རྫོགས་ཆེན་གྱི་གཞི་འདོད་ཚུལ་སྐོར་ནས་ཅུང་ཙམ་གླེང་བ།

[ཟླ་ཚེས། 2019-12-30 10:47:07][རྩོམ་པ་པོ། ཚུལ་ཁྲིམས་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  [ནང་དོན་གནད་བསྡུས།] བཀའ་ལུང་ཁུངས་མ་རྣམས་གཙིགས་སུ་བཟུང་ནས་ཐེག་འགྲེལ་དངོས་བསྟན་གྱི་ཀ་དག་པ་དང་ལྷུན་གྲུབ་པ་ནི། རྫོགས་ཆེན་པའམ་སྐྱེ་མཆེད་པ་རང་ཡིན་པ་བསྟན་ཡོད་དོ།།

  [བརྡ་ཆད་གཙོ་བོ།] གཞིའི་རང་བཞིན་གྱི་ཆ་འདོད་པའི་རྫོགས་ཆེན་པ་དང་། རོལ་བའི་ཆ་འདོད་པའི་རྫོགས་ཆེན་པ་དང་། གཉིས་མེད་གྱི་ཆ་འདོད་པའི་རྫོགས་ཆེན་པའོ།།

  ༧ཡེ་ཤེས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ལ་མེ་སྟོན་ཤེས་རབ་འོད་ཟེར་གྱི་ཚིག་བཞི་བོན་འཁོར་གྱི་འགྲེལ་ལས། དེ་དང་པོ་གཞིའི་གནས་ལུགས་འདི་གཏན་ལ་དབབ་པ་འདི་གལ་ཆེ་སྟེ། སྐྱེ་བ་གཅིག་གི་སངས་རྒྱས་འགྲུབ་པ་ལ། ཚིག་ལ་ཞེན་པ་ལ་སོགས་པས་མི་ཕན་པ་དོན་དམ་པ་རྟོགས་དགོས། རྟོགས་ཤིང་རྒྱུད་ལ་སྐྱེ་བ་ལ་ལྟ་སྒོམ་ཉམས་སུ་ལེན་དགོས། དེ་ལ་ལྟ་བ་གཏན་ལ་ཕབ་དགོས། ཞེས་པའི་ལུང་ཚིག་ལ་གཞི་བཅོལ་ནས་བཤད་ན། སྤྱིར་ཐེག་པ་ཐུན་མོང་གི་མཐར་ཐུག་པའི་འབྲས་བུ་ནི། རང་རང་གི་སྒོམ་པའི་རིམ་པ་ལ་ཐུག་འདུག སྒོམ་རིམ་གྱི་རྩ་བ་ནི། སོ་སོའི་གཞི་ཡི་གནས་ལུགས་ལ་ཐུག་འདུག་པས། དེས་ན་གཞི་ཡི་གནས་ལུགས་འདི་ནི་ཤིན་ཏུ་གལ་ཆེའོ།། དེའི་ནང་ནས་ཀྱང་ཐེག་པ་ཐམས་ཅད་ཀྱི་གོང་མ། ལྟ་བ་ཐམས་ཅད་ཀྱི་ཡང་རྩེ་རྫོགས་པ་ཆེན་པོའི་ལྟ་བའི་གཞི་འདོད་ཚུལ་སྐོར་ནས་ཅུང་ཙམ་གླེང་ན། ལྟ་བའི་གཞི་ཙམ་གྱི་སྒོ་ནས་མི་མཐུན་པ་མེད་ཀྱང་། གཤེན་རབ་རྗེས་འཇུག་གི་གོ་ལུགས་དང་དགོངས་གཞིའི་ཁྱད་པར་གྱིས་རྫོགས་ཆེན་གྱི་གཞི་འདོད་ཚུལ་ལ་གྲུབ་མཐའ་མི་འདྲ་བ་འགའ་དང་འགྲེལ་དང་བཤད་ལུགས་མི་འདྲ་བ་སོགས་དུ་མ་ཡོད་དེ། དཔེར་ན། ཀ་དག་རྐྱང་པ་བ་དང་། ལྷུན་གྲུབ་རྐྱང་པ་བ་དང་། སྒོམ་མེད་ཀྱི་རྫོགས་པ་ཆེན་པོ་དང་། སྒོམ་བཅས་ཀྱི་རྫོགས་པ་ཆེན་པོ་དང་། རྫོགས་ཆེན་ཁ་འཆད་པ་དང་། གཞིའི་རང་བཞིན་གྱི་ཆ་འདོད་པའི་རྫོགས་ཆེན་པ་དང་། གཞིའི་རོལ་བའི་ཆ་འདོད་པའི་རྫོགས་ཆེན་པ་སོགས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་། ཐམས་ཅད་ཀྱི་རྗེས་སུ་འབྲེང་གིས་མི་ལངས་མོད། འོན་ཀྱང་དེའི་ནང་ནས་གཞིའི་རང་བཞིན་གྱི་ཆ་འདོད་པའི་རྫོགས་ཆེན་པ་དང་། གཞིའི་རོལ་བའི་ཆ་འདོད་པའི་རྫོགས་ཆེན་པ་གཉིས་ནི་འདོད་པ་སྙམ་སྟེ། (༡)བླ་ཆེན་དྲན་པས་མཛད་པའི་རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད་ལས་༼འདི་ཡི་ལུགས་ཀྱི་གཞི་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་དུ་རང་གྲོལ་བའི་རྫོགས་པ་ཆེན་པོ་དང་། འདོད་པ་ཐ་དད་དུ་རང་ཤར་བའི་རྫོགས་པ་ཆེན་པོ་གཉིས། དེ་ལས་ཐ་དད་དུ་རང་ཤར་བའི་རྫོགས་པ་ཆེན་པོ་ནི་རང་གཞུང་དང་གཞན་གཞུང་བྱེ་བྲག་ཏུ་སྟོན་ལུགས་ནི་འོག་ཏུ་བསྟན་ནོ།། གཞི་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་དུ་རང་གྲོལ་བའི་རྫོགས་པ་ཆེན་པོ་ནི་སྔོན་ལ་འཆད་དེ་༽ཞེས་གསུངས་པ་དང་། ཡང་(༢)ནམ་མཁའ་འཕྲུལ་མཛོད་ཀྱི་རྩ་བ་ལས་༼མདོ་བསྟན་གཞི་ནས་འདོད་པ་རང་ཤར་གཉིས་༽ཞེས་གསུངས་པའི་ལུང་དོན་དེ་དག་གིས་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་རང་གྲོལ་བའི་རྫོགས་ཆེན་པ་ནི་གཞིའི་རང་བཞིན་གྱི་ཆ་འདོད་པའི་རྫོགས་ཆེན་པ་དང་། ཐ་དད་རང་ཤར་བའི་རྫོགས་ཆེན་པ་ནི་གཞིའི་རོལ་བའི་ཆ་འདོད་པའི་རྫོགས་ཆེན་པ་ཡིན་འདུག་སྟེ། ནམ་མཁའ་འཕྲུལ་མཛོད་ཀྱི་འོག་གི་འགྲེལ་ལ་རྒྱས་པར་བལྟས་ན་དེ་ལྟར་བསྟན་པའོ།། དེ་ཡང་གཞིའི་རང་བཞིན་གྱི་ཆ་འདོད་པའི་རྫོགས་ཆེན་པ་དང་། གཞིའི་རོལ་བའི་ཆ་འདོད་པའི་རྫོགས་ཆེན་པ་ཟེར་བ་དེ་སྔར་མ་གྲགས་པའི་ཐ་སྙད་གསར་བ་ཞིག་མ་ཡིན་ཏེ། ཡིག་ཐོག་ཏུ་བཀོད་པ་མཐོང་བ་མེད་ཀྱང་། དགེ་རྒན་གོང་མ་རྣམས་དང་དམ་པ་དག་གིས་ནམ་རྒྱུན་ངག་ནས་འཆད་ཀྱིན་འདུག གོང་གི་ནམ་མཁའ་འཕྲུལ་མཛོད་ལས་བསྟན་པའི་རང་ཤར་བ་དང་རང་གྲོལ་བའི་རྫོགས་ཆེན་པ་དེ་གཉིས་ཀྱི་དོན་ཡང་དེ་རང་ཡིན་པའི་ཕྱིར། དེས་ན་ངས་ཀྱང་འདི་ལྟར་ཐ་སྙད་སྦྱར་ན་ཐད་ཀར་གོ་རྒྱུ་སྟབས་བདེ་འདུག་སྙམ་ནས་འདི་ལྟར་བྲིས་པ་ཡིན། མ་ཚད། ཀ་དག་པ་དང་། ལྷུན་གྲུབ་པ་དེ་ཡང་དེ་གཉིས་ལ་རིམ་གྱིས་བཞག་ན་འཐད་པའི་ཕྱིར། ཡང་གཞན་གྱིས་འདོད་པ་ལ་སྣ་མང་སྟེ། ཁ་ཅིག་གིས། སྟོན་པའི་ཐེག་འགྲེལ་ལས་བསྟན་པའི་ཀ་དག་པ་དང་། ལྷུན་གྲུབ་པ་ལ། ཀ་དག་རྐྱང་པ་དང་ལྷུན་གྲུབ་རྐྱང་པ་ཞེས་བརྡ་འདོགས་པ་ཡོད་ཀྱང་། དེ་གཉིས་ནི་རྫོགས་ཆེན་པ་མ་ཡིན་པའི་ཀ་དག་པ་དང་ལྷུན་གྲུབ་པ་ཞིག་གཏན་ནས་མིན་ཏེ། (༣)སྟོན་པའི་ཐེག་འགྲེལ་ལས༼དེ་ལ་ཀ་དག་དང་ལྷུན་གྲུབ་ནི་གཞི་ཡིན་པ་ཙམ་དུ་མི་འགལ་ཏེ།༽ཞེས་གསུངས་པ་དང་། (༤)རྗེ་རིན་པོ་ཆེའི་ཐེག་འགྲེལ་ལས་ཀྱང༼རྫོགས་ཆེན་ལ་གཉིས། རྩ་བ་དང་ཡན་ལག་གི་དོན་ནོ། ། དང་པོ་ལ་གསུམ་གྱི་དང་པོ་མཚན་ཉིད་ནི། གསང་སྔགས་ནང་གི་ལྟ་སྤྱོད་འདེགས་བྱེད་ཀྱི་བློ་སྟོབས་དང་། གཙོ་བོ་རྩོལ་བྲལ་ལམ་དུ་བྱེད་པའི་གཞི་མཐུན་པའོ།། དབྱེ་ངོ་ནི་ཀ་དག་དང་། ལྷུན་གྲུབ་དང་། ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ཀྱི་ཐེག་པའོ།། གང་གིས་འབྱེད་པའི་རྒྱུ་མཚན་ནི་གཞིའི་རང་བཞིན་དང་། རྣམ་པ་དང་། དབྱེར་མེད་ཀྱི་ཆ་གཙོ་བོ་ལམ་དུ་བྱེད་པ་སོགས་ལས་རིམ་བཞིན་དུ་ཕྱེ་བའོ།།དབྱེ་དོན་ནི་སྤྱི་རིགས་ངོ་བོ་གཅིག་ལ་བྱེ་བྲག་དངོས་པོ་ཐ་དད་པའོ།།༽ཞེས་གསུངས་པ་དེས་ཀྱང་ཀ་དག་པ་དང་ལྷུན་གྲུབ་པ་ནི་རྫོགས་ཆེན་པ་ཡིན་པའམ་དེ་གསུམ་འཇོག་པའི་རྒྱུ་མཚན་ཡང་གཞིའི་རང་བཞིན་གྱི་ཆ་གཙོ་བོ་ལམ་དུ་བྱེད་པས་ཀ་དག་པ་དང་། གཞིའི་རོལ་བའི་ཆ་གཙོ་བོ་ལམ་དུ་བྱེད་པས་ལྷུན་གྲུབ་པ་དང་། དེ་གཉིས་ཀྱི་ཆ་གཙོ་བོ་ལམ་དུ་བྱེད་པའི་ཆ་ནས་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་པ་བཞག་པ་ཡིན་པའི་ཕྱིར་རོ།། ཡང་རྫོགས་ཆེན་པ་ལ་དེ་གཉིས་ཀྱིས་གྲངས་མ་ངེས་པ་ཐལ། ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་པ་དེ། དེ་གཉིས་གང་རུང་མ་ཡིན་ཕྱིར་ཟེར་ན། སྐྱེ་མཆེད་པ་དེ་ལ་ནང་གསེས་ཀ་དག་དང་ལྷུན་གྲུབ་གཉིས་ཡོད་པ་ཡིན་པས། སྐྱེ་མཆེད་པ་རང་གཞིའི་རང་བཞིན་གྱི་ཆ་འདོད་པ་ནས་ཀ་དག་པ་ཡང་ཡིན་ལ། རོལ་བའི་ཆ་འདོད་པ་ནས་ལྷུན་གྲུབ་པ་ཀྱང་ཡིན་ཏེ། དེ་གཉིས་ནང་གསེས་འགལ་བ་མ་ཡིན་པའི་ཕྱིར་ཏེ། སྐྱེ་མཆེད་པ་དེ་དེ་གཉིས་ཀ་ཡིན་པའི་ཕྱིར་རོ།། ཡང་ཁ་ཅིག་གིས། དེ་གཉིས་རྫོགས་ཆེན་པ་ཡིན་ཡང་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་པ་མ་ཡིན་ནོ། ། ཟེར་བ་ལ་ཡང་ཀ་དག་པ་ལྷུན་གྲུབ་པ་གཉིས་ལས། ཀ་དག་པ་རྫོགས་ཆེན་པ་ཡིན་ཡང་སྐྱེ་མཆེད་པ་མ་ཡིན་ཟེར་ན། འོ་ན་ཁྱེད་ཀྱིས་འདོད་པའི་ཀ་དག་པ་དེས་གཞིའི་རོལ་བ་ལ་མ་རིག་པ་འདོད་དམ་མི་འདོད། འདོད་ན་སྐྱེ་མཆེད་པ་དང་ཁྱད་མེད་དེ། གཞིའི་རང་བཞིན་ལ་མ་རིག་པ་མ་གྲུབ་ཀྱང་རོལ་བ་ལ་གྲུབ་པར་འདོད་པའི་ཕྱིར་རོ།། སྐྱེ་མཆེད་པས་ཀྱང་དེ་འདོད་དེ། མ་རིག་པ་གཞི་ལས་འབྱུང་རུང་མ་འགག་པར་འདོད་པའི་ཕྱིར་རོ།། ཡང་མི་འདོད་ན་འབད་མི་དགོས་པར་གྲོལ་བར་འགྱུར་ཏེ། གཞི་ལ་དུས་ནམ་ཡང་དྲི་མས་མ་གོས་པའི་ཕྱིར། འདོད་ན། དེ་ལྟར་མི་འཐད་དེ། (༥)སྟོན་པའི་ཐེག་འགྲེལ་ལས་ཀྱང་ཀ་དག་པ་བསྟན་པའི་སྐབས་སུ༼རང་གི་སེམས་ཡང་དག་པའི་དོན་ལ་ཡེ་ཤེས་ཟང་ཐལ་ཡིན་ཏེ། དེ་ལྟར་མ་རྟོགས་ཙམ་ན། མ་རིག་པ་ཡིན་པས་འཁྲུལ་བ་སྣང་སྟེ། དེ་ལ་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ལྟ་བ་རྟོགས་པར་བྱས་ཏེ། དེ་བསྒོམ་ན་རང་གི་སེམས་ཉིད་ཡེ་ཤེས་སུ་འཆར་རོ།།༽ ཞེས་གསུངས་པའི་ཕྱིར། (༦)ཡང་འགྲོ་མགོན་གྱི་གལ་མདོ་ལས་ཀྱང་ཀ་དག་རང་རྐྱང་བ་དགག་པའི་སྐབས་སུ་༼གཞན་ཡང་གཞི་ལ་འཁྲུལ་བ་མེད་པས་ཡེ་ཤེས་ཀྱང་མེད་པར་འགྱུར་ལ། ཁ་ཅིག་གིས་ཁྱབ་པ་མེད་དེ། ཉི་མ་ལ་མུན་པ་མེད་ཀྱང་འོད་ཟེར་ཡོད་པ་བཞིན་ཟེར་བ་སྟེ། དེ་ལྟར་ན་གྲོལ་རྒྱུ་མེད་པའི་གྲོལ་འབྲས་ཡོད་པ་འགྱུར་ཏེ་གྲོལ་རྒྱུ་འཁྲུལ་བ་མེད་པའི་གྲོལ་འབྲས་ཡེ་ཤེས་ཡོད་པའི་ཕྱིར། འདོད་ན་སེམས་ཅན་འབད་མེད་དུ་གྲོལ་བ་འགྱུར་རོ། ། ༽ཞེས་དང་། (༧)ཡང་རྗེ་རིན་པོ་ཆེའི་ཐེག་འགྲེལ་ལས་༼འོན་ཀྱང་ཀ་དག་པས། ཆུའི་རང་བཞིན་ས་དང་རྙོགས་མས་གོས་ན་དེ་དང་འབྲལ་མི་རུང་ལ། དེས་མ་གོས་ན་འབྲལ་རུང་བ་བཞིན། གཞི་དྲི་མས་ཡེ་ནས་མ་གོས་པས་ན། དྲི་མ་འབྲལ་དུ་རུང་ཞིང་སེམས་ཅན་གྱི་བོན་སྐུ་ཐོབ་པར་འདོད་པ་ཡང་རིག་པར་བྱའོ།།༽ཞེས་སོགས་གསུངས་པའི་དོན་ཡང་། གཞིའི་རང་བཞིན་དྲི་མས་མ་གོས་ཀྱང་གནས་སྐབས་སམ་རོལ་བ་ལ་དྲི་མ་ཡོད་ཀྱང་འབྲལ་རུང་བ་བསྟན་པའི་ཕྱིར། ཡང་ལྷུན་གྲུབ་པ་དེ་རྫོགས་ཆེན་པ་ཡིན་ཡང་སྐྱེ་མཆེད་པ་མ་ཡིན་ཟེར་ན། འོ་ན་ཁྱེད་ཀྱིས་འདོད་པའི་ལྷུན་གྲུབ་པ་དེས་གཞིའི་རང་བཞིན་ལ་མ་རིག་པ་འདོད་དམ་མི་འདོད། འདོད་ན། གཏན་མི་གྲོལ་བར་འགྱུར་ཏེ། དྲི་མ་གཞིའི་རང་བཞིན་དུ་གནས་པའི་ཕྱིར་རོ། ། འདོད་ཅེ་ན། གཏན་མི་གྲོལ་བའི་རྫོགས་ཆེན་པ་ཞིག་ཡོད་པ་འགྱུར་བ་ལས་ཧ་ཅང་མི་འཐད་དོ།། ཡང་དྲི་མ་གཞིའི་རང་བཞིན་དུ་གནས་ཀྱང་གྲོལ་ན་ཅི་སྟོ་སྟེ་ཁྱབ་པ་མ་གྲུབ་བོ་ཞེ་ན། ཁྱབ་སྟེ། (༨)འགྲོ་མགོན་རིན་པོ་ཆེའི་དྲི་མེད་གསལ་སྒྲོན་ལས ༼གཉིས་པ་ལྷུན་གྲུབ་ཏུ་འདོད་པ་ལ་ཁ་ཅིག་ན་རེ་གཞི་ལ་མ་རིག་པ་དང་སངས་རྒྱས་ལ་སྡུག་བསྔལ་ཡོད་པ་སྟེ། དེ་ལ་ལུང་རིག་གཉིས་ལས་ལུང་ལ་འབུམ་ལས། བདེ་བ་དང་སྡུག་བསྔལ་ཐམས་ཅད་ལྷུན་གྱིས་གྲུབ་ཅེས་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཐམས་ཅད་ཡོངས་སུ་བདག་ཉིད་ལ་འདུས་ཞེས་གསུངས་པ་དག་གིས་གྲུབ་བོ། ། རིགས་པས་ཀྱང་གཞི་བོན་ཅན་འཁྲུལ་བ་ཡོད་དེ། རང་བཞིན་གྱིས་ལྷུན་གྱིས་གྲུབ་པའི་ཕྱིར་དཔེར་ན་ག་པུར་བཞིན་ནོ། ། ཞེས་ཟེར་བ་ཡང་དགག་ན་གཉིས་ལས་དང་སྒྲུབ་བྱེད་དགག་ན་ལུང་ལས། དེ་ལྟར་བཤད་པ་ནི་གཞི་ཡི་ངང་ལས་རོལ་བའི་འཆར་ཚུལ་ལ་དགོངས་པ་ཡིན་གྱི་དབྱེར་མེད་ལྷུན་གྲུབ་ཏུ་མ་ཡིན་ནོ། ། རིག་པས་ཀྱང་རང་བཞིན་གྱིས་ལྷུན་གྱིས་གྲུབ་པ་དེ་རང་བཞིན་དབྱེར་མེད་དམ་ཡོན་ཏན་འགག་མེད་དུ་གྲུབ། དང་པོ་ལྟར་ན། འཁྲུལ་བ་སྦྱང་ཞིང་གྲོལ་དུ་མེད་པར་འགྱུར་ཏེ། གཞི་ཉིད་འཁྲུལ་བའི་རང་བཞིན་ཡིན་པའི་ཕྱིར། སོལ་བ་ནག་པོ་བཞིན་ནོ།།༽ཞེས་གསུངས་པ་དང་། (༩)རྗེ་རིན་པོ་ཆེའི་ཐེག་འགྲེལ་ལས་ཀྱང་༼ལྡོག་ཕྱོགས་ཀ་དག་མ་ཡིན་ན་དྲི་མ་སེམས་ཀྱི་རང་བཞིན་དུ་འགྱུར་བ་དང་། སྤང་མི་རུང་བ་སོལ་བའི་ནག་པོ་བཞིན་ནོ།།༽ཞེས་གསུངས་པའི་ཕྱིར། ཡང་མི་འདོད་ན། སྐྱེ་མཆེད་པ་དང་ཁྱད་མེད་དེ། གཞིའི་རོལ་བ་མ་གཏོགས་རང་བཞིན་ལ་མ་རིག་པ་མི་འདོད་པའི་ཕྱིར་རོ།། རོལ་བ་ལ་སྐྱེ་མཆེད་པས་ཀྱང་མ་རིག་པ་འདོད་དེ། (༡༠)སྟོན་པའི་ཐེག་འགྲེལ་ལས་སྐྱེ་མཆེད་པ་བསྟན་པའི་སྐབས་སུ་༼དེའི་ཕྱིར་ན་སེམས་ཀྱི་བོན་ཉིད་ཇི་བཞིན་པ་དེ་ཀུན་གཞིར་སོང་སྟེ། འཁོར་བའི་རྒྱུ་རྐྱེན་བྱས་པའོ།།༽ཞེས་གསུངས་པ་དང་།(༡༡)རྗེ་རིན་པོ་ཆེའི་ཐེག་འགྲེལ་ལས་ཀྱང་སྐྱེ་མཆེད་པ་བཞག་པའི་སྐབས་སུ་ལུང་དེ་བཞིན་དུ་གསུངས་སོ།། ཡང་འགའ་རེས། (༡༢)མེ་སྟོན་ཆེན་པོའི་ཚིག་བཞི་བོན་འཁོར་གྱི་འགྲེལ་ལས་༼གཞི་ལ་མ་རིག་ཡེ་ཤེས་གཉིས་ཀ་གྲུབ་སྟེ། རྟོགས་པའི་རྐྱེན་གྱིས་སངས་རྒྱས། མ་རྟོགས་པའི་རྐྱེན་གྱིས་སེམས་ཅན་དུ་འགྱུར། དམྱལ་བ་བཙོ་སྲེག་གི་དུས་ན་ཡང་། རང་འབྱུང་ཡེ་ཤེས་གྲ་མ་ཆགས་པར་ཡོད་དེ། ཕན་མེད་དུ་ཡོད། སངས་རྒྱས་ལ་མ་རིག་པ་ཡོད་ཀྱང་གནོད་མེད་དུ་གནས་པ་ལ་ཡིན་ཟེར་རོ།། ༽ཞེས་གསུངས་པའི་ལུང་ཚིག་དེས་རང་ལུགས་བཞག་པ་ཡིན་པ་འདོད་ནས་དེའི་ཚིག་རྐྱང་ལ་འགྲེལ་ཁུལ་བྱས་ནས་ལྷུན་གྲུབ་པས་གཞི་ལ་དྲི་མ་འབྲལ་རྒྱུ་མེད་པར་འདོད་དེ། སངས་རྒྱས་པ་ན་ཡང་མ་རིག་པ་གནོད་མེད་དུ་ཡོད་ཟེར་ཡང་། དེ་ནི་རང་ལུགས་མ་ཡིན་པ་གཞན་ལུགས་དགག་པ་ཡིན་དེ། (༡༣)ཡང་མེ་སྟོན་གྱི་ཚིག་བཞི་བོན་འཁོར་གྱི་འགྲེལ་ལས།༼གཞི་ལ་མ་རིག་པ་ལྷུན་གྱིས་གྲུབ་ན། དཔེར་ན་སོལ་བ་ནག་པོ་ལ་བྱི་དོར་བྱས་ཀྱང་དཀར་པོ་མི་ཡོང་བ་བཞིན་དུ། ཐོས་བསམ་སྒོམ་གསུམ་བྱས་ཀྱང་གཞི་ལ་ཡོད་པའི་ཉོན་མོངས་དེ་མི་སྤོངས། མ་སྤོངས་ན་སངས་རྒྱས་མི་འབྱུང་ངོ་།།༽ཞེས་གསུངས་པ་དང་། (༡༤)ཡང་དེ་ཉིད་ལས་༼དམྱལ་བ་བཙོ་སྲེག་གི་དུས་ན་ཡང་རང་འབྱུང་ཡེ་ཤེས་གྲ་མ་ཆགས་པ་ཡོད། སངས་རྒྱས་ལ་མ་རིག་པ་གནོད་མེད་དུ་གནས་ཟེར་རོ། འོ་ན་དམྱལ་བའི་ཡེ་ཤེས་དེས་ཕན་ན་དུས་ནམ་ཞིག་ན་ཐར་བ་བཞིན། སངས་རྒྱས་ཀྱང་མ་རིག་པ་དེས་གནོད་ན་ལྟུང་བར་འགྱུར་རོ།།༽ ཞེས་གསུངས་པའི་ལུང་ཚིག་ལ་བརྟགས་ན་མེ་སྟོན་ཆེན་པོས་ཀྱང་ལྷུན་གྲུབ་པས་སངས་རྒྱས་ལ་མ་རིག་པ་གནོད་མེད་དུ་ཡོད་པ་ཁས་ལེན་པ་ནི་མི་འདོད་དོ།། ཡང་འགའ་རེས། ཀ་དག་པ་དང་ལྷུན་གྲུབ་པ་གཉིས་ཀ་སྐྱེ་མཆེད་པ་རུ་འདོད་ན། (༡༥)སྟོན་པའི་ཐེག་འགྲེལ་ལས་ལྷུན་གྲུབ་པ་བསྟན་པའི་སྐབས་སུ༼ཡང་དེ་གཉིས་ཀྱི་སྣང་སྟོང་དབྱེར་མེད་ནི། སྣང་བ་འདི་ཉིད་སྣང་བདོ་བ་ཙམ་ལ་སྟོང་པ་ཉིད་དོ། ། དེ་ཉིད་སྟོང་བདོ་བ་ཙམ་ལ་སྣང་བ་མི་འགོག་སྟེ། འདི་ལྟར་སྣང་བ་ཉིད་སྟོང་པ། སྟོང་པ་ཉིད་སྣང་བ་སྟེ། དེ་གཉིས་དུས་གཅིག་ཆོད་ལ་དབྱེར་མེད་ཡིན་ཞེས་ཟེར་རོ།།༽ཞེས་བསྟན་པས། སྐྱེ་མཆེད་པས་དེ་ལྟར་མི་འདོད་པའི་ཕྱིར་རོ་ཟེར་ན། སྐྱེ་མཆེད་པས་ཀྱང་དེ་ལྟར་འདོད་དེ། གཞིའི་རང་བཞིན་གྱི་ཆ་ནས་དེ་ལྟར་འདོད་པའི་ཕྱིར་ཏེ། སྐྱེ་མཆེད་རང་གྲོལ་བའི་འདོད་དོ།། དེ་ཡང་(༡༦)བླ་ཆེན་དྲན་པའི་ནམ་མཁའ་འཕྲུལ་མཛོད་ལས་ཀྱང་དོན་སྐོར་ཉི་ཤུ་རྩ་གཉིས་ཀྱི་དོན་བཀྲོལ་བ་ལས། བཞི་བ་ཡིན་ལུགས་བསྟན་སྐབས་སུ༼རེ་ཞིག་མཚོན་ཚུལ་ཙམ་དུ་མིང་དུ་བཏགས་པ་ལས། སངས་རྒྱས་འདི་ཡིན་བྱ་བའམ། སེམས་ཅན་འདི་ཡིན་བྱ་བའི་དམིགས་པའི་མཐའ་ལས་འདས། མཚན་མའི་ཡུལ་དང་བྲལ་བའི་བོན་ཉིད་ཀྱི་རློང་རང་འབྱུང་དུ་བརྡོལ་ལོ།། རེས་ཤིག་མིང་དུ་བཏགས་ན། སེམས་ཅན་དངོས་སངས་རྒྱས། སྣང་བ་དངོས་སྟོང་པ། བེམ་པོ་དངོས་རིག་པ་ཡིན་ནོ།།༽ཞེས་གསུངས་པས་སྐྱེ་མཆེད་རང་གྲོལ་བའི་དེ་ལྟར་འདོད་པ་གསལ་བའི་ཕྱིར་རོ།། དེ་ཡང་ཀ་དག་དང་ལྷུན་གྲུབ་ལ་སོགས་སྐྱེ་མཆེད་རང་དུ་འདོད་དགོས་དེ། (༡༧)ནམ་མཁའ་འཕྲུལ་མཛོད་ལས་༼རྫོགས་པ་ཆེན་པོ་ཇི་བཞིན་ཉིད་དུ་ཤར་བའི་དོན་ལ། སྒོམ་ཡོད་དང་སྒོམ་མེད། གཏིང་མེད་དང་། ལོབས་མེད་འདོད་པ་དང་། བློ་དངོས་འབྱེད་པ་དང་། དྲེགས་ཆད་དང་། དྲང་ཐད་དང་། སྤུན་པོ་དང་། ནག་འབྱམས་དང་། ཡང་ཡིན་གྱི་ལྟ་བ་དང་། ལྷུན་གྲུབ་དང་། ཀ་དག་དང་། ངེས་མེད་དང་དེ་ལས་སོགས་པའི་བཞེད་གཞུང་སྣ་ཚོགས་མཚོན་པའི་དཔེ་ནི། ནམ་མཁའ་དྭངས་བ་ལ་རོལ་བ་སྣ་ཚོགས་ཤར་བ་ལྟ་བུའམ། སྐྱེས་པ་ཡོན་ཏན་དུ་མ་ལྡན་པ་ལ་མིང་དུ་མ་བཏགས་ཀྱང་གཅིག་ལས་མ་འདས་པ་ལྟ་བུ་བསྟན་པ་དང་བདུན། ༽ཞེས་གསུངས་པའི་ཕྱིར་རོ།། དེས་ན་སྟོན་པའི་ཐེག་འགྲེལ་དང་རྗེའི་ཐེག་འགྲེལ་སོགས་ལས་ཀ་དག་དང་ལྷུན་གྲུབ་ལ་རྩོད་པ་སྤོངས་བ་མང་ངོ་ཟེར་ན། ཐེག་པ་འོག་མ་བས་ཀྱང་གོང་མའི་འདོད་པ་ལ་གནོད་པ་བཏངས་བ་ཡོད་སྲིད་པས་དེ་སྒྲུབ་བྱེད་དུ་མི་ཡོང་ངོ།། སྟོན་པའི་ཐེག་འགྲེལ་གྱི་གཞུང་གི་བབས་ལུགས་ལ་བལྟས་ནའང་དངོས་བསྐྱེད་པའི་ལྟ་བ་བསྟན་པའི་སྐབས་དང་ཤིན་ཏུ་དོན་ལྡན་པའི་ལྟ་བ་བསྟན་པའི་སྐབས་སུ་རིམ་བཞིན་ཐེག་པ་འོག་མས་གོང་མ་ལ་གནོད་པ་བཏང་བ་བསྟན་འདུག་པས། འདིར་ཡང་རྫོགས་པ་ཆེན་པོའི་ལྟ་བ་བསྟན་པའི་སྐབས་སུ་འོག་མས་གནོད་པ་བཏང་ན་ཅིས་མི་ཆོག་གོ །དེ་བས་གཞུང་ལུགས་ཀུན་ལས་ཀ་དག་དང་ལྷུན་གྲུབ་དངོས་སུ་འདོད་ན་མི་འཐད་པ་གསུངས་པ་ལས་ཀ་དག་པ་དང་ལྷུན་གྲུབ་པ་རྫོགས་ཆེན་པ་མ་ཡིན་པ་དང་སྐྱེ་མཆེད་པ་མ་ཡིན་པ་གསུངས་པའི་བཀའ་ལུང་ཚིག་གཅིག་ཀྱང་མེད་དོ།།

རྒྱལ་བའི་བཀའ་དང་འཕགས་པའི་ལུང་དག་གི །

ཚིག་དང་དོན་ལ་ལོག་འགྲེལ་གང་བྱས་པ། །

བླ་མ་མཁས་པའི་ཚོགས་ཀྱི་སྤྱན་སྔ་རུ། །

མཐོལ་ལོ་བཤཊ་སོ་བཟོད་པ་བསྩལ་དུ་གསོལ། །

  ༧(༡)༼རྫོགས་པ་ཆེན་པོ་སྙན་རྒྱུད་རིན་པོ་ཆེ་ནམ་མཁའ་འཕྲུལ་གྱི་མཛོད་ཆེན་གྱི་འགྲེལ་བ།༽སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ལས་དཔེ་བསྐྲུན་བྱས་པའི་སྒོ་བཞི་མཛོད་ལྔའི་ཡང་བཅུད།དེབ་གྲངས་༢༢ ཤོག་གྲངས་༡༣༩ལས།

  (༢)༼རྫོགས་པ་ཆེན་པོ་སྙན་རྒྱུད་རིན་པོ་ཆེ་ནམ་མཁའ་འཕྲུལ་གྱི་མཛོད་ཆེན་གྱི་གཞུང་སྐབས་བརྒྱད་པ།༽གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དཔེ་སྐྲུན་ཞུས་པའི་སྤྱིའི་དེབ་གྲངས་༢༨ ཤོག་གྲངས་༢༩༩ལས།

  (༣)༼ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ།༽གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གིས་དཔེ་སྐྲུན་ཞུས་པའི་སྤྱིའི་དེབ་གྲངས་༢༠ ཤོག་གྲངས་༨༦ལས།

  (༤)༼ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག༽སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་བྱས་པའི་རྒྱལ་བ་གཉིས་པ་སྨན་རི་བ་མཉམ་མེད་ཆེན་པོའི་བཀའ་འབུམ་དེབ་གྲངས་༡ ཤོག་གྲངས་༢༨༧ལས།

  (༥)༼ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་།༽གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གིས་དཔེ་སྐྲུན་ཞུས་པའི་སྤྱིའི་དེབ་གྲངས་༢༠ ཤོག་གྲངས་༨༧ལས།

  (༦)ཐེག་པ་ཆེ་ཆུང་གོང་འོག་རྣམ་པར་འབྱེད་པའི་གལ་མདོ་ངེས་པའི་གཏན་ཚིགས་དྲི་མེད་གསལ་སྒྲོན༽མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་བྱས་པའི་གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་དེབ་གྲངས༡༩ ཤོག་གྲངས་༡༩༡ལས།

  (༧)༼ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག༽སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་བྱས་པའི་རྒྱལ་བ་གཉིས་པ་སྨན་རི་བ་མཉམ་མེད་ཆེན་པོའི་བཀའ་འབུམ་དེབ་གྲངས་༡ ཤོག་གྲངས་༢༤༩ལས།

  (༨)༼ཐེག་པ་ཆེ་ཆུང་གོང་འོག་རྣམ་པར་འབྱེད་པའི་གལ་མདོ་ངེས་པའི་གཏན་ཚིགས་དྲི་མེད་གསལ་སྒྲོན༽མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་བྱས་པའི་གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་དེབ་གྲངས༡༩ ཤོག་གྲངས་༡༩༡ལས།

  (༩)༼ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག༽སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་བྱས་པའི་རྒྱལ་བ་གཉིས་པ་སྨན་རི་བ་མཉམ་མེད་ཆེན་པོའི་བཀའ་འབུམ་དེབ་གྲངས་༡ ཤོག་གྲངས་༢༤༩ལས།

  (༡༠)༼ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་།༽གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གིས་དཔེ་སྐྲུན་ཞུས་པའི་སྤྱིའི་དེབ་གྲངས་༢༠ ཤོག་གྲངས་༩༤ལས།

  (༡༡)༼ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག༽སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་བྱས་པའི་རྒྱལ་བ་གཉིས་པ་སྨན་རི་བ་མཉམ་མེད་ཆེན་པོའི་བཀའ་འབུམ་དེབ་གྲངས་༡ ཤོག་གྲངས་༢༥༢ལས།

  (༡༢)༼ཚིག་བཞི་བོན་གྱི་འཁོར་ལོའི་འགྲེལ་བ་དང་། ལྟ་སྒོམ་ལམ་གྱི་རིམ་པ། ཐེག་པ་ཆེན་པོ་དབུ་མའི་རང་འགྲེལ་གསལ་བྱེད་སྒྲོན་མ་ལེགས་པར་བཤད་པ་བཅས་ཀྱི་པོད་༽དེའི་ཤོག་གྲངས་༡༢ལས།

  (༡༣)༼ཚིག་བཞི་བོན་གྱི་འཁོར་ལོའི་འགྲེལ་བ་དང་། ལྟ་སྒོམ་ལམ་གྱི་རིམ་པ། ཐེག་པ་ཆེན་པོ་དབུ་མའི་རང་འགྲེལ་གསལ་བྱེད་སྒྲོན་མ་ལེགས་པར་བཤད་པ་བཅས་ཀྱི་པོད་༽དེའི་ཤོག་གྲངས་༡༢ལས།

  (༡༤)༼ཚིག་བཞི་བོན་གྱི་འཁོར་ལོའི་འགྲེལ་བ་དང་། ལྟ་སྒོམ་ལམ་གྱི་རིམ་པ། ཐེག་པ་ཆེན་པོ་དབུ་མའི་རང་འགྲེལ་གསལ་བྱེད་སྒྲོན་མ་ལེགས་པར་བཤད་པ་བཅས་ཀྱི་པོད་༽དེའི་ཤོག་གྲངས་༡༢ལས།

  (༡༥)༼ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ།༽གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གིས་དཔེ་སྐྲུན་ཞུས་པའི་སྤྱིའི་དེབ་གྲངས་༢༠ ཤོག་གྲངས་༩༡ལས།

  (༡༦))༼རྫོགས་པ་ཆེན་པོ་སྙན་རྒྱུད་རིན་པོ་ཆེ་ནམ་མཁའ་འཕྲུལ་གྱི་མཛོད་ཆེན་གྱི་གཞུང་སྐབས་བརྒྱད་པ།༽སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་བྱས་པའི་སྒོ་བཞི་མཛོད་ལྔའི་ཡང་བཅུད་དེབ་གྲངས་༢༢ ཤོག་གྲངས༡༤༤ལས།

  (༡༧))༼རྫོགས་པ་ཆེན་པོ་སྙན་རྒྱུད་རིན་པོ་ཆེ་ནམ་མཁའ་འཕྲུལ་གྱི་མཛོད་ཆེན་གྱི་གཞུང་སྐབས་བརྒྱད་པ།༽སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་བྱས་པའི་སྒོ་བཞི་མཛོད་ལྔའི་ཡང་བཅུད་དེབ་གྲངས་༢༢ ཤོག་གྲངས༢༧༡ལས།

  གྲྭ་བཙུན་ཚུལ་ཁྲིམས་རྒྱལ་མཚན་ནམ་བསམ་གཏན་ནི་རྔ་བ་རྫོང་བར་མ་ཡུལ་ཚོ་རུ་སྐྱེས་ཤིང་། ལོ་བདུན་གྱི་ཐོག་ནས་ཡུལ་དེའི་སློབ་ཆུང་འགྲིམས་ནས་མི་ལོ་བདུན་ཙམ་ལ་སྦྱང་བ་བྱས་ནས་སློབ་མཐར་ཕྱིན། དེ་ནས་སྣང་ཞིག་དགོན་ཆེན་གྱི་ཚོགས་གྲལ་དུ་ཞུགས་ཏེ་དགེ་བའི་བཤེས་གཉེན་ཆེན་མོ་དགེན་བསྟན་འཛིན་རྣམ་དག་གམ་ཨ་ཁུ་གཡུང་རིས་ཀློག་སློབ་པའིདགེ་རྒན་དུ་བསྟེན་ནས་འབྲི་ཀློག་འདོན་གསུམ་སོགས་ལ་སྦྱང་བ་བྱས། ཕྱིས་སུ་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་དུ་ཞུགས་ནས་མི་ལོ་བཅུ་གཉིས་ལྷག་ལ་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་ཀུན་ལ་སྦྱང་བ་བྱས་ཏེ་སློབ་གླིང་དེ་ལས་སློབ་མཐར་ཕྱིན་ལ་ཉེ་བ་དང་སྤྱི་ལོ༢༠༡༩ལོའི་དགེ་བཤེས་ལས་ཐོགས་པ་དང་༢༠༢༠ལོར་བཀའ་རབ་འབྱམས་པའི་མཚན་བཏགས་དངོས་སུ་བཞེས་ལ་ཉེ་བ་ལགས་སོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།