ཐེག་པ་ཆེན་པོ་ཕར་ཕྱིན་གཞུང་གི་དཀའ་གནད་སྐོར་ཞིག་གླེང་བ།

[ཟླ་ཚེས། 2020-11-17 19:38:14][རྩོམ་པ་པོ། གཙུག་གཤེན་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གཅིག ལམ་སྣང་ཁམས་སྐོར།

  སྤྱིར་གཞི་ཤེས་དང་མཆོད་ཡུམ་གཞི་ཤེས། ཐེག་ཆེན་གཞི་ཤེས། ལམ་སྣང་ཁམས་བཅས་ཀྱི་བར་དུ་རྙོག་འཛིང་ཅུང་ཙམ་ཡོད། དེ་དག་ཁྱད་པར་འབྱེད་བདེ་ཕྱིར། བསྡུས་གྲྭའི་རིགས་ལམ་མུ་གསུམ་མུ་བཞི་འགལ་བ་དོན་གཅིག་བེད་སྤྱོད་བཏང་ན། སྤྱིར་གཞི་ཤེས་དང་མཆོད་ཡུམ་གཞི་ཤེས་གཉིས་མུ་གསུམ་ཡིན་ཏེ། མཆོད་ཡུམ་གཞི་ཤེས་ཡིན་ན་སྤྱིར་གཞི་ཤེས་ཡིན་པས་ཁྱབ་ལ། སྤྱིར་གཞི་ཤེས་ཡིན་ན་མཆོད་ཡུམ་གཞི་ཤེས་ཡིན་པའི་མ་ཁྱབ་པའི་མུ་ནི་ཐེག་དམན་འཕགས་ལམ་དེ་འཇོག་དགོས་ཏེ། ཕར་ཕྱིན་སྐབས་དང་པོ་ལས“རང་ལུགས་ལ། ཐེག་དམན་འཕགས་པའི་ལམ་རྣམས། སྤྱིར་གཞི་ཤེས་ཡིན་ཡང་། མཆོད་ཡུམ་གཞི་ཤེས་མ་ཡིན་ཏེ། འདིར་བསྟན་གྱི་མཆོད་ཡུམ་མ་ཡིན་པའི་ཕྱིར། ”(64)ཞེས་གསུངས་པའི་ཕྱིར་རོ། །མཆོད་ཡུམ་གཞི་ཤེས་དང་ཐེག་ཆེན་གཞི་ཤེས་གཉིས་མུ་གསུམ་ཡིན་ཏེ། ཐེག་ཆེན་གཞི་ཤེས་ཡིན་ན་མཆོད་ཡུམ་གཞི་ཤེས་ཡིན་པའི་ཁྱབ་ཀྱང་མཆོད་ཡུམ་གཞི་ཤེས་ཡིན་ན་ཐེག་ཆེན་གཞི་ཤེས་ཡིན་པས་མ་ཁྱབ་སྟེ། ཐེག་དམན་དགྲ་བཅོམ་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་ཚོགས་སྦྱོར་བའི་རྒྱུད་ཀྱི་མཁྱེན་པ་དེ་བཞག་ན་ཆོག་པའི་ཕྱིར། དེ་མཆོད་ཡུམ་གཞི་ཤེས་ཡིན་ཏེ། མཚོན་བྱེད་ཞེ་ལྔ(102)ལས། མཆོད་ཡུམ་རྣམ་མཁྱེན། ལམ་ཤེས། གཞི་ཤེས་བཅས་བསྟན་སྐབས་མཆོད་ཡུམ་གཞི་ཤེས་ཀྱི་མཚན་ཉིད་ལ“གཞི་གང་ཟག་བདག་མེད་མངོན་གསུམ་དུ་རྟོགས་པའི་ཐེག་ཆེན་གྱི་མངོན་རྟོགས། མཚན་གཞི་ནི། ཐེག་དམན་འཕགས་པའི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་ཚོགས་སྦྱོར་བའི་མཁྱེན་པ་དང་། ཐེག་ཆེན་འཕགས་པའི་མཁྱེན་པ་མཐའ་དག་ལྟ་བུའོ། །”ཞེས་གསུངས་པའི་ཕྱིར། འདིར་ཁ་ཅིག་ན་རེ། ཐེག་དམན་འཕགས་པའི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་ཚོགས་སྦྱོར་བའི་མཁྱེན་པ་དེས་གཞི་གང་ཟག་བདག་མེད་མངོན་སུམ་དུ་རྟོགས་བ་ཐལ། གཞི་གང་ཟག་བདག་མེད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མངོན་རྟོགས་ཡིན་པའི་ཕྱིར། ཞེ་ན། མ་ཁྱབ་བོ། །འདིར་ཁྱོད་ཀྱིས་གང་ཟག་བདག་མེད་མངོན་སུམ་དུ་མ་རྟོགས་ཀྱང་ཁྱོད་རྒྱུད་ལྡན་གྱི་སེམས་དཔས་མངོན་སུམ་དུ་རྟོགས་བ་གང་ཞིགཁྱོད་དེའི་རྒྱུད་ཀྱི་ཐེག་ཆེན་གྱི་མངོན་རྟོགས་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། དེ་བོན་ཅན། ཐེག་ཆེན་གཞི་ཤེས་ཡིན་པ་ཐལ། གཞི་ཡི་གནས་ལུགས་མངོན་སུམ་རྟོགས་པའི་མཁྱེན་པ་ཡིན་པའི་ཕྱིར། ཁྱབ་སྟེ། མཚོན་བྱེད་ཞེ་ལྔ་ལས(108)“གསུམ་པ་སྣང་བའི་ཁམས་ལ་བཞི་ལས། གཞི་ཡི་གནས་ལུགས་སྟོང་པའི་མཐར་མ་ལྷུང་བར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས། དེའི་མཚན་ཉིད། གཉིས་པ་ནི། དེ་དང་ཐེག་ཆེན་གྱི་གཞི་ཤེས་དོན་གཅིགགཞི་ཡི་གནས་ལུགས་མངོན་སུམ་རྟོགས་པའི་མཁྱེན་པ། གཞི་ཤེས་ཀྱི་མཚན་ཉིད། ”ཞེས་གསུངས་པའི་ཕྱིར། ཞེ་ན། དེ་ནི་སྤྱིར་གཞི་ཤེས་ཀྱི་མཚན་ཉིད་བཞག་པ་ལས། ཐེག་ཆེན་གཞི་ཤེས་ཀྱི་མཚན་ཉིད་མ་ཡིན་ནོ། །གཞན་ཡང་ཁོ་ན་རེ། དེ་བོན་ཅན། ཐེག་ཆེན་གཞི་ཤེས་ཡིན་པ་ཐལ། གཞི་ཡི་གནས་ལུགས་སྟོང་པའི་མཐར་མ་ལྟུང་བར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ལམ་སྣང་ཁམས་ཀྱི་མཚན་ཉིད་ཡིན་པ་གང་ཞིགལམ་སྣང་ཁམས་དང་ཐེག་ཆེན་གཞི་ཤེས་གཉིས་དོན་གཅིག་ཡིན་པའི་ཕྱིར། ཞེ་ན། འདིར་དཔྱད་དགོས་པར་སྣང་སྟེ། ལམ་སྣང་ཁམས་ཀྱི་མཚན་ཉིད་ལ། ཀོ་རྒྱལ་དགོན་གྱིས་བསྒྲིགས་ཤིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི《སྒོ་བཞི་མཛོད་ལྔའི་ཡང་བཅུད》དེབ། ལྔ་པ་ལས“གསུམ་པ་སྣང་བའི་ཁམས་ལ་བཞི་ལས། གཞི་ཡི་གནས་ལུགས་སྟོང་པའི་མཐར་མ་ལྟུང་བར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས། དེའི་མཚན་ཉིད། ”ཞེས་གསལ། མཚོན་བྱེད་ཞེ་ལྔ་བཏུས་ས་ཕར་ཕྱིན་སྐབས་དང་པོ་ལས“གསུམ་པ་སྣང་བའི་ཁམས་ལ་བཞི་ལས། དང་པོ་ནི། གཞིའི་གནས་ལུགས་སྟོང་པའི་མཐར་མ་ལྟུང་བར་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་ཡེ་ཤེས། དེའི་མཚན་ཉིད་ཡིན་ཏེ། སྡུད་པར། བོན་རྣམས་སྟོང་པའི་མཐའ་ཆད་ལྷུང་མེད་པས། །ཡོངས་སུ་སྣང་བ་མཐར་ཆད་ལྟུང་མེད་དོ། །”ཞེས་འདི་གཉིས་བར་ཐེག་ཆེན་འཕགས་པའི་ཡེ་ཤེས་ཞེས་བྱུང་མིན་ལ་ཁྱད་པར་ཡོད་དོ། །དེར་ཁོ་བོས་མཚོན་བྱེད་ཞེ་ལྔའི་དཔེ་ཆ་ཁག་ཕན་ཚུན་བསྡུར་སྐབས་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་ནས་སྡུད་བསྒྲིགས་དང་དཔར་བསྐྲུན་བྱས་པའི་ཡོངས་འཛིན་རིན་པོ་ཆེ་མཆོག་གི་གསུང་འབུམ་པོད་བརྒྱད་པའི་ནང《ཁམས་ཆེན་པོ་བརྒྱད་དང་མཚོན་བྱེད་ཞེ་ལྔའི་རྣམ་བཞག》ཅིག་བཞུགས་པ་དེའི་ནང་ལམ་སྣང་ཁམས་ཀྱི་མཚན་ཉིད་ལ“གསུམ་པ་སྣང་བའི་ཁམས་ལ་བཞི་ལས། གཞི་ཡི་གནས་ལུགས་སྟོང་པའི་མཐར་མ་ལྟུང་བར་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་ཡེ་ཤེས། དེའི་མཚན་ཉིད། ”(117)ཞེས་བྱུང་བས《སྒོ་བཞི་མཛོད་ལྔའི་ཡང་བཅུད》ཁྲོད་བཞུགས་པ་དེའི་ནང་གི་ལམ་སྣང་ཁམས་ཀྱི་མཚན་ཉིད་དེ་ཉིད་ཆད་ལྷག་ཤོར་བའམ་བཅོས་པ་གང་ཞིག་ཡིན་ཤས་ཆེ། དེས་ན་ལམ་སྣང་ཁམས་སམ་ཐེག་ཆེན་གཞི་ཤེས་ཡིན་ན་ཐེག་ཆེན་འཕགས་པའི་རྒྱུད་ཀྱི་ཡེ་ཤེས་ཡིན་དགོས་པ་ཡིན་ནོ། །གཞན་ཡང་ལམ་སྣང་ཁམས་ཀྱི་ས་མཚམས་བསྟན་སྐབས“འདིར་དངོས་བསྟན་གྱི་སྣང་ཁམས་ནི། ཐེག་ཆེན་འཕགས་པ་ཐ་དག་གི་རྒྱུད་ལ་ཡོད་ཅིང་། ཤུགས་བསྟན་ཙམ་ནི། ཐེག་དམན་འཕགས་པའི་རྟོགས་ལམ་དང་། ཐེག་དམན་འཕགས་པའི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་ཚོགས་ལམ་ནས་ཀྱང་ཡོད། ”ཅེས་གསུངས་པ་དག་ལ་གཞིགས་ན་ལམ་སྣང་ཁམས་ནི་ཐེག་ཆེན་འཕགས་པའི་རྒྱུད་ལ་ཡོད་དགོས་པ་མངོན་གསལ་དོད་པོ་རེད།

གཉིས། དོན་དམ་སེམས་བསྐྱེད་དང་ཀུན་རྫོབ་སེམས་བསྐྱེད་སྐོར།

  ཁམས་ཆེན་པོ་བརྒྱད་དང་མཚོན་བྱེད་ཞེ་ལྔའི་རྣམ་བཞག་ལས། ཐེག་ཆེན་སེམས་བསྐྱེད་གང་ཞིགམཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོར་མ་གྱུར་པ་དེ། ཀུན་རྫོབ་སེམས་བསྐྱེད་ཀྱི་མཚན་ཉིད་བཞག་ཅིང་། དེ་དང་རགས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་དོན་གཅིག་ཅེས་དང་། ཐེག་ཆེན་སེམས་བསྐྱེད་གང་ཞིགམཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་དེ། དོན་དམ་སེམས་བསྐྱེད་ཀྱི་མཚན་ཉིད། དེ་དང་ཕྲ་བ་བོན་ཉིད་ལས་ཐོབ་པའི་སེམས་བསྐྱེད་དོན་གཅིག་ཅེས་གསུངས་ཡོད། དེར་དོགས་གཞི་འབྱུང་བ་ལ། སྒོམ་ལམ་རྗེས་ཐོབ་ཡེ་ཤེས་བོན་ཅན། རགས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་ཡིན་པ་ཐལ། ཀུན་རྫོབ་སེམས་བསྐྱེད་ཡིན་པའི་ཕྱིར། འདོད་ན། དེ་བོན་ཅན། རགས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་མ་ཡིན་པ་ཐལ། ཆོ་ག་དང་བརྡ་ཐབས་སོགས་ལ་བརྟེན་ནས་ཐོབ་པ་མ་ཡིན་པའི་ཕྱིར་ཏེ། ཁྱོད་ཆོ་ག་དང་བརྡ་ཐབས་སོགས་ལ་བརྟེན་མི་དགོས་པའི་ཕྱིར། ཁྱོད་བོན་ཉིད་མངོན་སུམ་མཐོང་བའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །གཞན་ཡང་ཚོགས་སྦྱོར་བའི་རྒྱུད་ཀྱི་མཉམ་བཞག་རྗེས་མཐུན་པ་བོན་ཅན་ཁྱོད་ཕྲ་བ་བོན་ཉིད་ལས་ཐོབ་པའི་སེམས་བསྐྱེད་ཡིན་པ་ཐལ། དོན་དམ་སེམས་བསྐྱེད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཐལ། འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི《ཐེག་པ་ཆེན་པོ་ས་དང་ལམ་གྱི་རིམ་པ་རིན་པོ་ཆེ་འཕྲུལ་གྱི་ལྡེ་མིག》ལས་སེམས་བསྐྱེད་ཀྱི་ས་མཚམས་བསྟན་སྐབས“དེ་ཡང་ཀུན་རྫོབ་ནི་ཚོགས་ལམ་ནས་ཡོད་ལ། དོན་དམ་དུ་སེམས་བསྐྱེད་པ་དང་ཞེས་གསུངས་པས། ཚོགས་ལམ་ནས་དོན་སྤྱི་ཡོད་ལ་སྦྱོར་ལམ་ནས་གསལ་སྣང་ཅན་དུ་ཡོད། མཐོང་ལམ་ཡན་ཆད་མངོན་དུ་བྱེད་པའོ། །”(110)ཞེས་གསུངས་ལ། དེའི་དགོངས་པ་གཞིར་བཞག་སྟེ། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི《ས་ལམ་འཕྲུལ་གྱི་སྒྲོན་མེའི་རང་འགྲེལ》ལས“དེ་ཡང་ཀུན་རྫོབ་སེམས་བསྐྱེད་ནི། ཚོགས་ལམ་ཡན་ཆད་ན་ཡོད་ལ། དོན་དམ་སེམས་བསྐྱེད་ཀྱང་དོན་སྤྱིའི་ཚུལ་དུ་རྟོགས་པ་དང་ནི། རྟོག་པ་གསལ་སྣང་ཅན་དང་། མངོན་སུམ་དུ་མཐོང་བའི་དོན་དམ་སེམས་བསྐྱེད་ནི་རིམ་པ་བཞིན་དུ། ཚོགས་ལམ་དང་། སྦྱོར་ལམ་དང་། མཐོང་ལམ་ཡན་ཆད་ན་ཡོད་དོ། །རྒྱུ་མཚན་ནི་མི་རྟོག་པའི་བློ་དང་ལྡན་པ་དེ་བཞིན་དུ་ཡོད་པའི་ཕྱིར་རོ། །”(381)ཞེས་དོན་དམ་སེམས་བསྐྱེད་ཚོགས་སྦྱོར་སྐབས་ནས་ཡོད་པའི་རྒྱུ་མཚན་དང་བཅས་པ་དྲངས་ཡོད། ལུང་ཚིག་དེ་དག་གི་རྗེས་སུ་འབྲང་སྟེ། མཁན་ཉི་མ་བསྟན་འཛིན་གྱིས་མཛད་པའི《ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་ལས་སྐབས་དང་པོའི་རྣམ་བཞག་ཚིག་དོན་དཀའ་གནད་རབ་གསལ》ལས་དོན་དམ་སེམས་བསྐྱེད་མཚན་གཞི་བསྟན་སྐབས། “ཚོགས་ལམ་ནས་ས་བཅུ་པའི་བར་གྱི་མཉམ་བཞག་ཡེ་ཤེས་ལྟ་བུ་ཡིན་ཏེ། ས་ལམ་ལས། དོན་སྤྱི་དང་ནི་གསལ་སྣང་བཅས། །མངོན་སུམ་མཐོང་བའི་དོན་དམ་ནི། །ཚོགས་སྦྱོར་མཐོང་སྒོམ་ཡན་ཆད་དུ། །ཞེས་གསུངས་པའི་ཕྱིར། ”(134)ཞེས་གསུངས་པ་དང་། མཚོན་བྱེད་ཞེ་ལྔའི་རྣམ་བཞག་ལས་དོན་དམ་སེམས་བསྐྱེད་ཀྱི་མཚན་གཞི་བསྟན་སྐབས། “ཐེག་ཆེན་ཚོགས་ལམ་ནས་ས་བཅུ་པའི་བར་གྱི་མཉམ་བཞག་ཡེ་ཤེས་རྣམས་སོ། །དེ་ཡང་ཚོགས་སྦྱོར་གཉིས་ལ་མཉམ་བཞག་ཡེ་ཤེས་མེད་ཅིང་རྗེས་མཐུན་ཙམ་ཡང་མཚན་གཞིར་འཇོག་རུང་བར་སེམས་སོ། །”(115)ཞེས་གསུངས་པས། ཚོགས་སྦྱོར་བའི་རྒྱུད་ཀྱི་མཉམ་བཞག་རྗེས་མཐུན་པ་དེ་དོན་དམ་སེམས་བསྐྱེད་ཡིན་པ་མཁས་པ་གོང་འོག་དག་གི་དགོངས་གཞི་འཁྲུལ་མེད་ཡིན་པའི་ཕྱིར་རོ། །གོང་དུ་འདོད་ན། དེ་བོན་ཅན། ཕྲ་བ་བོན་ཉིད་ལས་ཐོབ་པའི་སེམས་བསྐྱེད་མ་ཡིན་པ་ཐལ། བོན་ཉིད་མངོན་སུམ་མ་མཐོང་བའི་འཇིག་རྟེན་པའི་ལམ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་བ་ཐལ། 《འགྲོ་མགོན་ས་ལམ》ལས་སེམས་བསྐྱེད་ཀྱི་ས་མཚམས་བསྟན་སྐབས། “ལམ་གསར་ཞུགས་ཚོགས་ལམ་ཆུང་ངུ་ནས། རྒྱུན་མཐའ་ཚུན་ཆད་དུ་ཡོད་དེ། དེ་ཡང་ས་དང་པོ་ཡན་ཆད་ལ་བོན་ཉིད་ཀྱིས་ཐོབ་པ་ཡོད་ལ། འཇིག་རྟེན་པའི་ལམ་ལ་བླངས་བ་ལས་འབྱུང་བ་ཡོད་དོ། །”(110)ཞེས་གསུངས་པ་གང་ཞིགདེ་དང་མཐུན་པར་མཉམ་མེད་ཆེན་པོས་སེམས་བསྐྱེད་ས་མཚམས་བསྟན་སྐབས། “སྤྱིར་ནི་ལམ་གསར་ཞུགས་ཚོགས་ལམ་ཆུང་ངུ་ཡན་ཆད་ན་ཡོད་ལ། བྱེ་བྲག་ཏུ་བརྡ་ལས་བླངས་པའི་སེམས་བསྐྱེད་ཀྱི་སྡོམ་པ་དང་། བོན་ཉིད་ལས་ཐོབ་པའི་སེམས་བསྐྱེད་ཀྱི་སྡོམ་པ་གཉིས་ནི་རིམ་བཞིན་དུ། འཇིག་རྟེན་པའི་ལམ་དང་འཇིག་རྟེན་ལས་འདས་པའི་ལམ་སོགས་ན་ཡོད་དེ། རྒྱུ་མཚན་སྐྱབས་འགྲོའི་སྐབས་བཞིན་ནོ། །”(381)ཞེས་གསུངས་ལ། སྐྱབས་འགྲོའི་སྐབས་འཇིག་རྟེན་ལས་འདས་པའི་ས་ལ་བོན་ཉིད་ལས་ཐོབ་པའི་སྐྱབས་འགྲོའི་སྡོམ་པ་ཡོད་པའི་རྒྱུ་མཚན་ནི། བོན་ཉིད་མངོན་སུམ་མཐོང་བ་ཡོད་པའི་རྒྱུ་མཚན་བཀོད་པ་ཡིན་ནོ། །ལུང་ཚིག་འདི་དག་ལ་དཔྱད་ན་བོན་ཉིད་ལས་ཐོབ་པའི་སེམས་བསྐྱེད་ནི་མཐོང་ལམ་ཡན་ལ་འཇོག་དགོས་པ་ཧ་ཅང་གསལ་པོ་རེད། གཞན་ཡང་ཚོགས་སྦྱོར་སྐབས་བརྡ་ལ་བརྟེན་དགོས་པའི་རྒྱུ་མཚན་ནི་བོན་ཉིད་མངོན་སུམ་མ་མཐོང་བས་ཡིན་ལ། མཐོང་ལམ་ཡན་ན་བོན་ཉིད་མཐོང་སུམ་མཐོང་བས་བརྡ་ལ་བརྟེན་པའི་དགོས་པ་མེད་དོ། །དེས་ན་ཚོགས་སྦྱོར་བའི་རྒྱུད་ཀྱི་མཉམ་བཞག་རྗེས་མཐུན་པ་དེ་ཕྲ་བ་བོན་ཉིད་ལས་ཐོབ་པའི་སེམས་བསྐྱེད་མ་ཡིན་པ་དང་བྱང་སེམས་འཕགས་པའི་རྗེས་ཐོབ་ཡེ་ཤེས་དག་རགས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་མ་ཡིན་པ་ཤེས་ཡོང་། 
  འོ་ན་དོན་དམ་སེམས་བསྐྱེད་དང་ཕྲ་བ་བོན་ཉིད་ལས་ཐོབ་པའི་སེམས་བསྐྱེད་གཉིས་དོན་གཅིག ཀུན་རྫོབ་སེམས་བསྐྱེད་དང་རགས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་གཉིས་དོན་གཅིག་མ་ཡིན་ནམ། ཞེས་ན། འདིར་དཔྱད་དགོས་པར་སྣང་སྟེ། འགྲོ་མགོན་དང་རྗེ་མཉམ་མེད་གཉིས་ཀྱི་ས་ལམ་ལས། འདི་གཉིས་དོན་གཅིག་ཏུ་མ་བཞག་ཅིང་། དོན་གཅིག་བཞག་པའི་དཔེ་ཆ་ནི་མཁན་ཉི་མ་བསྟན་འཛིན་གྱིས་མཛད་པའི《ཕར་ཕྱིན་སྐབས་དང་པོ》དང་། ཁམས་ཆེན་པོ་བརྒྱད་དང་མཚོན་བྱེད་ཞེ་ལྔའི་རྣམ་བཞག་གཉིས་ཡིན་པ་རེད། དེ་གཉིས་ལས《ཁམས་ཆེན་པོ་བརྒྱད་དང་མཚོན་བྱེད་ཞེ་ལྔའི་རྣམ་བཞག་ཅེས་བྱ་བ་བཞུགས》ཞེས་པ་ནི་སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་མཆོག་གིས་ཕར་ཕྱིན་སྐབས་དང་པོ་ལས་བཏུས་པ་ཞིག་ཡིན་པས། འདི་གཉིས་དོན་གཅིག་འདོད་མཁན་རྩ་བ་ཕར་ཕྱིན་སྐབས་དང་པོ་ལ་ཐུག་ཡོད་པ་རེད། དེ་ཡང《ཕར་ཕྱིན་སྐབས་དང་པོ》 ལས“གཉིས་པ་ལ། ཀུན་རྫོབ་སེམས་བསྐྱེད་དང་། དོན་དམ་སེམས་བསྐྱེད་གཉིས་སུ་ཡོད་དེ། ས་ལམ་ལས། ཀུན་རྫོབ་དོན་དམ་སེམས་བསྐྱེད་དང་།། བརྡ་དང་བོན་ཉིད་ལས་ཐོབ་གཉིས།། ཞེས་གསུངས་པའི་ཕྱིར། དང་པོ་ལ། མཚན་ཉིད་དང་རྣམ་གྲངས། མཚན་གཞི་དང་གསུམ། དང་པོ་ནི། ཐེག་ཆེན་སེམས་བསྐྱེད་གང་ཞིག མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ། གཉིས་པ་ནི། དེ་དང་རགས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་དོན་གཅིག གསུམ་པ་ནི། ཐེག་ཆེན་ཚོགས་སྦྱོར་བའི་སེམས་བསྐྱེད་རྣམས་དང་། བྱང་སེམས་ཀྱི་རྗེས་ཐོབ་ཀྱི་ངོ་བོར་གྱུར་པའི་སེམས་བསྐྱེད་ལྟ་བུའོ།། ” (134)ཞེས་མཁན་ཉི་མ་བསྟན་འཛིན་མཆོག་གིས་འདི་གཉིས་དོན་གཅིག་འདོད་དགོས་པའི་རྒྱབ་རྟེན་གྱི་ལུང་ཚིག་ལ་གཞུང་འདིའི་གཙོ་བོའི་རྒྱབ་རྟེན་ཡིག་ཆ་རྣམ་འབྱེད་ཉི་འོད་དང་དཔལ་ཆེན་ཁམས་འགྲེལ་སོགས་གང་ཡང་དྲངས་མེད་པས། དེ་དག་ཏུ་འདི་གཉིས་དོན་གཅིག་བསྟན་མེད་པ་ཤེས་ཐུབ་ཅིང་། ཁོང་གིས་གཞི་བཅོལ་ས་ནི་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་ས་ལམ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་རེད། འདིར་དྲངས་པའི་ས་ལམ་གྱི་ལུང་ཚིག་འདིར་ཧོབ་ཏུ་བལྟས་ན་ཀུན་རྫོབ་སེམས་བསྐྱེད་དང་བརྡ་ལས་བྱུང་བའི་སེམས་བསྐྱེད་གཉིས་དོན་གཅིག དོན་དམ་སེམས་བསྐྱེད་དང་བོན་ཉིད་ལས་ཐོབ་པའི་སེམས་བསྐྱེད་གཉིས་དོན་གཅིག་པའི་རྣམ་པ་ཞིག་ཡོད་རུང་། ང་ཚོས་སེམས་ལྷོད་ལ་ཕབ་སྟེ་རྗེ་ཡི་ས་ལམ་ལ་དབྱེ་ཞིབ་བྱེད་སྐབས་རྗེ་ཡི་ས་ལམ་ལས“ཀུན་རྫོབ་དོན་དམ་སེམས་བསྐྱེད་དང་།། བརྡ་དང་བོན་ཉིད་ལས་ཐོབ་གཉིས།། འཇིག་རྟེན་པ་དང་དེ་ལས་འདས།། མོས་སྤྱོད་ལྷག་བསམ་རྣམ་སྨིན་གསུམ།། གཏན་དུ་བ་ནི་སྨོན་ལམ་ལ།། རེ་འགའི་གྲོགས་ནི་ཕར་ཕྱིན་གཞན།།”ཞེས་འདི་ནི་ཐེག་ཆེན་སེམས་བསྐྱེད་ཀྱི་གནས་སྐབས་ཀྱི་དབྱེ་བ་བསྟན་པ་ཡིན་པ་ལས། དོན་དམ་སེམས་བསྐྱེད་དང་བོན་ཉིད་ལས་ཐོབ་པའི་སེམས་བསྐྱེད་གཉིས་དོན་གཅིག་བསྟན་པ་མ་ཡིན་ཏེ། རྩ་ཚིག་དེར་འགྲེལ་བ་མཛད་སྐབས“ཡུལ་གྱི་སྒོ་ནས་ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེད་གཉིས་སུ་རྣམ་པར་དབྱེ་བ་དང་། ཕྲ་རགས་ཀྱི་སྒོ་ནས་བླངས་པ་བརྡ་ལས་ཐོབ་པ་དང་། བོན་ཉིད་ལས་ཐོབ་པ་གཉིས་སུ་དབྱེ་བའོ།། རྟེན་གྱི་སྒོ་ནས་འཇིན་རྟེན་པའི་སེམས་བསྐྱེད་དང་འཇིག་རྟེན་ལས་འདས་པ་འཕགས་པའི་སེམས་བསྐྱེད་གཉིས་སུ་དབྱེའོ།། ས་མཚམས་ཀྱི་སྒོ་ནས་མོས་སྤྱོད་སེམས་བསྐྱེད་དང་། ལྷག་བསམ་རྣམ་དག་གི་སེམས་བསྐྱེད་དང་། རྣམ་སྨིན་གྱིས་བསྡུས་པའི་སེམས་བསྐྱེད་དང་གསུམ་དུ་དབྱེ་ཞིང་ཕྱེ་བའོ།། རྒྱུ་མཚན་ནི་རིམ་པ་བཞིན་དུ་མོས་པ་ཡིད་ལ་བྱེད་པ་དང་། གཙོ་ཆེར་ཡིད་ལ་བྱེད་པ། ངེས་པར་བྱང་ཆུབ་ཏུ་གྱུར་པ་གསུམ་ལ་ལྟོས་ནས་ཕྱེ་བའོ།། གྲོགས་བླ་མེད་ཀྱི་སྒོ་ནས་གཏན་དུ་བའི་གྲོགས་ནི་སྨོན་ལམ་བླ་མེད་ཡིན་ལ། རེ་འགའི་གྲོགས་ནི་སྦྱིན་པའི་བླ་ན་མེད་པར་ཕྱིན་པ་ལ་སོགས་གཞན་དགུ་དང་འགྲོགས་པའོ།།”ཞེས་གསལ་པོར་གསུངས་འདུག་ལ། ལྷག་པར་དུ་ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེད་གཉིས་ནི་ཡུལ་ལ་ལྟོས་ཏེ་བཞག་པ་ཡིན་པས། ཚོགས་སྦྱོར་བའི་མཉམ་བཞག་རྗེས་མཐུན་རྣམས་དོན་དམ་སེམས་བསྐྱེད་ལ་འདོད་དགོས་པ་ཧ་ཅང་གསལ་པོ་རེད། འདིར་རིགས་སྨྲ་བ་ཁ་ཅིག་གིས་འགྲོ་མགོན་དང་མཉམ་མེད། ཀུན་མཁྱེན་དང་ཡོངས་འཛིན་སོགས་ཀྱི་ཚོགས་ལམ་ནས་ས་བཅུའི་བར་གྱི་མཉམ་བཞག་དོན་དམ་སེམས་བསྐྱེད་བཞག་པ་ལ་ཨུ་ཚུགས་མཐའ་སྐྱེལ་གྱིས་དོན་དམ་སེམས་བསྐྱེད་རྗེས་མཐུན་ལ་དགོངས་པ་རེད་ཅེས་ཀུ་ཅོ་འདོན་པ་ནི་དོན་མེད་ཡིན་པ་ཤེས་པར་མཛོད། དེས་ན་མཁན་ཉི་མ་བསྟན་འཛིན་མཆོག་གིས་ཕར་ཕྱིན་སྐབས་དང་པོར་འདི་དག་དོན་གཅིག་བཞག་པ་ནི་རྗེ་མཉམ་མེད་ཆེན་པོའི་ས་ལམ་ཞིབ་གཟིགས་མ་མཛད་པས་ཡིན་ལ། ཁོང་གིས་ཕར་ཕྱིན་ལས་དོན་དམ་སེམས་བསྐྱེད་ཀུན་རྫོབ་སེམས་བསྐྱེད་བསྟན་སྐབས་རྗེ་ཡི་ས་ལམ་ལས“ཀུན་རྫོབ་དོན་དམ་སེམས་བསྐྱེད་དང་།།”ཞེས་པའི་ཚིག་དེ་གཅིག་པུ་དྲངས་རྒྱུ་ལས། དེའི་ཚིག་གྲོགས་ལ“བརྡ་དང་བོན་ཉིད་ལས་ཐོབ་གཉིས།།”ཞེས་པ་འདི་དྲངས་དགོས་དོན་མེད་དོ།། གཞན་ཡང་ཁོང་གིས་ཀུན་རྫོབ་སེམས་བསྐྱེད་ཀྱི་མཚན་གཞི་ལ། “ཐེག་ཆེན་ཚོགས་སྦྱོར་བའི་སེམས་བསྐྱེད་རྣམས”བཞག་ཅིང་། མཚོན་བྱེད་ཞེ་ལྔ་ལས།“ཐེག་ཆེན་ཚོགས་སྦྱོར་བའི་རྒྱུད་ཀྱི་སེམས་བསྐྱེད”ཅེས་གསུངས་པ་ནི་ཀུན་རྫོབ་སེམས་བསྐྱེད་དང་རགས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་དོན་གཅིག་བཞག་པའི་གནད་ཀྱིས་ཡིན་ལ། ཕྱོགས་གཞན་ཞིག་ནས་འགྲོ་མགོན་དང་མཉམ་མེད་ཀྱི་ལུང་ཚིག་ལ་བརྟེན་ནས་དོན་དམ་སེམས་བསྐྱེད་མཚན་གཞི་ལ། “ཐེག་ཆེན་ཚོགས་ལམ་ནས་ས་བཅུའི་བར་གྱི་མཉམ་བཞག་ཡེ་ཤེས”བཞག་པ་ལྟ་བུ། ནང་འགལ་དུ་སོང་བའང་ཡོད་དེ། དཔེར་ན། ཚོགས་སྦྱོར་གྱི་མཉམ་བཞག་རྗེས་མཐུན་དོན་དམ་སེམས་བསྐྱེད་ཡིན་ན་ཐེག་ཆེན་ཚོགས་སྦྱོར་བའི་རྒྱུད་ཀྱི་སེམས་བསྐྱེད་ཀུན་རྫོབ་སེམས་བསྐྱེད་ཀྱི་མཚན་གཞི་འཇོག་མི་རུང་བ་རིགས་སྨྲ་བ་སུས་ཀྱང་ལོས་ཤེས། དེས་ན་ཀུན་རྫོབ་སེམས་བསྐྱེད་དང་རགས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད། དོན་དམ་སེམས་བསྐྱེད་དང་བོན་ཉིད་ལས་ཐོབ་པའི་སེམས་བསྐྱེད་གཉིས་དོན་གཅིག་མ་ཡིན་པ་ཤེས་པ་མ་ཟད། ལོ་ཟླ་རིང་པོ་ཞིག་ནས་རིག་སྨྲ་བ་མང་པོས་ཚོགས་སྦྱོར་གྱི་མཉམ་བཞག་དོན་དམ་སེམས་བསྐྱེད་རྗེས་མཐུན་པ་ཡིན་ལྟ་བུ་དང་རགས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་ཅེས་པའི་དོན་ནི་རྟོགས་བྱ་གཙོ་བོ་ཀུན་རྫོབ་ཡིན་པའི་ཆ་ནས་འཇོག་དགོས་ལྟ་བུ། ལུང་དོན་དང་ཚིག་དོན་བར་ལ་འབྲེལ་མེད་ཀྱི་དགོངས་པ་རྒྱག་དགོས་པ་དུ་མ་ཞིག་བྱུང་བ་ནི་མཁན་ཉི་མ་བསྟན་འཛིན་མཆོག་གིས་རྗེ་ཡི་ས་ལམ་གྱི་ལུང་ཚིག་གཅིག་ལ་ཞིབ་གཟིགས་མ་མཛད་པ་ལས་བྱུང་བ་ཡིན་ནོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།