པད་གདན་གདིང་བའི་དོགས་གཅོད།

[ཟླ་ཚེས། 2022-04-19 16:21:57][རྩོམ་པ་པོ། རྒྱ་ཤོད་དགེ་བཤེས་ཤེས་རབ་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གདིང་བ་གླིང་གཉིས་པ།

   ཁོ་བོ་རྒྱ་ཤོད་བདག་གིས་རྗེ་སྨན་རི་བ་ཆེན་པོའི་འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེ་འཆད་ཁྲིད་བྱེད་ཁུལ་བྱས་ཏེ། གདིང་བའི་ཆགས་ཚད་བསྟན་པའི་སྐབས་སུ་བསླེབས་པ་ན། རྒྱུན་ལྡན་བེད་སྤྱོད་གནང་བའི་གཡུང་དྲུང་རིས་ཀྱི་གདིང་བ་དང་། རྗེའི་འདུལ་འགྲེལ་འཕྲུལ་སྒྲོན་གྱི་གཞུང་ཚིག་གཉིས་ལ་གོ་བ་འབྲེལ་ཆགས་ཤིག་མི་འོང་སྟབས། འགྲེལ་བཤད་ཀྱང་དེ་ཙམ་འཚམ་པོ་ཞིག་འཆད་ཐབས་བྲལ་ཏེ། དོགས་གཞིར་བཞག་ཚུལ་གྱིས་རབ་རིབ་ཏུ་གླེང་ནས་སོང་། རེད་དེ། གནད་དོན་དེའི་ཐད་ལ་ཉམས་འཇོག་དང་བསམ་གཞིག་བྱས་པའི་གོ་རིམ་ཁྲོད། རྫ་ཁྲོ་ཚང་དགོན་པའི་དྲང་སྲོང་རྒན་པ་རྣམས་ཀྱིས། སྔ་སྲོལ་བཞིན་བེད་སྤྱོད་བྱས་པའི་གདིང་བའི་པར་རིས་ཤིག་ལ་མཇལ་མ་ཐག་ཏུ། རྗེ་རིན་པོ་ཆེའི«འདུལ་འགྲེལ་འཕྲུལ་སྒྲོན»(1)ལས། “པད་གདན་གདིང་བའི་གླིང་ཆེ་བའི་ཞེང་ཚད་ལ་ཁྲུ་དོ་ལ། གླིང་ཆུང་བའི་ཞེང་ཚད་ལ་ཁྲུ་གང་ངོ་། །གདིང་བའི་ཞེང་ཚད་དུ་ནི། ཁྲུ་དོ་དང་སོར་དྲུག་གོ །ལྕགས་རི་དང་རྒྱན་གྱི་ཞེང་ཚད་ལ་སོར་བཞིའོ། །”ཞེས་གསུངས་པའི་གཞུང་ཚིག་དེ། རྫ་ཁྲོ་ཚང་དགོན་པ་ནས་ཐོན་པའི་གདིང་བ་གཞི་བཟུང་ནས་འགྲེལ་ན། ད་གཟོད་གོ་བ་འབྱོར་བདེ་ཞིང་འོས་འཚམ་ཞིག་ཏུ་སྣང་། གདིང་བ་དེ་ལ་གླིང་ཆེ་ཆུང་གཉིས་ལས་མེད་ཅིང་། གླིང་ཆེ་བའི་ཞེང་ཚད་ལ་ཁྲུ་དོ་དང་། གླིང་ཆུང་བའི་ཞེང་ཚད་ལ་ཁྲུ་གང་ཡོད། གདིང་བ་དེ་ཉིད་ཀྱི་སྤྱིའི་ཞེང་ཚད་ལ་ཁྲུ་དོ་དང་སོར་དྲུག་གནས་ལ། མཐའ་ཡི་ལྕགས་རི་དང་བར་ངོས་ཀྱི་རྒྱན་ལ་སོར་བཞི་འདུག་པས། རྗེའི་འདུལ་འགྲེལ་དུ་བསྟན་པའི་གདིང་བ་དེ་ནི། ཁྲོ་ཚང་དགོན་ནས་རག་པའི་གདིང་བའི་རིགས་ཀྱི་དབྱིབས་འདི་ངེས་པར་སེམས། འོན་ཀྱང་གདིང་བ་དེ་ཉིད་ཀྱི་རྨང་གཞིའི་ཁ་དོག་སྔོན་པོ་སྣང་ཞིང་། ལྕགས་རི་དང་རྒྱན་གྱི་ཁ་དོག་དམར་པོ་བྱས་ཡོད། ཡིན་ནའང་གཟི་བརྗིད་ཀྱི«སྲིད་གཤེན་ཐེག་མདོ»(2)ལས། “གདིང་བ་གཡུ་མདངས་གདན་དུ་བཏིང་།”ཞེས་དང་། ཡང་རྗེའི«འདུལ་བའི་ལས་ཆོག་རིན་ཆེན་ཐེམ་སྐས»(3)ལས། “གདིང་བ་གཡུ་མདངས་སྔོན་པོ”ཞེས་གསུངས་པ་དག་གིས། པད་གདན་གདིང་བའི་ཁ་དོག་སྔོན་པོ་བཞེད་པ་ལས། དམིགས་བསལ་ལྕགས་རི་རྒྱན་བཅས་དམར་པོ་དགོས་པའི་རང་ལུགས་ཀྱི་འདུལ་གཞུང་གང་ནས་མཇལ་ཡུལ་མ་བྱུང་།
   གཞན་ཡང་རྫ་སྟེང་ཆེན་དགོན་ནས་ཐོན་པའི་གདིང་བ་དེ་ནི། གླིང་ཆེ་ཆུང་གཉིས་དང་ལྡན་ལ། གཞི་མ་སེར་ཞིང་ལྕགས་རི་བར་རྒྱན་དང་བཅས་དམར་པོ། གདིང་བའི་གླིང་ཟུར་བཞི་ལ་ལྗང་ཁུས་བརྒྱན་པར་བྱས་པ་འདི་ལ། གཞི་བཅོལ་སའི་གཞུང་ཁུངས་ཚད་ལྡན་ཞིག་འཚོལ་རྙེད་མ་བྱུང་ནའང་། «འདུལ་བ་རྒྱུད་དྲུག»(4)ལས། “གདིང་བ་དཀྱུས་སུ་རང་ཁྲུ་དོ་ལྷག ཅེས་པ་ནས། གྲུ་བཞི་རྣུ་མ་ཡིན་ཚད་ཟླུམ།”ཞེས་གསུངས་པའི་ལུང་ཚིག་ཕྱི་མ་ལ་བརྟགས་ན། གདིང་བའི་སྣུ་མགོའི་སྣོལ་ཚང་ཐམས་ཅད་ལ་ཟླུམ་གཟུགས་ཅན་དུ་དགོས་པ་ནི། གོང་གི་རྫ་སྟེང་ཆེན་དགོན་པ་ནས་བྱུང་བའི་གདིང་བའི་བཟོ་དབྱིབས་དང་། གཅིག་མཚུངས་སུ་གནས་པར་སྙམ་པའི་སྣང་ཚུལ་ངང་གིས་འབྱུང་ངོ་། །
   སྤྱིར་གླིང་གཉིས་ལྡན་གྱི་གདིང་བ་ཞིག་བོན་གྱི་དགོན་སྡེ་འགའ་རེའི་ཁྲོད་དུ་འདུག་པ་སྔར་བཤད་པ་མ་ཟད། «ཕྱི་ནང་གསང་བའི་སྡོམ་པ་སོགས་ཀྱི་ལག་ལེན་གསལ་བའི་མེ་ལོང»(5)ལས། “གླིང་གཉིས་པད་ཤུན་གདིང་བ་འདི”ཞེས་པས། གླིང་ཚན་གཉིས་ལྡན་གྱི་གདིང་བ་ཞལ་གསལ་དུ་བསྟན་ཡོད། གོང་གི་ལག་ལེན་གསལ་བའི་མེ་ལོང་གི་མཇུག་བྱང་དུ། “བཟང་པོའི་རི་ལ་ལྷས། ལག་ལེན་གསལ་བའི་མེ་ལོང་ཞེས་བྱ་བ་བཀོད་པའོ”ཞེས་གསུངས་པའི་ལྷ་དེ་ནི། བར་ཐང་ཞང་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་བུ་སློབ་སུམ་སྟོན་ལྷ་འབུམ་ཁོང་ལ་གོ་དགོས་པར་གྲགས་སོ། །
   ལར་རྗེ་རིན་པོ་ཆེ་ཁོང་གིས་ཀྱང་གླིང་ཆེ་ཆུང་གཉིས་ལྡན་གྱི་གདིང་བའི་དབྱིབས་ཚད་བསྟན་པ་དེ་ནི། མེ་སྟོན་ཆེན་པོའི«འདུལ་བ་ཀུན་བཏུས»(6)ལས། “གདིང་བ་ཆེ་བ་ཁྲུ་དོ་ལ། ཆུང་ལ་ཁྲུ་གང་ཞེང་དུ་ནི། ཁྲུ་དོ་དང་ནི་སོར་དྲུག་གོ །ལྕགས་རི་རྒྱན་ལ་སོར་བཞིའོ། །”ཞེས་གསུངས་པ་ལ་ཁུངས་གཏུགས་ཏེ་བཞེད་ཡོད། གླིང་གཉིས་ལྡན་གྱི་གདིང་བའི་ཆགས་ཚད་དེ་འདྲ་ཞིག་བདག་གིས་མེ་སྟོན་སྔོན་གྱི་དཔེ་གཞུང་གང་དུ་ཡང་ཁུངས་སྐྱེལ་བྱེད་ས་མ་རྙེད་པས། རང་ལུགས་འཛིན་པ་དག་གིས་ཐུགས་སྣང་ལེགས་པར་མཛད་ནས། གལ་ཏེ་རྙེད་པ་བྱུང་ན་ཁ་སྐོང་གསལ་བྱེད་གནང་དགོས་པ་གནད་དུ་ཆེའོ། །
གདིང་བ་གླིང་གསུམ་པ།

    བོན་གྱི་འདུལ་དགོན་འགའ་ཞིག་ཏུ་ཡོད་པའི་གདིང་བའི་རིགས་གཅིག་གི་སྤྱི་དབྱིབས་གྲུ་བཞིར་གནས་ཤིང་། གླིང་ཆེ་བ་གཅིག་དང་། གླིང་ཆུང་གཉིས་དང་ལྡན་ལ། མཐར་ལྕགས་རིས་བསྐོར། དཀྱུས་སུ་རྒྱན་རིང་འཕྲེད་དུ་ཡོད་པ་གཅིག་དང་། རྒྱན་རིང་དཀྱིལ་ནས་རྒྱབ་ངོས་ལྕགས་རིའི་བར་དུ། རྒྱན་ཐུང་གཅིག་གིས་བཅད་འདུག་པའི་གདན་ལ། ཡོངས་གྲགས་སུ་བསམ་གཏན་གདིང་བ་ཞེས་འབོད་སྲོལ་འདུག་པ་འདི་རིགས་ནི། ཁོ་བོ་བྱིས་པ་ཆུང་དུས་སྣང་ཞིག་དགོན་པའི་གྲྭ་རྒན་གང་མང་ཞིག་གིས་བེད་སྤྱོད་གནང་གི་ཡོད། གདིང་བ་དེ་རིགས་ནི་སྨན་རིའི་མཁན་ཆེན་སྐུ་མདུན་བསོད་ནམས་བློ་གྲོས་ཀྱིས་མཛད་པའི«འདུལ་བའི་བསླབ་བྱ་ཨུད་དཔལ་ཆུན་པོ»(7)ལས། “གླིང་ཆེན་ཁྲུ་དོ་སོར་དྲུག་དང་། གླིང་ཆུང་གཉིས་ལ་ཁྲུ་གང་རེ། ལྕགས་རི་སོར་བཞི་ཚད་དུ་གསུངས་སོ། །”ཞེས་བཞེད་པའི་དགོངས་པ་དང་དོན་མཐུན། འོན་ཀྱང་སྐུ་མདུན་ཁོང་གིས“གསུངས་སོ”ཞེས་པའི་ཚིག་ཟུར་ལ་བརྟགས་ན། ཁོང་གིས་གདིང་བ་གླིང་གསུམ་ཅན་ཞིག་བཤད་པ་ཙམ་མ་ཟད། ད་དུང་གཞི་བཅོལ་སའི་ལུང་ཁུངས་ཤིག་ཀྱང་འདུག་པར་གསལ་བོ་བསྟན། རེད་དེ། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང་། བསྟན་པ་སྔ་དར་སྐབས་ཀྱི་འཕགས་པའི་ལུང་གང་དུའང་། ཕུགས་ཐག་རིང་བའི་ཁུངས་བཅོལ་བྱེད་ས་ཞིག་མ་རྙེད་པས།
   དཔྱོད་ལྡན་དཔེ་གཟིགས་པ་ཀུན་གྱིས་ཐུགས་ཉམས་མཛད་དགོས་པར་སྣང་། གཞན་ཡང་གདིང་བ་དེ་ཉིད་ཀྱི་ཁ་དོག་ལའང་། གཞི་མ་སྔོ་ཞིང་ལྕགས་རི་རྒྱན་གཉིས་དམར་པོ་དང་། གཞི་མ་ལྕགས་རི་བར་རྒྱན་གསུམ་ཀ་དམར་པོ་ཅན་བཅས་རིགས་གཉིས་སུ་ཡོད་དོ། །
གདིང་བ་གླིང་བཞི་བ།
   གླིང་ཆུང་བཞི་ལྡན་གཡུང་དྲུང་རིས་ཅན་གྱི་གདིང་བ་གྲུ་བཞི་འདི་ནི། བོན་གྱི་འདུལ་འཛིན་པའི་ཁྲོད་དུ་དར་ཁྱབ་ཆེ་ཞིང་། ལྷག་པར་དུ་གྲྭ་ས་གོང་འོག་བར་གསུམ་དག་གིས། ད་ལྟ་འདི་ཉིད་ཁོ་ན་ལས་གཞན་ཞིག་བེད་སྤྱོད་གནང་བར་མཐོང་རྒྱུ་མེད། གདིང་བ་དེ་ཉིད་བོན་གྱི་རབ་བྱུང་པ་རྣམས་ཀྱི་འཚོ་བའི་ནང་དུ་རྒྱུག་ཆེ་བ་ལས། བོན་གྱི་འདུལ་གཞུང་ཁོངས་སུ་དེ་འདྲའི་གདིང་བ་ཞིག་གསལ་ཁ་བསྟན་ཡོད་པའི་མཇལ་སྣང་མ་བྱུང་། འོན་ཀྱང«མདོ་གཟེར་མིག»(8)ལས། “གཡུང་དྲུང་གི་གདན་ཐོག་ཏུ་སློབ་དཔོན་མུ་ཆོས་བོན་གྱི་འཁོར་ལོ་ལོ་གཅིག་བསྐོར”ཞེས་གསུངས་པ་ལ་ཞིབ་གྱིས་བརྟགས་ན། རྗེ་རིན་པོ་ཆེའི«འདུལ་འགྲེལ་འཕྲུལ་སྒྲོན»(9)དུ། “མུ་ཆོ་ལྡེམ་དྲུག་དྲང་སྲོང་ཡིན་པར་གསང་ལུང་སོགས་ནས་གསལ”ཞེས་པས། གདུང་སོབ་མུ་ཆོ་ལྡེམ་དྲུག་འདུལ་འཛིན་དྲང་སྲོང་པ་ཞིག་ཡིན་པ་བཞེད་པར་བརྟེན། ཁོང་གིས་གཡུང་དྲུང་གདན་དུ་བཏིངས་པ་དེ་ཡང་། ཉེ་ཆར་བོན་གྱི་རབ་བྱུང་པ་དག་གིས་བེད་སྤྱོད་གནང་བའི་གཡུང་དྲུང་རིས་ཅན་གྱི་གདིང་བ་སྔོན་པོ་འདི་ཉིད་ཡིན་ལས་ཆེ་བར་སྙམ་མོ། །
གདིང་བ་གླིང་ལྔ་བ།
   རྫ་སྟེང་ཆེན་དགོན་པ་ནས་ཐོན་པའི་གླིང་ལྔ་ལྡན་གྱི་གདིང་བ་འདི་ནི། ཙོག་པུར་སྡོད་སྐབས་གདིང་བ་ཉིས་ལྟེབ་བྱས་ཏེ། གླིང་ཆུང་བཞི་ལྡན་གྱི་གཡུང་དྲུང་རིས་ཅན་སྟེང་ངོས་སུ་བསླངས་ནས་འདུག་དགོས་པ་དང་། གཟིམས་མལ་མཛད་དུས་ལྟེབ་ཆ་བཤིགས་ཏེ་རིང་མོར་བྱས་ཤིང་། གླིང་བཞི་གཡུང་དྲུང་རིས་ཅན་མགོ་སྔས་ཕྱོགས་དང་། གླིང་ཆེན་གཅིག་གི་ཕྱོགས་དེ་སྨད་དུ་གཏད་ནས་ཉལ་དགོས། གདིང་བའི་དབྱིབས་ཚད་འདི་འདྲ་ཞིག་བོན་གྱི་དགོན་སྡེ་འགའ་ཞིག་ཏུ་བེད་སྤྱོད་གནང་རྒྱུ་འདུག་པ་ཙམ་མ་ཟད། དེ་ལྟར་བསྟན་པའི་དཔེ་ཁུངས་ཤིག་ཀྱང་ཡོད་སྲིད། ཡིན་ནའང་དེ་སྔོན་བཀའ་དང་བཀའ་རྟེན་གང་ལས་ཁུངས་བཙུན་མངོན་གསལ་ཞིག་ཡོད་པ་མ་རྙེད་པས། བློ་གྲོས་ཀྱི་རྣམ་དཔྱོད་རྒྱས་ཤིང་དཔེ་ཀློག་གི་སྤྱན་ཟུང་ཡངས་པ་དག་གིས་མཇལ་ཡུལ་དུ་བྱུང་ཚེ། རྩོམ་ཐུང་འདི་ལའང་ཁ་བསྐོང་ཐུབ་པའི་རེ་སྒུག་གི་འདུན་པ་མངོན་གྱུར་བྱེད་པར་འགྱུར་རོ། །
པད་མ་རིས་ཅན་གྱི་གདིང་བ།
   པད་མ་རིས་ཅན་གྱི་གདིང་བ་འདི་ནི། «མདོ་གཟེར་མིག»(10)ལས། “སློབ་དཔོན་སྤྱན་དྲངས་ནས། པད་མའི་གདན་ལ་བོན་གྱི་འཁོར་ལོ་བསྐོར།”ཞེས་པས་སློབ་དཔོན་དྲང་སྲོང་མུ་ཆོ་ལྡེམ་དྲུག་གིས་པད་མའི་གདན་ལས་བོན་འཁོར་སྐོར་ལུགས་བཞེད་པ་དང་། ཡང«བྱམས་མ་ཆེན་མོ་རྩ་བའི་འབུམ»(11)ལས། “པད་མའི་གདན་ལ་བཏེགས་བྱས་པས། ལྷ་ལ་བོན་གྱི་འཁོར་ལོ་བསྐོར།”ཞེས་པས། བཀྲ་ཤིས་ལྷ་མོ་པད་མ་མས། འདུལ་བའི་ན་བཟའ་ནང་གི་པད་གདན་ཕུལ་ཏེ། སྟོན་པ་སངས་རྒྱས་ཀྱིས་ལྷ་རྣམས་ལ་བོན་འཁོར་བསྐོར་ཚུལ་གསུངས་པ་དག་གིས། པད་མའི་དབྱིབས་ཅན་གྱི་གདིང་བ་ཟུར་ཙམ་བསྟན་ཡོད། དྲི་མེད་གཟི་བརྗིད་ཀྱི«སྲིད་གཤེན་བོན་བསྟན་མདོ»(12)ལས། “པད་གདན་གླིང་བརྒྱད་ལྟེ་བ་དགུ”ཞེས་པས། ན་བཟའ་གོས་དྲུག་ནང་གསེས་ཀྱི་གདིང་བ་འདི་ནི། པད་གདན་གདིང་བ་ལ་འདབ་མ་ཕྱོགས་མཚམས་གླིང་བརྒྱད་དང་། ལྟེ་བ་དང་དགུ་བཅས་དགོས་པར་བསྟན་ལ། ད་དུང«འདུལ་བ་རྒྱུད་དྲུག»(13)ལས། “གདིང་བ་ཚད་ལྡན་པད་མ་རིས”ཞེས་པས། སྔར་བས་ཀྱང་པད་མའི་རི་མོ་ཅན་གྱི་གདིང་བ་ཞིག་ཡོད་པ་གསལ་བར་གསུང་གླེང་མཛད་ཡོད། ད་ལྟ་བོན་གྱི་དགོན་སྡེ་དག་གི་འདུལ་འཛིན་པ་རྣམས་ཀྱི་འཚོ་བའི་ཁྲོད་དུ། བེད་སྤྱོད་གནང་བའི་པད་མ་རིས་ཅན་གྱི་གདིང་བ་དེ་འདྲ་ཞིག་མཐོང་རྒྱུ་མེད་ཀྱང་། སྟོན་པ་སངས་རྒྱས་ཀྱི་བཀའ་ཁོངས་ལས་གོང་ལྟར་བཞེད་པའི་ལུང་ཚིག་དག་གིས། གསལ་ཁ་བཏོན་ནས་གསུངས་པ་ལ་རྒྱུ་མཚན་དང་བསམ་དུ་ཡོད་པར་སྣང་ངོ་། །
ཉི་མ་རིས་ཅན་གྱི་གདིང་བ།

   སླར་ཡང་དེང་གི་དུས་ཀྱི་རབ་བྱུང་འདུལ་བ་འཛིན་པའི་སྲོལ་རྒྱུན་ནང་དུ། ཉི་མའི་རི་མོ་ཅན་གྱི་གདིང་བ་ཞིག་མཇལ་རྒྱུ་མེད་པ་འདྲ་ནའང་། རྒྱལ་བའི་བཀའ་གཞུང་འགའ་རེའི་ཁྲོད་དུ་དེ་ཡང་ཡོད་པ་འདྲ་སྣང་སྟེ། «བླ་མེད་གོ་འཕང་སྒྲུབ་ཐབས་ཀྱི་མདོ»(14)ལས། “ལྷ་སྟོན་པ་དེ་ནི་དག་པ་དྲང་སྲོང་གི་ཚུལ་དུ་བཞུགས་སོ། །སྟོད་གོས་དང་། སྨད་ཤམ་དང་། ཞེས་པ་ནས། རིན་པོ་ཆེའི་གདིང་བ་ཉི་མ་རིས་དང་།”ཞེས་གསུངས་པའི་ལུང་ཚིག་གིས། གོང་གི་ལྟ་ཚུལ་དེ་ཉིད་ལ་ཕྱག་མཛུབ་ཀྱིས་ཁ་ཕྱོགས་ཅུང་ཞིག་བསྟན་ཡོད་པར་སྣང་ངོ་། །
མདོར་ན་ད་ལྟ་བོན་གྱི་དགོན་སྡེ་ཁག་ཏུ་གདིང་བའི་བཟོ་དབྱིབས་མི་འདྲ་བའི་ལུགས་སྲོལ་མང་དུ་བྱུང་ན་ཡང་། པད་མ་རིས་ཅན་གྱི་པད་གདན་གདིང་བ་འདི་ཉིད། བདག་གིས་མཇལ་ཡུལ་གྱི་བཀའ་གཞུང་ཁྲོད་དུ་གསལ་ཁ་དོད་ཅིང་། ཆེས་བཀའ་དགོངས་དང་ཉེ་ཤོས་ཤིག་ཏུ་འདུག་པས་ཡིད་རྟོན་རུང་བར་སྙམ་མོ། །
 རྒྱ་ཤོད་དགེ་བཤེས་ཤེས་རབ་རྒྱ་མཚོས་སྤྱི་ལོ ༢༠༢༢ ལོའི་ ཟླ ༤ བའི་བདུན་ཕྲག་ངལ་གསོའི་ཐུན་མཚམས་སུ་སྦྱར།
མཆན།
(1) རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན། བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་གསལ་བར་བྱེད་པའི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ། རྗེ་སྨན་རི་བ་ཆེན་པོའི་གསུང་འབུམ། པོད། ༦ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ ཤོག་ངོས། ༡༠༨ དུ་གསལ།
(2) བཀའ། དྲི་མེད་གཟི་བརྗིད་ལས་སྲིད་གཤེན་ཐེག་པའི་མདོ། གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། པོད། ༡༥ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ཤོག་ངོས། ༤༠༥ དུ་གསལ།
(3) རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན། འདུལ་བའི་ལས་ཆོག་རིན་ཆེན་ཐེམ་སྐས། སྒོ་བཞི་མཛོད་ལྔའི་ཡང་བཅུད། པོད། ༡༣ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ ཤོག་ངོས། ༡༥༨ དུ་གསལ།
(4) བཀའ། འདུལ་བ་རྒྱུད་དྲུག གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། པོད། ༢ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ཤོག་ངོས། ༢༡༣ དུ་གསལ།
(5) སུམ་སྟོན་ལྷ་འབུམ་ཡིན་པར་གྲགས། ཕྱི་ནང་གསང་བའི་སྡོམ་པ་སོགས་ཀྱི་ལག་ལེན་གསལ་བའི་མེ་ལོང་། བྲིས་མ། སྣང་ཞིག་དགོན་གཡུང་དྲུང་བོན་སློབ་གླིང་གི་དཔེ་མཛོད་ཁང་དུ་བཞུགས། ཤོག་ངོས། ༤༤ རུ་གསལ།
(6) མེ་སྟོན་ཤེས་རབ་འོད་ཟེར། འདུལ་བ་ཀུན་ལས་བཏུས་པའི་གཞུང་། སྒོ་བཞི་མཛོད་ལྔའི་ཡང་བཅུད། པོད། ༡ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ཤོག་ངོས། ༢༡༣ དུ་གསལ།
(7) སྐུ་མདུན་བསོད་ནམས་བློ་གྲོས། བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་ཨུད་དཔལ་ཆུན་པོ། ཡ་ཐོག་ཞང་བོད་ཁྱད་ནོར་དཔེ་ཚོགས། པོད། ༢ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ ཤོག་ངོས། ༢༦༥-༢༦༦ ཏུ་གསལ།
(8) བཀའ། མདོ་གཟེར་མིག གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། པོད། ༢༦ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ཤོག་ངོས། ༦༦༥ རུ་གསལ།
(9) རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན། བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་གསལ་བར་བྱེད་པའི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ། རྗེ་སྨན་རི་བ་ཆེན་པོའི་གསུང་འབུམ། པོད། ༦ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ ཤོག་ངོས། ༥༩ རུ་གསལ།
(10) བཀའ། མདོ་གཟེར་མིག གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། པོད། ༢༦ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ཤོག་ངོས། ༦༦༥ རུ་གསལ།
(11) བཀའ། བྱམས་མ་ཆེན་མོ་རྩ་བའི་འབུམ། གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། པོད། ༤༤ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ཤོག་ངོས། ༡༦༦ རུ་གསལ།
(12) བཀའ། དྲི་མེད་གཟི་བརྗིད་ལས་སྲིད་གཤེན་གྱི་བོན་བསྟན་པའི་མདོ། གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། པོད། ༡༥ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ཤོག་ངོས། ༤༠༢ རུ་གསལ།
(13) བཀའ། འདུལ་བ་རྒྱུད་དྲུག གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། པོད། ༢ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ཤོག་ངོས། ༡༨ དུ་གསལ།
(13) བཀའ། བླ་མེད་གོ་འཕང་སྒྲུབ་ཐབས་ཀྱི་མདོ། གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། པོད། ༢༨ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ཤོག་ངོས། ༧༠ རུ་གསལ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།