ཐེག་པ་ཆེན་པོ་མདོ་སྔགས་རྫོགས་གསུམ་གྱི་ཐོབ་བྱའི་འབྲས་བུ་ལ་དཔྱད་པ།

[ཟླ་ཚེས། 2021-10-31 15:15:19][རྩོམ་པ་པོ། ཚུལ་ཁྲིམས་བསྟན་འཛིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཐེག་པ་ཆེན་པོ་མདོ་སྔགས་རྫོགས་གསུམ་གྱི་ཐོབ་བྱའི་འབྲས་བུ་ལ་དཔྱད་པ།
ངོ་བོ་སངས་རྒྱས་དང་དབྱེར་མེད་པའི་དྲིན་ཆེན་དགེ་རྒན་རྣམས་ལ་རབ་ཏུ་གུས་ཕྱག་འཚལ།
འདིར་དངོས་བསྟན་གྱི་བརྗོད་བྱ་ནི་མདོ་སྔགས་གཉིས་ཀྱི་སངས་རྒྱས་དེ་སངས་རྒྱས་མ་ཡིན་པ་དང་།
སངས་རྒྱས་ཡིན་ན་བླ་མེད་རྫོགས་པ་ཆེན་པོའི་ལུགས་ཀྱི་སངས་རྒྱས་ཡིན་དགོས་པའི་ཚུལ་ལ་དཔྱད་པ།
{བརྡ་ཆད་གཙོ་བོ།}     ཐོབ་བྱའི་འབྲས་བུ།   སངས་རྒྱས།    མདོ།    སྔགས།   རྫོགས་ཆེན་སོགས་ཀྱིས་གྲུབ་པ།   
   སྐབས་འདིར་བཤད་པར་བྱ་བ་ནི།     སྤྱིར་མདོ་སྔགས་རྫོགས་གསུམ་གྱི་ཐོབ་བྱའི་འབྲས་བུ་ལ་འདོད་ཚུལ་མི་འདྲ་བ་དང་གཞུང་ལུགས་མི་འདྲ་བ་མང་པོ་ཞིག་ཡོད་ཀྱང་།    ཁོ་བོས་ནི་གོ་སྐབས་འདི་ལ་བརྟེན་ནས་གཞུང་ལུགས་མི་མཐུན་པ་མང་པོ་ཞིག་ཕྱོགས་གཅིག་ཏུ་བསྡུས་ཏེ།   ཐེག་པ་ཆེན་པོ་མདོ་སྔགས་རྫོགས་གསུམ་གྱི་ཐོབ་བྱའི་འབྲས་བུ་ལ་ཅུང་ཙམ་དཔྱད་རྒྱུ་ཡིན།  དེ་ལ་དང་པོ་ས་བཅད་རྣམ་པ་གསུམ་གྱི་སྒོ་ནས་གླེང་བར་བྱ།       གསུམ་གང་ཞེ་ན།   ཁ་ཅིག་གི་འདོད་ཚུལ་དང་།   རང་ལུགས་ཀྱི་འདོད་ཚུལ།     མཇུག་གི་སྡོམ་ཚིག་དང་གསུམ།  དང་པོ་ལ།   ༸    ཁ་ཅིག་གིས།    ཐེག་པ་ཆེན་པོ་མདོ་སྔགས་རྫོགས་གསུམ་གྱི་ཐོབ་བྱའི་འབྲས་བུ་ལ་ཁྱད་པར་མེད་དེ།    མདོ་ཡི་རང་ལམ་ནས་གཤེགས་པའི་ཐོབ་བྱའི་འབྲས་བུ་སངས་རྒྱས་དེ།     སྔགས་རང་ལམ་ནས་གཤེགས་པའི་ཐོབ་བྱའི་འབྲས་བུ་སངས་རྒྱས་དང་ཁྱད་པར་མེད།   སྔགས་ཀྱིས་རང་ལམ་ནས་གཤེགས་པའི་ཐོབ་བྱའི་འབྲས་བུ་སངས་རྒྱས་དེ། བླ་མེད་རྫོགས་པ་ཆེན་པོ་རང་ལམ་ནས་གཤེགས་པའི་ཐོབ་བྱའི་འབྲས་བུ་སངས་རྒྱས་དང་ཁྱད་པར་མེད། དེ་གསུམ་གྱི་ཐོབ་བྱའི་འབྲས་བུ་སངས་རྒྱས་དེ་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་ལ་སོགས་མཚུངས་པའི་ཕྱིར་ཏེ།  ༼ སྟོན་པ་གཤེན་རབ་མི་བོའི་མཛད་པས་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་༽ལས།  གཅོད་པ་ཙམ་དུ་འདྲ་ཡང་རྣོན་པོས་མྱུར་དུ་གཅོད་པ་དང་འདྲ་སྟེ།     འབྲས་བུ་ཐོབ་པ་ཙམ་དུ་འདྲ་ཡང་།   འདིས་ནི་འབྲས་བུ་མྱུར་དུ་ཐོབ་པར་བྱེད་དེ།    ཚེ་གཅིག་ཁོ་ན་ལ་སངས་རྒྱས་ཀྱི་ཆེ་བ་བླང་དོར་མེད་པའི་སྐུ་གཡུང་དྲུང་ལྟ་བུ་ཐོབ་པའོ།  གསུངས་པའི་ཕྱིར་ཞེ་ན།  གཞུང་དེའི་གོ་དོན་ནི་འབྲས་བུ་ཐོབ་པ་ཙམ་འདྲ་ཞེས་པ་དེ།  རྒྱུའི་ཐེག་པ་བ་དང་གསང་སྔགས་པ་རྫོགས་ཆེན་པ་སོགས།  ཐེག་པ་རང་ལུགས་ཀྱི་ཐོབ་བྱའི་འབྲས་བུ་དེ་ཐེག་པ་རང་ལུགས་ལ་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་སུ་འདོད་པ་འདྲ་བའི་དོན་དང་།  འདིས་ནི་འབྲས་བུ་མྱུར་དུ་ཐོབ་པ་བྱེད་ཅེས་པ་དེ།  རྒྱུའི་ཐེག་པ་བ་ལས་གསང་སྔགས་པ་ཐོབ་བྱའི་འབྲས་བུ་ཐོབ་པ་མྱུར་བ་དང་།གསང་སྔགས་པ་ལས་རྫོགས་ཆེན་པ་ཐོབ་བྱའི་འབྲས་བུ་ཐོབ་པ་མྱུར་བའི་དོན་ཡིན།  རྒྱུའི་ཐེག་པ་བས་བསྐལ་བ་གྲངས་མེད་མང་པོ་ཞིག་འགོར་ནས་ཐེག་པ་རང་ལུགས་ཀྱི་ཐོབ་བྱའི་འབྲས་བུ་ཐོབ་པ་དང་།  གསང་སྔགས་པས་མི་ཚེ་མང་པོ་ཞིག་འགོར་ནས་ཐེག་པ་རང་ལུགས་ཀྱི་ཐོབ་བྱའི་འབྲས་བུ་ཐོབ་པ་དང་།རྫོགས་ཆེན་པའི་ཚེ་གཅིག་ལ་མཐར་ཐུག་གི་ཐོབ་བྱའི་འབྲས་བུ་སངས་རྒྱས་ཐོབ་པར་མྱུར་བས་དོན་ནོ།  །༸     ཡང་ཁ་ཅིག་གིས།    ༼ རྗེ་རིན་པོ་ཆེས་མཛད་པའི་བྱང་སེམས་གབ་འགྲེལ་༽ལས།  འོ་ན་ཇི་ལྟར་ན།   སྤངས་བསྒྱུར་གྲོལ་གསུམ་རྒྱུ་ཡི་ཆ་ལ་བཏགས་པ་ཡིན་ཀྱི།   འབྲས་བུ་སྒོ་ནས་མ་ཡིན་ཏེ།   འབྲས་བུ་སངས་རྒྱས་དང་དྲི་མ་ཟད་པ་དང་།    དོན་གཉིས་ལྷུན་གྲུབ་ལ་སོགས་མཚུངས་པའི་ཕྱིར་རོ།   དཔེར་ན།    གྲུབ་པའི་ཕྱུག་པོ་དང་རིན་པོ་ཆེ་ལ་ཁྱད་མེད་ཀྱང་།  སྒྲུབ་ཚུལ་གྱི་ཁྱད་པར་ལ།  སོ་ནམ་དང་།  ཚོང་བ་དང་།   ཇག་པ་ཞེས་བརྗོད་པ་བཞིན་ནོ།།   ཞེས་གསུངས་པའི་ཕྱིར་ཞེ་ན།  དེ་ནི་ཐེག་པ་རང་ལུགས་ཀྱི་ཐོབ་བྱའི་འབྲས་བུ་ཐོབ་པ་ལ་སྒྲུབ་ཚུལ་གྱི་ཆ་ནས་རྒྱུ་ཡི་ཐེག་པ་བས།  སོ་ནམ་བྱས་ནས་ཕྱུག་པོ་གྱུར་བ་ལྟར་འབྲས་བུ་གྲུབ་པ་ལ་བསྐལ་བ་གྲངས་མེད་སུམ་བཅུ་རྩ་བདུན་ནམ་བདུན་ནམ་ལྔའམ་མ་མཐའ་གསུམ་དགོས་པའི་དོན་དང་།   ནང་སྔགས་ཀྱི་ཐེག་པ་བས་ཚོང་བྱས་ནས་ཕྱུག་པོ་གྱུར་བ་ལྟར་མི་ཚེ་བཅུའམ་བདུན་ནམ་ལྔའམ་མ་མཐའ་གསུམ་ལས་འབྲས་བུ་མི་ཐོབ་པའི་དོན་དང་།   རྫོགས་ཆེན་པས་ཇག་པ་བྱས་ནས་ཕྱུག་པོ་གྱུར་པ་ལྟར་ཚེ་གཅིག་ཁོ་ན་ལ་སངས་རྒྱས་ཀྱི་ཆེ་བ་བླང་དོར་མེད་པའི་སྐུ་གཡུང་དྲུང་ལྟ་བུ་ཐོབ་པའི་དོན་ནོ། །༸   ཡང་ཁ་ཅིག་གིས།   ༼ ཡོངས་འཛིན་རིན་པོ་ཆེས་མཛད་པའི་གསང་སྔགས་བཀའ་འགྲེལ་༽ལས།  ཐེག་ཆེན་མདོ་སྔགས་གཉིས་ཀྱི་ཁྱད་པར་གང་གི་སྒོ་ནས་འབྱེད་པ་ཡིན་ཞེ་ན།     དེ་གཉིས་ཀའི་ཐོབ་བྱ་མཐར་ཐུག་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་སུ་མཚུངས་པས་ཐོབ་བྱ་འབྲས་བུའི་སྒོ་ནས་མི་འབྱེད།     གསུངས་པའི་ཕྱིར་ཞེ་ན།   དེ་ནི་ཐེག་པ་རང་ལུགས་ཀྱི་ཐོབ་བྱའི་འབྲས་བུ་དེ།   ཐེག་པ་རང་ལུགས་ལ་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་ལ་སོགས་མཚུངས་པར་འདོད་པའི་རྒྱུ་མཚན་གྱིས།  མདོ་སྔགས་གཉིས་ཀྱི་ཐོབ་བྱའི་འབྲས་བུ་ལ་ཡང་ཁྱད་པར་མི་འབྱེད་ཅེས་པ་མ་གཏོགས།  སྤྱིར་མདོ་སྔགས་གཉིས་ཀྱི་ཐོབ་བྱའི་འབྲས་བུ་ལ་ཁྱད་པར་མེད་པ་བསྟན་པ་མ་ཡིན་ཏེ།   དེ་གཉིས་ཀྱི་སྒྲུབ་བྱེད་རྒྱུ་ལ་ཁྱད་པར་ཡོད་པས་ཐོབ་བྱའི་འབྲས་བུ་ལ་ཡང་ཁྱད་པར་མེད་པ་མ་ཡིན་ནོ།       ཡང་ཁ་ཅིག་གིས།  ༼ ཀུན་མཁྱེན་འཇའ་ལུས་པ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་སྡེ་སྣོད་མཛོད་༽ལས།  རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོ་གཉིས་འབྲས་བུ་ཐོབ་པ་ལ་ཁྱད་པར་མེད་ནའང་།  ལམ་ཁྱད་མྱུར་བུལ་གྱི་སྒོ་ནས་ཤིང་རྟ་དང་ཉི་ཟླའི་འགྲོས་ལྟ་བུའི་ཁྱད་པར་ཞུགས་པ་སྟེ།  རྒྱུའི་ཐེག་པས་བསྐལ་པ་བགྲངས་ལ།  འབྲས་བུའི་ཐེག་པས་མི་ཚེ་བགྲངས་བའི་ཕྱིར་ཟེར་ན།  འདི་དག་ཐམས་ཅད་གོ་བ་ནི་ཐེག་པ་རང་ལུགས་ཀྱི་ཐོབ་བྱའི་འབྲས་བུ་ཐོབ་པ་ལ་ཁྱད་པར་མེད་པའི་དོན་ཡིན།   སྤྱིར་མདོ་ལུགས་ཀྱི་ཐོབ་བྱའི་འབྲས་བུ་དེ་སྔགས་ལུགས་ཀྱི་ཐོབ་བྱའི་འབྲས་བུ་དང་ཁྱད་པར་མེད།   སྔགས་ལུགས་ཀྱི་ཐོབ་བྱའི་འབྲས་བུ་དེ།   རྫོགས་པ་ཆེན་པོའི་ལུགས་ཀྱི་ཐོབ་བྱའི་འབྲས་བུ་སངས་རྒྱས་དང་ཁྱད་པར་མེད་ཟེར་ན་གོལ་བའམ་ནོར་བ་ཨེ་ཡིན་ནམ་སྙམ།  རྒྱུ་མཚན་གང་ཡིན་ཟེར་ན།  སྟོན་པའི་ཐེག་འགྲེལ་ལས།    རྒྱུའི་ཐེག་པ་བས་བསྐལ་པ་གྲངས་མེད་ལྔའམ་བདུན་ལས་འབྲས་བུ་མི་ཐོབ་སྟེ། འབྲས་བུ་ཉིད་ལ་ཉེ་རིང་དང་མཐོ་དམན་ཡོད་པས་འབྲས་བུའི་ཐེག་པ་ཞེས་བྱའོ།  ཞེས་པའི་འབྲས་བུ་ལ་མཐོ་དམན་ཡོད་པ་གསལ་བོ་གྲུབ་པའི་ཕྱིར་རོ།    །ཡིན་ན་ཡང་དཔྱད་པར་བྱ་བའོ། །
གཉིས་པ་རང་ལུགས་ཀྱི་འདོད་ཚུལ་ནི།
 ཐེག་པ་ཆེན་པོ་མདོ་སྔགས་རྫོགས་གསུམ་གྱི་ཐོབ་བྱའི་འབྲས་བུ་ལ་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་ལ་སོགས་མི་མཚུངས་ཏེ།  ཐེག་པ་རང་རང་གི་ལྟ་བ་དང་སྒོམ་པ་སྤྱོད་པ་སྒྲུབ་ཐབས་ལ་སོགས་ལ་ཁྱད་པར་བྱུང་བས།  དེའི་ཐོབ་བྱའི་འབྲས་བུ་ལ་ཡང་ཁྱད་པར་མེད་པ་མ་ཡིན་ཏེ། ༸   ༼སྟོན་པ་གཤེན་རབ་མི་བོའི་མཛད་པས་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ༽ལས།   སྒྲུབ་པའི་ཐབས་ལ་ཁྱད་ཡོད་དེ།  ཐུགས་རྗེ་སེམས་དཔའ་ནི་ལམ་ལྔ་ལ་བསྒྲུབ་པས་ཚོགས་གཉིས་རྫོགས་པར་འདོད་དེ།  འདིས་ནི་འདི་ཉིད་ན་བླ་ན་མེད་པ་བཅུས་ས་བཅུ་རིམ་གྱིས་བསྒྲོད་པའོ།  དེ་ལྟར་སྒྲུབ་ཐབས་ལ་ཁྱད་བྱུང་བས། འབྲས་བུ་ལ་ཡང་ཁྱད་མེད་པ་མ་ཡིན་ནོ།  གསུངས་པ་དང་།   ཡང༼རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི༽ལས།  ཐེག་པ་རིམ་དགུ་བརྒྱད་ཁྲི་བཞི་སྟོང་དང་།  སྒོ་བཞི་མཛོད་ལྔ་ཕྱི་ནང་གསང་གསུམ་དང་།  དེ་ལྟར་ལམ་གྱི་རིམ་པ་ཅི་བསྟན་ཀྱང་།  རབ་འབྲིང་ཐ་མ་གསུམ་དུ་བསྟན་པ་ཡིན།  སྤོང་ལམ་བསྒྱུར་ལམ་གྲོལ་ལམ་གསུམ་དུ་འགྱུར།  དགེ་དྲང་གཉིས་ནི་སྤོང་ལམ་རིམ་པ་ཡིན།  རྒྱུ་འབྲས་ཐེག་པ་བཞིན་དུ་ཞིབ་ཏུ་བརྩི།  སྡིག་བཅུ་སྤངས་ནས་དགེ་བ་དང་དུ་ལེན། བསྐལ་བ་གྲངས་མེད་སྦྱངས་ནས་སངས་རྒྱས་ཐོབ་ཏུ་རེ།    སེམས་ལས་མ་གཏོགས་སངས་རྒྱས་གཞན་དུ་ཚོལ། བཙལ་བས་མི་རྙེད་སེམས་མིན་སངས་རྒྱས་མེད།  དཀའ་སྡུག་རང་བཅིངས་དོན་མེད་སྡུག་བསྔལ་རྒྱུ།  འོན་ཀྱང་ལྷ་མིའི་བདེ་གནས་ཐོབ་པ་ཙམ།   རང་སེམས་རྟོགས་ན་སངས་རྒྱས་རང་ཉིད་ཡིན།    ཞེས་གསུངས་པ་དང་།    ཡང༼རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན༽ལས།   གསུམ་པ་དེའི་སྐྱོན་ཡོན་ལ་གཉིས་ལས།  སྐྱོན་ནི་འོག་མ་བརྒྱད་པོ་དེས་རང་རང་གི་ལྟ་བ་ལ་མངོན་པར་ཞེན་པས་མཐར་ཐུག་གི་འབྲས་བུ་མི་ཐོབ་ལ།  ལམ་རིང་ཞིང་འགྱངས་པར་འགྱུར་བ་ཡིན་ཏེ།  འདི་ཉིད་མ་མཐོང་བ་རྒྱུ་བུལ་པས་ལམ་མི་རྙེད།  གལ་ཏེ་རྙེད་ན་འཁྲུལ་བས་ལམ་དྲང་བོང་བུ་རྒྱར་ཚུད་འདྲ།  ཞེས་པ་དང་། གཉིས་པ་ཡོན་ཏན་ནི།  རང་རང་གི་ལྟ་སྤྱོད་མ་ལོག་པར་ཚུལ་བཞིན་སྤྱད་ན།  རང་རང་གི་ནུས་པ་དང་འཚམ་ཚོད་ཀྱི་འབྲས་བུ་ཐོབ་ཅིང་ཐེག་པ་ཆེན་པོ་དང་འབྲེལ་བར་བསྒྲུབས་པས་མཐར་ཐུག་ཐོབ་པ་ཡིན་ཏེ།  རང་རང་ལྟ་བ་ཤུགས་ཀྱི་རྟ་ལ་ཞོན།   འཁོར་བའི་ས་ལས་ཡང་གོང་གནས་སུ་འདེགས།  བཏེག་པས་ཐེག་ནས་ཡང་གོང་གནས་སུ་སླེབས།   ཞེས་གསུངས་པ་དང་།        ཡང༼སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེས་མཛད་པའི་གཡུང་དྲུང་གསང་རྒྱུད་འབྱེད་པའི་ལྡེ་མིག༽ལས།   དེ་ལྟ་བུའི་ཐེག་པ་སོ་སོས་ཐོབ་པའི་འབྲས་བུ་སངས་རྒྱས་རྣམས་ཀྱི་ཁྱད་པར་ཅི་ལྟར་ཡོད་སྙམ་ན།     རྒྱུ་ལས།   འོག་མའི་གཞུང་གི་སངས་རྒྱས་པ། ལྟ་བ་དང་ནི་སྤྱོད་པ་དང་།  ཏིང་ངེ་འཛིན་གྱི་ལམ་རིམ་བཞིན།  རྫོགས་པའི་མཐའ་ལས་ཁྱད་པར་ཡང་།  འོག་མ་རྣམས་ཀྱི་སངས་རྒྱས་ཀྱང་།  འདི་རུ་ལྟ་སྒྲིབ་ཅན་ཡིན་པས།  དེ་ཡིས་རབ་ཏུ་ཕྱེ་བ་ཡིན།   ཞེས་པ།   མདོ་ལུགས་ཀྱི་སངས་རྒྱས་དང་སྔགས་ལུགས་ཀྱི་སངས་རྒྱས་གཉིས་ཀྱི་ཁྱད་པར་ནི།  ལྟ་བ་དང་སྤྱོད་པ་ཏིང་ངེ་འཛིན་དང་དེ་ཡི་དབང་གིས་མཐར་ཐུག་གི་འབྲས་བུ་ལ་ཁྱད་པར་ཆེན་པོ་ཡོད་པ་ཡིན།   མདོ་ལུགས་ཀྱི་སངས་རྒྱས་ཀྱི་མཁྱེན་གཉིས་སོགས་ཡེ་ཤེས་རྣམས་དག་པའི་གསལ་རིག་ཏུ་འདོད་པ་དང་།   སྔགས་ཀྱི་ལྟ་བ་ནི་རང་འབྱུང་ཡེ་ཤེས་བློ་འདས་ཡེ་རིག་ཏུ་འདོད་པས་དག་པ་དང་མ་དག་པ་གང་ཡིན་ཡང་འདིའི་ལྟ་བའི་སྒྲིབ་པ་རུ་འདོད་པའོ།   ཞེས་གསུངས་པ་དང།   ཡང་གཞུང་དེ་ཉིད་ལས་ཐེག་པའི་རིམ་པ་རྣམས་རང་རང་གི་བསྒྲུབ་བྱ་དང་།  དེ་ཡི་གྲུབ་འབྲས་རྣམས་རང་རང་གི་རྒྱུ་དང་མཐུན་པར་འབྱུང་བ་ལས།  གཅིག་པར་འདོད་པ་ནི།  གོལ་བའམ་ནོར་བའོ། ཞེས་གསུངས་པ་དང་།     ཡང༼བཞོད་སྟོན་དངོས་གྲུབ་གྲགས་པས་མཛད་པའི་རྫོགས་པ་ཆེན་པོ་བསྒྲགས་པ་སྐོར་གསུམ་༽ལས།   རྫོགས་ཆེན་འདི་དོན་རྟོགས་ན་ཐར་པར་འགྱུར།  རྫོགས་ཆེན་དོན་འདི་ཀུན་གྱི་སྨན་ཡིན་ཏེ།  འདིས་མ་གསོས་པར་གཞན་གྱིས་གསོས་པ་མེད།   འདི་དོན་གཉིས་འཛིན་མ་བྲལ་ལམ་མི་རྙེད།  གང་ཞིག་གཉིས་འཛིན་དག་དང་མ་བྲལ་ན།  ཤིན་ཏུ་ནད་གདུང་གསོ་གླགས་མེད་པ་ཡིན།   བྱ་བྱེད་དུས་ཚིགས་བཟུང་ནས་གཞན་གྱི་དོན་བསྒྲུབས་བཞིན།   རང་གིས་མ་བསྒྲུབས་གཞན་ལ་ཅི་བསྟན་ཡང་།   གཞན་གྱི་དོན་བྱས་བདག་ལ་ཅི་ཞིག་ཕན།   ཐེག་པ་བརྒྱད་དུ་ཞུགས་ཤིང་དོན་སྦྱངས་ཡང་།   རྫོགས་ཆེན་འདི་མ་རྟོགས་པར་སངས་རྒྱས་མེད།   གཞན་ལ་འདི་མེད་སྣོད་སྒྲོ་སྟོང་པ་ཡིན།  འདི་ལ་གཞན་མེད་གསེར་གྱི་ཕྱིས་བུ་ཡིན།   ཞེས་གསུངས་པ་དང་།  ཡང་གཞུང་དེ་ཉིད་ལས།   དགེ་བསྙེན་པ་ཡི་གྲོལ་འདོད་པ།   དེ་ནི་རྩང་པ་གནས་འདོད་འདྲ།  དྲང་སྲོང་ཨ་དཀར་དེ་བཞིན་ཏེ།  འབྲས་བུ་ཐར་པ་ཐོབ་མ་ཡིན།   ཡེ་གཤེན་ཏིང་འཛིན་རྩོལ་སྒྲུབ་ཀྱིས།  འབྲས་བུ་དངོས་དང་འཕྲད་པ་མིན།   ང་ཡི་བཤད་པ་མ་ཡིན་ནོ།  ང་ནི་ཡོངས་སུ་རྫོགས་པ་སྟེ།   འབྲས་བུ་དག་ལ་རེ་མི་བྱེད།  ཐོབ་བྱའི་དོན་དུ་ཡོད་པར་ནི།  ཀུན་ཏུ་བཟང་པོ་ངས་མ་བཤད།    རྫོགས་ཆེན་འདི་ཡི་དོན་མེད་པར།   ཐེག་པ་གཞན་ལ་བློ་འཇུག་པ།    དེ་ཡི་རྫོགས་པའི་དོན་མི་རྙེད།  ཐེག་པའི་ཡང་བཅུད་སྙིང་པོའི་དོན།    ཁྱད་པར་རྫོགས་ཆེན་འདོད་འདི་ནི།   གཞན་གྱིས་དཔོགས་པ་མ་ཡིན་ནོ།   དེ་ཕྱིར་རྫོགས་ཆེན་དོན་འདི་ནི།   གཞན་དང་མི་མཉམ་ཁྱད་པར་ཆེ།   ཞེས་གསུངས་པའི་ཕྱིར། ཡང་ལུང་ཉི་མ་དགུ་སྐོར་ལས།    དགེ་བསྙེན་དྲང་སྲོང་ཨ་དཀར་ལ་སོགས་པ།    སོ་སོའི་འཇུག་སྒོ་གཞུགས་ཤིང་ལམ་སྦྱངས་ཀྱང་།  རྫོགས་ཆེན་འདི་དོན་མ་རྟོགས་སངས་མི་རྒྱ།  ཐ་ཚན་རྫོགས་ཆེན་འདི་ལ་འུབ་ཀྱིས་ཆུབ།  ཅེས་གསུངས་པས་སོ།   གཞུང་དེ་དག་ལ་དཔྱད་ན་མདོ་སྔགས་གཉིས་ཀྱི་ཐོབ་བྱའི་འབྲས་བུ་ལ་ཁྱད་པར་ཡོད་པ་དང་།   མདོ་སྔགས་གཉིས་ཀྱི་ལུགས་ལ་ཐོབ་པའི་འབྲས་བུ་སངས་རྒྱས་དེ་སྤྱིར་སངས་རྒྱས་དངོས་མ་ཡིན་པ་གསལ་བའོ།།
གསུམ་པ་མཇུག་གི་སྡོམ་ཚིག་ནི།
   གོང་དུ་བཀོད་པའི་གཞུང་ལུགས་རྣམས་ཀྱི་གསུངས་པ་ལྟར་ན་ཐེག་ཆེན་མདོ་སྔགས་གཉིས་ཀྱི་ཐེག་པ་རང་ལུགས་ལ་ཐོབ་བྱའི་འབྲས་བུ་བོན་སྐུའམ་སངས་རྒྱས་ཐོབ་པ་ཙམ་ཡོད་མོད་ཀྱང་།  ཁོ་བོས་ནི།  ཐེག་ཆེན་མདོ་སྔགས་གཉིས་ཀྱི་ལུགས་ལ་ཐོབ་བྱའི་འབྲས་བུ་བོན་སྐུའམ་ཡང་ན་སངས་རྒྱས་ཞེས་པ་དེ་སྤྱིར་སངས་རྒྱས་དངོས་མ་ཡིན་སྙམ།    སངས་རྒྱས་ཡིན་ན་བླ་མེད་རྫོགས་པ་ཆེན་པོའི་ལུགས་ཀྱི་སངས་རྒྱས་ཡིན་དགོས།   རྒྱུ་མཚན་གང་ཡིན་ཟེར་ན།   སངས་རྒྱས་ཡིན་ན་བླ་མེད་རྫོགས་པ་ཆེན་པོའི་དོན་ནམ་གནས་ལུགས་རྟོགས་དགོས་པ་གང་ཞིག་ཐེག་ཆེན་མདོ་སྔགས་གཉིས་ཀྱི་ལུགས་ལ་ཐོབ་བྱའི་འབྲས་བུ་བོན་སྐུའམ་ཡང་ན་སངས་རྒྱས་ཞེས་པ་དེ་བླ་མེད་རྫོགས་པ་ཆེན་པོའི་ལུགས་ཀྱི་དོན་ནམ་གནས་ལུགས་མ་རྟོགས་པའི་ཕྱིར།   ཁྱབ་པ་ཡོད་དེ།   རྫོགས་པ་ཆེན་པོ་བསྒྲགས་པ་སྐོར་གསུམ་ལས།   ཐེག་པ་བརྒྱད་དུ་ཞུགས་ཤིང་དོན་སྦྱངས་ཡང་།  རྫོགས་ཆེན་འདི་མ་རྟོགས་པར་སངས་རྒྱས་མེད།        ཅེས་དང་།   ལུང་ཉི་མ་དགུ་སྐོར་ལས།    དགེ་བསྙེན་དྲང་སྲོང་ཨ་དཀར་ལ་སོགས་པ།  སོ་སོའི་འཇུག་སྒོ་གཞུགས་ཤིང་ལམ་སྦྱངས་ཀྱང་།   རྫོགས་ཆེན་འདི་དོན་མ་རྟོགས་སངས་མི་རྒྱ།   ཞེས་པས་རྫོགས་ཆེན་འདི་དོན་མ་རྟོགས་ན་སངས་མི་རྒྱ་བ་དང་།   སངས་རྒྱས་ཡིན་ན་བླ་མེད་རྫོགས་པ་ཆེན་པོའི་ལུགས་ཀྱི་དོན་ནམ་གནས་ལུགས་རྟོགས་དགོས་པ་གཞུང་དེ་གཉིས་ལ་བརྟེན་ནས་གསལ་བའི་ཕྱིར་རོ། །
བཀའ་ལུང་རིག་པའི་རྒྱ་མཚོ་ཟབ་མོ་ཡང་།།བློ་དམན་བདག་གིས་རྟོགས་པ་ག་ལ་ནུས།།
དོན་འགལ་ནོར་འཁྲུལ་མང་པོ་ཡོད་སྲིད་པས།།བོན་སྐྱོང་སྲུང་མའི་ཚོགས་སུ་བཤགས་པར་བགྱི།།
ཁ་ཅིག་གིས་དཔྱད་གཞིའི་ཡིག་ཆ་གཙོ་བོ།
ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད༽ ཞང་བོད་ཤེས་རིག་དཔེ་ཚོགས་ཤོག་གྲངས༦༩ཐོག་ལ་གསལ།
རྗེ་རིན་པོ་ཆེའི་བྱང་སེམས་གབ་འགྲེལ༽  ཐེག་ཆེན་གཡུང་དྲུང་བོན་གྱི་དཔེ་ཚོགས་ཤོག་གྲངས༡༧༣ཐོག་ལ་གསལ།
གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད༽ཁྲི་བརྟན་ནོར་བུ་རྩེ་ཡི་དཔེ་མཛོད་ཁང་།དེབ་ཕྲེང་བཅུ་བཞི་པ་ཤོག་གྲངས༧ཐོག་ལ་གསལ།
སྡེ་སྣོད་རིན་པོ་ཆེའི་མཛོད༽སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ཤོག་གྲངས༤ཐོག་ལ་གསལ།
རང་ལུགས་ཀྱི་དཔྱད་གཞིའི་ཡིག་ཆ་གཙོ་བོ།
ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད༽ཞང་བོད་ཤེས་རིག་དཔེ་ཚོགས་ཤོག་གྲངས༦༨ཐོག་ལ་གསལ།
རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི༽ཞང་བོད་ཤེས་རིག་དཔེ་ཚོགས་ཤོག་གྲངས༡༡༨ཐོག་ལ་གསལ།
རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན༽ཐེག་ཆེན་གཡུང་དྲུང་བོན་གྱི་དཔེ་ཚོགས་ཤོག་གྲངས༢༨༩ཐོག་ལ་གསལ།
གཡུང་དྲུང་གསང་རྒྱུད་འབྱེད་པའི་ལྡེ་མིག༽ཁྲི་བརྟན་ནོར་བུ་རྩེ་ཡི་དཔེ་མཛོད་ཁང་ཤོག་གྲངས༤༤དང་༤༤༤ཐོག་ལ་གསལ།
རྫོགས་པ་ཆེན་པོ་བསྒྲགས་པ་སྐོར་གསུམ་༽སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ཤོག་གྲངས༡༡༧དང༣༠༥ཐོག་ལ་གསལ།
ལུང་ཉི་མ་དགུ་སྐོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ཤོག་གྲངས༢༩༨ ཐོག་ལ་གསལ།
རྩོམ་པ་པོ་ཚུལ་ཁྲིམས་བསྟན་འཛིན་ནི། སྤྱི་ལོ་༡༩༩༠ལོའི་ཟླ་༦པའི་ཚེས་༨ཉིན་ཟིང་ཆུ་རྫོང་ཞང་ངུ་ཁོག་ཁུག་ཁག་སྡེ་བ་ལྕོག་སྟག་ཚང་གི་ཁྱིམ་དུ་སྐྱེས་ཤིང་།  ལོ་བཅུ་བདུན་ཐོག་ནས་དགེ་རྒན་དམ་པ་ཚུལ་ཁྲིམས་མཁས་གྲུབ་རྒྱ་མཚོ་རིན་པོ་ཆེའི་མདུན་ནས་ཡི་གེ་འབྲི་འདོན་ལ་སོགས་སྦྱངས་བར་བྱས་ནས།   རང་ལོ་ཉི་ཤུའི་ཐོག་ནས་མདོ་སྨད་རྔ་ཡུལ་སྣང་ཞིག་དགོན་ཆེན་དུ་གྲྭ་སར་འགྲིམས་ཏེ།༢༠༠༩ལོར་གངས་ལྗོངས་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་གི་དངོས་ཞུགས་སློབ་མ་བྱས་ཏེ་མདོ་སྔགས་རྫོགས་གསུམ་རིག་གནས་སོགས་ལ་སྦྱངས་བར་བྱས་ནས།  ད་ལོ་༢༠༢༡ལོའི་མཐར་ཕྱིན་སློབ་མ་དང་རྔ་ཡུལ་སྣང་ཞིག་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་གྱི་ལས་འགས་བཞེས་བཞིན་ཡོད།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།