དཔོན་ཚང་གཡུང་དྲུང་འོད་ལྡན་གྱི་རྩོམ་ཐུང་གཉིས།
[ཟླ་ཚེས། 2021-09-04 11:44:56][རྩོམ་པ་པོ། དཔོན་ཚང་གཡུང་དྲུང་འོད་ལྡན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ས་ལམ་ལས་ཚོགས་ལམ་སྐོར་ལ་དཔྱད་པ།
རྩོམ་པ་པོ། དཔོན་ཚང་གཡུང་དྲུང་འོད་ལྡན།
ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་བོན་གྱི་རིག་གཞུང་ལྟར་ཚོགས་ལམ་འབྲིང་ནས་ཡོད་ན་ཚོགས་ལམ་ནས་ཡོད་དགོས་མེད་སྐོར། སེམས་ཉིད་ཡོད་ན་རིགས་ཡོད་པས་ཁྱབ་མ་ཁྱབ། ཚོགས་ལམ་ཡིན་ན་རྟོག་པ་ཡིན་པས་ཁྱབ་མ་ཁྱབ་ཀྱི་སྐོར་བཅས་ལ་འབྲེལ་ཡོད་ཡིག་ཆ་ཁག་གཞིར་བཟུང་སྟེ། དེ་ལ་རང་གི་རིག་པས་དཔྱད་ཁུལ་གྱིས་གླེང་མོལ་ཞུས་ཡོད།བརྡ་ཆད་གཙོ་བོ། ཚོགས་ལམ་འབྲིང་དང་། སེམས་ཉིད། ཚོགས་ལམ།
དང་པོ། ཚོགས་ལམ་འབྲིང་ནས་ཡོད་ན་ཚོགས་ལམ་ནས་ཡོད་དགོས་མེད་སྐོར།
ཚོགས་ལམ་འབྲིང་ནས་ཡོད་ན་ཚོགས་ལམ་ནས་ཡོད་དགོས་ལབ་མཁན་འདུག དེ་འདྲ་ལབ་ན་དཔེ་དཀའ་ལས་འདུག་ལ་སྐྱོན་ཡང་འདུག སྐྱོན་དེ་གང་འདྲ་འདུག་ལབ་པ་ཡིན་ན། གོ་ཆེའི་སྒྲུབ་པ་ཁྱད་པར་ཅན་ཚོགས་ལམ་ནས་ཡོད་བ་ཐལ། ཚོགས་ལམ་འབྲིང་ནས་ཡོད་པའི་ཕྱིར་ལབ་འདུག གོ་ཆེའི་སྒྲུབ་པ་ཁྱད་པར་ཅན། ཚོགས་ལམ་འབྲིང་ནས་ཡོད་པ་ལུང་གྲུབ་འདུག ༼ཕར་ཕྱིན་སྐབས་དང་པོ་ལས།༽ གོ་སྒྲུབ་ཁྱད་པར་ཅན་ནི་ཚོགས་ལམ་འབྲིང་ནས་ཡོད། འཇུག་སྒྲུབ་དང་ཚོགས་སྒྲུབ་ནི་སྦྱོར་ལམ་དྲོད་ཆུང་ངུ་ནས་ཡོད། ངེས་འབྱུང་གི་སྒྲུབ་པ་ས་དང་པོ་ཐོབ་ནས་ཡོད། གསུངས་འདུག ཚོགས་ལམ་ནས་གོ་སྒྲུབ་ཙམ་ཡོད་པ་ལུང་གྲུབ་འདུག ༼རྗེ་ཡི་ས་ལམ་ལས།༽ གོ་སྒྲུབ་ཁྱད་པར་ཅན་ནི་ཚོགས་ལམ་ནས་ཡོད་པ་བསལ་ལོ། དེའི་སྐྱོན་མེད་དེ། གོ་སྒྲུབ་ཁྱད་པར་ཅན་མེད་ཀྱང་གོ་སྒྲུབ་ཙམ་ཡོད་པའི་ཕྱིར། གསུངས་འདུག དེ་ལ་གོ་སྒྲུབ་ཙམ་ཡོད་དུས་གོ་སྒྲུབ་ཁྱད་པར་ཅན་ཡོད་ལབ་དུས་དཀའ་མོ་འདུག དེ་བས་ཀྱང་དེ་ལ་གོ་སྒྲུབ་ཁྱད་པར་ཅན་ཡོད་དུས་གོ་སྒྲུབ་ཙམ་ཡོད་ལབ་དུས་ཡང་སྐྱོན་འདུག རང་ཉིད་ཀྱིས་ཚོགས་ལམ་འབྲིང་ནས་ཡོད་ན་ཚོགས་ལམ་ནས་ཡོད་དགོས་པའི་ངེས་པ་མེད་ལབ་ཀྱི་ཡོད། ཚོགས་ལམ་ནས་ཡོད་མེད་དེ་ཚོགས་ལམ་ཆུང་ངུ་དྲན་པ་ཉེར་བཞག་ནས་ཡོད་མེད་ལྟ།
གཉིས་པ། སེམས་ཉིད་ཡོད་ན་རིགས་ཡོད་པས་ཁྱབ་མ་ཁྱབ་སྐོར།
སེམས་ཉིད་ཡོད་ན་རིགས་ཡོད་པས་ཁྱབ་ལབ་མཁན་དང་མ་ཁྱབ་ལབ་མཁན་མང་པོ་ཞིག་འདུག རང་ཉིད་ཀྱིས་མ་ཁྱབ་ལབ་ཀྱི་ཡོད་ལབ་དགོས་པའི་རྒྱུ་མཚན་ནི་༼རྗེ་རིན་པོ་ཆེ་ཡིས་མཛད་པའི་ས་ལམ་བསྡུས་དོན་ལས།༽ རང་བཞིན་གྱི་རྣམ་པར་དག་པ་དང་། ཐར་འཁོར་གཉིས་ཀའི་རྟེན་དུ་གྱུར་པའི་རིག་པ་དེ། རང་བཞིན་གནས་རིགས་ཀྱི་མཚན་ཉིད། མཚན་གཞི་ནི། སེམས་ཉིད་གསལ་སྟོང་གཉིས་སུ་མེད་པའི་མ་ལྟ་བུའོ། དེ་ནི་སངས་རྒྱས་དང་སེམས་ཅན་ཀུན་ལ་ཡོད་དོ། ཞེས་པའི་ལུང་དང། ༼ཀུན་མཁྱེན་ཉི་མ་བསྟན་འཛིན་མཆོག་གིས་མཛད་པའི་ཕར་ཕྱིན་སྐབས་གཉིས་པ་ལས།༽ དྲི་བཅས་ཀྱི་བོན་དབྱིངས་དང་ཐར་ལམ་གང་རུང་གིས་བསྡུས་ཤིང་། རང་གི་ངོ་བོ་དྲི་བྲལ་དུ་འགྱུར་ཚེ་རང་དོན་བོན་སྐུ་རུ་འགྱུར་དུ་རུང་བའི་བོན་དེ། རིགས་ཀྱི་མཚན་ཉིད། གསུང་འདུག་པས་ལུང་དེ་ཚོ་ལ་རྒྱབ་རྟེན་བྱེད་ནས་ཁྱབ་པ་མེད་ལབ་ཀྱི་ཡོད། སངས་རྒྱས་ལ་རང་བཞིན་གནས་རིགས་མི་འདུག་ལ་རྒྱས་འགྱུར་རིགས་ཡང་མི་འདུག རང་བཞིན་གནས་རིགས་མེད་པ་གང་གི་ལུང་དེའི་གྲུབ་འདུག རྒྱས་འགྱུར་རིགས་ཡོད་ན་ཐར་ལམ་ཡོད་དགོས་འདུག་དེ་མི་འདུག རྒྱལ་བ་འམ་སངས་རྒྱས་ཀྱི་ཉེར་ལེན་གྱི་རྒྱུ་གྱུར་པ་མི་འདུག ༼རྗེ་ཡི་ས་ལམ་ལས།༽དང་པོ་ནི། རང་བཞིན་གྱི་རིགས་ནི་འགྲོ་བ་ཀུན་ལ་བརྟེན་ཙམ་ཡོད་དེ། མདོ་ཕྲན་ལས། རང་སེམས་ཡེ་ནས་སངས་རྒྱས་ཉིད། ཅེས་སོགས་དང་། གབ་པ་ལས། དེ་རྟོགས་མ་རྟོགས་ཁྱད་པར་ཆེ། ཞེས་གསུང་། རིགས་པས་ཀྱང་སེམས་ཅན་ལ་རིགས་ཙམ་བརྟེན་པར་ཡོད་དེ། སེམས་ཅན་ལ་སེམས་ཉིད་ཡོད་པའི་ཕྱིར། བྱས་མི་རྟག་བཞིན་ནོ། སེམས་ཉིད་ཡོད་པས་རིགས་ཡོད་པ་ནི། སེམས་ཉིད་ཡེ་ནས་སངས་རྒྱས་ཡིན། ཞེས་གསུངས་སོ། སེམས་ཅན་ལ་རིགས་ཡོད་དེ་སེམས་ཉིད་ཡོད་པའི་ཕྱིར། ཞེས་པའི་ལུང་དེ་ལ་འགལ་གདའ་ལབ་ན། དེ་དྲི་བཅས་ཀྱི་སེམས་དབྱིངས་ཡོད་ན་སེམས་ཉིད་ཡོད་པས་ཁྱབ་ཞེས་པའི་དོན་རེད་འདུག་ཟེར། བྱས་མི་རྟག་བཞིན་ཞེས་པ་དེ། དྲི་བཅས་ཀྱི་སེམས་དབྱིངས་དང་། རིགས་གཉིས་ཡོད་ཁྱབ་གཉམ་ཡིན་པའི་དོན་རེད་འདུག། རིགས་སད་མ་སད་ཀྱི་ཚད་ནི། ལམ་གང་ཞིག་ཐེག་ཆེན་ཚོགས་ལམ་དང་སྦྱོར་ལམ་དང་མཐོང་ལམ་དང་སྒོམ་ལམ་ལ་སོགས་ལས་ཕྱིར་མི་ལྡོག་པ་ཞིག་དགོས་འདུག རིགས་སད་ཞེས་པའི་རིགས་དེ་ནི་རྒྱས་འགྱུར་གྱི་རིགས་དེ་འཇོག་དགོས་པ་སྙམ།
གསུམ་པ། ཚོགས་ལམ་ཡིན་ན་རྟོག་པ་ཡིན་པས་ཁྱབ་མ་ཁྱབ་སྐོར།
ཚོགས་ལམ་ཡིན་ན་རྟོག་པ་ཡིན་པས་མ་ཁྱབ་ལབ་མཁན་མང་པོ་འདུག ཡིན་ན་འང་རང་ཉིད་ཀྱིས་ཚོགས་ལམ་ཡིན་ན་རྟོག་པ་ཡིན་པས་ཁྱབ་ལབ་ཀྱི་ཡོད། རྒྱུ་མཚན་ནི། ༼རྗེ་རིན་པོ་ཆེས་མཛད་པའི་ས་ལམ་ལས།༽ འཇིག་རྟེན་ཐོས་བསམ་གྱི་ཤེས་རབ་ཀྱིས་ཕྱིན་པར་བྱེད་པའི་ཐར་ལམ་ནི། ཚོགས་ཀྱི་ལམ་གྱི་མཚན་ཉིད་དོ། དོན་སྤྱི་ཚུལ་དུ་རྟོགས་པ་ཚོགས་ལམ་དང་། གསལ་སྣང་ཐོབ་པ་སྦྱོར་ལམ། མངོན་གསུམ་དུ་རྟོགས་པ་མཐོང་ལམ་གསུང་འདུག ༼ཀུན་མཁྱེན་ཉི་མ་བསྟན་འཛིན་མཆོག་གིས་མཛད་པའི་ཕར་ཕྱིན་ལས།༽ ཚོགས་སྦྱོར་གཉིས་ནི་བདག་མེད་དོན་སྤྱི་ཚུལ་དུ་རྟོགས་པའི་རྟོག་པ་ཡིན་ལ། དབང་ཤེས་ནི་རྟོག་མེད་ཡིན་པས་དེ་གཉིས་གཞི་མཐུན་མེད་པས་སོ་གསུང་འདུག ཐེག་ཆེན་ཚོགས་ལམ་ཡིན་པར་གྱུར་པའི་འཕགས་པ་དང་ཐེག་ཆེན་སྦྱོར་ལམ་ཡིན་པར་གྱུར་པའི་འཕགས་པ་སོགས་མེད་པའི་རྒྱུ་མཚན་དེ་ཚོགས་ལམ་ཡིན་ན་རྟོག་པ་ཡིན་པས་ཁྱབ་པའི་རྒྱུ་མཚན་རེད་འདུག ཚོགས་ལམ་ཡིན་པར་གྱུར་པའི་རྟོག་མེད་ཤེས་པ་ཞིག་ཡོད་ན་ཐེག་ཆེན་ཚོགས་ལམ་ཡིན་པར་གྱུར་པའི་འཕགས་པ་ཞིག་ཡོད་ཆོག་གི་འདུག་ལ་ཡོད་ན་སྐྱོན་གང་ཡང་མི་འདུག མང་ཆེ་ཤོས་ཀྱིས་གཞི་ཤེས་ཀྱི་མཚན་ཉིད་སྐབས་སུ་སྐྱོན་འབྱུང་གི་གདའ་གསུང་གདའ། གཞི་གང་ཟག་གི་བདག་མེད་མངོན་གསུམ་དུ་རྟོགས་པའི་ཐེག་ཆེན་གྱི་མངོན་རྟོགས། མཚན་གཞི་ནི། ཐེག་དམན་འཕགས་པའི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་ཚོགས་སྦྱོར་བའི་མཁྱེན་པ་ལྟ་བུ་འོ། གསུང་འདུག ང་རང་ཡིན་ན་ཐེག་དམན་འཕགས་པའི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་ཚོགས་སྦྱོར་བའི་མཁྱེན་པ་དེ། རྟོག་པ་ཡིན། གཞི་གང་ཟག་བདག་མེད་མངོན་གསུམ་དུ་མི་རྟོགས། ཐེག་ཆེན་ལུགས་ཀྱི་གཞི་གང་ཟག་བདག་མེད་མངོན་གསུམ་དུ་མི་རྟོགས། གཞི་གང་ཟག་གི་བདག་མེད་མངོན་གསུམ་དུ་རྟོགས་པའི་ཐེག་ཆེན་གྱི་མངོན་རྟོགས་ཡིན་པའི་རྒྱུ་མཚན་ནི། ཐེག་དམན་ལུགས་ཀྱི་གཞི་གང་ཟག་གི་བདག་མེད་མངོན་གསུམ་དུ་རྟོགས་པ་མཐར་ཐུག་པའི་ཆ་ནས་རེད་འདུག་བསམ།
དཔྱད་གཞི་ཡིག་ཆ།༡ རྗེ་རིན་པོ་ཆེས་མཛད་པའི་ས་ལམ།
༢ འགྲོ་མགོན་ས་ལམ།
༣ ཀུན་མཁྱེན་གྱིས་མཛད་པའི་ཕར་ཕྱིན་སོགས།
རྟགས་ཡང་དག་དང་འབྲེལ་བའི་དཀའ་གནད་འགའ་ཞིག་ཅུང་ཟད་གླེང་བ།
རྩོམ་པ་པོ། དཔོན་ཚང་གཡུང་དྲུང་འོད་ལྡན།
ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་ཚད་མ་རིག་པའི་གཞུང་དོན་ལྟར་རྒྱུ་མཚན་ཡང་དག་ཡིན་ན་རྟགས་ཡང་དག་ཡིན་པས་ཁྱབ་མ་ཁྱབ་སྐོར་དང་། དེ་བཞིན་རྟགས་ཡང་དག་ཡིན་ན་བསྒྲུབ་བྱའི་བོན་དེ་ཡོད་པ་ཡིན་དགོས་མིན། དེ་སྒྲུབ་ཀྱི་རྟགས་དེ་རྟགས་ཡང་དག་ཡིན་ན་དེ་སྒྲུབ་ཀྱི་བོན་ཅན་དེ་ཡོད་པ་ཡིན་དགོས་མིན། ཕྱོགས་བོན་མཚན་ཉིད་སྐབས་ཀྱི་ངེས་རུང་དང་ངེས་པ་གཉིས་ཀྱི་ཁྱད་པར་ག་འདྲ་ཡོད་མེད་སྐོར་བཅས་ལ་འབྲེལ་ཡོད་ཡིག་ཆ་ཁག་གཞིར་བཟུང་སྟེ། དེ་ལ་རང་གི་རིག་པས་དཔྱད་ཁུལ་གྱིས་གླེང་མོལ་ཞུས་ཡོད། བརྡ་ཆད་གཙོ་བོ། རྒྱུ་མཚན་ཡང་དག །བསྒྲུབ་བྱའི་བོན། བོན་ཅན། ངེས་རུང་དང་ངེས་པ།
དང་པོ། རྒྱུ་མཚན་ཡང་དག་སྐོར། རྒྱུ་མཚན་ཡང་དག་ཡིན་ན་རྟགས་ཡང་དག་ཡིན་པས་ཁྱབ་ལབ་མཁན་མང་པོ་ཞིག་འདུག ང་རང་གིས་མ་ཁྱབ་ལབ་ཀྱི་ཡོད། མ་ཁྱབ་པའི་མུ་འདུག སྒྲ་མི་རྟག་པ་རྟོགས་ཟིན་པའི་རྒོལ་བའི་ངོར། སྒྲ་བོན་ཅན་མི་རྟག་པ་ཡིན་ཏེ་སྐད་གཅིག་མ་ཡིན་པའི་ཕྱིར་ཞེས་པ་དེ་རྒྱུ་མཚན་ཡང་དག་རེད་གདའ་ལ་རྟགས་ཡང་དག་རེད་མི་འདུག མ་ཡིན་པའི་རྒྱུ་མཚན་ནི། དང་པོ་ཕྱོགས་བོན་རེད་མི་འདུག གཉིས་པ་སྒྲུབ་བྱ་གྲུབ་ཟིན་འདུག ཡང་བསྐྱར་སྒྲུབ་བྱ་གྲུབ་པ་ལ་དོན་མེད་དེ་སྒྲུབ་བྱ་གྲུབ་ཟིན་པའི་ཕྱིར། དཀའ་ཐུབ་རྣམ་བཤད་ནང་ལ་གསུང་ཡོད་རེད་བ། སྨྱུ་གུ་བོན་ཅན་སླར་ཡང་སྐྱེ་བ་ལ་དོན་མེད་དེ་ཡོད་པའི་ཕྱིར་གསུང་ཡོད་རེད་བ་དེ་ནང་བཞིན་རེད་འདུག ཤེས་འདོད་བོན་ཅན་མི་འདུག་ལ་མ་གྲུབ་པའི་རྟགས་ཡང་རེད་འདུག རྒྱུ་མཚན་ཡང་དག་རེད་འདུག དེའི་ངོར་ལ་སྒྲ་བོན་ཅན་མི་རྟག་པ་ཡིན་ཏེ་ལབ་དུས་སྐད་གཅིག་མ་ཡིན་པའི་ཕྱིར་ལབ་ཆོག་གི་འདུག དེའི་ངོར་ལ་དེའི་ལྷག་ས་རྒྱུ་མཚན་བཀོད་ཡས་མི་གདའ།
གཉིས་པ། བསྒྲུབ་བྱའི་བོན་སྐོར། མང་ཆེ་ཤོས་ཞིག་གིས་རྟགས་ཡང་དག་ཡིན་ན་དེ་སྒྲུབ་ཀྱི་བསྒྲུབ་བྱའི་བོན་དེ་ཡོད་པ་ཡིན་མི་དགོས་ལབ་འདུག ངས་ནི་ཡོད་དགོས་གདའ་ལབ་ཀྱི་ཡོད། སྒྲ་བོན་ཅན་མི་རྟག་པ་ཁོ་ན་ཡིན་ཏེ་བྱས་པ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་ན་བྱས་པ་རྟགས་ཡང་དག་མིན། བསྒྲུབ་བྱའི་བོན་ཡོད་པ་རེད་མི་གདའ། སྒྲུབ་རྟགས་དགག་རྟགས་གང་རུང་རེད་མི་འདུག རྟགས་ཡང་དག་ངོ་བའི་སྒོ་ནས་དབྱེ་བ་གསུམ་གང་རུང་ཡང་རེད་མི་འདུག རྟགས་ཡང་དག་ཡིན་ན། འབྲས་བུའི་དོན་ལྡོག་ཚུལ་གསུམ་ཚང་དགོས་འདུག འབྲས་བུའི་དོན་ལྡོག་ཚུལ་གསུམ་ཚང་མི་འདུག འབྲས་བུའི་དོན་ལྡོག་ཚུལ་གསུམ་ནི། རྟགས་དང་སྒྲུབ་བྱའི་བོན་གཉིས་ཐ་དད་ཡིན་དགོས་པ་དང་། སྒྲུབ་བྱའི་བོན་དེ་ལྡོག་སྟོབས་ཀྱིས་རྟགས་དེ་ལྡོག་དགོས་པ། སྒྲུབ་བྱའི་བོན་དེ་ཡོད་པ་ཡིན་དགོས་པ་གསུམ་དེ་རེད་འདུག རྟགས་ཡང་དག་ཡིན་ན་རྟགས་དང་སྒྲུབ་བྱའི་བོན་གཉིས་འབྲེལ་བ་ཡིན་དགོས་འདུག་དེ་རེད་མི་གདའ། དེ་བྱུང་འབྲེལ་རེད་མི་འདུག་ལ་བདག་གཅིག་འབྲེལ་ཡང་རེད་མི་འདུག རྗེས་སུ་འགྲོ་ལྡོག་ངེས་མི་གདའ། མི་རྟག་པ་ཁོ་ན་ལྡོག་ན་སྐད་གཅིག་མ་ལྡོག་པའི་ངེས་པ་མི་འདུག ཐ་དད་གནས་པའི་བོན་རེད་མི་གདའ།
གསུམ་པ། བོན་ཅན་སྐོར། དེ་སྒྲུབ་ཀྱི་རྟགས་དེ་རྟགས་ཡང་དག་ཡིན་ན་དེ་སྒྲུབ་ཀྱི་བོན་ཅན་དེ་ཡོད་པ་ཡིན་པས་ཁྱབ་ལབ་མཁན་མང་པོ་འདུག ངས་ནི་མ་ཁྱབ་ལབ་ཀྱི་ཡོད། རྒྱུ་མཚན་ནི་མ་ཁྱབ་པའི་མུ་འདུག རི་བོང་རྭ་བོན་ཅན་བདག་མེད་ཡིན་ཏེ་བདག་ཚད་མས་མ་དམིགས་པ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་ན་དེ་རྟགས་ཡང་དག་རེད་གདའ་ལ་གོང་བཀོད་པའི་བོན་ཅན་དེ་ཡོད་པ་རེད་མི་འདུག ཁ་ཤས་ཀྱིས་དེ་བོན་ཅན་གྱི་ངོ་བོ་མེད་ན་མ་གྲུབ་པའི་རྟགས་རེད་ལབ་ཀྱི་འདུག དེ་རེད་མི་གདའ། བོན་ཅན་གྱི་ངོ་བོ་མེད་པའི་ཕྱིར་ལབ་ན་མ་ཁྱབ་རེད་འདུག བོན་ཅན་གྱི་ངོ་བོ་དེ་མེད་བ་གང་ཞིག་ལ་རྟགས་ཤེས་འདོད་བོན་ཅན་ལ་ཇི་ལྟར་བཀོད་པ་བཞིན་དུ་ཚད་མས་མ་དམིགས་པ་ཞིག་དགོས་འདུག་དེ་རེད་མི་གདའ། ཡང་བདག་མེད་གྲུབ་ས་ཡིན་ན་ཡོད་དགོས་ལབ་ཀྱི་འདུག དེ་ཡང་ངེས་པ་མི་གདའ། བྱས་པ་གྲུབ་ས་ཡིན་ན་ཡོད་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར་ལབ་ན་ཁྱབ་པ་མི་འདུག རྒྱུ་མཚན་ནི་བྱས་པ་ཡིན་ན་ཡོད་དགོས་འདུག བདག་མེད་ཡིན་དུས་ཡོད་དགོས་མི་གདའ། བྱས་པ་ཡིན་ན་ཡོད་པའི་ཁྱབ་གདའ། བདག་མེད་ཡིན་ན་ཡོད་པའི་ཁྱབ་པ་མི་འདུག རྒྱུ་མཚན་དེ་ཚོ་ལ་བརྟེན་ནས་བདག་མེད་གྲུབ་ས་ཡིན་ན་ཡོད་དགོས་མི་གདའ། དེའི་རྟགས་དེ་རྟགས་ཡང་དག་རེད་འདུག་ལ་རྟགས་ཡང་དག་ཡིན་ན་བོན་ཅན་དེ་ཡོད་པ་ཡིན་པའི་ཁྱབ་པ་མི་འདུག་ཟེར་ནས་ཞུ་བ་ཡིན།
བཞི་པ། ངེས་རུང་དང་ངེས་པའི་སྐོར། ཕྱོགས་བོན་མཚན་ཉིད་སྐབས་ཀྱི་ངེས་རུང་དང་ངེས་པ་གཉིས་དེ་དོན་གཅིག་ཡིན་ལབ་མཁན་གདའ། ཡང་ཁ་ཤས་ཀྱིས་མ་ངེས་ཀྱང་ངེས་རྒྱུ་ཡོད་པ་ཞིག་འཇོག་གི་འདུག དེ་ལྟར་བཞག་སོང་ན། དང་པོ་ལྟར་ན། ངེས་རུང་ཡིན་ན་ངེས་པས་ཁྱབ་ཟེར་དུས་དཀའ་མོ་འདུག གང་ཟག་ཞིག་དཔེ་བཞག་པ་ཡིན་ན་གང་ཟག་དེ་སངས་རྒྱས་རུང་ཡིན་སངས་རྒྱས་པ་ཡིན་ལབ་པ་དང་གཅིག་མཚུངས་ཡོང་གི་འདུག དེ་འདྲ་ལབ་ན་སྐྱོན་འབྱུང་གི་འདུག དེ་ནང་བཞིན་གཉིས་པ་ལྟར་ན། སྒྲ་བྱས་པ་ཡིན་མིན་ཐེ་ཚོམ་ཟོས་པའི་རྒོལ་བའི་ངོར་སྒྲ་བོན་ཅན་མི་རྟག་པ་ཡིན་ཏེ་བྱས་པ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་ན་བྱས་པ་དེ་རྟགས་ཤེས་འདོད་བོན་ཅན་ལ་ཇི་ལྟར་བཀོད་པ་བཞིན་ངེས་རུང་ཡོང་འགྲོ་གི་འདུག ཕྱོགས་བོན་གྲུབ་འགྲོ་བའི་གནད་དོན་འདུག དེ་མ་གྲུབ་པའི་རྟགས་མ་ཡིན་པ་འགྱུར་བའི་སྐྱོན་འདུག ང་རང་ཡིན་ན་ངེས་པ་དང་ངེས་རུང་གཉིས་ཀྱི་ཁྱད་པར་དེ་ཅི་འདྲ་འཇོག་གི་ཡོད་ཟེར་ན། ངེས་པ་ཞེས་པ་དེ་ནི་དངོས་སུ་ངེས་པའམ་དྲན་པ་ཞིག་ལ་འཇོག ངེས་རུང་ཞེས་པ་དེ་ནི་ངེས་ཀྱང་མ་དྲན་པ་ཞིག་ལ་འཇོག དེ་ལྟར་བཞག་ན་གནད་འགག་གང་ཡང་མི་འདུག་བསམ་གྱི་ཡོད། རྒྱུ་མཚན་ནི། ཚད་མ་ཀུན་བཏུས་ལས། སྒྲུབ་བྱེད་བརྗོད་པའི་ངག་དེ། ངེས་པའི་ཆེད་དུ་མ་ཡིན་ལ། དྲན་པའི་ཆེད་དུ་ཡིན་གསུངས་འདུག རྒྱུ་མཚན་དེ་ཚོ་ལ་བརྟེན་ནས་དེ་ལྟར་འཇོག་དགོས་པ་སྙམ།