ཐུགས་རྗེ་སེམས་དཔའི་གྲུབ་མཐའི་ལྟ་བའི་རྣམ་བཞག་ལ་རགས་ཙམ་དཔྱད་པ།

[ཟླ་ཚེས། 2020-04-04 20:08:33][རྩོམ་པ་པོ། སྣང་ཞིག་པ་ནོར་བུ་ཚེ་རིངམ་བློ་གྲོས་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཕྱོགས་བཅུ་ན་བཞུགས་པའི་དུས་གསུམ་གྱི་བླ་མ་དང་བདེ་བར་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །
ཤེས་བྱའི་གནས་ལུགས་གསལ་ལ་རྟོག་མེད་པ། །
མི་རྟོག་ཡེ་ཤེས་ཡུལ་དུ་ཀུན་མཁྱེན་ཞིང་།།
གདུལ་བྱ་གཞན་ལ་གཟིགས་པའི་བརྩེ་སེམས་ཅན།།
བསྟན་པའི་མངའ་བདག་དེ་ལ་ཕྱག་འཚལ་ལོ། །
 
བསྐ༵ལ་པ་གྲངས་མེད་གསུམ་ལ་བློ༵་ཡང་སྦྱང་།།
བཟ༵ང་དགུའི་ཡོན་ཏན་ཐོས་བསམ་གྲོ༵ས་ལས་གྲོལ།།
བློ༵་གཤོགས་ཆེན་པོས་འགྲོ་དྲུག་ཐོག༵ས་མེད་འདྲེན།།
གྲོ༵ས་མཐུན་སྣང་སྟོན་རྣམ་གཉིས་བླ་མེ༵ད་རྗེ།།
   ཅེས་མཆོད་བརྗོད་དད་པའི་ལྷ་རྫས་སྔོན་དུ་བཏང་ནས། འདིར་ཁུངས་དག་བོན་ཀྱི་བཀའ་དང་བཀའ་བརྟེན་རེ་འགའ་ལ་གཞི་བཅོལ་ཏེ་ཐུགས་རྗེ་སེམས་དཔའི་ལྟ་བའི་སྐོར་རགས་ཙམ་གླེང་བར་བྱ་བ་ལ། དོན་གཉིས་ཏེ། སྤྱི་དང་བྱེ་བྲག་གཉིས་ཀྱི་སྒོ་ནས་གླེང་བའོ།། དང་པོ་ལ་ཡང་། ཐུགས་རྗེ་སེམས་དཔའ་ཞེས་པའི་ཚིག་ལ་བསམ་སྟེ་གོ་དོན་འཚོལ་བ་དང་།  སྐྱེ་མཆེད་ཡང་འཁྲུལ་གཉིས་ཀྱི་གོ་བ་རགས་ཙམ་གླེང་བ་དང་།  དེ་གཉིས་ཀྱི་འགལ་མཚམས་རགས་ཙམ་བརྗོད་པའོ།།
   དང་པོ་ཐུགས་རྗེ་སེམས་དཔའ་ཞེས་པའི་ཚིག་ལ་བསམ་སྟེ་གོ་དོན་འཚོལ་བ་ལ། སྟོན་པ་གཤེན་རབ་མི་བོས་མཛད་པའི (1)《 སྤྱི་རྒྱུད་ནམ་མཁའ་དཀར་པོ་ཡེ་ཁྲི་མཐའ་སེལ་གྱི་རྒྱུད་ལས་གནས་པ་གཞིའི་བམ་པོ 》ལས “སྤངས་དང་ཡེ་ཤེས་ཐུགས་རྗེ་ཡི། ཕྲིན་ལས་ཕུན་སུམ་ཚོགས་ལྡན་པས། དེ་དོན་གཞན་ལ་སྒྲོགས་བྱེད་པ། ཐུགས་རྗེ་མིང་གི་ངེས་ཚིག་ཡིན། ”ཞེས་གསུངས་པའི་ཕྱིར་ན་ཐུགས་རྗེ་སེམས་དཔས་ནི་གཞན་དོན་དུ་སེམས་དཔའ་ཞིང་སྙིང་རྗེ་ཆེན་པོའི་སྒོ་ནས་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བསླབ་པས་སམ་ཡང་ན་བོན་ཐམས་ཅད་མཐར་ཐུགས་གཉིས་མེད་ཀྱི་རང་རིག་ལ་ཐུག་པར་འདོད་ཅིང་དེ་དོན་གཞན་ལ་སྟོན་པས་ན་ཐུགས་རྗེ་སེམས་དཔའི་ཐེག་པ་ཞེས་བརྗོད་པ་ཡིན་པར་མངོན།  ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་ཀྱང(2)《ཤེར་ཕྱིན་སྐབས་དང་པོ》ལས “གཞན་དོན་གཙོ་བོར་བྱེད་པ་ཐུགས་རྗེ་དང་། བོན་ཐམས་ཅད་སེམས་ཙམ་དུ་ལྟ་བས་སེམས་དཔའ།”  ཞེས་ཀྱང་གསུངས་སོ།   ཐེག་པ་འདི་ལའང་ཐེག་པ་གཞན་དང་འདྲ་བར་སྤྱི་དོན་བདུན་གྱིས་འཆད་དེ།  བདུན་གང་ཞེ་ན།  རྟོགས་པའི་ལྟ་བ་དང་།  སྲུང་བའི་དམ་ཚིག་དང་།  སྒོམ་པའི་རིམ་པ་དང་།  སྒྲུབ་པའི་ཐབས་དང་།  སྤྱོད་པའི་ཕྲིན་ལས་དང་།  གྲུབ་པའི་འབྲས་བུ་དང་།  ཐེག་པ་འོག་མ་ལས་ཁྱད་འདོད་པའོ།།  སྐབས་འདིར་རྟོགས་པའི་ལྟ་བའི་སྐོར་མ་གཏོགས་གཞན་བཤད་མེད་དོ།།  རྟོགས་པའི་ལྟ་བ་(3)དང་ལྟ་བ་གཉིས་ལའང་ཁྱད་པར་ཡོད་སྙམ།
   དེ་ཡང་སྟོན་པ་གཤེན་ལྷ་འོད་དཀར་གྱིས་མཛད་པའི(4)《ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད》ལས “ཕྱི་ནང་ལོག་ན་མེད་པས་གཟུང་འཛིན་བྲལ་བའི་སེམས།། ཉམས་མྱོང་ཤེས་པའི་རྣམ་པ་འདུག་བཅས་ལྟ།། ”ཞེས་གསུངས་པ་ལྟར། ཐེག་པ་འདིའི་ལྟ་བའམ་གྲུབ་མཐའི་ཆ་ནས་བཤད་ན། ཕྱི་དང་ནང་གི་བོན་རྣམས་ལོག་ན་མ་གྲུབ་པའམ་ཕྱི་ཐམས་ཅད་ནང་ལས་ལོག་གེ་བ་དང་ནང་གི་བོན་ཐམས་ཅད་ཕྱི་དང་གཉིས་སུ་ལོག་གེ་བ་མེད་པས། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དེ་དོན་དམ་པར་འདོད་ཅིང་། དེ་ལྟ་བུའི་ཤེས་པའི་རྣམ་པའམ་ལྟ་སྟང་དེ་ནི་གཟུང་འཛིན་རྫས་གཞན་གྱིས་སྟོང་བར་འདུག་པས་དེའི་སྟོང་ཆའམ་སྟོང་ཉིད་དེ་མཐར་ཐུག་གི་ལྟ་བར་འདོད་པ་ཡིན་ཞིང་།  གྲུབ་མཐའ་འདི་ལ་གཞན་སྡེའི་སེམས་ཙམ་པའི་གྲུབ་མཐའམ་རྣམ་པར་ཤེས་པ་ཙམ་དུ་སྨྲ་བའི་གྲུབ་མཐའ་ཞེས་ཀྱང་བརྗོད།   ཁ་ཅིག་གིས་རང་རིག་དེ་ཉིད་ཐེག་པ་འདིའི་རྟོགས་པའི་ལྟ་བ་རེད་དེ། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི(5)《ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག》ལས་“རང་རིག་ཙམ་ནི་བཞི་ཀས་ཡོངས་གྲུབ་ཏུ་འདོད་པའོ།།”  ཅེས་ དང་།  “རང་རིག་རང་གསལ་བློ་གང་གིས་མི་འགྱུར་བས་ཡོངས་གྲུབ་ཏུ་འདོད་དོ།།”  ཞེས་གསུངས་པའི་ཕྱིར་ན།  དེས་ནི་རང་རིག་དེ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ལ་བཞག་པ་ཡིན་པས་ན།  རྟོགས་པའི་ལྟ་བ་ལ་འཇོག་མི་འོས་ཏེ།  ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ནི།  ཡུལ་གྱི་མིང་གིས་ཡུལ་ཅན་ལ་བཏགས་པ་མ་གཏོགས་དོན་ལ་ཡོངས་གྲུབ་མ་ཡིན་ནོ། དེ་ཡང་སྒྲ་སྒྱུར་ཤ་རི་དབུ་ཆེན་གྱིས་མཛད་པའི (6)《བོན་ཐམས་ཅད་ཀྱི་ཡང་སྙིང་གཏན་ཚིགས་ངེས་པའི་གལ་མདོ་ཏན་ཏྲ་ཉི་མའི་འཁོར་ལོ》ལས“ རང་དབང་གཟུང་དང་འཛིན་པའི་ཡུལ་ལས་འདས། །” ཅེས་དང་།  “རྒྱུས་སྐྱེད་གཞན་དབང་དེས་དབྱེན་རང་དབང་གྲུབ།།” ཞེས་གསུངས་པས་ཤུགས་ལས་རྟོགས་སོ།། དེས་ན་རྩོད་སྤོང་ནི་དེ་ཙམ་མོ།།
   སྤྱིིར་ཐུགས་རྗེ་སེམས་དཔའི་ལུགས་ལ་ཡོད་པ་ཐམས་ཅད་བག་ཆགས་བརྟན་འབྱུང་གི་དབང་གིས་བྱུང་བས་རང་འཛིན་ཤེས་པ་དང་རྫས་ཐ་དད་མེད་ཅིང་ཕྱི་རོལ་གྱི་དོན་མེད་པར་སྨྲའོ།  དེས་ཕྱིར་ན་བོན་ཐམས་ཅད་ཤེས་པ་དང་ངོ་བོ་གཅིག་ཏུ་འདོད་པས་སེམས་ཙམ་པ་ཞེས་ཟེར་ན་ཡང་གནོད་པ་མེད་པར་སྙམ་སྟེ། ཐུགས་རྗེ་སེམས་དཔའི་ཐེག་པའི་མཚན་ཉིད་ལ་ཡང་། ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད་པའི (7)《ཤེར་ཕྱིན་སྐབས་དང་པོ་ལས།》  “དང་པོ་ནི། མཚན་ཉིད་ཀྱི་ཐེག་པ་ཆེན་པོའི་ལྟ་སྤྱོད་ལ་འདེགས་བྱེད་ཀྱི་བློ་སྟོབས་དང་།   གཟུང་འཛིན་གཉིས་མེད་ཀྱི་སེམས་དོན་དམ་དུ་འདོད་པ་གཞི་མཐུན་པའོ།”ཞེས་གཉིས་མེད་ཀྱི་ཤེས་པ་གཙོ་བོ་རུ་སྨྲས་པ་ལ་དགོས་པ་ཡོད་པའི་ཕྱིར།
   དེ་ལ་ཡང་ནང་གསེས་བཞིར་བྱུང་སྟེ།   སྟོན་པ་གཤེན་རབ་མི་བོས་མཛད་པའི(8)《 ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་མེ་ལུང་དགུ་སྐོར》ལས “དེ་ལས་ཐེག་པ་ཆེན་པོ་འདི་ལ་གཞུང་ལུགས་གཉིས་སུ་འདོད་དེ།  ཤེས་པའི་ སྐྱེ་མཆེད་ཡང་དག་ཏུ་འདོད་པ་དང། ཤེས་པའི་སྐྱེ་མཆེད་འཁྲུལ་བར་འདོད་པའོ།  དེ་ལས་ཤེས་པའི་སྐྱེ་མཆེད་ཡང་དག་ཏུ་འདོད་པ་ལ་གཉིས་ཏེ། སྐྱེ་མཆེད་སྣ་ཚོགས་གཅིག་ཏུ་བདེན་པ་རྒྱུ་འབྲས་དང་བཅས་པ་དང་།  རྒྱུ་འབྲས་མེད་པའི་སྐྱེ་མཆེད་དོ། སྐྱེ་མཆེད་འཁྲུལ་བར་འདོད་པ་ལ་གཉིས་ཏེ། སྐྱེ་མཆེད་མཐའ་དག་འཁྲུལ་བར་འདོད་པ་དང་། ཕྱོགས་གཅིག་འཁྲུལ་བར་འདོད་པའོ། ། དེ་བཞི་ནི་གཞན་མཐའ་དག་མཐུན་པ་ལ། ལྟ་བ་ཕྱོགས་རེ་ཙམ་མ་མཐུན་པས་བཞི་རུ་ཕྱེས་པའོ། །”ཞེས་གསུངས་པས། བཞི་གང་ཞེ་ན། སྐྱེ་མཆེད་སྣ་ཚོགས་གཅིག་ཏུ་བདེན་པ་རྒྱུ་འབྲས་དང་བཅས་པ་དང་།  རྒྱུ་འབྲས་མེད་པའི་སྐྱེ་མཆེད་དང་།  སྐྱེ་མཆེད་མཐའ་དག་འཁྲུལ་བར་འདོད་པ་དང་། ཕྱོགས་གཅིག་འཁྲུལ་བར་འདོད་པ་དང་བཞི་སྟེ་འོག་ཏུ་འཆད་དོ། མདོར་ན་ཐུགས་རྗེ་སེམས་དཔའ་ཞེས་པ་ནི་གཞན་དོན་དུ་སྙིང་རྗེ་ཆེན་པོ་རྒྱུད་ལ་ལྡན་ཞིང་ཕྱི་ནང་གི་བོན་རྣམས་གཉིས་མེད་དུ་འདོད་པའི་སེམས་སྟོབས་ལྡན་མཁན་ཞིག་དང་རང་རིག་གི་མྱོང་ཚོར་དེ་ཡང་དག་པར་འདོད་མཁན་ཞིག་ཡིན།
གཉིས་པ། སྐྱེ་མཆེད་ཡང་འཁྲུལ་གཉིས་ཀྱི་གོ་བ་རགས་ཙམ་གླེང་བ།
    ཐེག་པ་འདི་ལ་སྤྱིར་འདོད་ཚུལ་མི་འདྲ་བ་གཉིས་ཏེ། གཉིས་ནི།  ཤེས་པའི་སྐྱེ་མཆེད་ཡང་དག་ཏུ་འདོད་པ་དང་འཁྲུལ་བ་འདོད་པ་གཉིས་ཡིན་ཏེ།  རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི(9)《ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག》ལས “དེ་ལས་ཐེག་པ་ཆེན་པོ་འདི་ལ་གཞུང་ལུགས་གཉིས་སུ་འདོད་དེ།  ཤེས་པའི་སྐྱེ་མཆེད་ཡང་དག་ཏུ་འདོད་པ་དང་།  ཤེས་པའི་སྐྱེ་མཆེད་འཁྲུལ་བར་འདོད་པའོ།།  ”ཞེས་གསུངས་སོ།།  དེ་ལས་དང་པོ་ཤེས་པའི་སྐྱེ་མཆེད་ཡང་དག་ཏུ་འདོད་པ་བས་ནི་སོ་སྐྱེས་ཐ་མར་བ་ལ་སྣང་བའི་སྣང་ཚུལ་ལྟར་གྱི་གཟུགས་སོགས་དང་། སངས་རྒྱས་ཀྱི་སའམ་ལེགས་པའི་བློ་གྲོས་ཡན་ཆད་ལ་སྣང་བའི་གཟུགས་སོགས་ཏེ་ཤེས་པའི་སྐྱེ་མཆེད་ནི།  ཡང་དག་ཏུ་ཡོད་པ་དང་།  དོན་རང་མཚན་དུ་ཡོད་ཚུལ་སོགས་གཅིག་པ་དང་།  སྣང་ཚུལ་ལ་ཡང་ཁྱད་པར་མེད་པ་འདོད་པས་སྐྱེ་མཆེད་ཡང་དག་ཏུ་འདོད་པ་བ་ཞེས་གསུངས་པ་ཡིན་པར་སྙམ་ཞིང་།  དེ་ལ་གཞན་སྡེའི་སེམས་ཙམ་རྣམ་བདེན་པ་ཞེས་ཀྱང་བརྗོད།   དེ་ཡང་།  འདིས་སྔོན་འཛིན་མིག་ཤེས་ལ་སྣང་བའི་སྔོན་པོའི་རྣམ་པ་དེ་ཉིད་དོན་དམ་པར་སྔོན་པོ་ཡིན་པར་འདོད་པའོ།།
   སྐྱེ་མཆེད་ཡང་དག་པ་ལ་ཡང་བྱེ་བྲག་གམ་ནང་གསེས་སུ་གཉིས་ཏེ།  གཟུགས་སོགས་སྐྱེས་བུའི་སྣང་ཡུལ་དུ་གྱུར་བའི་བོན་ཐམས་ཅད་ཤེས་རིག་གཅིག་གི་ངོར་བདེན་ཞིང་། ཤེས་རིག་དེ་ཡང་སྔ་ཕྱིའི་གཟུང་འཛིན་གྱི་ཆ་དང་བཅས་པའི་རྒྱུ་འབྲས་དང་བཅས་པར་འདོད་པ་དང་།  ཤེས་རིག་དེ་རྒྱུ་འབྲས་དང་མ་བཅས་ཤིང་སྣང་བ་སྣ་ཚོགས་དོན་དམ་པར་མེད་པར་འདོད་པའི་རྒྱུ་འབྲས་མེད་པའི་སྐྱེ་མཆེད་པ་གཉིས་སོ།། དེ་གཉིས་སྡེ་གཅིག་དུག་འཇོག་པ་ཡང་གོང་གསལ་གྱི་ཤེས་པའི་སྐྱེ་མཆེད་དེ་ཡང་དག་པར་འདོད་པ་མཐུན་པའི་གནད་ཀྱིས་སོ།།
   གཉིས་པ་སྐྱེ་མཆེད་འཁྲུལ་བར་འདོད་པ་བས་ནི།  སོ་སོའི་སྐྱེ་བོ་ལ་སྣང་བའི་སྣང་ཚུལ་ལྟར་གྱི་གཟུགས་སོགས།  བདེན་པར་མ་གྲུབ་པ་དང་།  དོན་རང་མཚན་དུ་མ་གྲུབ་པར་འཁྲུལ་བར་འདོད་པས་འཁྲུལ་པ་བ་ཞེས་བརྗོད་པ་ཡིན་སྙམ། དེ་ལ་ཡང་གཞན་སྡེའི་སེམས་ཙམ་རྣམ་རྫུན་པ་ཞེས་བརྗོད། དེ་ཡང་།  འདིས་བདེན་འཛིན་ནམ་ཕྱི་དོན་འཛིན་པའི་བློས་སླད་ཞུགས་པའི་སྔོན་འཛིན་མིག་ཤེས་ལ་སྣང་བའི་སྔོན་པོའི་རྣམ་པ་དེ་ཉིད་དོན་དམ་པར་སྔོན་པོ་མིན་ཞིང་།  དེ་ཉིད་བག་ཆགས་མི་བརྟན་པའི་དབང་གིས་ཕྱི་དོན་གྱི་སྔོན་པོར་སྣང་བ་ཙམ་ལས་དོན་དུ་རྫུན་པ་ཡིན་པར་འདོད།
   སྐྱེ་མཆེད་འཁྲུལ་བར་འདོད་པ་ལ་འང་གཉིས་ཏེ།  སོ་སོའི་སྐྱེས་བོའི་མིག་སོགས་དབང་པོ་ལྔ་ལ་སྣང་བའི་ཡུལ་དུ་གྱུར་བའི་བོན་དང་།   བདེ་སྡུག་ལ་སོགས་རང་རིག་གི་མྱོང་ཡུལ་དུ་གྱུར་བའི་སྣང་བ་གཉིས་པོ་དེ་འཁྲུལ་བར་འདོད་པའི་མཐའ་དག་འཁྲུལ་བ་པ་དང་།  སོ་སོའི་སྐྱེས་བོའི་མིག་སོགས་སྐྱོན་ཅན་གྱི་དབང་པོ་ལྔའི་སྣང་བའི་ཡུལ་དུ་གྱུར་བའི་བོན་འཁྲུལ་བ་རུ་འདོད་ཀྱང་།  བདེ་སྡུག་ལ་སོགས་སྣང་བའི་བློ་མ་འཁྲུལ་བར་འདོད་པའི་སྐྱེ་མཆེད་ཕྱོགས་གཅིག་འཁྲུལ་བར་འདོད་པ་དང་གཉིས་སོ།། དེ་གཉིས་གཅིག་ཏུ་འཇོག་པ་ཡང་གོང་གི་སྐྱེ་མཆེད་དེ་འཁྲུལ་བར་འདོད་པ་མཐུན་པས་ཡིན།
གསུམ་པ་དེ་གཉིས་ཀྱི་འགལ་མཚམས་རགས་ཙམ་བརྗོད་པ།
   དེ་ཡང་སྟོན་པ་གཤེན་རབ་མཆོག་གིས་མཛད་པའི(10) 《ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་མེ་ལུང་དགུ་སྐོར》ལས  “དེ་ལྟར་སྐྱེ་མཆེད་ཡང་དག་པ་ན་རེ།  ཁ་དོག་དང་དབྱིབས་ཀྱི་སྐྱེ་མཆེད་སྣ་ཚོགས་མེད།  སྣ་ཚོགས་སུ་སྣང་བ་ཤེས་པའི་སྐྱེ་མཆེད་ཡིན་ཏེ།  དེ་ཤེས་པའི་ངོ་བོར་བདེན།  དེ་ཡང་ཁ་དོག་སྣ་ཚོགས་སུ་སྣང་བའི་ཤེས་པའི་སྐྱེ་མཆེད་དང་།  ཤེས་པ་རང་གི་ངོ་བོ་བདག་ཉིད་གཅིག་པའི་འབྲེལ་བ་འདོད་དེ། གཞན་དབང་དུ་འདོད་དོ། ། 
   སྐྱེ་མཆེད་འཁྲུལ་པ་བ་ན་རེ།  ཁ་དོག་དབྱིབས་ཀྱི་སྐྱེ་མཆེད་སྣ་ཚོགས་སུ་སྣང་བ་འདི་རྫུན་པར་འདོད།  ཀུན་བཏགས་སུ་འདོད།  དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་འདོད་དེ།  སྐྱེ་མཆེད་དང་ཤེས་པ་རང་གི་ངོ་བོ་ལ་འབྲེལ་བ་མེད་པར་འདོད་དོ།། ”  ཅེས་གསུངས།  ཤེས་པའི་སྐྱེ་མཆེད་ཡང་དག་ཏུ་འདོད་པ་དང་ཤེས་པའི་སྐྱེ་མཆེད་འཁྲུལ་བར་འདོད་པ་གཉིས་ཀྱི་འགལ་མཚམས་སམ་མི་མཐུན་པར་རྩོད་པའི་གཞི་ནི་ཤེས་པའི་སྐྱེ་མཆེད་ཅེས་པ་དེ་ཡིན།  དེ་ཡང་ཡང་དག་པས་ཤེས་པའི་སྐྱེ་མཆེད་དེ་གཞན་དབང་དུ་འདོད་ལ།  འཁྲུལ་བ་པས་དེ་ཀུན་བཏགས་སུ་འདོད་པས་དེའི་ཐོག་ནས་གྲུབ་མཐའ་གཉིས་སུ་བྱུང་བ་ཡིན་པར་མངོན།
   འོ་ན་དེ་ལྟ་བུའི་ཤེས་པའི་སྐྱེ་མཆེད་ཅེས་པ་དེ་གང་ཞིག་ལ་ངོས་འཛིན་ཞེ་ན།  ཟབ་མོ་སྟོང་པ་ཉིད་ལ་བཞག་ན་མི་རུང་སྟེ།  ཡང་འཁྲུལ་གཉིས་ཀས་དེ་བདེན་པ་ཡོངས་གྲུབ་ཏུ་འདོད་པའི་ཕྱིར། རང་རིག་དང་གཞན་རིག་ལྟ་བུའི་ཤེས་པ་ཞིག་ལ་བཞག་ན་ཡང་མི་རུང་སྟེ།  དེ་ཡང་འཁྲུལ་གཉིས་ཀས་གཞན་དབང་དུ་འདོད་པའི་ཕྱིར།  ཡང་དག་པ་མ་ཡིན་པའི་རྟག་པའི་རིགས་ལ་བཞག་ན་ཡང་མི་རུང་སྟེ།  དེ་ཡང་འཁྲུལ་གཉིས་ཀས་ཀུན་བཏགས་སུ་འདོད་པའི་ཕྱིར།  གཟུང་འཛིན་རྒྱང་ཆད་དུ་སྣང་བའི་སྣང་ཚུལ་གྱི་སྣང་བ་འམ་ཕྱི་དོན་གྱི་འཛིན་པས་སྒྲོས་བཏགས་པ་ལྟ་བུ་ལ་ཡང་བཞག་ན་མི་རུང་སྟེ།  དེ་དེ་གཉིས་ཀའི་ལུགས་ཀྱི་དགག་བྱ་མཐར་ཐུག་ཏུ་འཇོག་དགོས་པའི་ཕྱིར།  དེས་ན་ སོ་སོའི་སྐྱེ་བོ་ལ་སྣང་བའི་གཟུགས་སོགས་དོན་ལྔ་ལྟ་བུ་ལ་བཞག་ན་འོས་པར་སྙམ།  སྐྱེ་མཆེད་ཡང་དག་པའི་ལུགས་ལ་སོ་སྐྱེས་ཀྱི་སྣང་ཡུལ་གཟུགས་སྒྲ་སོགས་ཀྱི་སྐྱེ་མཆེད་ནི་གཞན་དབང་ཡིན་ལ།  དེ་ཡང་བདེན་པར་གྲུབ་པ་དང་།  རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། འཁྲུལ་པ་བའི་ལུགས་ལ་དེ་དག་ནི་ཀུན་བཏགས་ཡིན་ལ།  དེ་ཡང་བདེན་པར་མ་གྲུབ་པ་དང་། རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་འདོད་དོ།  འོ་ན་གོང་དུ་སྟོན་པའི་ཐེག་འགྲེལ་ལས་སྐྱེ་མཆེད་ཡང་དག་པའི་ལུགས་སྟོན་པའི་སྐབས་སུ་ཁ་དོག་དང་དབྱིབས་ཀྱི་སྐྱེ་མཆེད་སྣ་ཚོགས་མེད་ཅེས་གསུངས་པས་སྐྱེ་མཆེད་ཡང་དག་འདོད་པར་འགལ་སྙམ་ན། དེ་ནི་སོ་སོའི་སྐྱེ་བོའི་སྣང་ཚུལ་ལ་གཟུང་འཛིན་རྒྱང་ཆད་དུ་གྲུབ་པ་ལྟར་སྣང་བའི་སྣང་ཚུལ་དེ་ལྟར་དུ་མ་གྲུབ་པས་དེ་སྐད་གསུངས་པ་ཡིན་སྙམ་སྟེ།   རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི(11)《ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག》ལས། “སྣ་ཚོགས་སུ་སྣང་བ་ཤེས་པའི་སྐྱེ་མཆེད་ཡིན། ”ཅེས་གསུངས་སོ། །
   དེ་ཡང་གོང་དུ་གསུངས་པ་ལྟར་སྐྱེ་མཆེད་ཡང་དག་པ་བས།  ཁ་དོག་སྣ་ཚོགས་སུ་སྣང་བའི་ཤེས་པའི་སྐྱེ་མཆེད་དེ་ཁ་དོག་སྣ་ཚོགས་སུ་སྣང་བའི་ཤེས་པའི་ངོ་བོར་བདེན་པ་དང་།  དེའི་ངོར་རང་མཚན་དུ་གྲུབ་དང་། ཡང་དག་པར་གནས་པ་རུ་འདོད་པ་དང་།   ཁ་དོག་སྣ་ཚོགས་སུ་སྣང་བའི་ཤེས་པའི་སྐྱེ་མཆེད་དེ་ཁ་དོག་སྣ་ཚོགས་སུ་སྣང་བའི་ཤེས་པ་དང་བདག་ཉིད་གཅིག་པའི་འབྲེལ་བ་ཡོད་པར་འདོད་དོ།།  སྐྱེ་མཆེད་འཁྲུལ་བར་འདོད་པ་བས།  དེ་ལས་ལྡོག་སྟེ།  སྣ་ཚོགས་སུ་སྣང་བའི་ཤེས་པའི་སྐྱེ་མཆེད་ཤེས་པ་རང་གི་ངོར་མི་བདེན་པར།  ཡང་དག་པར་མི་གནས་པ་དང་རང་མཚན་དུ་མ་གྲུབ་པར་འདོད་པའོ།། དེ་ཡང་ཁ་དོག་སྣ་ཚོགས་དང་ཤེས་པ་གཉིས་ལ་འབྲེལ་བ་མེད་པར་འདོད་པ་མ་ཟད་དེ་ལས་གཞན་དུ་འང་མ་གྲུབ་པར་འདོད།  འདིས་ཀྱང་ལེགས་པའི་བློ་གྲོས་མན་ཆད་ཀྱི་སྣང་ཡུལ་དུ་གྱུར་བའི་གཟུགས་སོགས་སྒྲོ་བཏགས་དང་རྫུན་པའི་གཞི་མཐུན་དུ་འདོད་དེ། བོན་གྱི་སྤྱན་ལྡན་ཆེན་མོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི(12)《ཐེག་པ་ཆེ་ཆུང་གོང་འོག་རྣམ་པར་འབྱེད་པའི་གལ་མདོ་ངེས་པའི་གཏན་ཚིགས་དྲི་མེད་གསལ་སྒྲོན》ལས། “གཤེན་རབ་རྣམ་མེད་པ་ནི་ཕྱིའི་ཡུལ་གཟུགས་ལས་སོགས་སྒྲོ་བཏགས་རྫུན་པ་ཡིན་ལ།  ནང་གི་རིག་པ་བདེ་སོགས་བདེན་པ་ཡང་དག་གི་དངོས་པོར་འདོད་དོ” ཞེས་གསུངས་བའི་ཕྱིར།  དེ་ནི་སྐྱེ་མཆེད་འཁྲུལ་པ་བ་ལ་བྱེད་དགོས་ཏེ།  དེ་ལྟར་འདོད་མཁན་ནི་ཐུགས་རྗེ་སེམས་དཔའ་ལ་གཉིས་ཡོད་པའི་དེ་མ་གཏོགས་སྐྱེ་མཆེད་ཡང་དག་པས་དེ་མི་འདོད་པའི་ཕྱིར། མདོར་ན་སྐྱེ་མཆེད་ཡང་དག་པས་སོ་སྐྱེས་དང་སངས་རྒྱས་གང་ལ་གཟུགས་སོགས་རང་སྐྱང་བ་དག་སྣང་ཚེ་སྣང་ཚུལ་དང་མཐུན་པར་མ་འཁྲུལ་བར་བདེན་པ་རུ་འདོད། འཁྲུལ་བ་བས་དེ་ལས་ལྡོག་སྟེ་ས་བརྒྱད་པ་ཡན་མན་གཉིས་སུ་ཕྱེས་ནས་མན་ཆད་ཀྱི་སྣང་ཚུལ་འཁྲུལ་བ་ཀུན་བཏགས་དང་ཡན་ཆད་ལ་མན་ཆད་ཀྱི་སྣང་ཚུལ་དེ་འགགས་ནས་ཤེས་པ་རང་སྐྱང་བ་འདོད་པས་དེ་གཉིས་འགལ་ལོ།།གཞན་ཡང་དེ་གཉིས་ཀྱིས་མཚན་ཉིད་གསུམ་འདོད་ལུགས་མི་འདྲ་ཞིང་།  མཁས་པ་རྣམས་ཀྱིས་གསུངས་ཚུལ་ལའང་རིགས་དུ་མར་ཡོད་པས་འདིར་མ་བཤད།  ཡིན་ན་ཡང་བློ་གྲོས་དང་ལྡན་པ་རྣམས་ཀྱིས་དོན་དུ་གཉེར་པར་སྐུ་དྲིན་ཆེའོ།།                                                                                         
གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས།
   སྐྱེ་མཆེད་སྣ་ཚོགས་གཅིག་ཏུ་བདེན་པ་རྒྱུ་འབྲས་དང་བཅས་མ་བཅས་གཉིས་ཀྱི་འགལ་མཚམས་དང་།  སྐྱེ་མཆེད་མཐའ་དག་འཁྲུལ་པར་འདོད་པ་དང་ཕྱོགས་གཅིག་འཁྲུལ་པར་འདོད་པ་གཉིས་ཀྱི་འགལ་མཚམས་བཤད་པ་དང་གཉིས་སོ།།
   དང་པོ། སྐྱེ་མཆེད་སྣ་ཚོགས་གཅིག་ཏུ་བདེན་པ་རྒྱུ་འབྲས་དང་བཅས་མ་བཅས་གཉིས་ཀྱི་འགལ་བའི་གཞི་འམ་མི་མཐུན་པའི་གནས་ནི་སྐྱེ་མཆེད་སྣ་ཚོགས་དང་རེག་པ་བདེ་སྡུག་ལ་སོགས་དོན་དམ་ལ་ལྟོས་ནས་ཡོད་མེད་དེ་ཡིན་པར་སྙམ་སྟེ།  རྒྱུ་འབྲས་དང་བཅས་པས།  ཡུལ་གྱི་སྐྱེ་མཆེད་ཤེས་པའི་ངོར་བདེན་པར་འདོད་ལ།  རྒྱུ་འབྲས་མེད་པས།  དོན་དམ་པར་སྐྱེ་མཆེད་སོགས་མེད་པར་འདོད་པའི་ཕྱིར།               
   དེ་ཡང་སྟོན་པ་གཤེན་རབ་མཆོག་གིས་མཛད་པའི (13)《ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་མེ་ལུང་དགུ་སྐོར》 ལས“ཤེས་པའི་སྐྱེ་མཆེད་སྣ་ཚོགས་གཅིག་ཏུ་བདེན་པ་རྒྱུ་འབྲས་དང་བཅས་པའི་འདོད་པ་ནི།  སྣང་བའི་ངོ་བོ་ལ་ཁ་དོག་དང་དབྱིབས་དང་རྣམ་པར་རིག་བྱེད་དུ་མར་སྣང་ལ།  དེ་བཞིན་དུ་བདེ་བ་དང་སྡུག་བསྔལ་དང་།  འཇམ་རྩུབ་དང་།  གྲང་དྲོ་དང་།  བཏང་སྙོམས་དུ་མར་སྣང་ཡང་།  རིག་པ་ཚད་མའི་ངོ་བོ་དེ་ལ།  ཀུན་གཅིག་ཏུ་བདེན་པ་སྟེ།  གཉིས་སུ་དབྱེར་མེད་པའོ།།  དཔེར་ན་ཟ་འོག་ལྡིང་བའི་ཁུད་དུ།  ཤེལ་སྒོང་ཡོངས་སུ་དག་པ་ཞིག་བཞག་ན།  ཁ་དོག་དུ་མར་སྣང་ཡང་བདེན་པ་ཤེལ་སྒོང་དུ་བདེན་པ་ལྟར་རོ།།”ཞེས་དཔེ་དང་དཔེ་ཅན་དུ་བཀོད་ནས་གསུངས།  དཔེ་ཅན་གཟུགས་སོགས་དོན་ལྔ།  བདེ་སྡུག།  འཇམ་རྩུབ།  གྲང་དྲོ་ལ་སོགས་དུ་མར་སྣང་ཡང་མཐར་ཐུག་ཤེས་པ་གཅིག་གི་ངོ་བོར་ཀུན་གཅིག་ཏུ་བདེན་པའམ་ངོ་བོ་དབྱེར་མེད་དུ་འདོད་པས། ཤེས་པ་དེ་ལས་གཞན་དུ་མ་གྲུབ་པར་འདོད་པའོ།། དཔེར་ན་ཟ་འོག་ལྡིང་བའི་(གོས་ཚོན་མདངས་ཅན་ལ་བྱའོ)ཁུད་དུ་ཤེལ་སྒོང་ཧ་ཅང་དྭངས་མོ་ཞིག་བཞག་ན་ཤེལ་སྒོང་ནང་དུ་ཁ་དོག་དུ་མར་སྣང་ཡང་ཤེལ་སྒོང་གི་རང་བཞིན་ལས་གཞན་གང་གི་རང་བཞིན་མ་ཡིན་པ་བཞིན་ནོ། །སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི (14)《ཐེག་རིམ་གྱི་རྣམ་བཤད་གསལ་བའི་མེ་ལུང》ལས “རྒྱུ་འབྲས་མེད་པའི་སྐྱེ་མཆེད་པའི་འདོད་པ་ནི།  བདེན་པ་གཉིས་ལ་ལྟོས་པ་སྟེ། ཀུན་རྫོབ་ལ་ལྟོས་པའི་ཆ་ལ་ཁ་དོག་དང་།  དབྱིབས་དང་།  རིག་བྱེད་སྣ་ཚོགས་ཀྱང་ཡོད།  བདེ་སྡུག་ཚ་གྲང་བཏང་སྙོམས་སྣ་ཚོགས་ཀྱང་ཡོད་དེ།  དགག་སྒྲུབ་དང་།  ཕན་གནོད་དང་།  རྒོལ་ཕྱི་རྒོལ་དང་།  བཟང་ངན་དང་།  ཆེ་ཆུང་དང་།  རང་གཞན་ཐམས་ཅད་ཡོད་སྐད།  དོན་དམ་ལ་ལྟོས་ན་མེད་དོ་སྐད།  འོ་ན་གཏན་མེད་དམ་ཞེ་ན།  ཤེས་པ་ཙམ་མྱོང་བ་ཙམ་ཡོད་དེ།  དེ་ཡང་རྒྱུ་འབྲས་སུ་བརྗོད་དུ་མེད་པའོ།”  ཅེས་དང་།  “དེ་ལྟར་རྒྱུ་འབྲས་ཀྱིས་སྟོང་པའི་ཤེས་པ་རང་རིག་གཉིས་མེད་དུ་འདོད་པའོ ”ཞེས་གསུངས་པ་ལྟར་རྒྱུ་འབྲས་མེད་པའི་འདོད་པ་ནི།  བདེན་པ་གཉིས་ལ་ལྟོས་ནས་བཞག་པ་སྟེ།  ཀུན་རྫོབ་ལ་ལྟོས་པའི་ཆ་ལ།  སྐྱེ་མཆེད་སྣ་ཚོགས་དང་རེག་པ་བདེ་སྡུག་ཐམས་ཅད་ཡོད་པར་འདོད་པ་ནི།  གོང་གི་རྒྱུ་འབྲས་དང་ བཅས་པའི་འདོད་པ་དང་མཐུན་ལ།  དོན་དམ་ལ་ལྟོས་ནས་གོང་དང་མི་མཐུན་ཏེ།  སྐྱེ་མཆེད་སྣ་ཚོགས་དང་རེག་པ་བདེ་སྡུག་ཐམས་ཅད་མེད་པར་འདོད་པ་མ་ཟད་རྒྱུ་འབྲས་སུའང་བརྗོད་དུ་མེད་པར་འདོད་དོ།། འོ་ན་དེ་ལྟ་བུ་དོན་དམ་དེ་གང་ཞིག་ལ་ངོས་འཛིན་ན། ཐེག་པ་འདིའི་ལུགས་ཀྱི་རང་རིག་ལ་བཤད་ན་འགྲིག་སྙམ། འདིས་ཤེས་པ་རང་རིག་དང་དོན་དམ་གྱི་གཞི་མཐུན་པ་ཞིག་ཡོད་པ་དང་། དེ་རྒྱུ་འབྲས་ཀྱིས་སྟོང་པའི་ཤེས་པ་ཞིག་ཡིན་པར་འདོད།  གསལ་བྱེད་གཞན་ལ་མི་ལྟོས་པའི་ཤེས་པ་གསལ་བ་གཉིས་མེད་དེ་ལ་སྣང་བ་དང་མྱོང་བ་ཐམས་ཅད་གཅིག་ཏུ་གྲུབ་པ་དང་ངོ་བོ་དབྱེར་མེད་ཀྱི་རང་བཞིན་དུ་གནས་པ་གསལ་བྱེད་གཞན་གང་ལ་ཡང་བརྟེན་མི་དགོས་པར་རྟོགས་པར་འདོད་པའོ།།  དེ་ལྟ་བུའི་གསལ་བ་གཉིས་མེད་ཀྱི་ཤེས་པ་ཞིག་ཡོད་དེ།  རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི(15)《ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག》ལས “དེ་ལྟ་བུའི་ཤེས་པ་དེ་ཡོད་པར་ཅིས་མངོན་ཞེ་ན། དོན་རང་རིག་མངོན་སུམ་གྱིས་སྒྲུབ་ལ།  ཐ་སྙད་རྗེས་སུ་དཔག་པས་བསྒྲུབ་སྟེ། ཉམས་མྱོང་གི་ཤེས་རིག་བོན་ཅན།  གསལ་བ་གཉིས་མེད་ཡིནཏེ།  གསལ་བྱེད་གཞན་ལ་མི་ལྟོས་པའི་ཕྱིར།  མར་མེ་རླུང་གིས་མ་བསྐྱོད་པ་བཞིན་ནོ།།”  ཞེས་གསུངས་པའི་ཕྱིར།   དེ་ཡང་དོན་དམ་ལ་ལྟོས་ནས་དེ་ལྟ་བུའི་སྐྱེ་མཆེད་དང་ཤེས་པ་སོགས་གཏན་ནས་མེད་པ་ཡང་མ་ཡིན་ལ།  དེ་དག་ཐམས་ཅད་རང་རིག་གི་རང་བཞིན་ཏུ་གནས་པའི་རང་རིག་གིས་མྱོང་བ་ཙམ་ཞིག་ཡོད་དེ།    སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི(16) 《ཐེག་རིམ་གྱི་རྣམ་བཤད་གསལ་བའི་མེ་ལུང》ལས་ཀྱང“ཤེས་པ་ཙམ་མྱོང་བ་ཙམ་ཡོད་དེ།དེ་ཡང་རྒྱུ་འབྲས་སུ་བརྗོད་དུ་མེད་པའོ ” ཞེས་གསུང་བའི་ཕྱིར།
གཉིས་པ།  སྐྱེ་མཆེད་མཐའ་དག་འཁྲུལ་པར་འདོད་པ་དང་ཕྱོགས་གཅིག་འཁྲུལ་པར་འདོད་པ་གཉིས་ཀྱི་འགལ་མཚམས་བཤད་པ་ལ།
   དེ་ཡང་གོང་ལྟར་དེ་གཉིས་མི་མཐུན་པའི་གནས་གང་ཞེ་ན།   དེ་གཉིས་མི་མཐུན་པའི་གནས་ནི།  རེག་པ་བདེ་སྡུག་གི་སྣང་བ་ཡིན་པར་མངོན་ཏེ།  རེག་པ་བདེ་སྡུག་གི་སྣང་བ་དེ་ནི་མཐའ་དག་འཁྲུལ་པ་བས་བདེན་པ་མ་ཡིན་པར་འཁྲུལ་བར་འདོད་ལ།  ཕྱོགས་གཅིག་འཁྲུལ་པ་བས་བདེན་པ་ཡིན་པ་དང་སངས་རྒྱས་ཀྱི་ས་ན་ཡང་རེག་པ་བདེ་སྡུག་དང་བཅས་པར་འདོད་པའི་ཕྱིར་ཏེ། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི(17)《ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག》ལས  “མཐའ་དག་འཁྲུལ་པ་བས་ནི།  བརྟགས་པ་ཁ་དོག་དང་།  རེག་པ་བདེ་སྡུག་གི་སྐྱེ་མཆེད་གཉིས་ཀ་རྫུན་པར་འདོད་དོ”  ཞེས་དང་། “ཕྱོགས་གཅིག་འཁྲུལ་པ་བས་ནི།  རེག་པ་བདེ་སྡུག་གི་སྐྱེ་མཆེད་སྣང་བའི་ཤེས་པ་བདེན་པར་འདོད ” ཅེས་དང་།  “ཤེས་རིག་རང་གི་ངོ་བོ་དེ་བདེ་སྡུག་ཏུ་སྣང་བ་མི་སྟོ་བ་ཡིན་ཏེ།  སངས་རྒྱས་ས་ན་ཡང་དེ་ཡོད་པའོ ” ཞེས་གསུངས་བའི་ཕྱིར། སྐྱེ་མཆེད་མཐའ་དག་འཁྲུལ་པ་འདོད་པ་བ་ལའང་ཤེས་པ་གཉིས་མེད་དེ་ས་བརྒྱད་པའམ་ལེགས་པའི་བློ་གྲོས་ཡན་ཆད་དང་མན་ཆད་གཉིས་མི་མཐུན་པ་ཡིན།  དེ་ཡང་ལེགས་པའི་བློ་གྲོས་མན་ཆད་ལ་རེག་པ་བདེ་སྡུག་ཏུ་སྣང་བ་ཡིན་པ་དང་།  ས་བརྒྱད་པའམ་ལེགས་པའི་བློ་གྲོས་ཡན་ཆད་ལ་དེ་དག་སྣང་བ་ནི་མེད་པར་སྙམ་མོ།།
   སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི (18)《ཐེག་རིམ་གྱི་རྣམ་བཤད་གསལ་བའི་མེ་ལུང》ལས “ཁ་དོག་སྣ་ཚོགས་སུ་སྣང་བའི་ཤེས་པའི་སྐྱེ་མཆེད་གནས་སྐབས་རྣམ་པར་རྟོག་པ་ཞེས་བྱའོ།།ཤེས་པ་རང་གི་ངོ་བོ་རིག་པ་གཉིས་མེད་དེ་ལ་རང་བཞིན་རྣམ་པར་དག་པ་ཞེས་བྱའོ།། ”ཞེས་གསུངས་པ་དེ་ལ་གནད་ཀྱིས་བསམ་ན།  སྐྱེ་མཆེད་ཕྱོགས་གཅིག་འཁྲུལ་པར་འདོད་པ་ན་རེ།  ཁ་དོག་སྣ་ཚོགས་ལ་སོགས་ནི་ཀུན་བཏགས་སུ་འདོད་པས་ན།  ཁ་དོག་སྣ་ཚོགས་སྣང་བའི་རྣམ་རྟོག་གི་ཤེས་པས་སྒྲོ་བཏགས་པ་ཙམ་ལས་རང་ངོས་ནས་གྲུབ་ཏུ་མེད་པ་དང་། དེ་ཡང་གནས་སྐབས་ཙམ་ལ་རྣམ་རྟོག་གི་དབང་བྱས་པ་ཙམ་མ་གཏོགས་མཐར་ཐུག་མི་རྟོག་པའི་ངོ་བོར་གནས་ཏེ། ཁ་དོག་སྣ་ཚོགས་སུ་སྣང་བའི་རྣམ་རྟོག་གི་ཤེས་པ་གང་དག་རང་རིག་ལ་གསལ་ཞིང་། དེ་ཡང་གཉིས་སུ་མེད་པར་དབྱེར་མེད་དུ་གསལ་ཏེ།  སྟོན་པ་གཤེན་རབ་མི་བོས་མཛད་པའི 《ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་མེ་ལུང་དགུ་སྐོར》 ལས “ཀུན་བཏགས་ནི་སྐྲོ་བཏགས་ཀྱི་ངོ་བོར་གྲུབ་པའོ།།  གཞན་དབང་ནི་རྣམ་རྟོག་གི་ངོ་བོ་ཡིན་པའོ།།  ཡོངས་སུ་གྲུབ་པ་ནི་དོན་དམ་དུ་གྲུབ།  རྟོག་པ་ཡང་མི་རྟོག་པར་གྲུབ་པའོ ”ཞེས་གསུངས་བའི་ཕྱིར།། དེ་ལྟར་ཐུགས་རྗེ་སེམས་དཔའི་ལྟ་བའི་སྐོར་ལ་རགས་ཙམ་དཔྱད་པ་ཞེས་པའི་མིང་བྱང་ཞིག་བདམས་ཏེ་རང་ནུས་ཅི་ཡོད་ཀྱིས་གཞུང་ཁ་ཤས་ལ་གོ་བ་ལེན་ཁུལ་ཙམ་བྱས་པ་འདི་ལ་ནོར་འཁྲུལ་དང་འགལ་བ་གང་ཡོད་པ་ཐམས་ཅད་མཁྱེན་རྒྱ་ཡང་བའི་ཀློག་པ་པོ་དག་དང་རྒྱལ་བ་རྣམས་ལ་བཤགས་པར་བགྱའོ། །
ཟུར་ཙམ་ལྟ་བའི་དཔྱད་པ་འདི།།བྱ་བ་ཆུང་ཡང་རྣམ་དཀར་ཆ།།
གནད་ཀྱི་དོན་ལ་མ་ཕོག་ཀྱང་།། དོགས་སློང་རིགས་པའི་རྒྱུ་རུ་སྦྱིན།།
བསྟན་པའི་མཁའ་རུ་འཛུམ་པའི་དབང་དཀར་ལས་ཀྱི་བདག་ཉིད་མཆོག་གི་ཞབས་པད་བརྟན་པ་དང་།།
བསྟན་འཛིན་སློབ་ཚོགས་ཆེན་པོའི་མཚན་སྙན་ཐ་གྲུ་བོན་ཀྱི་འབྲུག་སྒྲས་སྲིད་གསུམ་ཁྱབ་པ་དང་།།
བསྟན་སྦྱིན་མངའ་དབང་ལྷོ་གླིང་འཛིན་མའི་སྟེང་ནས་དབྱར་གྱི་ཆུ་གཏེར་ཇི་བཞིན་རྒྱས་པ་དང་།།
བསྟན་པ་བོན་ལུགས་ཞང་བོད་གོང་མའི་རྣམ་དཔྱོད་དགེ་ལེགས་རྫོགས་ལྡན་གསར་པ་རྒྱས་གྱུར་ཅིག །
མཆན་འགྲེལ།
(1)《 ཡེ་ཁྲི་མཐའ་སེལ་གྱི་གནས་པ་གཞིའི་བམ་པོ 》སྟོན་པས་མཛད། ༢༠༡༤ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ གིས་དཔར་དུ་བསྐྲུན་པའི་དེབ་གཟུགས་ཀྱི་ཤོག་ངོས (༢༢༤) ལས་གསལ།
(2)《ཤེར་ཕྱིན་སྐབས་དང་པོ》ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད།༢༠༡༤ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ གིས་དཔར་དུ་བསྐྲུན་པའི་དེབ་གཟུགས་ཀྱི་ཤོག་ངོས (༢༠༢) ལས་གསལ།
(3)དེ་གཉིས་ལ་མུ་གསུམ་གྱི་སྒོ་ནས་ཁྱད་པར་འཇོག་སྟེ་རྟོགས་པའི་ལྟ་བ་ལ་གནས་ལུགས་དོན་དམ་བདེན་པའི་ཁྱབ་ལ་ལྟ་བ་དེས་མ་ཁྱབ་པར་མཉམ་བཞག་སོགས་ཡུལ་ཅན་གྱི་ལྟ་བ་ཞིག་ཀྱང་ཡོད་སྙམ།
(4)《ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད》སྟོན་པ་གཤེན་ལྷ་འོད་དཀར་གྱིས་མཛད།༢༠༡༠ལོར་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གིས་དཔར་དུ་བསྐྲུན་པའི་དེབ་གཟུགས་ཀྱི་ཤོག་ངོས (༢༤) ལས་གསལ།
(5)《ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག》 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད།༢༠༡༠ལོར་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གིས་དཔར་དུ་བསྐྲུན་པའི་དེབ་གཟུགས་ཀྱི་ཤོག་ངོས(༡༣༢དང༡༣༣)གཉིས་ལས་གསལ།
(6)《བོན་ཐམས་ཅད་ཀྱི་ཡང་སྙིང་གཏན་ཚིགས་ངེས་པའི་གལ་མདོ་ཏན་ཏྲ་ཉི་མའི་འཁོར་ལོ》ལི་ཤུ་སྟག་རིང་གིས་མཛད།༢༠༡༤ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་དེབ་གཟུགས་ཀྱི་ཤོག་ངོས (༩༦)ལས་གསལ།
(7)《ཤེར་ཕྱིན་སྐབས་དང་པོ》ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད།༢༠༡༤ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ གིས་དཔར་དུ་བསྐྲུན་པའི་དེབ་གཟུགས་ཀྱི་ཤོག་ངོས (༢༠༡) ལས་གསལ།
(8)《ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་མེ་ལུང་དགུ་སྐོར》  སྟོན་པ་གཤེན་རབ་མི་བོས་མཛད།༢༠༡༤ལོར་སི་ཁྲོན་མི་རིགས་ དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་དེབ་གཟུགས་ཀྱི་ཤོག་ངོས (༡༨) ལས་གསལ།
(9)《ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག》 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད།  ༢༠༡༠ལོར་གཡུང་དྲུང་བོན་བཤད་སྒྲུབ་གླིང་གིས་དཔར་དུ་བསྐྲུན་པའི་དེབ་གཟུགས་ཀྱི་ཤོག་ངོས(༡༣༢)ལས་གསལ།
(10)《ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་མེ་ལུང་དགུ་སྐོར》སྟོན་པ་གཤེན་རབ་མི་བོས་མཛད།༢༠༡༤ལོར་སི་ཁྲོན་མི་རིགས་ དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་དེབ་གཟུགས་ཀྱི་ཤོག་ངོས (༢༠) ལས་གསལ།
(11)《ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག》 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད།༢༠༡༠ལོར་གཡུང་དྲུང་ བོན་བཤད་སྒྲུབ་གླིང་གིས་དཔར་དུ་བསྐྲུན་པའི་དེབ་གཟུགས་ཀྱི་ཤོག་ངོས(༡༣༥)ལས་གསལ།
(12)《གལ་མདོ་དྲི་མེད་གསལ་སྒྲོན》བོན་གྱི་སྤྱན་ལྡན་ཆེན་མོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པ།༢༠༠༣ལོར་གཡུང་དྲུང་བོན་བཤད་སྒྲུབ་གླིང་གིས་དཔར་དུ་བསྐྲུན་པའི་དེབ་གཟུགས་ཀྱི་ཤོག་ངོས(༣༢)ལས་གསལ། གཉིས་པ་ཐེག་པའི་རང་བཞིན་ལ་གསུམ་ཡོད་པའི་གསུམ་པ་ཁྱད་པར་བསྟན་པ་ལ་གཉིས།  གཉིས་པ་ཐེག་པ་གོང་འོག་གི་ཁྱད་པར་གྱི་སྐབས་སུ་གསལ།
 (13)《ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་མེ་ལུང་དགུ་སྐོར》སྟོན་པ་གཤེན་རབ་མི་བོས་མཛད།༢༠༡༤ལོར་སི་ཁྲོན་མི་རིགས་ དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་དེབ་གཟུགས་ཀྱི་ཤོག་ངོས (༢༢) ལས་གསལ།
(14)《ཐེག་རིམ་གྱི་རྣམ་བཤད་གསལ་བའི་མེ་ལུང》 སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད།༢༠༡༤ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ གིས་དཔར་དུ་བསྐྲུན་པའི་དེབ་གཟུགས་ཀྱི་ཤོག་ངོས (༡༤༥) ལས་གསལ།
(15)《ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག》 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད།༢༠༡༠ལོར་གཡུང་དྲུང་ བོན་བཤད་སྒྲུབ་གླིང་གིས་དཔར་དུ་བསྐྲུན་པའི་དེབ་གཟུགས་ཀྱི་ཤོག་ངོས(༡༣༧)ལས་གསལ།
(16)《ཐེག་རིམ་གྱི་རྣམ་བཤད་གསལ་བའི་མེ་ལུང》 སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད།༢༠༡༤ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ གིས་དཔར་དུ་བསྐྲུན་པའི་དེབ་གཟུགས་ཀྱི་ཤོག་ངོས () ལས་གསལ།
(17)《ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག》 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད།༢༠༡༠ལོར་གཡུང་དྲུང་ བོན་བཤད་སྒྲུབ་གླིང་གིས་དཔར་དུ་བསྐྲུན་པའི་དེབ་གཟུགས་ཀྱི་ཤོག་ངོས(༡༣༢དང༡༣༦)གཉིས་ལས་གསལ།
(18)《ཐེག་རིམ་གྱི་རྣམ་བཤད་གསལ་བའི་མེ་ལུང》 སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད།༢༠༡༤ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ གིས་དཔར་དུ་བསྐྲུན་པའི་དེབ་གཟུགས་ཀྱི་ཤོག་ངོས (༡༤༣) ལས་གསལ།
 (19)《ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་མེ་ལུང་དགུ་སྐོར》སྟོན་པ་གཤེན་རབ་མི་བོས་མཛད།༢༠༡༤ལོར་སི་ཁྲོན་མི་རིགས་ དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་དེབ་གཟུགས་ཀྱི་ཤོག་ངོས (༡༩) ལས་གསལ།
ཞེས་སྣང་ཞིག་པ་ནོར་བུ་ཚེ་རིང་ནས་སྤྱི་ལོ་༢༠༢༠ལོའི་ཟླ་བ༣པའི་ཚེ༡༣ལ་རང་ཤག་ཏུ་སྦྱར་བ་དགེའོ།།
རྩོམ་པ་པོ་སྣང་ཞིག་པ་ནོར་བུ་ཚེ་རིངམ་བློ་གྲོས་རྒྱ་མཚོ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།