མ་རྒྱུད་ཁྲིད་བརྒྱད་སྐོར་ལ་དཔྱད་པ།
[ཟླ་ཚེས། 2023-02-09 20:37:42][རྩོམ་པ་པོ། ཀ་ཤུལ་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
འདིར་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོས་གསུངས་པའི་བཀའ་དྲི་མ་མེད་པ་མ་རྒྱུད་སངས་རྒྱས་རྒྱུད་གསུམ་དང་། དེའི་འགྲེལ་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་མཛད་པའི་གཞུང་ལ་གུས་པས་ཐོས་བསམ་སྒོ་གསུམ་ཕྲན་བུར་བྱས་པའི་གོ་ཚོད་ཀྱི་གནད་དོན་སྐོར་ཞིག་གླེང་བ་ལ། དེ་ཡང་བཀའ་ལུང་རྒྱུད་སྡེ་ཀུན་གྱི་ཡང་ཞུན། རིག་འཛིན་གྲུབ་ཆེན་རྣམས་ཀྱི་ཉམས་མྱོང་། གསང་སྔགས་མ་རྒྱུད་ཐམས་ཅད་ཀྱི་རྩ་བ། བོན་སྐུ་ཀུན་ཏུ་བཟང་པོའི་ཐུགས་དགོངས། ཡང་དག་པའི་རྒྱུད་སྡེ་རིན་པོ་ཆེ། བཀའ་དྲི་མ་མེད་པ་འདིར་བསྡུས་ན། གཞི་རྒྱུད་དང། ལམ་རྒྱུད། འབྲུས་རྒྱུད་གསུམ་གྱི་ནང་དུ་འདུས། དེ་ཡང་གཞུང་ལུགས་འདི་ནི་ཧ་ཅང་རྒྱ་ཆེ་ལ་གཏིང་ཟབ་པའི་བརྗོད་བྱ་ཕུན་སུམ་ཚོགས་པ་ཡིན་པ་མ་ཟད། སྐལ་ལྡན་བརྒྱ་སྟོང་གང་གིས་ཉམས་ལེན་བྱས་པ་ཡིན་ན་སངས་རྒྱས་པ་ལ་བར་དོའམ་སྐྱེ་བ་གཅིག་ལས་མི་འགོར་བར་ངེས་པའོ། །ཞེས་གསུངས། ད་ལན་སྐབས་སུ་བབ་པའི་བརྗོད་བྱ་གཙོ་བོ་ནི་ཁྲིད་ཆེན་བརྒྱད་ཀྱི་སྐོར་ཡིན་པས།① ལམ་མངོན་སངས་རྒྱས་པའི་རྒྱུད་ལས། ཚོགས་ལམ་རྡུལ་ཤུགས་མཆོག་འབྱིན་འགོ་གནོན་དང་། སྦྱོར་ལམ་ཡེ་ཤེས་རིག་བསྐྱེད་མངོན་གྱུར་གཅོད། མཐོང་ལམ་རྫུ་འཕྲུལ་ཐབས་འབྱིན་རྩད་གཅོད་དང་། སྒོམ་ལམ་ཐབས་ཐར་སྨིན་གྲོལ་དྲུང་འབྱིན་ནས། ཁྲིད་བརྒྱད་སྐུ་བརྒྱད་ཡོངས་རྫོགས་ལྷང་འབྱུང་བོན། ཚེ་འདིར་མངོན་སུམ་བསྒྲུབས་པ་གཅིག་ཆོག་གིས། མངོན་སངས་རྒྱས་པའི་རྒྱུད་འདི་ངེས་འཆད་དོ། །ཞེས་པས། སྤྱིར་ཁྲིད་ཅེས་པ་ནི། ཐེག་པ་ཕྱི་ནང་གསང་གསུམ་གང་ལ་ཡང་སྦྱར་རུང་བ་དང་། མ་ཟད་རང་རང་ལམ་སྣེ་ཁྲིད་པ་པའམ་ཡང་ན་རང་རང་ཟད་སར་ཁྲིད་པའི་ཐབས་ཀྱི་ཆ་ཞིག་ཏུ་སྣང་ཡང་། འདི་བསྟན་ཁྲིད་ཀྱི་ངོ་བོ་ནི། སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་གདམ་པ་ལ་བརྟེན་ནས་ངེས་དོན་གསང་མཆོག་རྒྱལ་པོའི་རྒྱལ་སར་ཁྲིད་པའི་ཐབས་ཁྱད་པར་བ་ཞིག་འདོད། ཅེས་གསུངས། ཁྲིད་བརྒྱད་ནི་གསང་མཆོག་རིག་བཞི་དང་། སྐུ་བཞི་ལ་དངོས་འཛིན་དགོས་པ་དགེ་རྒན་དམ་པའི་ཞལ་ཁྲིད་དང་། གཞུང་ཁོ་རང་ནང་ལ་ཞིབ་པར་གཟིགས་ན་ཧ་གོ་ངེས་འདུག
དང་པོ་སྒོམ་འགྲེལ་ཉི་མའི་དཀྱིལ་འཁོར་ལས།② དེ་ནས་ཡང་ལོ་ལྔ་བཅུ་ལ་འབྲས་བུའི་དོན་ལ་ཐག་བཅད་དེ་བསྒོམ་ནས། སྐུ་བཞི་མངོན་འགྱུར་རོལ་སྤྱོད་པས། འཁོར་རྣམས་ལ་ཞལ་བསྟན་ཏེ། འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་བཤད་ནས་ཁྲིད་བརྒྱད་བསྟན་པས། དེ་ཉིད་རྫོགས་མ་ཐག་རྒྱལ་མཁར་བ་ཆོད་ལ་གནས་པའི་སེམས་ཅན་ཐམས་ཅད་མ་ལུས་པར་ལྷག་མ་མེད་པར་ལུས་འཇའ་རུ་ཡལ། སེམས་བོན་ཉིད་དུ་གྲོལ། གསང་མཆོག་རྒྱལ་པོའི་སྐུ་རུ་སངས་རྒྱས་སོ། །
ལུང་བཞི་དབང་བཞི་ལྷུན་འགྲུབ་ལས།③ ལམ་དྲུག་གོང་དུ་གསལ། ཁྲིད་བརྒྱད་གང་རུང་ཞིག་ནས་ཁྲིད་ལ། རིག་པའི་ཐིག་ལེ་གསལ་ལ་རང་བཞིན་མེད། གསང་མཆོག་རིག་པ་ཁུ་བྱུག་ཐུག་ཉིད་དེ། འདི་ལ་ཅོག་གི་བཞག་པས་རིག་པ་ཚེ་གཅིག་ཏུ་འཆར་བས་སྤྲུལ་སྐུའི་ས་གནོན་དེ་སྒོམས་ཤིག་ཅེས་ངོ་སྤྲོད་བཤད་པ་གཏོང་ངོ་། །ཞེས་སོགས་ཡང་དག་དོན་དབང་ལ་གསང་མཆོག་རིགས་བཞིའི་ཐུགས་ཉིད་ངོ་སྤྲོད་ཀྱི་སྐབས་སུ་འབྲས་བུའི་སྐབས་ནས་ཁྲིད་བརྒྱད་གང་རུང་ནས་ཁྲིད་དགོས་པར་གསུངས།
ཐབས་ལམ་འཁྱེར་ལས།④ ཐབས་ཤེས་རབ་གཉིས་སུ་དབྱེ་ན། གྲོལ་ལམ་ཡན་ཆད་འབྲས་བུའི་སྐུ་བཞིའི་ཁྲིད། མན་ཆད་ཤེས་རབ་ལ། གཞན་རྣམས་ཐབས་ལམ་མོ། །ཐར་ལམ་རིན་པོ་ཆེ་ཐེམས་སྐས་ལས།⑤ གསང་མཆོག་རིག་བཞི་ཚད་མེད་ལྔ་བཅུ་རྩ་གཉིས་ཀྱི་སྙོམས་འཇུག་ཡེ་ཤེས་ཀྱི་ཆུ་རྒྱུན་དབབ་པས་འབྲས་བུ་རྫོགས་སངས་རྒྱས་པའི་དབང་ཐོབ་པར་སྒོམ་ཞིང་། གོང་དུ་ལམ་ལྔ་ཐབས་དྲུག་ཁྲིད་བརྒྱད་བསྟན་པའི་གོང་གྱི་ཁྲིད་གཞན་ནི་ལམ་རྒྱུད་ལེའུ་བཅུ་གཉིས་པ་གྲོལ་ལམ་ཡན་ཆད་ནས་རྫོགས་ཤིང་། ཕྱི་མ་ཁྲིད་བརྒྱད་ནི་ལམ་རྒྱུད་ལེའུ་བཅུ་གསུམ་པ་ལམ་འབྲས་སྐབས་ནས་བྱུང་བའི་ལམ་རྒྱུད་ལེའུ་བཅུ་གསུམ་པར་འགྲེལ་བ་གཏེར་ལས་བྱོན་པ་བཞུགས་མེད་ཀྱང་། ཕྱིས་སུ་གཤེན་ཉི་མ་རྒྱལ་མཚན་གྱིས་ལམ་འབྲས་ལ་འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ཀྱི་དགོངས་འགྲེལ། ༼རྣམ་འབྱེད་ཉི་མའི་འཁོར་ལོ་གསང་བ་གཏེར་གྱི་ཐིགས་པ་ཞེས་བྱ་བ་ཞིག་མཛད་ཡོད།༽ ཡིན་ན་ཡང་ཁོང་གི་ལམ་རྒྱུད་ཀྱི་ལེའུ་བཅུ་གསུམ་གྱི་འགྲེལ་བ་གནང་བའི་སྐབས་སུ། འབྲས་རྒྱུད་ཀྱི་དབུ་ཡི་འབྲེལ་བ་ལམ་རྒྱུད་ལེའུ་བཅུ་གསུམ་པའི་འགྲེལ་བའི་འགོ་རུ་བཀོད་པ་ནི་འབྲས་རྒྱུད་ཀྱི་མཇུག་ཁོང་གི་མཇལ་ཡུལ་དུ་མ་གྱུར་བ་ཡིན། འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ཀྱི་དགོངས་འགྲེལ་མཇུག་བྱང་སྐབས་སུ་དེ་ལྔ་འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་དེ་ཚངས་པར་གཏེར་ལས་ཐོན་པར་འདུག་ཀྱང་། ད་ལྟ་འཕྲོ་རྟགས་བྱས་པ་དེ་ལས་མི་འདུག་པས། དེ་ཡན་དེའི་རྗེས་སུ་ལམ་མངོན་སངས་རྒྱས་པའི་གཞུག་གི་འབྲས་བུ་དེ་དྲིལ་ནས་གཞུང་ལུགས་ཇི་ལྟ་བ་ལ། བདག་གི་སྤྲོས་བཅས་རྒྱས་པར་བྱས་པ་ཡིན་གསུངས།
འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ཀྱི་དགོངས་འགྲེལ་རྣམ་པར་ངེས་པ་གསང་བ་མཐར་ཐུག་ཉི་ཟེར་དྲྭ་བ་ལས།⑥ འབྲས་བུའི་རྒྱུད་འདི་ཉིད་གུ་རུ་རྣོན་རྩེས་གཏེར་ལས་ཐོན་ནས་སླར་ཤིན་ཏུ་གཉན་པས་མཁའ་འགྲོ་རྒྱ་མཚོས་གཉེར་ནས་གསང་བ་ཡང་གབ་ཏུ་སོང་། རྒྱུད་འདི་ཉིད་སྤེལ་བའི་དུས་ལ་བབ་ཚེ་མཁའ་འགྲོ་མ་རྣམས་གྱིས་སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་གྱི་ཕྱག་ཏུ་སྤྲད་པ་ལྕགས་སྤྲུལ་བོན་དབྱིངས་མཚན་གྱི་མདོ་གམ་སྨད་དུ་ཁྱེར་བ་ལ། བདག་ཤར་རྫའི་བྱ་བྲལ་བཀྲ་ཤིས་རྒྱལ་མཚན་གྱིས་དཔེ་ལུང་དང་བཅས་པ་ལག་ཏུ་སོན་པ་ཡིན་། ཅེས་གསུངས།⑦ ཡང་ཁྱད་གྲུབ་ཐོབ་གྷུ་རུ་རྣོན་རྩེའི་གཏེར་མ། མ་རྒྱུད་ཀྱི་འབྲས་བུ་མངོན་སངས་རྒྱས་པའི་བརྒྱུད་སོགས་ཆིག་བརྒྱུད་བཀའ་རྒྱུད་མ་རྣམས། དམྱལ་སྟོན་སྒོམ་པ་རྣམ་གཉིས་ལ་བརྒྱུད། དེ་བཀའ་གདམ་ཡེ་རྒྱལ་ལ་བརྒྱུད་པ། བཀའ་གདམ་གྱི་བླ་མ་བསྟན་པའི་རྒྱལ་མཚན་ལ་གནང་སྟེ། བཀའ་གདམ་གྱི་ཕྱག་དཔེ་དར་ཐུམ་མ་ཞེས་པ་སྐམ་ཚང་གི་དཔེ་མཛོད་དུ་ཡོད་པ་ནི། ཕྱིས་ཁོ་བོ་ཉི་མིང་པ་རང་གིས་སྤེལ་ནས། སྨན་རི་དང་དར་སྡིང་སོགས་ཀྱི་ཕྱག་དཔེ་རྙིང་པ་རྣམ་འབྲས་རྒྱུད་ཆད་མཐུད་བྱས་པའོ། །ཞེས་གསུངས།
གང་ལྟར་འབྲས་རྒྱུད་ཀྱི་མཇུག་ཏུ་གསང་བ་གབ་སྦས་སུ་སོང་ནས་རྗེས་སུ་མཁན་ཆེན་ཉི་མ་ཕ་ཡུལ་དུ་སོང་སྐབས་སྐམ་ཚང་དཔེ་མཛོད་ནས་འབྲས་རྒྱུད་མཇུག་ཏུ་ལག་སོན་བྱུང་ཡོད་པ་དེ་ད་ལྟ་མཇལ་དུ་ཡོད་པའི་ལེའུ་བཅུ་གཅིག་གི་བདག་ཉིད་ཅན་དེ་ཡིན། ལེའུ་བཅུ་གཅིག་གི་བདག་ཉིད་དེ་ཡང་གོང་གི་གཞི་རྒྱུད་བཞིན་ཐིག་ལེ་གོ་རིམ་སྒྲིག་སྟངས་ཅུང་ཙམ་མི་འདྲ་བ་ཡོད་པ་མ་ཟད་ད་དུང་ལེའུ་རེ་རེ་ལ་མང་ཉུང་ཡོད་པ་ནི་དཔྱད་ཞིབ་ཀྱི་གནས་སུ་ལྷག དཔེ་ཆ་དེ་ག་དུས་གསང་བ་གབ་སྦས་སུ་སོང་ཡོད་མེད་ནི་བཤད་ཚོད་དཀའ་བར་འདུག་པས། དེ་ནི་བདག་གི་ཞོར་འཕྲོས་ཙམ་ཡིན།
གཙོ་བོ་ནི་མཚན་བཅས་སྐུ་བཞིའི་ཁྲིད་དང་། མཚན་མེད་བོན་སྐུའི་ཁྲིད་བཞི་བཅས་ལ་ཁྲིད་བརྒྱད་འདི་ལམ་འགྲེལ་ཁག་ལས་མང་ཙམ་ལས་མ་གསལ། མཚན་བཅས་སྐུ་བཞི་གསང་མཆོག་རིགས་བཞི་ཡུམ་དང་བཅས་པར་ཟུང་བཞི་ལ་དངོས་འཛིན་དགོས། རྒྱུ་མཚན་ནི་གསང་མཆོག་རིགས་ལྔ་ལས་གསང་མཆོག་རྒྱལ་པོ་གཞི་ཡི་ལྷ་དང་། གསང་མཆོག་རིགས་བཞི་ཡུམ་དང་བཅས་པ་འབྲས་བུའི་ལྷར་བཞག་ཡོད། མཚན་མེད་ཀྱི་སྐུ་ནི་བོན་སྐུ་དང་། མངོན་པར་བྱང་ཆུབ་པའི་སྐུ་དང་། བདེ་བ་ཆེན་པོའི་སྐུ་དང་། སྐྱེ་མེད་ངོ་བོ་ཉིད་ཀྱི་སྐུ་བཞི་ལ་ངོས་འཛིན། འདིའི་སྐུ་བརྒྱད་བསྟན་པའི་གཞུང་ལ་མ་རྒྱུད་ཀྱི་ཁྲིད་བརྒྱད་ཟེར། དེ་ལྟར་གཞུང་ཆེན་གྱི་ཟབ་གནད་ལ་དཔྱད་པ་རྫོགས་པའི་གཏམ་མིན་ཀྱང་དགེ་རྒན་གྱི་ཞལ་ཁྲིད་དང་འབྲེལ་བའི་ལུང་རིགས་ཀྱི་རྒྱབ་བརྟེན་བཙལ་ཏེ་ཟུར་ཙམ་གླེང་ཁུལ་བགྱིས་འགལ་འཁྲུལ་གང་མཆིས་མཁྱེན་ལྡན་ཡོངས་ལ་བཟོད་གསོལ་ཞུ།
མཆན།
① 《ཐེག་པ་ཆེན་པོ་གསང་སྔགས་མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད་གསུམ་བཞུགས་སོ།།》 མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ་༡༢པར་དུ་བསྐྲུན། ཤོག་ངོས༤༩ན་གསལ།
② 《ཐེག་པ་ཆེན་པོ་གསང་སྔགས་མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད་གསུམ་བཞུགས་སོ།།》 མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ་༡༢པར་དུ་བསྐྲུན། ཤོག་ངོས༡༥༥ན་གསལ།
③ 《ཐེག་པ་ཆེན་པོ་གསང་སྔགས་མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད་གསུམ་བཞུགས་སོ།།》 མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ་༡༢པར་དུ་བསྐྲུན། ཤོག་ངོས་༢༦༢ན་གསལ།
④ 《ཐེག་པ་ཆེན་པོ་གསང་སྔགས་མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད་གསུམ་བཞུགས་སོ།།》 མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ་༡༢པར་དུ་བསྐྲུན། ཤོག་ངོས་༣༤༧ན་གསལ།
⑤ 《ཐེག་པ་ཆེན་པོ་གསང་སྔགས་མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད་གསུམ་བཞུགས་སོ།།》 མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ་༡༢པར་དུ་བསྐྲུན། ཤོག་ངོས་༤༦༠ན་གསལ།
⑥ 《གངས་ཏི་སེ་བོན་གཞུང་རིག་མཛོད》 དེབ་བཅོ་བརྒྱད་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ་༩པར་དུ་བསྐྲུན། ཤོག་ངོས་༥༡༠ན་གསལ།
⑦ 《ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་རང་རྣམ》 དེབ་ཕྲེང་༦༦པ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་ནས་པར་དུ་བསྐྲུན། ཤོག་ངོས་༡༡༤ན་གསལ།