མེ་སྟོན་དབུ་མ་དང་རྗེ་དབུ་མའི་དངོས་བསྟན་ལ་དཔྱད་པ།

[ཟླ་ཚེས། 2020-04-03 11:19:15][རྩོམ་པ་པོ། དགག་སྒྲུབ་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གཡུང་དྲུང་བོན་ལ་ཉམས་ལེན་ཅི་བཞིན་མཛད།།
ཉིས་བརྒྱ་ལྔ་བཅུ་ཁྲིམས་ཀྱི་རྩ་བ་བཟུང་།།
མ་བུ་རྩལ་གསུམ་མངོན་སུམ་གཟིགས་མཛད་པ།།
མཁས་པའི་མཆོག་གྱུར་མེ་སྟོན་བླ་མ་བསྟོད།།

གབ་མཛོད་ས་གསུམ་སྲོག་གི་ཀ་བ་འཛིན།།
བྱང་སེམས་གནད་དྲུག་མིག་གི་གཅེས་སུ་བདག།
འཕྲུལ་སྒྲོན་རྣམ་ལྔ་ཐུགས་ལ་རང་བབས་ཏེ།།
རྒྱལ་བ་གཉིས་པ་ཤེས་རབ་རྒྱལ་མཚན་རྨད།།
   འདིར་ཞུ་བྱ་གཙོ་བོ་ནི་མེ་སྟོན་གྱི་དབུ་མ་རང་འགྲེལ་དང་རྗེ་ཡི་དབུ་མ་བདེན་གཉིས་ཀྱི་འགྲེལ་བའི་དངོས་བསྟན་གྱི་ཁྱད་པར་ཡོད་མེད་ལ་དཔྱད་པ་ཞེས་པའི་རྗོད་གཞི་འདིའི་ཐོག་ནས་ཞུ་རྒྱུ་ཡིན། དེ་ཡང་དོན་ཚན་གཉིས་ཀྱི་ཐོག་ནས་ཞུ་བར་བྱའོ། དང་པོ། དབུ་མ་རང་འགྲེལ་དང་དབུ་མ་བདེན་གཉིས་ཀྱི་དངོས་བསྟན་གྱི་ཁྱད་པར། དབུ་མ་རང་འགྲེལ་གྱི་དངོས་བསྟན་ནི་མཚན་མ་ཀུན་བྲལ་ལམ་ཐལ་འགྱུར་བའི་གྲུབ་མཐའ་འདི་ཡིན་ཏེ། དབུ་མ་རང་འགྲེལ་ལས། གང་གི་ཐུགས་བརྩེས་ཉེར་བཟུང་ནས། །སྤྲོས་མཐའ་འཇིག་ལ་ཕྱག་འཚལ་ལོ། ། ཞེས་པའི་འདི་དངོས་བསྟན་གྱི་གཞིའམ་གནས་ལུགས་འདི་ཡོད་མེད་ཀྱི་མཐའ་སོགས་བྲལ་བ་དང་བློ་འདས་ཡིན་པ་དངོས་སུ་བསྟན་པ་དང་། རྣམ་གྲངས་ཀྱི་དོན་དམ་དོན་དམ་མ་ཡིན་པ་བསྟན་པས་སོ།། དབུ་མ་རང་འགྲེལ་ལས། དོན་དམ་བདེན་པ་དེ་ཤེས་བརྗོད་ཐམས་ཅད་ཀྱི་ཡུལ་དུ་མ་གྱུར་པས་བློས་ཡུལ་ལས་འདས། ཤེས་དང་། ཡང་འདི་ཉིད་ལས། མིག་སྐྱོན་ཅན་ལ་མིག་ཡོར་སྣང་། །དག་པ་ཉིད་ལ་གཏན་མ་གྲུབ། །སྣང་ལ་བདེན་དང་བདེན་མེད་དང་། །སྣང་འཛིན་མེད་བཞིན་འདིར་ཤེས་ཀྱིས། །ཞེས་པ་འགྲེལ་བའི་སྐབས་དེ་ཡང་སྔ་མོ་འམ་ཐོག་མ་ཉིད་ནས་ཡོད་མ་མྱོང་པའོ།། ཞེས་པའི་སྐབས་ཀྱི་ཡོད་མ་མྱོང་ཟེར་བའི་ཡོད་མ་མྱོང་པ་དེ་ནི་འདི་ལྟར་ཀྱི་སྣང་བ་དཀར་དམར་དེ་ཚོ་ལ་འཇོག་དགོས་པ་ཡིན་ཏེ། འདིའི་དཔེ་གསུངས་སྐབས་མིག་ནད་ཅན་ལ་རབ་རིབ་ཡར་ཡོར་སྣང་བ་དེ་བདེན་པར་ཞེན་པ་ལ་ཆས་པ་ལ་མིག་དག་པ་གཅིག་གི་གམ་དུ་བྱུང་ལ་བ་དྲིས་པས་ཁྱོད་རང་གི་མིག་འཁྲུལ་པ་ཡིན། ནམ་མཁའ་ལ་ཅིར་ཡང་མ་གྲུབ་བོ། །ཞེས་གསུངས་པ་དང་། ཡང་དེའི་འོག་ཏུ་མེད་པ་ཤེས་ཀྱང་མིག་ནད་མ་གསལ་བས་སྣང་བ་ལྡོག་ཏུ་མ་གཏུབ་སྟེ་གསུངས་པས། དཀར་དམར་གྱི་སྣང་བ་འདི་ཚོ་ནི་སོ་སོའི་སྐྱེ་བོའི་ཤེས་པའི་ངོར་བདེན་བདེན་ཏིག་ཏིག་ཅིག་སྣང་བ་ཡང་དོན་དུ་དཀར་དམར་སོགས་མ་གྲུབ་ཏེ་བློ་ཚད་མས་ཡུལ་མ་ཡིན་པའི་ཕྱིར་ཏེ། གལ་སྲིད་ཐེག་པ་འདིའི་ལུགས་ལ་ཡོད་ན་འདིའི་ལུགས་ཀྱི་སངས་རྒྱས་ཀྱིས་མཁྱེན་དགོས་ཕྱིར་འདིའི་ལུགས་ཀྱི་དཀར་དམར་གྱི་སྣང་བ་འདི་སངས་རྒྱས་ཀྱིས་མ་མཁྱེན་པའི་ཕྱིར་ཏེ། དབུ་མ་ལས། སངས་རྒྱས་དམ་པའི་མཉམ་བཞག་ལ་སྤྲོས་མེད་ཅི་ཡང་མཐོང་མི་འགྱུར་ཞེས་གསུངས་པའི་ཕྱིར།  
   དབུ་མ་བདེན་གཉིས་ཀྱི་འགྲེལ་བའི་དངོས་བསྟན་གཙོ་བོ་ནི་རོལ་པ་སྐྱེ་མཆེད་ལྟར་སྣང་ངམ་རང་རྒྱུད་པའི་གྲུབ་མཐའ་འདི་ལ་འཇོག་དགོས་པ་ཡིན་ཏེ། དབུ་མ་བདེན་གཉིས་ཀྱི་འགྲེལ་བ་ལས་ཀུན་རྫོབ་ཀྱི་སྣང་བ་འདི་སྟོང་ཉིད་དུ་རྟོགས་པ་འདི་ཀ་དོན་དམ་བདེན་པ་རྟོགས་པ་ཡིན་པའི་ཕྱིར། ཞེས་གསུངས་པ་དང་། ཡང་དབུ་མ་བདེན་གཉིས་ཀྱི་འགྲེལ་ལས། དོན་དམ་དེ་བསམ་པ་དང་རྟོག་པ་དང་སྒྲ་དངོས་བརྗོད་པའི་ཡུལ་མིན། ཞེས་དང་། ཡང་དེ་ཉིད་ལས། མཐོང་ལམ་མཉམ་བཞག་གིས་མངོན་སུམ་དུ་རྟོགས། ཞེས་སོགས་གསུངས་པས། འདིར་དངོས་བསྟན་གྱི་གཞིའམ་གནས་ལུགས་འདི་བློས་ཡུལ་ཡིན་པ་དང་འདི་རྟོགས་པའི་མི་བསླུ་བའི་ཚད་མ་ཡོད་པ་བསྟན་པས་རྒྱུ་མཚན་དང་། རྣམ་གྲངས་ཀྱི་དོན་དམ་དོན་དམ་བདེན་པ་འདོད་པས་དང་། དབུ་མ་བདེན་གཉིས་ཀྱི་འགྲེལ་བའི་ནང་དུ་བདེན་པར་གྲུབ་པ་ཁོ་ན་དགག་བྱ་ཡིན་པ་ལས་སྣང་བ་འདི་དགག་བྱ་མ་གསུངས་པའི་རྒྱུ་མཚན་གྱིས་གཅིག་དང་དུ་བྲལ་གྱི་རྟགས་ལ་བརྟེན་ནས་ནང་བ་ལ་ཡང་དག་གི་སྤྲོས་པ་བཅད་པའི་ཚེ་ཤུགས་ལ་སྐྱེ་མཆེད་སྒྱུ་མ་རྫུན་དུ་ཡོངས་སུ་བཅད་པའི་དོན་རང་ཤུགས་ལ་གོ་བ་དང་། ཡང་འདི་ཉིད་ལས་གཞན་སྐྱེ་དགག་སྐབས་བདེན་པ་གྲུབ་པའི་གཞན་སྐྱེ་དགག་པ་ལས་སྤྱིར་གཞན་སྐྱེ་མ་བཀག་པས་འདིའི་རྣལ་འབྱོར་པ་རང་ཉིད་ཀྱིས་ཀྱང་གཞན་སྐྱེ་འདོད་པ་ཤུགས་ལ་གོ་བ་ཡིན་ཏེ། གལ་མདོ་ལས་གཞན་སྐྱེ་འདོད་མཁན་རང་རྒྱུད་དང་རོལ་པ་སྐྱེ་མཆེད་པ་གསུངས་པས་སོ།།
༢དབུ་མ་རང་འགྲེལ་དང་དབུ་མ་བདེན་གཉིས་ཀྱི་འགྲེལ་བ་གཉིས་ཀྱི་ཀུན་རྫོབ་བསྟན་སྟངས་ཀྱི་ཁྱར་པར།
   མེ་སྟོན་གྱི་དབུ་མ་ལྟར་ན་འདི་ལྟར་གྱི་སྣང་བ་དང་ཀུན་རྫོབ་སོགས་མེད་པ་ཡིན་ཏེ། ཀུན་རྫོབ་ཀྱི་མཚན་ཉིད་ཡོད་པ་མ་ཡིན་དོན་སྣང་བ་དང་། ཡང་ན་ཡང་དག་པ་བདེན་པའམ་གྲུབ་པ་མ་ཡིན་པ་རྫུན་པའི་དོན་དུ་སྣང་བའོ། །ཞེས་སོགས་གསུངས་པའི་ཚིག་དང་དོན་གང་གི་ཐད་ནས་བལྟས་ཚེ་ཀུན་རྫོབ་ཡིན་ན་མེད་དགོས་པ་བསྟན་འདུག་སྙམ་སྟེ། དེ་ཉིད་ལས། ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས་དབུ་མ་རང་ལ་ལྟོས་ན་དེ་ཉིད་ཁྱད་པར་ཅུང་ཟད་ཀྱང་མེད་དེ། གཉིས་ཀ་ཡང་མཉམ་པོར་རྫུན་པའོ། །ཞེས་དང་ཡང་དེ་ཉིད་ལས། དེ་ལྟར་སྐྱེ་བ་འགོག་པ་འདི་རིགས་པའི་རྗེས་སུ་འབྲེང་བ་ཡིན་ཏེ། དེ་ཡང་བོན་ཅན་དང་གཏན་ཚིག་ལ་སོགས་པ་ཕ་རོལ་པོའི་ཁས་བླངས་པ་ལ་བརྟེན་ཏེ། ཁོ་བོ་ཅག་ལ་ནི་འདོད་པ་མེད་དོ། ཞེས་དང་ཡང་དེ་ཉིད་ལས། རྒྱུ་འབྱུང་བ་ལྔ་མ་གྲུབ་པས་དེའི་འབྲས་བུའི་དངོས་པོ་དམིགས་པ་མེད་དོ། ། ཞེས་དང་ཡང་དེ་ཉིད་ལས། དངོས་པོ་ཟད་པས་རྟོགས་བྱེད་ཀྱང་ཟད་པའོ། ། ཞེས་དང་། ཡང་དེ་ཉིད་ལས། དངོས་ཅན་དངོས་མེད་མཉམ་པར་སྟོན་སྐབས་གཟུགས་སོགས་ཀུན་རྫོབ་ཀྱི་བོན་དང་མོ་གཤམ་གྱི་བུ་སོགས་མེད་པའི་རིགས་གཉིས། གཉིས་ཀ་མ་སྐྱེས་ཤིང་རང་གི་ངོ་བོ་མ་གྲུབ་པ་ཅིར་ཡང་མེད་པའི་ཕྱིར་རོ། །ཞེས་དང་། ཡང་དེ་ཉིད་ལས། བསྒྲུབ་བྱ་མཚུངས་པར་བསྟན་སྐབས་མངོན་སུམ་རྫུན་པའོ། །ཞེསདང་། ཡང་སྣང་བ་སྒྱུ་མ་ལྟར་སྣང་བ་སྟོན་སྐབས། མ་གཉེན་བུའི་སྣང་བ་ཡུལ་ཞིང་རྫས་ཀྱི་སྣང་བ་ཚོགས་དྲུག་ཡུལ་དང་བཅས་པ་མི་ནོར་གཏམ་གསུམ་ལ་སོགས་འཁོར་འདས་ཀྱི་བོན་ཐམས་ཅད་མེད་བཞིན་དུ་སྣང་ལ་སྣང་བཞིན་དུ་མི་བདེན་པ་སྒྱུ་མའི་དཔེ་བརྒྱད་ལྟར་དུ་རྟོགས་པ་བྱ་ཞེས་སོགས་ལུང་དུ་མའི་སྒོ་ནས་ཀུན་རྫོབ་མེད་པར་གསུངས་པས་དེ་ལ་དགོངས་གཞི་དགོས་པ་གཞན་གབ་དོན་ཞིག་མ་སྣང་བས་ཐད་ཀར་དུ་དབུ་མ་ཐལ་འགྱུར་རམ་མཚན་མ་ཀུན་བྲལ་ལུགས་ལ་ཀུན་རྫོབ་ཡིན་ན་མེད་པའི་ཁྱབ་ཅེས་སྨྲ་བ་དཔོག་གོ །དེས་ན་ཆད་ལྟ་འགྱུར་རོ་ཞེ་ན་མི་འགྱུར་ཏེ། ཀུན་རྫོབ་ཏུ་ལས་འབྲས་ལ་ཡིད་ཆེས་ཤིང་ལས་འབྲས་ཚུལ་བཞིན་དུ་སྲུང་། གདུལ་བྱ་དྲང་བའི་དོན་དུ་ལམ་ལྔ་བགྲོད་སྤང་བྱ་སྤངས་བ་སོགས་བྱེད་པའོ། ། ཡིན་ཡང་ཀུན་རྫོབ་ཏུ་ཡོད་ན་མེད་པའི་ཁྱབ་ཅེས་སྨྲའོ། །གལ་སྲིད་ཡོད་ན་བློ་ཚད་མས་རྟོགས་དགོས། བློ་ཚད་མ་ཡོད་ན་བློ་ཡིན་ལ་མི་བསླུ་བ་ཞིག་དགོས་དེ་འདྲ་ཞིག་ཡོད་ན་ཀུན་རྫོབ་ཡིན་ལ་མི་བསླུ་བ་ཡིན་མཁན་ཞིག་དགོས་པས་དེ་འདྲའི་རིགས་བཙལ་བ་ནི་མོ་གཤམ་བུ་བཙལ་བ་དང་གཉིས་སུ་མེད་དོ། །
   དབུ་མ་བདེན་གཉིས་ཀྱི་འགྲེལ་བ་ལྟར་ན་ཀུན་རྫོབ་ཡང་ཡིན་ཡོད་པ་ཡང་ཡིན་པའི་གཞི་མཐུན་པ་ཞིག་ཡོད་དེ། མ་བུའི་སྣང་བ་དེ་བཞག་ན་མི་སྐྱོན་ཏེ། མ་བུའི་སྣང་བ་ཡོད་ཀྱང་བདེན་པར་གྲུབ་པའི་མ་བུའི་སྣང་བ་མེད་གསུངས་པས་ཕྱིར། འདི་ལུང་མང་པོ་ཞིག་འདྲེན་མི་དགོས་ཏེ། ཀུན་རྫོབ་ཀྱི་མཚན་ཉིད་རང་ནས་རྟོགས་ནུས་པ་ཡིན་ཏེ། བདེན་པར་ཡོད་པ་མ་ཡིན་ཞིང་བདེན་པའི་དོན་ལྟར་སྣང་བ་སོགས་གསུངས་པ་ལ་བརྟེན་ནས་རྟོགས་ཐུབ་པ་དང་། ཡང་ན་གོང་དུ་བསྟན་པའི་དངོས་ཅན་དངོས་མེད་མཉམ་པ་བསྟན་སྐབས་དང་ཀུན་རྫོབ་སྒྱུ་མ་ལྟར་བུ་སྟོན་སྐབས་སོགས་སུ་གཟིགས་པ་ཡིན་ན་སྣང་བ་ཡོད་ཀྱང་བདེན་གྲུབ་ཀྱི་སྣང་བ་མེད་པ་སོགས་བསྟན་པས་ཕྱིར། ། དེས་རྒྱུ་མཚན་གྱི་དབུ་མ་རང་འགྲེལ་དང་དབུ་མ་བདེན་གཉིས་ཀྱི་འབྲེལ་བ་གཉིས་ལ་བལྟས་ཚེ་སྣང་བ་བོན་ཅན་དུ་བཞག་ནས་སྣང་བ་འགེག་པ་ལ་མ་མཐུན་པས་ཚུལ་གྱིས་འདི་གཉིས་ཀྱི་བརྗོད་བྱ་མཚན་མ་ཀུན་བྲལ་དང་རོལ་པ་སྐྱེ་མཆེད་གཉིས་སོ་སོ་ནས་འཇོག་དགོས་པར་སྣང་ངོ་།།
མཚན་སྙན་ཆེད་དུ་མ་བྲིས་ལ།།
ཤེས་པའི་སྤོབས་པ་མ་ཁུར་ཞིང་།།
དཔེ་ཁྲིད་སོང་བའི་ཟིན་བྲིས་འདི།།
དཔྱོད་ལྡན་རྣམས་ཀྱི་མདུན་དུ་འབུལ།།

འདི་སྦྱར་ལེགས་མཐུན་དགེ་བ་གང་།།
མཁའ་ཁྱབ་སེམས་ཅན་ཡོངས་ལ་བསྔོ་།།
ནོར་དང་འཁྲུལ་བ་གང་ཡོད་པ།།
སྐྱེས་ཆེན་རྣམས་ཀྱི་མདུན་དུ་བཤགས།།

རྩོམ་པ་པོ་དགག་སྒྲུབ་པ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།