མཁས་པ་དཔལ་གྱི་ཁམས་བརྒྱད་ཀྱི་ཊཱིཀྐ་ཞུགས་འབྲས་བརྒྱད་ལ་དཔྱད་པ།

[ཟླ་ཚེས། 2019-02-04 18:48:57][རྩོམ་པ་པོ། གཤེན་ཡ་ངལ་ཁྲི་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མཁས་པ་དཔལ་ཆེན་པོའི་ཁམས་འགྲེལ་གྱི་དགོངས་དོན་འཕགས་པའི་གང་ཟག་ཉི་ཤུ་ལ་དཔྱད་པ་ཤེས་ལྡན་གཞོན་ནུ་དགའ་བའི་དྭངས་གསལ་མེ་ལོང་།
1549277814427305.jpg

 གཤེན་ཡ་ངལ་ཁྲི་རྒྱལ།

མཁྱེན་བརྩེའི་ལྷ་ལམ་ཡངས་པའི་དཀྱིལ་འཁོར་ནས། །མཁྱེན་དཔྱོད་ཉི་ཟླའི་འོད་འབུམ་རབ་རྒྱས་པ། །མཁྱེན་དང་བརྩེ་བའི་གདུལ་བྱ་རྗེས་འཛིན་མཆོག །སྨྲ་དབང་དཔལ་ཆེན་ལགས་ལ་སྙིང་ནས་གུས། ཅེས་མཆོད་ཚིག་དད་པའི་དབྱངས་ཀྱིས་མདུན་བསུས་ཏེ་སྐབས་དོན་གྱི་གླེང་བྱ་འཕགས་པའི་གང་ཟག་ཞུགས་གནས་བརྒྱད་ཀྱི་སྐོར་ལ་འཇུག་པར་སྤྲོ་བ་ནི་གསུམ་སྟེ། ཐེག་པ་ཆུང་ངུའི་ཐར་ལམ་དང་བསྟུན་ནས་བཤད་པ་དང་། ཐེག་པ་ཆེན་པོའི་ཐར་ལམ་དང་བསྟུན་ནས་བཤད་པ་དང་། འཕགས་པའི་གང་ཟག་ཉི་ཤུ་ངོས་བཟུང་བ་དང་གསུམ་ལས། འདིར་ཐེག་པ་ཆུང་ངུའི་ཐར་ལམ་དང་བསྟུན་ནས་བཤད་པར་བྱའོ། སྟོན་པའི་ཐེག་འགྲེལ་ལས་རང་རྟོགས་དངོས་ཀྱི་འབྲས་བུ་འཆད་སྐབས་འབྲས་བུ་ཟུང་བཞི་ཡ་བརྒྱད་ནི། སྐད་ཅིག་མ་བཅོ་ལྔ་ལ་རྒྱུན་དུ་ཞུགས་པའི་རྒྱུ་ཞེས་པའི་ལུང་གི་དངོས་བསྟན་གྱི་རྒྱུན་ཞུགས་ཞུགས་པ་ཡིན་ན་རིམ་གྱིས་པའི་རྒྱུན་ཞུགས་ཞུགས་པ་ཡིན་པའི་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ལྟར་མིན་པར་རྒྱུན་ཞུགས་ཞུགས་པའི་ཚད་དེ་ལྟར་ཡིན་ན། དེ་ལ་ཁྱབ་པ་མེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། མཐོང་ལམ་མ་ཐོབ་པའི་སྔ་རོལ་ཏུ་འདོད་ཉོན་དྲུག་པ་མན་ཆད་ལ་ཆགས་བྲལ་བྱས་པའི་མཐོང་ལམ་སྐད་ཅིག་བཅུ་བ་ལ་གནས་པའི་ཞུགས་པ་བོན་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་བོན་ཅན། རྒྱུན་ཞུགས་ཞུགས་པ་མ་ཡིན་པར་ཐལ། ཕྱིར་འོང་ཞུགས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཕྱིར་འོང་ཞུགས་པའི་སྤང་བྱའི་གཙོ་བོ་ལ་ཆགས་བྲལ་སྔོན་སོང་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བོན་ཅན་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ཡོད་པའི་ཕྱིར། མ་གྲུབ་ན་སླའོ། འདོད་ན། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་ལ་དེ་ལྟར་འཇོག་དགོས་པའི་ཕྱིར། ད་དུང་གོང་དུ་ཁས་བླང་གི་མཚམས་ལ་མ་ཁྱབ་པའི་མུ་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། མཐོང་ལམ་མ་ཐོབ་པའི་སྔ་རོལ་དུ་འདོད་ཉོན་དགུ་བ་མན་ཆད་ལ་ཆགས་བྲལ་བྱས་པའི་མཐོང་ལམ་སྐད་ཅིག་བཅོ་ལྔ་ལ་གནས་པའི་ཞུགས་པ་བོན་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་བོན་ཅན། དེ་མ་ཡིན་པར་ཐལ། ཕྱིར་མི་འོང་ཞུགས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཕྱིར་མི་འོང་ཞུགས་པའི་སྤང་བྱའི་གཙོ་བོ་ལ་ཆགས་བྲལ་སྔོན་སོང་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བོན་ཅན་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡོད་པའི་ཕྱིར། མ་གྲུབ་ན་སླའོ། འདོད་ན། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་པ་ལ་དེ་ལྟར་འཇོག་དགོས་པའི་ཕྱིར། ཁ་ཅིག་ན་རེ། བོན་རང་ལུགས་ལ་འབྲས་བུ་ཐོད་རྒལ་བ་དང་རིམ་སྐྱེས་པ་གཅིག་ཆར་བ་སོགས་ཡོད་པར་རྟགས་མ་གྲུབ་ཟེར་ན། དེར་ཐལ། ཀུན་བཏུས་མཛོད་གཞུང་ལས།དབང་པོ་རྣོ་རྟུལ་ཁམས་ཁྱད་ཀྱི། །རིམ་སྐྱེས་པ་དང་གཅིག་ཆར་རམ། །ཐོད་རྒལ་དང་ནི་མཐར་ཆགས་སྐྱེ། །ཞེས་དང་། མཁས་དབང་རྒྱལ་མཚན་མཆོག་ལེགས་ཀྱི་གཞི་ལམ་འབྲས་གསུམ་དོན་གསལ་ལས། ཆགས་བྲལ་སྔོན་སོང་ལ་གཉིས་ཏེ། ཕྱིར་འོང་ཆགས་བྲལ་སྔོན་དུ་སོང་བ་དང་། ཕྱིར་མི་འོང་ཆགས་བྲལ་སྔོན་དུ་སོང་བའོ། ཞེས་སོགས་གསུངས་པའི་ཕྱིར། དེ་ལ་དབྱེ་ན། མཐོང་ལམ་བར་ཆད་མེད་ལམ་ལ་གནས་པའི་དད་པའི་སྟོབས་ཀྱིས་བདེན་པ་མངོན་པར་རྟོགས་པའི་དབང་རྟུལ་དད་པའི་རྗེས་འབྲང་དང་། མཐོང་ལམ་བར་ཆད་མེད་ལམ་ལ་གནས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་ལུང་གི་རྗེས་སུ་འབྲང་ནས་བདེན་པར་མངོན་པར་རྟོགས་པའི་དབང་རྣོན་དང་གཉིས། ཐེག་འགྲེལ་ལས། བཅུ་དྲུག་འབྲས་བུ་སྨིན་ཏེ་ལན་ཅིག་ཕྱིར་བརྩོན་པའི་རྒྱུ་ཞེས་པའི་ལུང་དོན། རིམ་བཅས་པའི་རྒྱུན་ཞུགས་འབྲས་གནས་དེ་མཐོང་ལམ་སྐད་ཅིག་བཅུ་དྲུག་ཐོབ་པ་ནས་འདོད་པའི་སྒོམ་སྤང་དྲུག་པ་མ་སྤང་བའི་གང་ཟག་དེ་ལ་འཇོག་པ་མ་གཏོགས་སྤྱིར་ཁྱབ་པ་མེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། མཐོང་ལམ་མ་ཐོབ་པའི་སྔ་རོལ་དུ་སྦྱོར་ལམ་སོགས་ཀྱི་རྟེན་ལ་འདོད་ཉོན་དྲུག་པ་མན་ཆད་ལ་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་དང་། འདོད་ཉོན་དགུ་བ་མན་ཆད་ལ་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གཉིས་རེ་ཡོད་པ་གང་ཞིག ཐོག་མཐའ་བ་རྒྱུན་ཞུགས་འབྲས་བུ་དང་དགྲ་བཅོམ་ཞུགས་འབྲས་གསུམ་ལ་ཅིག་ཆར་བ་སོགས་ཡོད་པའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ་དང་པོ་གྲུབ་པ་གང་ཞིག གཉིས་པ་གྲུབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། དང་པོ་གཉིས་ལ་འབྲས་བུ་ཐོད་རྒལ་བ་ཡོད་པ་གང་ཞིག ཕྱི་མ་གསུམ་ལ་ཁམས་གསུམ་གྱི་སྒོམ་སྤང་ཉོན་མོངས་ཆེན་པོ་གསུམ་དང་འབྲིང་གསུམ་ཆུང་ངུ་གསུམ་སོགས་བརྒྱད་བཅུ་དགུ་ཚན་དུ་ཕྱེ་ནས་དགུ་དགུར་ཅིག་ཆར་དུ་སྤང་བ་ཡོད་པའི་ཕྱིར། མ་གྲུབ་ན་སླའོ། དེ་ལ་དབྱེ་ན། སྲིད་པ་ལན་བདུན་པ་དང་རིགས་གནས་རིགས་སྐྱེ། དང་པོ་ནི། ལྷ་དང་མི་ཡི་ནང་དུ་ལན་བདུན་བདུན་དེ་གཉིས་ཀྱི་བར་མ་དོ་ལ་བདུན་བདུན་སྐྱེ་བ་ཉི་ཤུ་རྩ་བརྒྱད་བླངས་ནས་མྱང་འདས་མངོན་དུ་བྱེད་མཁན་དེ་ལ་སྲིད་པ་ལན་བདུན་པ་ཟེར་ཏེ། སྲིད་ཉོན་དབང་གིས་སྐྱེ་བ་ལེན་དགོས་པར་བདུན་ཚན་དུ་འདྲ་བའི་འབྲས་གནས་ཙམ་པོ་བ་ཡིན་པའི་ཕྱིར། མ་ཁྱབ་ན། དེར་ཐལ། མཁས་བཞིའི་མཛོད་འགྲེལ་ལས། དེ་ལྟར་ཐོགས་ཀྱང་སྲིད་པ་ལན་བདུན་པ། ཞེས་དང་། སྐབས་བཞི་བ་ལས། དེ་ལའང་འབྲས་གནས་ཙམ་པོ་བ་དང་། ཁམས་འགྲེལ་ལས། འབྲས་བུ་ལ་གནས་པ་ལ་འབྲས་གནས་ཙམ་པོ་བ་ནི་མཐོང་ལམ་མི་རྟོག་པའི་ཡེ་ཤེས་ལྷག་མཐོང་ས་ལ་གནས་པ་སྟེ་ཞེས་སོགས་གསུངས་། གཉིས་པ་རིགས་གནས་རིགས་སུ་སྐྱེ་བ་ལ་གཉིས་ཏེ། མི་ཡི་རིགས་གནས་རིགས་སུ་སྐྱེ་བ་ནི་འབྲས་གནས་ཁྱད་པར་ཅན་གང་ཞིག་མི་ཡུལ་དུ་སྐྱེ་བ་གཉིས་སམ་གསུམ་བླངས་ནས་གླིང་དེའམ་གཞན་དུ་དགྲ་བཅོམ་མངོན་དུ་བྱེད་པ་ནི་མི་ཡི་རིགས་གནས་རིགས་སྐྱེ་ཡིན། གཉིས་པ། ལྷ་ཡི་རིགས་གནས་རིགས་སུ་སྐྱེ་བ་ནི། འབྲས་གནས་ཁྱད་པར་ཅན་གང་ཞིག འདོད་པའི་ཁམས་ཀྱི་ལྷའི་ནང་དུ་སྐྱེ་བ་གཉིས་སམ་གསུམ་བླངས་ནས་ལྷའི་རིགས་སམ་གཞན་དུ་དགྲ་བཅོམ་ཐོབ་པ་ནི། ལྷ་ཡི་རིགས་གནས་རིགས་སུ་སྐྱེ་བའོ། རིགས་གནས་རིགས་སུ་སྐྱེ་བ་ནི་རིགས་མཐུན་གཉིས་ངེས་པར་དུ་ལེན་དགོས་ཏེ་གཉིས་མ་བླངས་ན་རིགས་གནས་རིགས་ཞེས་པའི་གོ་དོན་མེད་པའི་ཕྱིར། མཐོང་སྤངས་ཉོན་སྒྲིབ་ཀུན་བཏགས་ཀྱི་ངོ་བོར་གྱུར་པའི་ཐ་མའི་ཆ་མཐུན་ལྔ་ནི།འཇིག་ལྟ་ཀུན་བཏགས། ཚུལ་ཁྲིམས་མཆོག་འཛིན། ཐེ་ཚོམ་ཉོན་མོངས་ཅན། འདོད་པ་ལ་འདུན་པ། གནོད་སེམས་བཅས་ཡིན། དཔལ་གྱི་ཁམས་འགྲེལ༼ཤ་༢༠༥་ལས། རྒྱུན་དུ་ཞུགས་པའི་སྐོར་ལ་གང་ཟག་རྣམ་པ་ལྔ་ཞེས་པས། རྒྱུན་ཞུགས་ཞུགས་པ་ལ་དབང་རྣོན་བོན་གྱི་རྗེས་འབྲང་དང་། དབང་རྟུལ་དད་པའི་རྗེས་འབྲང་གཉིས། རྒྱུན་ཞུགས་འབྲས་གནས་ལ་སྲིད་པ་ལན་བདུན་པ་དང་། ལྷའི་རིགས་གནས་རིགས་སྐྱེ་དང་། མིའི་རིགས་གནས་རིགས་སྐྱེ་དང་གསུམ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བཟུང་བ་བོན་གྱི་བདག་མེད་རྟོགས་ཤིང་། འཛིན་པ་བོན་གྱི་བདག་མེད་མ་རྟོགས་པའི་གཞི་མཐུན་ཡིན་པར་གྱུར་བའི་རང་སངས་རྒྱས་པ་ཡིན་ན་རབ་བྱུང་གི་རྟེན་ཅན་ཡིན་པའི་ཁྱབ་སྟེ། སྐབས་དང་པོའི་ཡིག་ཆ་ལས། ལྷག་པར་རང་རྟོགས་ནི། རབ་བྱུང་གི་རྟེན་ཅན་དང་། རང་རྟོགས་དགྲ་བཅོམ་པ་ཡིན་ན། བསྙེན་པར་རྫོགས་པ་ཡིན་པའི་ཁྱབ་དགོས་ཏེ། ཞེས་གསུངས་པའི་ཕྱིར་ཞེ་ན། ཡིག་ཆའི་དགོངས་དོན་དེ་ལྟར་ཡིན་པར་མ་གྲུབ་པའི་ཕྱིར། དེར་ཐལ། དེ་ཡིན་པར་གྱུར་བའི་བར་འདའ་དང་། བར་དོའི་རྟེན་ཅན་གྱི་དགྲ་བཅོམ་པ་མེད་པར་ཐལ་བའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ཡིན་ན་རབ་བྱུང་གི་རྟེན་ཅན་ཡིན་པའི་ཁྱབ་པའི་ཕྱིར། འདོད་ན་བསལ་ལོ། ཅི་སྟོ་སྟེ་ཁྱབ་ན་མ་ཁྱབ་ཟེར་ན། ཇི་སྲིད་འཚོ་བའི་བར་གཙང་མ་གཙུག་ཕུད་ཀྱི་ཁྲིམས་རྣམས་བསྲུངས་མཚམས་ལས་འདས་མ་འདས་ཙམ་ཡང་ཧ་མ་གོ་བར་ཟད་དོ། འོ་ན་ལུང་སྔ་ཕྱི་གཉིས་ཀའི་དགོངས་དོན་ཅི་ཡིན་ཞེ་ན། དང་པོ། རང་རྒྱལ་གྱི་གྲུབ་མཐར་ཞུགས་པ་ལ་རབ་བྱུང་གི་སྡོམ་ཁྲིམས་ལྡན་དགོས་པ་དང་། གཉིས་པ། རང་རྟོགས་དངོས་ཀྱི་སྐྱེས་ཙམ་ཉིད་ནས་འདའ་བའི་དགྲ་བཅོམ་པ་ཡིན་ན་དྲང་སྲོང་བ་ཡིན་པའི་ཁྱབ་པའི་དོན་སོགས་ཡིན་པར་སེམས་ཏེ། ཐེག་རིམ་མདོ་རྒྱུད་ལས་རང་རྒྱལ་གྱི་བསྲུང་ཁྲིམས་འཆད་སྐབས། དགེ་སྤྱོད་མ་ཉམས་ཁྲིམས་ཆེན་དགུ་བོ་བསྲུང་། ཞེས་གསུངས་པའི་ཕྱིར། འོན་ཀྱང་ཕྱི་དོན་བདེན་གྲུབ་དུ་མི་འདོད་ཅིང་། གཟུང་བ་བོན་གྱི་བདག་མེད་རྟོགས་པ་གང་ཞིག ཤེས་པ་ཡང་དག་ལ་གཟུང་འཛིན་དང་། དོན་དམ་དུ་ཁས་ལེན་པའི་གྲུབ་མཐར་ཞུགས་པའི་གང་ཟག་ཡིན་ན་རབ་བྱུང་གི་རྟེན་ཅན་དང་། བསྙེན་པར་རྫོགས་པ་གང་རུང་ཡིན་པའི་ཁྱབ་མ་ཁྱབ་ལ་དཔྱད་པར་འོས་ཀྱི་སྨོད་པར་བླུན་ནོ། འདོད་པའི་ཁམས་ཀྱི་སྒོམ་སྤངས་ལྔ་མན་ཆད་སྤངས་པའམ་དྲུག་པ་སྤོང་བའི་སྦྱོར་བའམ་བར་ཆོད་མེད་པའི་ལམ་ལ་གནས་པ་ནི་ལན་ཅིག་ཕྱིར་འོང་གི་འབྲས་བུ་ལ་ཞུགས་པའོ། ཕྱིར་འོང་གི་འབྲས་བུ་ལ་གནས་པ་ཙམ་པོ་བ་ནི། འདོད་པའི་ཁམས་ཀྱི་སྒོམ་སྤང་དྲུག་པ་སྤངས་པ་ཙམ་ལ་གནས་པ་དེའོ། དེ་ནི་འདོད་པའི་ཁམས་ཀྱི་ལྷ་དང་མིའི་ནང་དུ་སྐྱེ་བ་ལན་རེ་ལས་མི་ལེན་པའི་ཕྱིར་ན། ལན་ཅིག་ཕྱིར་འོང་ཞེས་བྱ་བའོ། འབྲས་བུ་ཁྱད་པར་ཅན་ཚེ་གཅིག་བར་ཆད་གཅིག་པ་ནི། རྟེན་དེ་ཉིད་ཀྱིས་སྟེང་དུ་འདོད་པའི་ཁམས་ཀྱི་སྒོམ་སྤང་བདུན་པ་དང་བརྒྱད་པ་སྤངས་པ་དེའི་གཉེན་པོ་ཟག་པ་མེད་པའི་དབང་ཐོབ་པས། ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་ལ་འདོད་ཉོན་དགུ་བའི་བར་དུ་ཆོད་པ། ཐེག་དམན་མྱང་འདས་ཐོབ་པ་ལ་ཚེ་གཅིག་གི་བར་དུ་ཆོད་པས་ན། ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པ་ཞེས་བྱའོ། ཁམས་འགྲེལ་ལས། ལན་ཅིག་ཕྱིར་འོང་པ་ལ་རྣམ་པ་གསུམ་ཞེས་པའི། ཕྱིར་འོང་ཞུགས་པ་དང་། འབྲས་གནས་ཙམ་ཁྱད་གཉིས་དང་གསུམ། འདོད་ཁམས་ཀྱི་སྒོམ་སྤང་འདོད་ཉོན་བདུན་པ་དང་བརྒྱད་པ་སྤངས་པའམ་དགུ་བ་སྤང་པའི་སྦྱོར་བ་དང་བར་ཆད་མེད་པའི་ལམ་གནས་པ་ནི། ཕྱིར་མི་འོང་གི་འབྲས་བུ་ལ་ཞུགས་པའོ། འདོད་ཉོན་དགུ་བ་སྤངས་པ་ལ་གནས་པ་ཙམ་དེ་ཕྱིར་མི་འོང་འབྲས་གནས་ཙམ་པོ་བ་ཞེས་བྱའོ། ཕྱིར་མི་འོང་གི་འབྲས་བུ་ཁྱད་པར་ཅན་ལ་བཅུ་དང་། སྤྱིར་ཕྱིར་མི་འོང་ལ་རིགས་བཞི། གཟུགས་ཁམས་སུ་ཉེ་བར་འགྲོ་བའི་ཕྱིར་མི་འོང་དང་། གཟུགས་མེད་དུ་ཉེར་བར་འགྲོ་བའི་ཕྱིར་མི་འོང་དང་། མཐོང་བའི་བོན་ལ་མྱ་ངན་ལས་འདའ་བ་དང་། ཞི་བ་ལུས་ཀྱི་མངོན་བྱེད། ཕྱིར་མི་འོང་བཅུ་པོ་དེ་དག་མཐོ་རིས་མི་ཡི་རྟེན་ལ་ཤེས་རབ་གསལ་ཚུལ་ནི། རྟེན་དེ་ལ་མྱང་འདས་མ་ཐོབ་པ་ཐོབ་པར་བྱེད་ནུས་པ་དང་། དེ་ལ་ལམ་བདེན་མགྱོགས་ཚད་ཀྱི་དབང་གིས་དབང་པོ་རབ་འབྲིང་ཐ་གསུམ་གྱི་དབྱེ་བའོ། དང་པོ་དབང་རྣོན་ལ། སྐབས་བཞི་བའི་ཡིག་ཆ་ལས། བདུན་དུ་གསུངས་ཀྱང་དྲུག་མ་གཏོགས་མེད་པས་དཔྱད་པར་ཞུ། དང་པོ་དྲུག་ནི། བར་མ་དོར་མྱ་ངན་ལས་འདའ་བ། སྐྱེས་ནས་མྱ་ངན་ལས་འདའ་བ། མངོན་པར་འདུ་བྱེད་པ་མྱ་ངན་ལས་འདའ་བ། འདུ་མི་བྱེད་པ་མྱ་ངན་ལས་འདའ་བ། ལྷག་མཐོང་སྤྱད་པའི་གང་ཟག་བསམ་གཏན་སྤེལ་མ་བསྒོམས་པའི་འོག་མིན་མཐར་ཐུག་འགྲོ། ཞི་གནས་སྤྱོད་པའི་བསམ་གཏན་སྤེལ་མ་མི་བསྒོམ་པར་སྲིད་རྩེ་མཐར་ཐུག་འགྲོ་བའོ། དང་པོ། འདོད་ཁམས་ཀྱི་སྒོམ་སྤང་དགུ་སྤངས་པའི་ཕྱིར་མི་འོང་འདོད་པའི་རྟེན་ཅན་དེས། གཟུགས་ཁམས་སུ་སྐྱེ་བའི་ལས་ཉོན་སྤངས་ལ། གཟུགས་ཀྱི་བར་སྲིད་འགྲུབ་པར་བྱེད་པའི་ལས་མ་སྤང་པའི་འདོད་པའི་གནས་ནས་ཤི་བ་དང་། གཟུགས་ཁམས་ཀྱི་བར་སྲིད་གྲུབ་ནས་བར་དོའི་རྟེན་དེ་ཉིད་ལས། གཟུགས་ཁམས་དང་གཟུགས་མེད་ཁམས་གཉིས་ཀྱི་སྒོམ་སྤང་ཉོན་མོངས་མ་ལུས་པ་སྤངས་ནས་ལྷག་མེད་མྱང་འདས་ཐོབ་པའོ། མཁས་པ་དཔལ་ཆེན་གྱིས་དེ་ཉིད་རང་ལ་ཡང་། ཞོགས་མའི་མེ་སྟག་གནམ་དུ་ཡར་བའི་དཔེ་མཚོན་པའི་དོན་ཡང་བརྩིའོ་ཞེས་གསུངས་པས། མེ་སྟག་བྱུང་མ་ཐག་དང་། ཚ་ཚ་གནམ་དུ་ཡར་བའི་དུས། གནམ་ནས་ས་ལ་ལྷུང་བའི་དུས་སོགས་ལ་དཔེར་མཚོན་ནས་མྱང་འདས་ཐོབ་ཚུལ་བསྟན་པའོ། གཉིས་པ་སྐྱེ་འདའ་བ་ནི། ཕྱིར་མི་འོང་པ་གང་ཞིག་གིས་བར་སྲིད་དང་སྐྱེ་སྲིད་འགྲུབ་བྱེད་ཀྱི་ཉོན་མོངས་མ་སྤངས་པས། འདོད་པའི་གནས་ནས་ཤི་དེ། གཟུགས་ཁམས་སུ་སྐྱེས་མ་ཐག་ཏུ་མངོན་པར་བརྩོན་པ་དང་། ལམ་ངང་གིས་བྱུང་ནས་ཁམས་གོང་མ་གཉིས་ཀྱི་སྒོམ་སྤང་ཉོན་མོངས་པ་བྲལ་ནས། གཟུགས་ཕུང་ལྷག་མ་དང་བཅས་ཏེ་མྱ་ངན་ལས་འདའ་བའོ། ༢༠༡༡་ལོ་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དཔར་སྐྲུན་གནང་བའི་སྐབས་བཞི་བའི་ཡིག་ཆ་ལས། ཀུན་བཏུས་ལས། ཕྱིར་མི་འོང་འདོད་པའི་རྟེན་ཅན་དབང་པོ་འབྲིང་གི་རྟུལ་པོ་གཅིག་གཟུགས་ཁམས་སུ་སྐྱེ་བའི་ཀུན་སྦྱོར་སྤང་མ་ནུས་པས་སྐྱེས་པ་ཙམ་ལ་ལྷག་བཅས་སུ་འདའ་བའོ། ཞེས་གསུངས་ཀྱང་འབྲིང་གི་རྣོན་པོ་གཅིག་གཟུགས་ཁམས་སུ་སྐྱེ་བའི་ཀུན་སྦྱོར་སྤང་མ་ནུས་པས་ཞེས་གསུངས་ན་འགྲིག་སྙམ། ཅིའི་ཕྱིར་ཞེ་ན། འབྲིང་གི་རབ་འབྲིང་ཐ་གསུམ་བསྟན་སྐབས་ཡིན་པའི་ཕྱིར། མ་གྲུབ་ན་སླའོ། གོང་གི་ཀུན་བཏུས་ལས་གསུངས་པའི་གཞུང་། མཁས་གྲུབ་རྒྱལ་མཚན་མཆོག་ལེགས་ཀྱིས་གཞི་ལམ་འབྲས་གསུམ་གྱི་དོན་གསལ། ཤིང་དཔར་སྣ་རིང་ཅན་གྱི་དཔེ་གཞུང་དེ་ཡིན་པར་སེམས། གང་ལགས་ན། དེ་ཉིད་ལས། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབས་པའི་ས་ལམ་ཀུན་ལས་བཏུས་པ་བོན་ཅན། ཞེས་སོགས་གསུངས་པ་མ་ཟད། སྐབས་བཞི་བའི་ཡིག་ཆ་ལས་ཞུགས་འབྲས་བརྒྱད་བསྟན་སྐབས་ཀུན་བཏུས་ལས་གསུངས་པའི་ལུང་དྲངས་ཀྱི་ཚིག་ཅི་བཞིན་དུ་གསལ་བའི་ཕྱིར། གསུམ་པ་མངོན་པར་འདུ་བྱེད་དང་བཅས་ནས་མྱ་ངན་ལས་འདའ་བ་ནི། སྔ་མ་ལྟ་བུའི་ཕྱིར་མི་འོང་དེ། སྐྱེས་མ་ཐག་ཏུ་མྱ་ངན་ལས་འདའ་མ་ནུས་པར། མངོན་པར་བརྩོན་པ་ངང་གིས་འབྱུང་ལ་ལམ་ངང་གིས་མ་བྱུང་བར། ཆེད་རྩོལ་གྱིས་ལམ་རྒྱུད་ལ་བསྐྱེད་ནས། ཕུང་པོ་ལྷག་བཅས་སུ་མྱ་ངན་ལས་འདའ་བའོ། གཞི་ལམ་འབྲས་གསུམ་གྱི་དོན་གསལ་ལམ་ཀུན་བཏུས་ལས། དེ་ལྟ་བུའི་རྟེན་ཅན་གཅིག་དབང་པོ་འབྲིང་གི་རྣོན་པོས་གཟུགས་ཁམས་སུ་སྐྱེས་ནས་ལམ་ངང་གིས་འབྱུང་བའི་ལྷག་བཅས་སུ་འདའ་བའོ། ཞེས་གསུངས་ཀྱང་། འབྲིང་གི་(རྣོན)འབྲིང་ཡིན་པར་སེམས། བཞི་པ་མངོན་པར་འདུ་བྱེད་མེད་པར་མྱ་ངན་ལས་འདའ་བ་ནི། ཕྱིར་མི་འོང་གཅིག་ལ་མངོན་པར་བརྩོན་པ་ལམ་གཉིས་ཀ་ངང་གིས་མ་བྱུང་བར་ཕྱིས་དེ་གཉིས་བསྐྱེད་ནས། གཟུགས་ཁམས་དང་གཟུགས་མེད་ཁམས་གཉིས་ཀྱི་སྒོམ་སྤང་ཉོན་མོངས་པ་སྤངས་ཏེ། ལྷག་བཅས་མྱ་ངན་ལས་འདའ་བའོ། ཀུན་བཏུས་ལས། དེ་ལྟ་བུ་དབང་པོ་འབྲིང་གི་རྟུལ་པོ་གཅིག་ལམ་ལ་འབད་པ་ཆེར་བཏོན་ནས་ལྷག་བཅས་སུ་འདའ་བའོ་ཞེས་གསུངས། འོ་ན་ལྷག་བཅས་ཞེས་པ་ཅི་ལྟར་ལགས་ན། ཁམས་གསུམ་གྱི་ཉོན་མོངས་མ་ལུས་པར་སྤངས་ཤིང་སྡུག་བདེན་གྱི་ཟག་ཕུང་མ་དོར་བ་དེ་ལ་ཟེར། ལྔ་པ་ལ་གཉིས་ཏེ། བསམ་གཏན་སྤེལ་མ་སྒོམས་ལུགས་དང་འཕར་ལུགས་སོ། དང་པོ་འདོད་ཁམས་ཀྱི་རྟེན་ཅན་ཕྱིར་མི་འོང་པ་གང་ཞིག་འདོད་པའི་རྟེན་དེ་ལ་བསམ་གཏན་བཞི་པའི་ཏིང་འཛིན་ཐོབ་ནས། ཟག་མེད་བསམ་གཏན་བཅུ། ཟག་བཅས་བསམ་གཏན་ལྔ་སྟེ་བཅོ་ལྔ་སྤེལ་ནས། བསམ་གཏན་བཞི་པ་ཤིན་ཏུ་ཆེས་ཆེན་པོར་སྤེལ་བར་སྒོམས་པའི་འཕར་བ་ཡིན་ཏེ། ལྷག་མཐོང་སྤྱོད་པའི་སེམས་གསལ་བའི་ཕྱིར་གཙང་མ་རིགས་ལྔའི་གནས་སུ་འཕོ་ནུས་པའོ། དེ་ཡང་ཟག་མེད་ཀྱི་བསམ་གཏན་ཞེས་པ། བདེན་པའི་རྣམ་ཅན་གྱི་བསམ་གཏན་ཡིན་ལ། ཟག་བཅས་ནི་ཞི་རགས་རྣམ་ཅན་གྱི་བསམ་གཏན་ཡིན་ནོ། སྤེལ་མ་སྒོམ་ཚུལ་ལ་ཡང་ལྔ་ཡོད་དེ། ཆུང་ངུ་གསུམ་སྤེལ། འབྲིང་དྲུག་སྤེལ། ཆེན་པོ་དགུ་སྤེལ། ཆེས་ཆེར་སྤེལ་བ་བཅུ་གཉིས། ཤིན་ཏུ་ཆེས་ཆེར་སྤེལ་པ་བཅོ་ལྔའོ། དང་པོ། ཟག་བཅས་བསམ་གཏན་གཅིག་དང་། ཟག་མེད་ཀྱི་བསམ་གཏན་གཉིས་སྤེལ། གཉིས་པ་ཟག་བཅས་བསམ་གཏན་གཉིས་དང་། ཟག་མེད་བསམ་གཏན་བཞི་སྤེལ་ནས་སྒོམ། གསུམ་པ་ཟག་བཅས་གསུམ་དང་། ཟག་མེད་དྲུག་སྤེལ་ནས་སྒོམ་པ་ཡིན། བཞི་པ་ཟག་བཅས་བཞི་དང་། ཟག་མེད་བརྒྱད་སྤེལ་ནས་སྒོམ་པ། ལྔ་བ་ཟག་བཅས་ལྔ་དང་ཟག་མེད་བཅུ་སྤེལ་ནས་བསྒོམ་པའོ། གཉིས་པ་འཕར་ཚུལ་ལ་གསུམ་སྟེ། གོང་དུ་འཕར་བ། ཕྱེད་དུ་འཕར་བ། གནས་ཐམས་ཅད་དུ་འཆི་འཕོ་བ་དང་གསུམ། དང་པོ་ཆེས་ཆེན་པོར་སྤེལ་བར་སྒོམ་པ་ཞིག་ལ་བསམ་གཏན་དང་པོའི་ཉོན་མོངས་པ་སྐྱེས་པས་བསམ་གཏན་བཞི་པའི་དངོས་གཞི་ཉམས་ནས་ཤི་བ་དེ། བསམ་གཏན་དང་པོའི་ཚངས་རིས་ལྟ་བུར་སྐྱེས་ནས། རྟེན་དེའི་ཐོག་ནས་བསམ་གཏན་བཞི་པའི་ཏིང་འཛིན་ཐོབ་པར་བྱས་ནས་དེ་ནས་ཟག་བཅས་ལྔ། ཟག་མེད་བཅུ་སྤེལ་མར་སྒོམ་སྟེ། ཇི་སྲིད་འཚོ་བའི་ཚད་རྫོགས་ནས་འོག་མིན་གནམ་གྱི་ལྷ་གནས་སུ་སྐྱེས་ནས་མྱ་ངན་ལས་འདའ་བའོ། ཀུན་བཏུས་ལས། དབང་པོ་ཐ་མའི་རྣོན་པོ་གཅིག་ཆེས་ཆེར་སྤེལ་མར་སྒོམ་པ་དང་། ཚངས་རིས་སུ་སྐྱེས་ནས་རྟེན་དེ་ལ་བསམ་གཏན་བཞི་པའི་སེམས་ཐོབ་པར་བྱས་ནས། བཅོ་ལྔ་སྤེལ་མར་བསྒོམ་པས་ཤི་ནས་འོག་མིན་དུ་འདའ་བའོ། ཞེས་གསུངས། གཉིས་པ་ཕྱེད་དུ་འཕར་བ་ནི། སྔ་མ་དབང་པོ་ཐ་མའི་རྣོན་པོ་ལྟ་བུའི་ཚངས་རིས་སུ་བཅོ་ལྔ་སྤེལ་སྒོམ་མ་ནུས་པར། ཟག་བཅས་བཞི་དང་། ཟག་མེད་བརྒྱད་སྤེལ་ཙམ་སྒོམ་པས་ཚངས་རིས་ནས་ཤི་བའི་ཚེ། གནམ་གྱི་ལྷ་གནས་སུ་སྐྱེ་མ་ནུས་པར་གནས་གཙང་འོག་མ་གང་རུང་དུ་སྐྱེས་ནས་དེ་ནས་འོག་མིན་དུ་སྐྱེས་ནས་མྱ་ངན་ལས་འདའ་བའོ། ཀུན་བཏུས་ལས། སྔ་མ་ལྟ་བུའི་དབང་པོ་ཐ་མའི་འབྲིང་པོ་གཅིག་བཅུ་གཉིས་སྤེལ་ཙམ་སྒོམ་མ་ནུས་པས་འོག་མིན་དུ་འཕར་མ་ནུས་ཏེ། ཚངས་རིས་ནས་མི་ཆེ་བ་དེ་ནས་འོག་མིན་དུ་འདའ་བའོ། ཞེས་གསུངས། གསུམ་པ་གནས་ཐམས་ཅད་དུ་འཆི་འཕོ་བ་ནི། ཕྱིར་མི་འོང་པ་དབང་པོ་ཐ་མའི་ཐ་མ་དེས་སྔ་མ་ལྟར་བསམ་གཏན་བཅུ་གཉིས་སྤེལ་སྒོམ་མ་ནུས་པར་ཟག་བཅས་གསུམ་ཟག་མེད་དྲུག་སྤེལ་ཙམ་སྒོམ་པས་འདོད་ཁམས་ནས་ཤི་དེ་ཚངས་པ་ཆེན་པོར་མ་གཏོགས་ཚངས་ཆུང་ནས་རིམ་གྱིས་བརྒྱུད་དེ་གཟུགས་ཁམས་གནས་རིགས་བཅུ་བདུན་པ་གནམ་གྱི་ལྷ་གནས་ཀྱི་རྟེན་ནས་མྱ་ངན་ལས་འདའ་བའོ། སྐབས་བཞི་པའི་ཡིག་ཆ་ལས། ཚངས་པ་ཆེན་པོ་རུ་ཕྱིར་མི་སྐྱེ་བ་ནི་འགྲན་ཟླ་མེད་པའི་ཚོགས་བསགས་པ་རྩེ་གཅིག་ཡིན་པའི་ཕྱིར། དེར་མི་སྐྱེ་བ་ཡིན་ནོ་ཞེས་དང་། ཀུན་བཏུས་ལས། རྟེན་སྔ་མ་ལྟ་བུ་དབང་པོ་ཐ་མའི་རྟུལ་པོ་གཅིག་དགུ་སྤེལ་ཙམ་ལས་སྒོམ་མ་ནུས་པས་གཟུགས་ཁམས་བཅུ་བདུན་ལས་ཚངས་ཆེན་མ་གཏོགས་པར་ཐམས་ཅད་དུ་འཆི་འཕོ་བྱེད་པའོ།ཞེས་གསུངས། དྲུག་པ་ཞི་གནས་སྤྱོད་པའི་ཟག་བཅས་དང་ཟག་མེད་ཀྱི་བསམ་གཏན་སྤེལ་མ་མི་སྒོམ་པར་སྲིད་རྩེ་མཐར་ཐུག་འགྲོ་བ་ནི། ཕྱིར་མི་འོང་ཞི་གནས་སྤྱོད་པ་འགའ་ཞིག་ཞི་གནས་སྤེལ་མར་མི་སྒོམ་པས་འཕགས་པ་རིགས་ལྔར་མི་སྐྱེ་བར་འདོད་ཁམས་ནས་ཤི་སྟེ་བསམ་གཏན་བཞི་དང་། གཟུགས་མེད་བཞིར་རིམ་གྱིས་སྐྱེས་ནས་དེར་མྱ་ངན་ལས་འདའ་བའོ། ཕྱིར་མི་འོང་ཞི་གནས་སྤྱོད་པ་དེ་ལ་ལྷག་མཐོང་མེད་དེ་སེམས་མི་གསལ་བའི་ཕྱིར། གནས་གཙང་ལ་འཕོ་བའི་གོ་སྐབས་མེད་པས་གཟུགས་ཁམས་གནས་རིགས་བཅུ་གཉིས་ནས་གཟུགས་མེད་བཞི་རིམ་གྱིས་སྐྱེས་ནས་འདའ་བའོ། ཁ་ཅིག་ན་རེ། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་བར་འདའ་བ་དང་། སྐྱེ་འདའ་བ། གོང་འཕོ་གསུམ་གྱི་ཁྱད་པར་ནི། དབང་པོ་རྣོ་འབྲིང་རྟུལ་གསུམ་གྱི་ཁྱད་པར་ཡིན་པའི་ཕྱིར་ཏེ། ཁམས་འགྲེལ་ལས། བར་དོ་མྱ་ངན་ལས་འདའ་བ་ནི། དབང་པོ་རྣོན་པོ་ཡིན་ལ། སྐྱེས་ནས་མྱ་ངན་ལས་འདའ་བ་ནི་དབང་པོ་འབྲིང་ཡིན་ཞིང་། འཕར་བ་གསུམ་ནི་དབང་པོ་ཐ་མ་ཡིན་ནོ། ཞེས་གསུངས་པའི་ཕྱིར་ཞེ་ན། གཞུང་དོན་དེ་ལྟར་ཡིན་པར་མ་གྲུབ་སྟེ། བཅུ་དྲུག་པ་རྗེས་ཤེས་ཐོབ་ནས་དབང་པོ་རྣོ་རྟུལ་བརྩི་བ་མེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ཉིད་ལས། སྔ་མའི་སྐབས་སུ་ལམ་གྱི་བྱེད་པ་དང་བཅས་པ་ཡིན་པས་དབང་པོ་རྣོ་རྟུལ་གྱི་བྱེད་པ་མི་འདྲ་བ་ཡོད་པས་གཉིས་སུ་བཞག་ལ་འདིར་ལམ་གྱི་བྱེད་པ་དང་བྲལ་བ་ཡིན་པས་དབང་པོ་རྣོ་རྟུལ་གཉིས་ལ་བྱེད་མི་འདྲ་བ་མེད་པས་གཉིས་མ་བཞག་པ་ཡིན་ནོ། ཞེས་དང་། གཞི་ལམ་འབྲས་བུའི་གསལ་བྱེད་མེ་ལོང་ལས། མཐོང་ལམ་རྫོགས་ནས་ནི་དབང་པོ་རྣོ་རྟུལ་བརྩི་བ་མེད་དེ། བོན་དང་བོན་ཉིད་ཀྱི་རིགས་ལ་གསར་མཐོང་མེད་པས་སོ། ཞེས་དང་། སྐབས་བཞི་བ་ལས་ཀྱང་། གཞན་སྡེ་འདི་ལའང་དབང་པོ་སྒོ་ནས་དབྱེ་བ་གཉིས་བཞག་འདུག་ཀྱང་རང་ལུགས་མི་འཐད་དེ་ཞེས་སོགས་གསུངས་པའི་ཕྱིར། དེས་ན་གོང་དུ་སྒོམ་ལམ་སྐབས་སུ་དབང་པོ་རྣོ་འབྲིང་རྟུལ་གསུམ་གྱི་ཁྱད་པར་ནི་དགྲ་བཅོམ་གྱི་འབྲས་བུ་ཐོབ་པ་ལ་ཡུན་མགྱོགས་བུལ་ཙམ་གྱི་ཁྱད་པར་ལ་བཞག་ན་འགྲིག་པར་སེམས། དེ་དག་ནི་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གི་སྐོར་རོ། གཉིས་པ་གཟུགས་མེད་དུ་ཉེར་བར་འགྲོ་བ་ནི། འདོད་པའི་སྒོམ་སྤང་དགུ་བ་སྤང་ནུས་ཀྱང་སྲིད་རྩེའི་སྒོམ་སྤང་བརྒྱད་པ་མ་སྤང་བས་འདོད་པའི་ཁམས་ཀྱི་རྟེན་དེ་ལ་གཟུགས་ཀྱི་ཉོན་མོངས་པ་དང་བྲལ་བར་བྱས་ཏེ། གཟུགས་ཁམས་སུ་ལས་ཉོན་དབང་གིས་གཏན་ནས་མི་སྐྱེ་བར་གཟུགས་མེད་དུ་སྐྱེས་ནས་དེར་དགྲ་བཅོམ་འབྲས་གནས་ཐོབ་པའོ། གཟུགས་མེད་ནས་གཟུགས་མེད་དུ་འཕོ་བ་ལ་བར་སྲིད་མེད་པས་བར་འདའ་བ་མེད་ལ། སྐྱེས་ནས་དགྲ་བཅོམ་ཐོབ་པ་དང་། འདུ་བྱེད་པར་འདའ་བ། འདུ་མི་བྱེད་པར་འདའ་བ། གོང་འཕོ་དང་བཞི་ལ་སོགས་འཇོག་དགོས་པའོ། ཁ་ཅིག་ན་རེ། གཟུགས་མེད་ལ་བར་དོ་མེད་པར་མ་གྲུབ་སྟེ། ངན་སོང་སྒོ་མོ་གཅོད་པའི་མདོ་ལས། གཟུགས་མེད་བར་དོའི་གནས་སུ་སྐྱེ་བའི་སྒོ་གཅོད་བདུད་བཅོམ་པ་ཞེས་དང་། གཟུགས་མེད་བར་དོའི་གནས་རིགས་དང་། བག་ཆགས་ཞེན་པའི་ལུས་སུ་བདག་མ་སྐྱེ། ཞེས་སོགས་གསུངས་པའི་ཕྱིར་ཞེ་ན། དང་པོའི་ལུང་དོན་གཟུགས་མེད་པ་ཞིག་གིས་ཚེ་འཕོས་ཚེ་འདོད་པའི་བར་དོ་དང་། གཟུགས་ཀྱི་བར་དོ་གང་རུང་འགྲུབ་བྱེད་ཀྱི་བདུད་བཅོམ་པ་དང་། གཉིས་པ་གཟུགས་མེད་དང་བར་སྲིད་འགྲུབ་བྱེད་ཀྱི་མི་གཡོ་བའི་ལས་དང་།དགེ་མི་དགེ་གང་རུང་བསྟན་དུ་མེད་པའི་ལས་ཀྱི་བག་ཆགས་དབང་གིས་བདག་སོགས་སེམས་ཅན་རྣམས་སྐྱེ་མི་དགོས་པར་སྨོན་ལམ་བཏབ་པ་སོགས་ལ་གོ་དགོས་པར་ཡིན་ཏེ། སྲིད་པའི་མཛོད་ཕུགས་ལས།ཉེ་ལོ་ད་ཞི་ང་དྲུག་ནི། །བསམ་གཏན་རྣམ་པ་དྲུག་བསྟན་པ། །བསམ་གཏན་དམ་པའི་མཆོག་ལྡན་པ། །བླ་མེད་འབྲས་བུ་ཐོབ་པ་ནི། །གཡོ་རྩོལ་མེད་པའི་མཚན་ཉིད་འཛིན། །ཞེས་དང་། རྗེ་རིན་པོ་ཆེའི་མཛོད་འགྲེལ་ལས། ལུང་མ་བསྟན་གྱི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི། བར་དོར་ཡུན་རིང་དུ་འཁོར་ཞིང་སྒྱུ་མ་མཁན་ལ་སོགས་ཀྱི་ལུས་ལེན་པ་ལྟ་བུའོ། ཡང་ན་ཁམས་འགྲེལ་ལས། སྲིད་པ་བར་མ་མེད་པས་བར་དོར་མྱ་ངན་ལས་འདའ་བ་མེད་ཀྱི་སྐྱེས་ནས་མྱ་ངན་ལས་འདའ་བ་ལ་སོགས་སྲིད་པའོ། ཞེས་དང་། སྐབས་བཞི་བའི་ཡིག་ཆ་ལས། གཟུགས་མེད་ནས་གཟུགས་མེད་དུ་འཕོ་བ་ལ་སྲིད་པ་བར་མ་མེད་པས་བར་མ་དོར་མྱ་ངན་ལས་འདའ་བ་མེད་ཀྱི་སྐྱེས་ནས་མྱ་ངན་ལས་འདའ་བ་ལ་སོགས་སྲིད་པའོ། ཞེས་དང་། གཞི་ལམ་འབྲས་བུའི་རང་འགྲེལ་ལས། གཟུགས་མེད་ནས་གཟུགས་མེད་དུ་འཕོ་བ་ལ་བར་དོ་མེད་པས་དེ་ལས་བར་དོར་འདའ་བ་ལ་སོགས་བྱེད་པ་མེད་དོ། ཞེས་གསུངས། གསུམ་པ་མཐོང་བའི་བོན་ལ་མྱ་ངན་ལས་འདའ་བ་ནི། ཕྱིར་མི་འོང་འདོད་པའི་རྟེན་ཅན་དབང་པོ་རྣོན་པོའི་རྣོན་པོ་གང་ཞིག ཚེ་འདིའི་རྟེན་ལ་ལྷག་བཅས་མྱང་འདས་མངོན་དུ་བྱེད་པའི་ཡང་སྲིད་ཀུན་སྦྱོར་ཟད་པའི་ཐར་ལམ་པ་དེ་ཡིན་ཏེ། ཁམས་འགྲེལ་ལས། མཐོང་བའི་བོན་ལ་མྱ་ངན་ལས་འདའ་བ་ནི་ཕྱིར་མི་འོང་གི་འབྲས་བུ་ཐོབ་པའི་འདོད་པའི་ཁམས་ཀྱི་རྟེན་དེ་ཉིད་ཀྱིས་མྱ་ངན་ལས་འདའ་བའོ། ཞེས་དང་། གཞི་ལམ་འབྲས་བུའི་རང་འགྲེལ་གསལ་བྱེད་མེ་ལོང་ལས། མཐོང་བར་མྱ་ངན་ལས་འདའ་བ་ནི། ཕྱིར་མི་འོང་འདོད་པའི་རྟེན་ཅན་དབང་པོ་རྣོན་པོའི་རྣོན་པོ་གང་ཞིག་ཅེས་སོགས་གསུངས། ཞི་བ་ལུས་ཀྱིས་མངོན་བྱེད་ནི། ཕྱིར་མི་འོང་བའི་འདོད་རྟེན་ཅན་གྱི་གང་ཟག་གང་ཞིག་ཀུན་གཞི་ལ་ཚོགས་བདུན་འཁོར་བཅས་མཚན་མར་རྣམ་པར་ཞི་བས་དེར་མྱ་ངན་ལས་འདས་པ་དང་འདྲ་བའི་གཙོ་བོར་ལུས་ཤིན་སྦྱངས་དང་ལུས་ཀྱི་ཆ་ལུགས་ལྔ་ལྡན་སོགས་ལ་རྟེན་ནས་མྱང་འདས་མངོན་དུ་བྱེད་པ་ལ་འཇོག་སྟེ། ཁམས་འགྲེལ་ལས། ཞི་བ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ནི། ཕྱིར་མི་འོང་འགའ་ཞིག་འགོག་པའི་སྙོམས་པར་འཇུག་པ་ཐོབ་སྟེ། དེ་ནི་མྱ་ངན་ལས་འདས་པ་དང་འདྲ་བའི་བོན་ལུས་ཀྱིས་མངོན་སུམ་དུ་བྱེད་པའི་ཕྱིར། ཞེས་དང་། ཞི་བ་ལུས་ཀྱིས་མངོན་སུམ་དུ་བྱེད་ཚུལ་ནི་ཚོགས་དྲུག་འགག་ནས་སེམས་མེད་པར་ལུས་ལ་བརྟེན་ནས་སྐྱེ་བའི་ཕྱིར་ཞེས་དང་། བྱང་ཆུབ་སྒྲུབ་ཐབས་སུམ་བརྒྱ་ཉི་ཤུ་པ་ལས།ཅི་ལྟར་དཔྱོད་པའི་དོན་དེ་གསལ་བ་དང་། །ཇི་སྲིད་འཇུག་པ་རང་དབང་གྱུར་བའི་ཕྱིར། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བ་སྟེ། །གཉིས་ཀ་ཐོབ་ཚེ་དེ་ལྟར་གྱུར་བའོ། །ཞེས་སོགས་གསུངས། དེ་དག་ཐམས་ཅད་ཕྱིར་མི་འོང་གི་སྐོར་བསྟན་པའོ།། བཞི་པ་དགྲ་བཅོམ་ཞུགས་པ་ནི། སྲིད་རྩེའི་སྒོམ་སྤང་བརྒྱད་པ་སྤངས་པ་ལས། གོང་མའི་ཆ་མཐུན་ལྔ་དང་དགུ་བ་སྤང་བ་ལ་བརྩོན་བཞིན་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་གང་ཟག་སྟེ་དགྲ་བཅོམ་གྱི་ཞུགས་པ་ཡིན་ཏེ། ཁམས་འགྲེལ་ལས། དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ནི། ཕྱིར་མི་འོང་པ་དེ་ཉིད་ཀྱིས་གཟུགས་ཀྱི་ཉོན་མོངས་དང་སྲིད་པའི་རྩེ་མོའི་ཉོན་མོངས་པ་བརྒྱད་པ་མན་ཆད་སྤངས་པའོ། དགུ་བ་སྤང་བའི་སྦྱོར་བ་དང་བར་ཆད་མེད་པའི་ལམ་ལ་གནས་པ་དེ།ཇི་སྐད་དུ།སྲིད་རྩེ་བར་ཆད་བརྒྱད་ཟད་པ། །དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན། །ཞེས་བཤད་པ་ཡིན་ནོ། ཞེས་དང་། མཁས་བཞིའི་མཛོད་འགྲེལ་ལས། སྲིད་རྩེའི་བར་ཆད་བརྒྱད་ཟད་པ། དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན། ཞེས་སོགས་གསུངས། སྲིད་རྩེའི་སྒོམ་སྤང་དགུ་བ་དང་གོང་མའི་ཆ་མཐུན་ལྔ་སྤངས་པའི་སྤངས་རྟོགས་ཕྱོགས་གཅིག་མཐར་ཐུག་པའི་ལྷག་བཅས་ལྷག་མེད་གང་རུང་གི་སྒོ་ནས་དགེ་སྦྱོང་ཚུལ་གྱིས་འབྲས་བུ་ལ་གནས་པའི་གང་ཟག་ཏེ། བདུད་བཅོམ་པའི་འབྲས་བུ་ཡིན་ཏེ། གཟེར་མིག་ལེའུ་བཅུ་བདུན་པ་ལས། དགྲ་བཅོམ་པའི་འབྲས་བུ་མངོན་དུ་འ་ཞ་གསང་བ་མདོ་སྡུད་ཉིད་ཀྱིས་ཐོབ་བོ། ཞེས་དང་། ཐེག་འགྲེལ་ལས། གཟུགས་མེད་ཀྱི་ཉོན་མོངས་བཅོམ་པས་བདུད་བཅོམ་པའི་འབྲས་བུའོ། ཞེས་དང་། ཁམས་འགྲེལ་ལས། དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ནི་སྲིད་རྩེ་ཉོན་མོངས་དགུ་བ་མན་ཆད་སྤངས་ཏེ་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ནོ། ཞེས་གསུངས། གོང་མའི་ཆ་མཐུན་ལྔ་ཡོད་དེ། གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་ཀྱི་འདོད་ཆགས་དང་། རྒོད་པ་དང་། ང་རྒྱལ་དང་། ཉོན་མོངས་ཅན་གྱི་མ་རིག་པ་རྣམས་ཡིན་པའི་ཕྱིར།
སླར་སྨྲས་པ།
འདི་ལྟར་ཚད་གསུམ་ཤིང་རྟས་ཉེར་དྲངས་པའི། །ཞུགས་འབྲས་བརྒྱད་ཀྱི་རྣམ་བཞག་ཅུང་ཙམ་ཞིག 
བཀོད་པའི་ནོང་འགལ་མཐོལ་བཤགས་ཞུ་བ་དང་།
 །རྣམ་དཀར་གང་མཆིས་སྐྱེ་རྒུའི་དོན་དུ་བསྔོ་། 
དཔྱད་གཞིའི་ཡིག་ཆ་འགའ་གླེང་བ།
བཀའ། ཐེག་རིམ་གྱི་རྩ་འགྲེལ་གཉིས་དང་། རྣམ་ཐར་འབྲིང་བོ་གཟེར་མིག སྲིད་པའི་མཛོད་ཕུགས། ངན་སོང་སྐྱེ་སྒོ་གཅོད་པ། བཀའ་རྟེན། མཁས་བཞིའི་མཛོད་འགྲེལ། མཁས་བཞིའི་མཛོད་འགྲེལ་ཞེས་པ་འདི་སྒ་སྟོན་རིན་པོ་ཆེའི་བདེན་པའི་མཛོད་ཕུགས་དང་སློབ་དཔོན་སྐལ་བཟང་དར་རྒྱས་ཀྱིས་གླེག་བམ་གཏེར་གྱི་ཁ་བྱང་ནང་དུ་མཛོད་ལྷ་འགྲེལ་ལས་ལོག་ཏུ་ཡོད་ཚུལ་གསུངས་པར་མ་ཟད། འོན་ཀྱང་དེང་སྐབས་རེ་འགས་ལྷ་འགྲེལ་དང་རེ་འགས་མཁས་བཞིའི་མཛོད་འགྲེལ་ཟེར་བ་འདི། སྔོན་གྱི་མཁས་མཆོག་སྒ་སྟོན་དང་དཔོན་སློབ་རྣམ་དག་འོད་ཟེར་བཅས་ཀྱི་མཁས་བཞིའི་མཛོད་འགྲེལ་དུ་འབོད་པ་དེ་མ་ཡིན་པར། དཔེ་གཞུང་དུ་མ་ནས་ར་སྤྲོད་བྱེད་ཐུབ་ཀྱིན་ཡོད། ཁྲིད་གཞུང་དེ་ནི་དེང་སྐབས་ཧ་ལམ་མཇལ་དུ་དཀའ་བའི་གནས་སུ་གྱུར། དཔལ་གྱི་ཁམས་འགྲེལ། མེ་སྟོན་ཤེར་འོད་ཀྱི་བྱང་ཆུབ་ལམ་རིམ། རྗེའི་མཛོད་ཕུགས་ཀྱི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ། ཀུན་མཁྱེན་གྱི་ཕར་ཕྱིན་སྐབས་དང་པོ། སྒ་སྟོན་གྱི་མཛོད་ཀུན་བཏུས་དང་གཞི་ལམ་འབྲས་བུའི་རང་འགྲེལ། བདེན་པའི་མཛོད་ཕུགས། ཡོངས་འཛིན་རྣམ་དག་འོད་ཟེར་གྱི་ཤེར་ཕྱིན་སྐབས་བཞི་པ། མཁས་དབང་རྒྱལ་མཚན་མཆོག་ལེགས་ཀྱི་གཞི་ལམ་འབྲས་གསུམ་གྱི་དོན་གསལ་དང་། ཤིང་དཔར་སྣ་རིང་ཅན་གྱི་མ་ཕྱི་ཐར་ལམ་གསལ་བྱེད་ཅེས་བྱ་བ། ལྷ་རམས་པ་བརྩོན་འགྲུས་གོང་འཕེལ་གྱི་དགེ་འདུན་ཉི་ཤུའི་རྣམ་བཞག་ལེགས་བཤད་དགའ་སྟོན། སྤ་ཚང་འབྲུག་རིན་པོ་ཆེའི་ཕར་ཕྱིན་སྐབས་བཞི་བ། རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་ཀྱི་ཞུགས་འབྲས་བརྒྱད་ཀྱི་རྣམ་བཤད་མུ་ཏིག་ཕྲེང་མཛེས། གཞན་གཞུང་། བསེ་ངག་དབང་བཀྲ་ཤིས་ཀྱི་དགེ་འདུན་གྱི་རྣམ་བཞག་མཐའ་དཔྱོད་སྐལ་བཟང་འཇུག་ངོགས་སོགས་དཔྱད་གཞི་བྱས་ཏེ་༢༠༡༩་༡་༡༧་འབྱུང་ལྡན་༣༠༡་ཉག་མ་༣༦་སྟོབས་ལྡན་སྦྱོར་བས་བོད་ས་ཁྱི་ལོའི་དཀར་ཕྱོགས་དགའ་བ་གསུམ་པའི་གྲལ་ཚེས་ལ་མཇུག་རྫོགས་པར་བྲིས་པ་དགེ་བར་གྱུརད་ཅིག་གུ།ཐ་ཚན་མུ་ཙུག་སྨར་རོ། ཛ་ཡནྟུ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།