི་ཕྱི་རོལ་པ་དག་གི་ལོག་རྟོག་དེ་འགོག་པའི་ཆེད་དུ། གང་ཟག་ནི་ཕུང་པོ་ལྔའམ་བཞི་གང་རུང་གི་ཚོགས་ཆ་ལས་གྲུབ་པ་ཞིག་ཡིན་པའམ་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པ་ཡིན་པས་སྟོང་པ་དེ་སྡུག་བསྔལ་བདེན་པའི་ཁྱད་བོན་གཅིག་ཏུ་རྩི་བ་དང་། ཕུང་པོ་དང་ངོ་བོ་གཅིག་ཏུ་གྱུར་པའི་གང་ཟག་གི་བདག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་ནི་ཕྱི་རོལ་པ་ཕལ་ཆེ་བས་འདོད་པས། དེ་འགོག་པའི་ཆེད་དུ་རང་རྐྱ་ཐུབ་པའི་བདག་ཏུ་གྲུབ་པ་མེད་པས་བདག་མེད་པ་དེ་སྡུག་བསྔལ་བདེན་པའི་ཁྱད་བོན་གཅིག་ཏུ་བགྲང་བ་ཡིན་ཏེ། ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་《ཕར་ཕྱིན་སྐབས་དང་པོ》གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་པར་མ་དེབ་གཟུགས་ཅན་ཤོག་གྲངས་༢༠༦ལས། དེའི་དོན་ཡང་། རང་སྐད་ཅིག་གཉིས་པར་འཇིག་པས་ན། མི་རྟག་པ་དང་། སྡུག་བསྔལ་གྱི་རང་བཞིན་དུ་སྣང་བས་ན། ཉོན་མོངས་པ་དང་། དེ་གཞན་གྱི་བདག་གིས་སྟོང་པས་ན། སྟོང་པ་དང་། ངོ་བོ་གྱུར་པའི་བདག་མེད་པས་ན། བདག་མེད་པའོ།། བཞིར་འཇོག་པའི་རྒྱུ་མཚན་ནི། རྟག་པ་དང་། བདེ་བ་དང་། གང་ཟག་གི་བདག་དང་། བདག་ཏུ་འཛིན་པ་སྟེ། ཕྱིན་ཅི་ལོག་བཞིའི་གཉེན་པོར་གྱུར་བའི་ཕྱིར་དུའོ།། ཞེས་གསུངས་སོ།། སྡུག་བསྔལ་བདེན་པའི་ཁྱད་བོན་བཞིའི་ནང་གསེས་མི་རྟག་པ་དང་། ཉོན་མོངས་པ་གཉིས་ནི་ཡིག་ཆ་ཁག་ལས། དང་པོར་མི་རྟག་པ་བཞག་པ་དང་། གཉིས་པར་ཉོན་མོངས་པ་གསུངས་པ་དང་། དེ་ལས་ལྡོག་སྟེ་ཉོན་མོངས་པ་སྔོན་མ་བསྟན་ནས། མི་རྟག་པ་རྗེས་སུ་གསུངས་པའི་ལུགས་གཉིས་མཆིས་མོད། དེ་ནི་གང་ཟག་གིས་རྟོགས་ཚུལ་ལ་དང་པོ་ཉོན་མོངས་པ་ཉོན་མོངས་པ་སྔོན་ལ་རྟོགས་ནས། རྗེས་སུ་ཉོན་མོངས་པ་མི་རྟག་པ་རྟོགས་པ་ཡོད་པ་དང་། ཉོན་མོངས་པ་མི་རྟག་པ་སྔོན་ལ་རྟོགས་ནས། ཉོན་མོངས་པ་ཉོན་མོངས་པ་རྗེས་སུ་རྟོགས་པ་ཡོད་པ་སོགས་ཀྱི་ཁྱད་པར་ལས། འགལ་མཚུངས་ཀྱི་ཁྱད་པར་ཆེན་པོ་ཞིག་མ་མཆིས་སོ།། སྟོང་བ་དང་བདག་མེད་པ་གཉིས་ནི། ཉོན་མོངས་པ་གང་ཟག་གི་བདག་མེད་ཕྲ་རགས་གཉིས་ཀྱི་སྟེང་ནས་བཞག་ན་བློ་ལ་འཆར་བདེ་ཞིག་ཏུ་སྣང་ངོ་།།
ཀུན་འབྱུང་བདེན་པའི་ཁྱད་བོན་བཞི་ནི་ལོག་རྟོག་གཙོ་བོ་བཞི་ཟློག་པའི་ཆེད་དུ་བཞག་པ་ཡིན་ཏེ། དང་པོ་ནི། ཕྱི་རོལ་ཆད་ལྟ་བ་འགའ་ཞིག་གིས་སྡུག་བསྔལ་ལ་རྒྱུ་མེད་པར་འདོད་པའི་ལོག་རྟོག་སོགས་འགོག་པའི་ཆེད་དུ། ཀུན་འབྱུང་གི་གཙོ་བོ་ཐོག་མའི་མ་རིག་པ་དང་གཉིས་པ་འདུ་བྱེད་ཀྱི་ལས་གཉིས་པོ་ནི། སྡུག་བསྔལ་འབྱུང་སའི་གཞིའམ་སྡུག་བསྔལ་སྐྱེད་བྱེད་ཡིན་པས་རྒྱུ་ཞེས་བྱ་ལ། ཀུན་འབྱུང་ལས་ཉོན་གཉིས་པོ་སྡུག་བདེན་གྱི་རྒྱུ་ཡིན་པས་ཀུན་འབྱུང་གི་ཁྱད་བོན་ལ་རྒྱུའི་རྣམ་པ་ཞེས་གཅིག་ཏུ་བགྲང་བ་དང་། གཉིས་པ་ནི། རྟག་ལྟ་སྡེ་དགུའི་ནང་ཚན་གྲངས་ཅན་པའི་སྤྱི་གཙོ་བོ་འདོད་དེ། རང་བཞིན་ལ་ཆ་མེད་པའི་རྒྱུ་རྟག་པའི་དངོས་པོ་གཅིག་གིས་སྡུག་བསྔལ་སོགས་བོན་ཐམས་ཅད་བྱས་པར་འདོད་པའི་ལོག་རྟོག་འགོག་པའི་ཆེད་དུ། གཉིས་པ་འདུ་བྱེད་ཀྱི་ལས་དེ་ལ་ཀུན་སློང་མ་རིག་པ་སོགས་རྒྱུ་དུ་མ་འདུས་ཤིང་རྒྱུ་དེ་དག་དུས་ཡུན་ག་ཚོད་གནས་ན་དེ་སྲིད་དུ་སྡུག་བསྔལ་ཡང་རྒྱུན་དུ་འབྱུང་བས་ཀུན་འབྱུང་ངམ་གཞི་དངོས་ཉིད་ཅེས་བྱ་ཞིང་། ཀུན་འབྱུང་བདེན་པའི་ཁྱད་བོན་ལ་ཀུན་འབྱུང་ངམ་གཞི་དངོས་ཉིད་ཅེས་ཁྱད་བོན་གཅིག་ཏུ་རྩི་བ་དང་། གསུམ་པ་ནི། དབང་ཕྱུག་པ་རྣམས་ཀྱིས་སྤྱི་གཙོ་བོ་མེད་ཀྱང་འཇིག་རྟེན་གྱི་ལོངས་སྤྱོད་ཐམས་ཅད་དབང་ཕྱུག་གིས་བློ་སྔོན་དུ་བཏང་ནས་བྱས་པ་འདོད་པའི་ལོག་རྟོག་འགོག་པའི་ཆེད་དུ། ཞིང་ས་འཛོམ་པོ་ཞིག་ལ་ནས་འབྲས་གང་གི་ས་བོན་བཏབ་ན་རྐྱེན་དང་འཕྲད་ཚུལ་ལྟར་སྟོན་འབྲས་ཀྱང་དེ་ལྟར་སྨིན་པ་མངོན་སུམ་གྱིས་གྲུབ་པ་ལྟར། འཕེན་བྱེད་དང་འགྲུབ་བྱེད་ཀྱི་ལས་དང་ལས་དེས་རྒྱུའི་ཀུན་སློང་མ་རིག་པ་དང་དེའི་གྲོགས་སམ་དུས་ཀྱི་ཀུན་སློང་ཚུལ་མིན་ཡིད་བྱེད་ཆགས་སྡང་སོགས་ཤུགས་དྲག་པ་དང་རྒྱུན་རིང་བ་སོགས་ཇི་ལྟར་སྐྱེ་བ་ལྟར་འབྲས་བུ་སྡུག་བདེན་ཡང་དེ་མཚུངས་སུ་སྨིན་པས་རབ་སྐྱེད་ཅེས་ཀུན་འབྱུང་བདེན་པའི་ཁྱད་བོན་གཅིག་ཏུ་བགྲང་བ་དང་།བཞི་བ་ཕྱི་རོལ་གྲངས་ཅན་པ་རྣམས་ཀྱིས་གང་ཟག་གི་ཕུང་པོ་སོགས་རྣམ་འགྱུར་ཐམས་ཅད་རང་བཞིན་གྱིས་སྤྱི་གཙོ་བོའི་ངང་དུ་རྟག་པ་དང་ཆ་མེད་པ་ཡིན་ཡང་གནས་སྐབས་བྱིས་པ་ནས་དར་མ་རྒན་པ་སོགས་སུ་སྐད་ཅིག་གིས་འགྱུར་བར་འཛིན་པའི་ལོག་རྟོག་འགོག་པའི་ཆེད་དུ། སྲིད་པའི་སྲེད་པ་ལྟ་བུ་དེ་ཀུན་འབྱུང་བདེན་པས་སྡུག་བསྔལ་བདེན་པ་སྐྱེད་པ་བྱེད་པའི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་པས་རྐྱེན་གྱི་རྣམ་པ་ཞེས་ཀུན་འབྱུང་བདེན་པའི་ཁྱད་བོན་གཅིག་ཏུ་བགྲང་བ་ཡིན་ཏེ། ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་《ཕར་ཕྱིན་སྐབས་དང་པོ》གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དཔར་མ་དེབ་གཟུགས་ཅན་ཤོག་གྲངས་༢༠༥ལས།དེའི་དོན་ཡང་། ཡང་སྲིད་འཕེན་བྱེད་ཀྱི་བག་ཆགས་བསགས་པས་ན། རྒྱུ་དང་། འདུན་པ་དང་འདོད་ཆགས་ཀྱི་རྩ་བ་ཡིན་པས་ན། གཞི་དངོས་ཉིད་དང་། ལས་བསགས་པའི་འབྲས་བུ་ཐ་དད་དུ་སྨིན་པར་བྱེད་པས་ན། རབ་ཏུ་བསྐྱེད་པ་དང་། སྡུག་བསྔལ་སྔ་མ་དོར་ཞིང་ཕྱི་མ་ལེན་པའི་རྐྱེན་བྱེད་པས་ན། རྐྱེན་གྱི་རྣམ་པའོ། །དེ་བཞིར་འཇོག་པའི་དོན་ཡང་། སྡུག་བསྔལ་གྱི་རྒྱུ་མེད་པ་དང་། རྒྱུ་ལས་འབྲས་བུ་མི་འབྱུང་བ་དང་། རྒྱུ་འབྲས་རིགས་མི་མཐུན་པ་དང་། རྒྱུ་འབྲས་རྟག་པར་འཛིན་པའི་ལོག་རྟོག་བསལ་བའི་ཕྱིར་དུའོ་ཞེས་གསུངས་པས་གྲུབ་བོ།།འགོག་བདེན་ལ་ཡང་ཁྱད་བོན་བཞི་འཇོག་པའི་རྒྱུ་མཚན་ཡང་དག་ཅིག་ཡོད་དེ། དང་པོ་འགོག་པ་ནི། སྤྱོད་པའམ་འབྲས་བུ་སངས་རྒྱས་མེད་པ་འདོད་པའི་གང་ཟག་རྣམས་ཀྱིས་དྲི་མ་སེམས་ཀྱི་རང་བཞིན་ཡིན་པས། སྔ་མའམ་ཐར་བ་མེད་ཕྱིས་སུ་ཐར་པ་ཞིག་མེད་པས་ཐར་པ་མེད་ཟེར་བའི་ལོག་རྟོག་འགོག་པའི་ཆེད་དུ། གཉེན་པོའི་སྟོབས་ཀྱིས་སྡུག་བསྔལ་ལམ་ཉོན་མོངས་ཟད་པ་ཡོད་པ་ནི་དེའི་རྩ་བ་བདག་འཛིན་ཟད་པ་ཡོད་པའི་རྒྱུ་མཚན་གྱིས་བསྒྲུབས་ཏེ་སྡུག་བསྔལ་སྤངས་པའི་སྤང་ཆ་ནས་རྣམ་བཅད་དམ་འགོག་པ་ཞེས་འགོག་བདེན་གྱི་ཁྱད་བོན་གཅིག་ཏུ་རྩི་བ་དང་།ཡང་བསམ་གཏན་དང་གཟུགས་མེད་ཀྱི་དངོས་གཞི་ཐོབ་པའི་ཕྱི་རོལ་སྨྲ་བ་ཁ་ཤས་ཀྱིས། འདུ་ཤེས་དང་ཚོར་བ་རགས་པ་འགག་པའི་ཟག་བཅས་ཀྱི་བྱེ་བྲག་འདུ་ཤེས་མེད་པ་བ་ལྟ་བུ་ཐར་བ་འདོད་པའི་ལོག་རྟོག་འགོག་པའི་ཆེད་དུ། གཉེན་པོ་སྟོབས་ཆེན་གྱི་དབང་གིས་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་གང་ཟག་གི་བདག་དང་བོན་གྱི་བདག་ཏུ་འཛིན་པའི་མ་རིག་གཉིས་ཀྱི་ཞེན་ཡུལ་སྤོང་པའི་བྱ་བར་འཇུག་པའི་སྒོ་ནས་དེ་གཉིས་སྤངས་ཤིང་། དེ་གཉིས་སྤངས་ན་ཆགས་སྡང་སོགས་ཀྱང་མེད་པ་སྟེ། རྒྱུ་མེ་མེད་ན་དུ་བ་གཏན་ནས་མི་འབྱུང་བ་བཞིན་ཉོན་མོངས་གཏན་ནས་ཞི་བས་ཞི་བ་ཞེས་འགོག་བདེན་གྱི་ཁྱད་བོན་གཅིག་ལ་བགྲང་བ་དང་།ཡང་ཕྱི་རོལ་བ་ཐར་བ་ཁས་ལེན་པ་གྲངས་ཅན་པ་དང་གཅེར་བུ་པ་སོགས་ཀྱིས་ཐར་བ་ཞེས་པ་ཉོན་མོངས་སྤངས་པ་ལ་བརྟེན་ནས་འཇོག་མ་ཤེས་པར་གང་ཟག་དེ་ཉིད་ཀྱིས་ལས་བསགས་ཟིན་ཟད། གསར་དུ་བསགས་པའམ་མེད། ལས་གསར་བསགས་ཀྱིས་འབྲས་བུ་བསྐྱེད་པའི་བྱ་བ་ཆད་པ་ཙམ་ལ་འཇོག་པ་ལྟ་བུ་སྟེ། ཐར་བ་ཞེས་པ་ཟག་བཅས་ཀྱི་ཁྱད་པར་ཙམ་ཞིག་ལ་འདོད་པའི་ལོག་རྟོག་འགོག་པའི་ཆེད་དུ། ལས་བསགས་ཀྱི་བྱ་བ་ཆད་པ་དེ་ཙམ་ལ་མི་འཇོག་པར་ཉོན་མོངས་དང་སྡུག་བསྔལ་ཐམས་ཅད་ཟད་པའི་གཏན་དུ་བདེ་བའི་ཐར་བ་ནི།འཐོབ་བྱ་ཕུན་སུམ་ཚོགས་པའམ་གྱ་ནོམ་པ་ཡིན་པས་གྱ་ནོམ་པ་ཞེས་འགོག་བདེན་གྱི་ཁྱད་བོན་གཅིག་ལ་རྩི།ཡང་ཕྱི་རོལ་ཆད་ལྟ་བ་འགའ་ཞིག་གིས་ཉོན་མོངས་སེམས་ཀྱི་རང་བཞིན་དུ་གནས་པ་དང་། གང་ཟག་འཁོར་བའི་རང་བཞིན་ཡིན་པས་ཉོན་མོངས་དང་སྡུག་བསྔལ་གནས་སྐབས་རེ་ལ་འགག་པ་ཡོད་ཀྱང་གཏན་ནས་འགག་པ་མེད་དེ། རྐྱེན་དང་འཕྲད་ན་སླར་སྐྱེ་བ་ཡོད་པའི་ཕྱིར། དཔེར་ན། གཉིད་འཐུག་པོ་ལོག་པའི་གང་ཟག་བཞིན་དང་། ལམ་སྔར་མེད་གསར་དུ་འབྱུང་བ་བཞིན་དུ་སྐྱོན་ཆགས་སོགས་སྔར་མེད་པ་ཡང་འབྱུང་བའི་ཕྱིར་ཞེས་སྡུག་བསྔལ་དང་ཉོན་མོངས་གཏན་ཟད་པའི་ཐར་པ་དང་འགོག་བདེན་མེད་པར་འདོད་པའི་ལོག་རྟོག་འགོག་པའི་ཆེད་དུ། སྡུག་བསྔལ་དང་ཉོན་མོངས་ཐམས་ཅད་ཀྱི་རྩ་བ་བདག་འཛིན་དང་བདེན་འཛིན་ས་བོན་དང་བཅད་པ་སྤངས་ཟིན་ནས། རྒྱུ་འགག་པས་འབྲས་བུ་རང་འགག་ཏུ་འགྲོ་བ་ནི་དངོས་པོ་གནས་ཚུལ་གྱི་དབང་གིས་གྲུབ་པའི་སྡུག་བསྔལ་སོགས་སྤངས་ཟིན་ནས་སླར་ཡང་འབྱུང་བ་མི་སྲིད་པ་ལ་ངེས་པ་འབྱུང་བ་ཡིན་པས། ངེས་འབྱུང་ཞེས་འགོག་བདེན་གྱི་ཁྱད་བོན་གཅིག་ལ་བཞག་པ་ཡིན་ཏེ། ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་《ཕར་ཕྱིན་སྐབས་དང་པོ》གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དཔར་མ་དེབ་གཟུགས་ཅན་ཤོག་གྲངས་༢༠༧ལས། དེའི་དོན་ཡང་། རྒྱུ་ཉོན་མོངས་པ་གཞི་ནས་བཅད་པས། རྣམ་བཅད་དང་། འབྲས་བུ་སྡུག་བསྔལ་ཞི་བས་ཞི་བ་དང་། ཡོན་ཏན་སྟོབས་ཆེ་བས་ན། གྱ་(ནོམས)ནོམ་པ་དང་། སྤང་ཟིན་སླར་མི་ལྡོག་པས་ན། ངེས་འབྱུང་གི་རྣམ་པའོ། །བཞིར་འཇོག་པའི་རྒྱུ་མཚན་ཡང་། ཉོན་མོངས་འགག་པ་མི་སྲིད་པ་དང་། འགག་ཀྱང་སྡུག་བསྔལ་ལས་གྲོལ་བར་མི་འགྱུར་བ་དང་། གྲོལ་ཡང་དེ་ལས་ལྷག་པའི་འབྲས་བུ་དབང་ཕྱུག་སོགས་ཐོབ་པ་འདོད་པ་དང་། ཉོན་མོངས་ལན་གཅིག་སྤངས་ཀྱང་སླར་ལྡོག་པར་འཛིན་པ་དང་བཞིའི་གཉེན་པོར་གྱུར་པའི་ཕྱིར་དུའོ་ཞེས་གསུངས་པས་གྲུབ་བོ།།
ལམ་བདེན་ལ་ཁྱད་བོན་བཞི་བཞག་པར་ཡང་ལོག་རྟོག་གཙོ་བོ་བཞི་ཟློག་པའི་ཕྱིར་དུ་བཞག་པ་ཡིན་ཏེ། ཕྱི་རོལ་བ་འགའ་ཞིག་གིས་ཐར་བ་མེད་དེ། དེ་ཐོབ་བྱེད་ཀྱི་ཐར་ལམ་ཞིག་གཏན་ནས་མེད་པར་འདོད་པའི་ལོག་རྟོག་འགོག་པའི་ཆེད་དུ། སྡུག་བསྔལ་གྱི་རྩ་བ་བདག་འཛིན་གཉིས་ལོག་ཤེས་ཡིན་པ་ཤེས་པ་དང་དེ་གཉིས་ཀྱི་ཞེན་ཡུལ་མེད་པ་ཤེས་ཏེ། ཡང་ཡང་གོམས་པ་དང་། གོམས་བྱ་ལ་གསལ་སྣང་ཐོབ། དེ་ནས། དེ་མངོན་སུམ་དུ་རྟོགས་པའི་བློ་སོགས་ནི་ཐར་བ་ཆེན་པོ་ལ་བགྲོད་པར་བྱེད་པས་ལམ་ཡིན་པས་ལམ་མམ་བགྲོད་བྱེད་ཞེས་ལམ་བདེན་གྱི་ཁྱད་བོན་གཅིག་ལ་བཞག་པ་དང་། ཡང་ཐར་བ་ཁས་མི་ལེན་པའི་ཕྱི་རོལ་བ་དག་གིས་གང་ཟག་གི་བདག་འདོད་ཅིང་དེ་ཉིད་ལས་དང་འབྲས་བུའི་བྱེད་པ་པོ་ཡིན་པས་གང་ཟག་བདག་མེད་རྟོགས་པའི་བློ་དེ་ཐར་ལམ་དུ་མི་རིགས་སོ་ཞེས་པའི་ལོག་རྟོག་ཟློག་པའི་ཕྱིར་དུ། བདག་ཏུ་འཛིན་པའི་མ་རིག་པས་ཀུན་ནས་བསླངས་ཏེ་ལས་བསགས། ལས་ཀྱི་དབང་གིས་འཁོར་བར་འཁོར་བས། རྩ་བ་བདག་ཏུ་འཛིན་པའི་མ་རིག་པ་དེ་ཉིད་སེམས་ཀྱི་རང་བཞིན་ལ་མ་ཞུགས་པའི་གློ་བུར་བ་ཡིན་པ་དང་།དེས་ཇི་ལྟར་བཟུང་བ་ལྟར་གྱི་ཞེན་ཡུལ་བཀག་པའི་སྒོ་ནས་བདག་མེད་པར་རྟོགས་པའི་བློ་གོམས་པ་མཐར་ཕྱིན་པ་ན། རྩ་བ་སྡོང་པོ་མེད་པར་ཡལ་ག་དང་ལོ་འདབ་རྒྱས་མི་སྲིད་པས་རྩ་བ་བདག་འཛིན་བཀག་པས་དེའི་འབྲས་བུ་འཁོར་བ་ལས་གྲོལ་བའི་ཐར་པ་ཡོད་པ་དང་དེ་སྒྲུབ་བྱེད་ཀྱི་ཐར་ལམ་བདག་མེད་པར་རྟོགས་པའི་བློ་དེ་ཉིད་རིག་པ་ཡང་དག་པ་ཡིན་པས་རིག་པ་ཞེས་ལམ་བདེན་གྱི་ཁྱད་བོན་གཅིག་ཏུ་བགྲང་བ་དང་།ཡང་ཕྱི་རོལ་བ་འགའ་ཞིག་གིས་ཚོར་འདུ་རགས་པ་བཀག་པའི་འདུ་ཤེས་མེད་པ་དེ་ཐར་བ་དང་། དེ་ཐོབ་བྱེད་ཀྱི་རྒྱུ་བསམ་གཏན་གྱི་ཁྱད་པར་འདུ་ཤེས་མེད་པའི་སྙོམས་འཇུག་ལྟ་བུ་ཐར་ལམ་ཡིན་ནོ་སྙམ་པའི་ལོག་རྟོག་ཟློག་པའི་ཆེད་དུ། བསམ་གཏན་གྱི་ཁྱད་པར་དེ་ནི་གནས་སྐབས་ཚོར་འདུ་རགས་པ་འགོག་པར་བྱེད་པའི་ཐབས་ཙམ་ཞིག་ལས་འཁོར་བ་ལས་གྲོལ་བྱེད་མིན་ལ། སྡུག་བསྔལ་ལས་བགྲོད་བྱེད་དངོས་ནི། ལྟ་བ་རྟེན་འབྱུང་ངམ་སྣང་སྟོང་ཟུང་འཇུག་རྟོགས་པའི་བློའམ་གང་ཟག་གི་བདག་མེད་པ་སོགས་རྟོགས་པའི་བློ་དེས་སེམས་ཀྱི་གནས་ལུགས་ཕྱི་ཅི་མ་ལོག་པར་བསྒྲུབས་པས་སྒྲུབ་པ་ཞེས་ལམ་བདེན་བདེན་གྱི་ཁྱད་ཐུན་མོང་མ་ཡིན་པ་གཅིག་ལ་རྩི་བ་དང་།འཁོར་བ་ལས་གཏན་དུ་གྲོལ་བའི་གནས་མེད་པ་འདོད་པའི་ཕྱི་རོལ་ཆད་ལྟ་བ་འགའ་ཞིག་གིས། སྡུག་བསྔལ་གནས་སྐབས་ཙམ་ལ་ཟད་པ་ཡོད་ཀྱང་གཏན་དུ་ཟད་པ་མེད་པས། སྡུག་བསྔལ་གཏན་ཟད་ཀྱི་ལམ་མེད་པར་འདོད་པའི་ལོག་རྟོག་འགོག་པའི་ཕྱིར་དུ། འཁོར་བའི་རྩ་བ་མ་རིག་པ་ཡིན་ལ། བདག་འཛིན་མ་རིག་པའི་ཞེན་ཡུལ་གཏན་མེད་པ་འགོག་ནུས་ཏེ། ཐག་ཁྲ་སྦྲུལ་འཛིན་གྱི་བློ་བཞིན་ནོ།། དེས་ན་བདག་མེད་རྟོགས་པའི་ཐར་ལམ་དེ་འཁོར་བའི་སྡུག་བསྔལ་གཏན་ནས་སྤངས་པར་བྱེད་པའི་ལམ་ཡིན་པས་ངེས་འབྱིན་ཞེས་ལམ་བདེན་གྱི་ཁྱད་བོན་གཅིག་ལ་བཞག་པ་ཡིན་ཏེ།ཀུན་མཁྱེན་ཉི་མས་མཛད་པའི་《ཕར་ཕྱིན་སྐབས་དང་པོ》གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་པར་མ་དེབ་གཟུགས་ཅན་ཤོག་གྲངས་༢༠༧ལས། དེའི་དོན་ཡང་། ཐར་པ་ཆེན་པོར་ཕྱིན་པར་བྱེད་པས་ན། བགྲོད་བྱེད་དང་། བསྒྲུབ་བྱ་ཕྱིན་ཅི་མ་ལོག་པས་ན། རིག་པ་དང་། འབྲས་བུ་ཆེན་པོ་འགྲུབ་པར་བྱེད་པས་ན། སྒྲུབ་པ་དང་། བྱང་ཆུབ་ཆེན་པོར་ངེས་པར་འབྱིན་པས་ན། ངེས་འབྱིན་གྱི་རྣམ་པའོ། །དེ་བཞིར་འཇོག་པའི་རྒྱུ་མཚན་ཡང་། ཐར་བའི་ལམ་མེད་པ་དང་། ཡོད་ཀྱང་ཕྱིན་ཅི་ལོག་ཏུ་གྱུར་བ་དང་། དེ་མ་ལོག་ཀྱང་། དོན་རྒྱ་ཆེན་པོ་བསྒྲུབ་མི་ནུས་པ་དང་། ནུས་ཀྱང་མཐར་ཐུག་གཏན་གྱི་བདེ་བར་མི་འགྱུར་སྙམ་པ་དང་བཞིའི་གཉེན་པོར་གྱུར་བའི་ཕྱིར་དུ་བཞག་པའོ་ཞེས་གསུངས་པས་གྲུབ་བོ།།
དཔྱད་གཞི་ཡིག་ཆ། སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་མཛད་པའི་《ཐེག་འགྲེལ་མེ་ལོང་དགུ་སྐོར》རྫ་ཁྲོ་ཚང་དགོན་གཡུང་དྲུང་བོན་ནང་བསྟན་ལྔ་རིག་སློབ་གླིང་གི་པར་མ་དེབ་གཟུགས་ཅན།
འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་《ཐེག་པ་ཆེན་པོ་ས་དང་ལམ་གྱི་རིམ་པ་རིན་པོ་ཆེ་འཕྲུལ་གྱི་ལྡེ་མིག》གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་པར་མ་དེབ་གཟུགས་ཅན།
ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་《ཕར་ཕྱིན་སྐབས་དང་པོ》གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་པར་མ་དེབ་གཟུགས་ཅན།
སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་《ཐེག་འགྲེལ་གསལ་བའི་མེ་ལོང་》གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་པར་མ་དེབ་གཟུགས་ཅན།
ཀུན་མཁྱེན་ཤར་རྫ་བས་མཛད་པའི་《ལུང་རིགས་མཛོད》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ་གསུང་འབུམ་ཅན།
འདི་བཏབ་དགེ་བའི་མཐུ་བྱིན་ཅི་མཆིས་པ།།
སེམས་ཅན་དོན་དུ་སངས་རྒྱས་འཐོབ་ཕྱིར་བསྔོ།།
འགྲོ་བ་ཀུན་ཀྱིས་ལམ་མཆོག་རྙེད་གྱུར་ནས།།
འབྲས་བུ་བོན་སྐུའི་ས་ལ་གནས་པར་ཤོག།
སེམས་ཅན་དོན་དུ་སངས་རྒྱས་འཐོབ་ཕྱིར་བསྔོ།།
འགྲོ་བ་ཀུན་ཀྱིས་ལམ་མཆོག་རྙེད་གྱུར་ནས།།
འབྲས་བུ་བོན་སྐུའི་ས་ལ་གནས་པར་ཤོག།