ཤེར་ཕྱིན་གྱི་གཞུང་ལ་དཔྱད་པ་རྒྱལ་གཤེན་བསྟན་པའི་རང་སྒྲ།
[ཟླ་ཚེས། 2018-11-01 08:44:48][རྩོམ་པ་པོ། གཤེན་ཡ་ངལ་ཁྲི་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
འབུམ་རྒྱས་འབྲིང་བསྡུས་གསུམ་གྱི་སྐོར་ལ་དཔྱད་པ་ལོག་བཤད་རྨོངས་མུན་སེལ་བའི་སྒྲོན་མེ།
༧གཤེན་ཡ་ངལ་ཁྲི་རྒྱལ།
སྐྱེ་འགག་མཐའ་བྲལ་དམིགས་མེད་བོན་གྱི་སྐུ། །
མ་བཅོས་ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་སྐུ། །
མ་ངེས་ལྔ་ལྡན་ཅིར་ཡང་སྤྲུལ་པའི་སྐུ། །
སྐུ་གསུམ་རྫོགས་སངས་རྒྱས་ལ་དད་ཕྱག་བརྩེགས། །
ཡེ་ནས་མཐའ་བཞི་རྒྱ་གྲོལ་བདེ་སྟོང་གསལ་གསུམ་ངང་ལས་མ་གཡོས་ཀྱང་། །
དུག་ལྔའི་ནད་ཀྱིས་རབ་གཟིར་སྐྱེ་རྒུ་དགེ་བའི་ལམ་ལ་བཀྲི་བའི་ཕྱིར། །
ཐུགས་རྗེ་བརྩེ་བ་ཆེན་པོས་འདོར་མེད་སྲིད་པའི་མིག་གྱུར་བདེ་བར་གཤེགས། །
དབྱིངས་ཀྱི་ཡུམ་ཆེན་ཤེས་རབ་བྱམས་མའི་བྱམས་བརྩེ་ཆེན་པོས་རྟག་ཏུ་སྐྱོངས། །
རྒྱལ་བ་གཉིས་པ་ཤེས་རབ་རྒྱལ་མཚན་དང་། །
བཤད་སྒྲུབ་བསྟན་སྤེལ་ལྷ་ཀླུ་མི་ཡི་གཤེན། །
བསྟན་པའི་མཛེས་རྒྱན་གྲུབ་ཐོབ་བརྒྱད་ཅུ་སོགས། །
རྒྱལ་སྲས་འཕགས་མཆོག་སེམས་དཔའི་ཚོགས་དེར་འདུད། །
རྒྱལ་བསྟན་སྒོ་འབྱེད་གཤེན་ཆེན་ཀླུ་དགའ་དང་། །
བསྟན་འཛིན་སྐྱེས་ཆེན་མཁས་མཆོག་དཔལ་ཆེན་ལགས། །
བསྟན་པའི་གསལ་བྱེད་སྨྲ་དབང་ཉི་མ་སོགས། །
གཤེན་བསྟན་སྐྱོང་མཁས་རྣམ་གསུམ་རྒྱལ་གྱུར་ཅིག།
ཅེས་མཆོད་ཚིག་ཨུ་དུམ་བཱ་རའི་མེ་ཏོག་གིས་མདུན་བསུས་ཏེ་སྐབས་དོན་གླེང་བྱ་ལ་འཇུག་པར་སྤྲོ་བ་ནི། རང་བའི་བློ་གྲོས་མཐོ་བའི་རྒན་པ་རྣམས་ཐུགས་ཀྱི་དཀྱིལ་འཁོར་དགྱེས་པའི་མཆོད་སྤྲིན་དང་། རང་དང་སྐལ་བ་མཉམ་པའི་གྲོགས་དག་གྲོས་སུ་འགུག་པའི་ལྕགས་ཀྱུ། རང་ལས་དམན་པའི་མཆེད་གྲོགས་རྣམས་ལ་འཚོ་བཅུད་དུ་འགྱུར་བའི་སྨོན་འདུན་དང་བཅས། སྤྱིར་རྣམ་དག་རྒྱས་པའི་འབུམ་སྡེ་བཞུགས་ཚུལ་བསྟན་པ་དང་། སྡེ་ཚན་སྒྲིག་ཚུལ་བསྟན་པ་གཉིས་ཀྱི་སྒོ་ནས་བཤད་པར་སྤྲོ་བ་ལ། དང་པོ་ནི་གཙང་གི་བན་དེ་མི་གསུམ་གྱི་གཏེར་མ། བོན་ཉིད་སྙིང་པོ་བདལ་བའི་འབུམ་ལས། འབུམ་ཆེན་བླ་མེད་སྡེ་བཞི་དང་། འབུམ་ཕྲག་བརྒྱ་དང་རྩ་བརྒྱད་དོ། ཞེས་གསུངས་པ་ལྟར། བླ་མེད་སྡེ་བཞི་ནི། མདོ་འབུམ་བཞི། གཟུངས་འབུམ་བཅུ། སྔགས་འབུམ་དྲུགཤེས་རབ་ཀྱི་འབུམ་བཞི་དང་བཞིའོ། མདོ་འབུམ་གསུང་བ་པོ། དྭགས་པ་གསལ་བ་ཤེས་པ་གསུམ་དང་། རྒྱལ་བའི་གདུང་ཚོབ་མུ་ཆོ་ལྡེམ་དྲུག་དང་བཞི་ཡིས་སྟོང་ཐུན་བསྡེབ་དང་བཅས་པ་རབ་དུ་བཤད། བཀའ་འདི་ལ། ཞལ་ནས་གསུང་བ་དང་། རྗེས་སུ་གནང་བ་དང་། བྱིན་གྱིས་རླབས་པའི་བཀའ་སོགས་ཡོད། སྔགས་འབུམ་གསུང་བ་པོ། གསང་བ་འདུས་པ། གཤེན་སྟག་ལ་མེ་འབར། མཁའ་འགྱིང་གཙུག་ཕུད། དབལ་བོན་རིམ་པོ། ཧ་ར་མུ་རྒྱུང་། གྱེར་ཞི་དིང་ནམ་དང་དྲུག་གོགཟུངས་འབུམ་འདས་པའི་ལྷ་མོ་བཅུས་གསུངས། ཤེས་རབ་ཀྱི་འབུམ། ས་ཏྲིག་ཨེར་སངས། གཤེན་ལྷ་འོད་དཀར། སངས་པོ་འབུམ་ཁྲི། གཤེན་རབ་མི་བོ་བཞིས་གསུངས། ཀུན་སྐྱོབས་བྱམས་མའི་རྒྱུད་ལས། བྱམས་མ་རྩ་བའི་འབུམ་སྡེ་གླེགས་བམ་༡༦ཡན་ལག་༤༨དགེ་རྒྱས་འབུམ་ལ་རྩ་བ་གླེགས་བམ་༡༤ཡན་ལག་༤༢འདུལ་འབུམ་གླེགས་བམ་༡༦ཡན་ལག་༦༡དོན་འབུམ་གླེགས་བམ་༢༠ཡན་ལག་༥༤དེ་ལྟར་གླེགས་བམ་༣༦༠བཞུགས་པར་གསུངས་ཀྱང་། གླེགས་བམ་༨༢མ་གཏོགས་མེད་པས་ཡན་ལག་དང་མཉམ་པོར་༣༦༠ཡིན་པར་སེམས། གཉིས་པ་འཕེན་ཡུལ་རྒྱས་པ་འབུམ་གྱི་བོན་སྒོ་ལ། འདོན་མཆོད་གཉིས་སུ་ཕྱེ་བས། འདོན་པ་འབུམ་སྡེའི་གཙོ་བོ་ནི། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་རྟོགས་ལམ་རིམ་གྱི་བརྗོད་བྱ་གཙོ་བོར་སྟོན་པའི་བཀའ་ཤེས་རབ་བླ་མེད་ཀྱི་འབུམ་སྡེ་ཞེས་བྱ་བ་ཡིན་ཀྱང་། བཀའ་འཁོར་བར་པའི་དབང་དུ་བྱས་པའི་འབུམ་སྡེ་ལའང་། མཁས་རྣམས་མི་མཐུན་པའི་བདེན་དོན་རྣམ་གྲངས་བགྲང་ཚུལ་དུ་མར་གསུངས་ཀྱང་། རང་ལུགས་ལ་ཀུན་མཁྱེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་དགོངས་བཞེད་ལྟར་གཙོར་བྱེད་པ་གལ་འགངས་རྩ་ཆེན་ཞིག་ཡིན་པ་གདོན་མི་ཟའོ། དེས་ན། འཁོར་འདས་ཀྱི་འགྲེས་རྐང་དང་ས་བཅུ་ལམ་ལྔ་ཁམས་བརྒྱད་ཡན་ལག་ཡོངས་རྫོགས་ཞིབ་ཅིང་ཕྲ་བའི་སྒོ་ནས་བསྟན་པའི་བཀའ་དང་། དེའི་དོན་ཙམ་སྟོན་པའི་བཀའ་དང་གཉིས། དང་པོ། བསམ་ཡས་མཆོད་རྟེན་དམར་པོ་ནས། ཨ་ཙ་ར་མི་གཉིས་ཀྱི་གཏེར་མ། མཛད་མདོ་བསྡུས་པ། མདོ་འདུས་ལས། རྒྱས་འབྲིང་བསྡུས་གསུམ་བོན་སྡེ་རྣམས། ལྷ་ཀླུ་མི་ཡི་ཡུལ་དུ་དར། ཞེས་ལུང་ཟིན་ལྟར། ཤེར་ཕྱིན་གྱི་བོན་སྡེ་འདི་ལ་བསྒྲགས་པ་སྐོར་གསུམ་དུ་ཡོད་པར་མ་ཟད། རང་གཞན་སེམས་ཅན་ཐམས་ཅད་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཐོབ་པར་འདོད་པ་དག་གིས་ཉམས་སུ་བླང་བྱའི་གཙོ་བོ་ནི། ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་བཀའ་རྒྱས་འབྲིང་བསྡུས་གསུམ་རྣམས་ཡིན་པར། སྨྲ་དབང་ཀུན་མཁྱེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོ་མཆོག་གིས་དགོངས་བཞེད་བླ་ན་མེད་པ་ཞིག་ཡིན་ཙང་། དེ་ལྟ་ནའང་། ལྷ་གཤེན་ཡོངས་སུ་དག་པའི་སྟེང་ལྷ་ཡུལ་དུ་རྒྱས་པ་ཉི་ཟེར་གྱེས་པ་ལྟ་བུ་གླེགས་བམ་༡༢༨གྱི་བདག་ཉིད་ཅན་དེ་བསྒྲགས། རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་བར་མི་ཡུལ་དུ་། རྒྱས་པའི་སྐོར་གཉིས་དང་། འབྲིང་པོའི་སྐོར་གསུམ། བསྡུས་པའི་སྐོར་གསུམ། བསྡུས་དོན་ཚིགས་སུ་བཅད་པ་དང་དགུ་རུ་བསྒྲགས་པའོ། ཀླུ་སྒྲུབ་ཡེ་ཤེས་སྙིང་པོས་འོག་ཀླུ་ཡུལ་དུ་བསྡུས་པ་ནོར་བུ་ལྟ་བུའི་ཤེར་ཕྱིན་གྱི་འབུམ་སྡེ་རྣམས་བསྒྲགས་པའོ། ལྷ་ཡུལ་དུ་གསུངས་པའི་གནས་ཕུན་སུམ་ཚོགས་པ་ནི། རི་རྒྱལ་ལྷུན་པོའི་རྩེ་མོ། སུམ་ཅུ་རྩ་གསུམ་གྱི་ལྷ་གནས། རྣམ་པར་རྒྱལ་བའི་ཁང་བཟང་གི་ལྷོ་ནུབ། མཚལ་རི་ལྷ་ཡི་འདུན་ས། འོད་ཀྱི་ལྷ་རི་སྤོ་མཐོན་ཞེས་པ་མཚལ་གྱི་རི་བོ་ཟུར་གསུམ་དབྱིབས་ལེགས་ལ་འཕང་མཐོ་བ། དེའི་རྩེ་་ལ་ཤེལ་གྱི་རྡོ་རིང་ཡེ་ཤེས་ཅན་ཞེས་པ་ཁྲུ་བཅུ་དྲུག་པ་འདིའི་སྟེང་ལ་ཉི་ཟླ་པད་མའི་གདན་ཡོད་པ། བསྟན་གཙོ་རྣམས་ཀྱིས་བོན་བསམ་ལས་འདས་པ་བཤད་པའི་ཁྲིའོ། ཡར་སྤེལ་མར་སྡུད་དུ་སྟོན་པ་ཆུ་བོའི་རྒྱུན་ལྟ་བུ་ནི། བར་མི་ཡུལ་དུ་བསྒྲགས་པའི་ཤེར་ཕྱིན་གྱི་འབུམ་སྡེ་རྣམས་སོ། རྒྱས་པའི་སྐོར་ལ་གཉིས་ཞེས་པས། དང་པོ་རྒྱས་པའི་རྒྱས་པ་ནི། བྱེ་མ་ལ་ཉིས་ཁྲི་ཆུ་རྒྱུན་གྱི་འབུམ། གཙང་གི་བན་སྡེ་མི་གསུམ་གྱིས། དབུས་ཡུལ་གྱི་གཏེར་མ་བདལ་འབུམ་ལས། དཔེ་ལ་མཚན་དུ་གསོལ་བ་བྱེ་མ་ཉིས་ཁྲི་ཆུ་རྒྱུན་གྱི་འབུམ། དོན་ལ་མཚན་དུ་གསོལ་བ་ཁམས་བརྒྱད་གཏན་ལ་ཕབ་པའི་འབུམ་ཞེས་དང་དེ་ལ་ཁྲི་ཕྲག་གི་དོན་དང་། འབུམ་ཕྲག་གི་འགྲེས་སུ་ཡོད་པ་གསུངས་པའི་ཕྱིར། བོན་བསྟན་སྔ་དར་སྐབས་སུ་འབུམ་འདི། གཏེར་སྟོན་ཆེས་སྔ་བར་སྤྱི་ལོར་༩༡༣ལོར་རྒྱ་གར་ནས་བྱོན་པའི་ཨ་ཙ་ར་དཀོན་མཆོག་གྲགས་པ། ཉ་མོ་མགོན་པོ། སད་ཀུན་རད་ན། གསུམ་གྱི་དབུས་བསམ་ཡས་ནས་གཏེར་དུ་བཏོན་ནས། གཟེ་བོན་ཤེས་རབ་རྒྱལ་མཚན་གྱི་ནང་མི་གཟེ་བོན་སྒུར་པོས་བཀྲོལ་བའོ། ཕྱི་དར་སྐབས་སུ་ལྡེམ་བོན་གྱིམ་ཚ་རྨ་ཆུང་གིས་སྦས་པ། གཏེར་སྟོན་སུམ་ཅུ་པ་གཉེན་སྟོན་ཤེས་རབ་རྡོ་རྗེས་གཙང་འཕྲང་ནུ་མའི་བྲག་ནས་བཏོན་པར་འདོད་པ་དང་། ལི་ཤུ་དང་བཻ་རོ་གཉིས་ཀྱིས་ལྕགས་མོ་བྱ་ལོར། བསམ་ཡས་ཅ་ཏི་སྒོ་མང་མཆོད་རྟེན་དམར་པོ་རུ་སྦས། ཕྱིས་སུ་གོང་མི་གཉིས་ཀྱི་རྣམ་སྤྲུལ་གཏེར་སྟོན་ཨང་༡༠༡-༡༠༢གསང་བདག་ཏྲེའུ་རྒྱ་ར་ཛ་དང་། སད་གུ་རིན་ཆེན་གྲགས་པ་རྣམ་གཉིས་ཀྱི་གོག་ཤུལ་སྒྲོམ་ཐོན་ལྷ་ཁང་རྒྱབ་ནས་དངོས་གྲུབ་དུ་རྙེད་པར་འདོད་པ་དང་མི་མཐུན་པ་རྣམ་པ་གཉིས་སུ་ཡོད་པའོ། ཀུན་མཁྱེན་ཁོང་གིས་བོད་དུ་ཕྱི་དར་སྐབས་སུ་འབུམ་འདི་གཏེར་སྟོན་ངོས་མ་བཟུང་བ་མ་ཟད། མཁས་པ་འགས་གཏེར་དུ་བྱོན་པ་གསུངས་རུང་ཁོ་བོས་ནི་དེ་སྔོན་མཐོང་ཡུལ་དུ་མ་གྱུར་བས། མཇལ་ཚེ་འབུམ་སྡེའི་དབུ་ཡིན་པར་ལུང་གིས་གྲུབ། ཅེས་གསུངས་པའོ། རྒྱས་པ་ཙམ་ནི། སྲིད་རྒྱུད་ལས། སྟོང་རྒྱུང་མཐུ་ཆེན་སྤྲུལ་པ་ནི། འཆི་མེད་གཙུག་ཕུད་དངོས་མཚུངས་པའི། དམུ་རིག་སྒ་ཚ་གཤེན་གྱི་རྒྱུད། གཤེན་སྒུར་ཀླུ་དགའ་བྱ་བ་འབྱུང་། མཚོ་སྔ་བྲག་གི་གཏེར་སྒོ་འབྱེད། ཅེས་ལུང་ཟིན་གྱི་སྐྱེས་མཆོག་བོད་དུ་སྤྱི་ལོ་༡༠༡༧བསྟན་པ་ཕྱི་དར་གྱི་ཐོག་མ་བྱོན་པ། གཏེར་སྟོན་བརྒྱ་དང་རྩ་བརྒྱད་ཀྱི་གཙོ་བོ། ས་སྟེང་གི་སྐྱེས་ཆེན་མཚན་བརྗོད་པར་དཀའ་བ་གཤེན་གྱེར་རྨ་དབྱིལ་གྱི་ནང་ཚན་གཤེན་ཆེན་ཀླུ་དགའ་བྱ་བ་དེ་ཉིད་ཀྱིས་ལྷོ་འབྲི་མཚམས་མཐའ་དཀར་ནས་དངོས་གྲུབ་ཏུ་རྙེད་པའི་ཤེར་ཕྱིན་འབུམ་ཁམས་ཆེན་ནམ་སྟོང་ཕྲག་བརྒྱ་པར་གྲགས་པར་ཤོ་ལོ་ཀ་སྟོང་ཕྲག་བརྒྱ་དང་སྲིད་པའི་ཁམས་བམ་པོ༤༡རིན་ཆེན་རྒྱུད་ཁམས་༤༨སྣང་ཁམས་༤༧སྟོང་ཁམས་༤༩སོ་སོའི་ཁམས་༤༩རིགས་ཁམས་༤༡དབྱིངས་ཁམས་༥༠མཉམ་ཁམས་༥༡དེ་ལྟར་ཁྱོན་བམ་པོ་༢༥༥ཕྱག་རྒྱའི་ཡན་ལག་སྟོང་དང་རྩ་བརྒྱད། ལེའུ་བརྒྱད་ཅུ་གྱ་གཅིག་བཞུགས་པ་འདིའོ། གྲུབ་པའི་ཁྱུ་མཆོག་ཆེན་མོ་རྣལ་འབྱོར་བ་ཞབས་དཀར་བའི་ཞལ་སྔ་ནས། ཕྱོགས་གཅིག་ཤེས་ནས་གཉིས་མ་མཐོང་། གཡག་ཞར་རྩྭ་ཟན་འདི་རེ་སྡུགགྲུབ་མཐའི་གསང་དོན་མ་རྟོགས་པར། སྐུར་བ་འདེབས་པ་འདི་རེ་སྡུགཅེས་གསུངས་པ་ལྟར་རྩོད་ལྡན་སྙིགས་མ་ལྔ་བདོ་བའི་དུས་འདིར་བདེན་དོན་ཆེད་བསད་བྱེད་པའི་གཞན་སྡེ་ཁ་ཅིག་གིས། རྫུན་གྱི་ཕམ་པ་དང་། སྒྲོ་སྐུར་གྱི་ཉེས་དམིགས་ལ་མི་བསམ་པར་གྲུབ་མཐའ་སོ་སོའི་གཞུང་ལུགས་ཀྱི་གོ་དོན་དང་། ལོ་རྒྱུས་སོགས་ལ་རྣམས་དཔྱོད་ཤེས་རབ་གྱི་མིག་འབྲས་ཟུམ་ཞིང་། ནེ་ཙོའི་མི་སྐད་སྨྲ་བ་ལྟ་བུའི་ཡ་མ་བརླའི་ཚིག་སྒྲོས་ཙམ་ལ་བསྙེགས་ནས་ཞིབ་འཇུག་གི་ཁུར་ཙམ་འཛིན་པའི་རྨོངས་པ་མགོ་འཐོམ་དེ་དག་ལ་བཟང་ངན་གྱི་ལན་ཅི་ཡང་མི་སྨྲ་བ་རང་སྣང་གང་དྲན་གྱིས་སྒོ་ནས་ངན་པ་ལང་ཤོར་དུ་བཏང་ཚེ། རང་རེས་གངས་ཅན་བོད་ཀྱི་ཆོས་སྲིད་གང་ལའང་ཕན་པ་སྤུ་ཙམ་ཞིག་མེད་པར་མ་ཟད་ཆོས་ལྡན་རྒྱལ་ཁབ་ཀྱི་ཆོས་ལུགས་ནང་ཁུལ་གྱི་མཐུན་སྒྲིལ་ལ་གནོད་པ་ཧ་ཅང་ཆེ་བས། གངས་ཅན་པ་ང་ཚོ་ལ་འགོང་བོ་སྤུན་དགུའི་སྣ་དྲངས་མཁན་ཡང་ཁྱོད་ཡིན་པས་དེས་ན་ཁོ་བོས་ཕྱོགས་ལྷུང་གི་ངག་འཁྱལ་དང་ཚིག་རྩུབ་སྤངས་པའི་སྒོ་ནས་ལན་ཞིག་འབུལ་བ་ལ། ཁྱེད་ཅག་རྩོམ་པ་པོ་ཚད་ལྡན་གང་ཡིན་པ་རྣམས་ཀྱིས། ལྷག་བསམ་རྣམ་དག་གིས་བསྟན་པའི་དར་ཆེན་དགུང་སྔོན་དབྱིངས་སུ་ཕྱར་ནས། རོགས་རམ་བསིལ་འཇམ་མཉེན་མོའི་རླུང་གིས་བསྐྱོད་པར་ཐུགས་ཀྱི་དཀྱིལ་འཁོར་ཟབ་མོ་རུ་ནན་གྱིས་འཛིན་པར་བཀའ་དྲིན་ཆེ་ཞུ། དེ་ཡང་སེར་སྨད་སྦོམ་རའི་དགེ་བཤེས་ཡེ་ཤེས་དབང་ཕྱུག་ཟེར་བ་ཞིག་གིས་རྩོམ་བྲིས་གཙོ་འགན་ཁུར་བའི། ༼གྲུབ་མཐའ་ཁག་གི་ཆོས་འབྱུང༽ཟེར་བ་ཞིག་གི་དེབ་ཐོག་ཏུ། བན་བོན་གང་གི་ལུང་རིགས་ལ་མི་མཐུན་པ་ཞིག་བྲིས་འདུག་པ་ལ། ཇི་སྐད་དུ། རྫུན་དང་གཡོ་རྒྱུའི་སྤྱོད་ཚུལ་གོམས་རྣམས་ཀྱིས། ཁ་ནས་མི་འབྱུང་ལོག་པའི་ཆོས་ཡོད་མིན། ཞེས་གསུངས་པ་ལྟར། དབང་ཕྱུག་ན་རེ། ཁྱོད་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ལ་སྡང་དགོས་དོན་མེད་ཀྱང་། རྩོད་གཞི་མེད་པར་རྩོད་པ་བཟོ་བའི་ཉེས་པ་རང་མགོ་རུ་འབད་མེད་ངང་འཁོར་བས། ཁྱོད་ཀྱི་ཉོག་བཤད་འཁྱལ་གཏམ་གྱི་ཚིག་རྩུབ་འདི་ལྟར་ཏེ། བསྒྱུར་བོན་གསུམ་ལས་དང་པོ་བསྒྱུར་བ་ནི། པཎ་ཌི་ཏ་ཤམ་ཐབས་སྔོན་པོ་ཅན་གྱི་ཆོས་མང་པོ་གཏེར་ནས་བཏོན་ཏེ་དར་བར་མཛད། བར་དུ་བསྒྱུར་བ་ནི། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་རྒྱལ་བའི་བྱང་ཆུབ་ཟེར་བ་ཞིག་གིས་བོན་དང་བསྡེབས་ནས་སངས་རྒྱས་ཀྱི་གསུངས་རབ་འགའ་ཞིག་བོན་དུ་བསྒྱུར་བ་ལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་དེ་བཞིན་གཤེགས་པའི་གསུང་རབ་བོན་དུ་བསྒྱུར་བ་པོ་རྣམས་སྐེ་ཆོད་གསུངས་པས། བསྒྱུར་བ་པོ་དེ་དག་སྐྲག་སྟེ་རྒྱལ་བའི་གསུང་རབ་བསྒྱུར་འཕྲོ་དང་བཅས་པ་གཏེར་དུ་སྦས་པ་ན། ཕྱིས་སུ་བཏོན་ནས་བོན་གཏེར་མ་ཟེར་ཞིང་དར་སྤེལ་བྱས། ཐ་མར་བསྒྱུར་བ་ནི་གླང་དར་གྱི་བསྟན་པ་བསྣུབས་རྗེས། གཙང་ཉང་སྟོད་ནས་གཤེན་སྒུར་ཀླུ་དགའ་བྱ་བས། དར་ཡུལ་སྒྲོ་ལག་ཅེས་པ་དབུས་ཀྱི་བོན་གནས་ཤིག་ཏུ་སངས་རྒྱས་ཀྱི་བཀའ་མང་པོ་བོན་དུ་བསྒྱུར་ཏེ། ཡུམ་རྒྱས་པ་ཁམས་ཆེན། ཉི་ཁྲི་ཁམས་ཆུང་། གཏན་ལ་དབབ་པ་བོན་མདོ། གཟུངས་སྡེ་ལྔ་ལ་ཀླུ་འབུམ་དཀར་ནག་ཅེས་བཏགས་ནས། མཚོ་ལྔ་འདྲེའུ་ཆུང་གི་བྲག་ལ་གཏེར་དུ་སྦས་ཕྱིས་སུ་ཀླུ་དགའ་རང་ཉིད་ཀྱིས་བཏོན། བསྒྱུར་བོན་སྔ་ཕྱི་གསུམ་ལ། ཆབ་དཀར་དང་། འབྲས་བུའི་བོན་ཟེར། གོང་གི་བོན་གཉིས་ལ་ཆབ་ནག་དང་རྒྱུ་ཡི་བོན་ཟེར་བ་ཡིན། གོང་དུ་པཎ་ཌི་ཏ་ཤམ་ཐབས་སྔོན་པོ་ཅན་གྱིས་ཆོས་མང་པོ་གཏེར་ནས་བཏོན་ཏེ་ཞེས་པ་ནས། ཕྱིས་སུ་བཏོན་ནས་བོན་གཏེར་མ་ཟེར་ཞིང་དར་སྤེལ་བྱས་ཞེས་པའི་བར་གྱི་ཁུངས་མེད་ལུང་མེད་ཀྱི་རྫུན་དང་གཡོ་རྒྱུའི་ཚིག་ངན་ལ། ཤེས་རབ་རལ་གྲིས་མི་ཆོད་པ་དང་། གནམ་ལྕགས་ཐོ་བས་མི་སས་རྒྱུ་གང་ཡང་མེད་པས། བརྒལ་ལན་ཕྲག་དོག༼དུག་ཕུང་བསྲེག་པའི་མེ་དཔུང་ཞིག་སྤྲོ་བར་འདོད་པར། དྲི་བ། འོ་ན་ཁྱོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ཡར་སྔོན་རྒྱལ་བོ་གང་གི་རིང་དུ་དར་ནུབ་བྱུང་ནས་གཏེར་དུ་སོང་། གཏེར་སྦས་མཁན་གང་ཟག་སུ་ཁྱེད་ཀྱིས་ཆོས་ལ་ཁྲི་སྲོང་ཡར་སྔོན་དུ་ནུབ་རྐྱེན་སོང་བའི་ལོ་རྒྱུས་མེད་པར་གཏེར་དུ་སྦས་དོན་ཅི། ཁྱེད་རང་ཚོའི་ལོ་རྒྱུས་ཚད་ལྡན་གང་གི་ནང་དུ་ཆོས་རྒྱལ་ཡར་སྔོན་དུ་གཏེར་དུ་སོང་བའི་རྒྱུ་མཚན་མེད་པ་གང་། དེས་ན་ལས་འབྲས་ལ་བློ་གཏད་མེད་པར་དགེ་བཤེས་ཀྱི་མིང་རྐྱང་ཙམ་ཁུར་བས་སངས་རྒྱས་བསྟན་པའི་ཞབས་འདྲེན་ཁྱོད་ཀྱིས་རྫུན་ཁུག་ཤུགས་ཀྱིས་བརྡོལ་བ་ཡིན་པ་ཨེ་ཤེས། རྫུན་པ་རང་གི་ཕུག་མི་ཐུབ། བདེན་པ་རྡོ་རྗེའི་བྲག་ཀྱང་འགས། ཞེས་པའི་ལུང་དེ་ཁྱོད་དང་ཁྱོད་ལྟ་བུའི་ཕྱོགས་ལྷུང་གིས་གྲུབ་མཐའ་སྨྲ་མཁན་ལ། སྟོན་པ་ཐུགས་རྗེ་ཅན་གྱིས་བརྩེ་བའི་སྙིང་རྗེས་གཟིགས་པའི་ངང་ལེགས་པའི་ལམ་སྟོན་གྱི་བསླབ་བྱ་ཡིན་པ་ཤེས་སམ། གཉིས་པ་གླང་དར་གྱི་བསྟན་པ་བསྣུབས་རྗེས། གཤེན་སྒུར་ཀླུ་དགའ་བྱ་བས་སངས་རྒྱས་ཀྱི་བཀའ་མང་པོ་བོན་དུ་བསྒྱུར་ཞེས་པ་ནས། གོང་གི་བོན་གཉིས་ལ་ཆབ་ནག་རྒྱུ་ཡི་བོན་ཟེར་བ་ཡིན་ཞེས་པའི་བར་གྱི་ལན། ལུང་ལས། མ་རྟོགས་སེམས་ཅན་ཚིག་གིས་མ་ཁྲིད་ན། མུན་པའི་འཛུབ་གཡུག་དེས་ཀྱང་བརྡ་མི་འཕྲོད། ཅེས་པ་ལྟར་མུན་པའི་འཛུབ་གཡུག་ཙམ་མིན་པར། ལུང་རིག་ཟུང་འབྲེལ་གྱི་སྒོ་ནས་ལན་ཞིག་སྤྲོ་བར་འདོད་པས། ཕྲག་དོག་གཏི་མུག་གིས་དབང་དུ་མ་སོང་བར། རྣམ་ཤེས་གཏོད་བློ་རིག་སྒྲིམས་ལ་རྩེ་གཅིག་གཡེང་མེད་ངང་ལྷག་བསམ་རྣམ་དག་གིས་ཉོན་ཅིགཁྱོད་རང་ཚོའི་ནང་ལོག་ལ་བཅོམ་ལྡན་འདས་ཀྱི་ཐེག་ཆེན་གྱི་བཀའ་གསུངས་མ་གསུངས་ཀིིས་རྩེ་གཉིས་ཀྱི་ཐེ་ཚོམ་ཟ་བའི་གླེང་སློང་བྱུང་བ་ཅི། ད་དུང་དེ་བཞིན་གཤེགས་པའི་གསུངས་པས་ཐེག་དམན་གྱི་བཀའ་ཡོངས་སུ་རྫོགས་པ་སྐད་རིགས་གཞན་པཱ་ལའི་ཡིག་ཐོག་སོགས་སུ་ཡོད་ལ་ཐེག་ཆེན་གྱི་ལྟ་སྤྱོད་བསྟན་པའི་བཀའ་ལུང་གཅིག་ཀྱང་མཐོང་རྒྱུ་མེད་པས་རྒྱུ་མཚན་ཅིས་ཕྱིར། བཅོམ་ལྡན་འདས་ཀྱི་ཆ་ལུགས་དང་ཧ་ཅང་མཐུན་པའི་དེའི་རྗེས་འབྲང་དགེ་སློང་སེར་པོ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཐེག་དམན་གྱི་བཀའ་མ་གཏོགས་ཐེག་ཆེན་གྱི་བཀའ་གསུངས་མེད་ཟེར་ནས་མཐའ་གཅིག་ཏུ་དམ་བཅའ་བྱེད་དགོས་དོན་ཅི་བྱུང་། ཁྱེད་ཚོའི་རྒྱུ་མཚན་གཞན་ཞིག་ནི། མི་ཡུལ་དུ་ཐེག་ཆེན་གྱི་བཀའ་བསྟན་སའི་སྣོད་མེད་པར། དེ་བཞིན་གཤེགས་པའི་དགོངས་ནས་ཀླུ་ཡུལ་དུ་བསྟན་ཞེས་པས་ཡར་མཐོ་རིས་མི་ལ་བསྟན་པའི་སྣོད་མེད་པར། མར་བྱོལ་སོང་ཀླུ་རིགས་ལ་ཐེག་ཆེན་གྱི་ཆོས་བསྟན་པའི་སྣོད་ཡོད་ཅེས་བཤད་ནས་གོ་ལྡོག་པ་དེ། བླུན་པོ་གནག་རྫིས་ཀྱང་ཧབ་བགད་ཤོར་བའི་མཚར་གཏམ་ཞིག་མིན་ནམ། སྨྲས་པ། སྙོམས་པར་མི་འཇོག་ཕྲག་དོག་རྩོད་པ་འདི། དོན་དག་འགལ་འདུའི་མཚོན་ཆ་རྣོན་པོ་ཞིགམཐར་ཐུག་བོད་ཡུལ་འཕོང་བའི་རྒྱུ་རུ་འགྲོ། དེའི་ཕྱིར་བོན་ཆོས་མ་རྩོད་རང་སར་ཞོགཡུམ་རྒྱས་པ་ཁམས་ཆེན་དུ་བསྒྱུར་བ་ཡིན་ན། ཁམས་ཆེན་སྟོང་ཕྲག་བརྒྱ་བ་ལ་པོ་ཏི་༡༦ཁྱེད་ཀྱི་ཡུམ་རྒྱས་པ་ལ་གླེགས་བམ་༡༢ལས་མེད་པས་བཞི་ལྷག་པར་ཅིའི་ཕྱིར། བོན་ལུགས་ཀྱི་རྒྱས་པ་ཙམ་དེ་ལའང་ཤོ་ལོ་ཀ་བརྒྱ་འམ་འབུམ་བམ་པོ་༣༦༠ཕྱག་རྒྱའི་ཡན་ལག་སྟོང་དང་རྩ་བརྒྱད་ཡོད་པས་འཁོར་འདས་ཀྱི་བོན་ཐམས་ཅད་སེམས་དབྱིངས་སྐྱེ་མེད་ཀྱི་ཀློང་དུ་གཏན་ལ་ཕབ་པ་ལ་འཕྲོ་ལུས་མེད་པས་ཁྱེད་ཀྱི་ཤེར་མདོ་འབུམ་དང་ཉི་ཁྲི་བརྒྱད་སྟོང་བ་གསུམ་ཀར་བསྡོམ་པའི་དུམ་བུ་༡༦ལས་མེད་པས། བོན་གྱི་ཁམས་བརྒྱད་གཏན་ལ་དབབ་པ་ཆོས་ལུགས་སུ་བསྒྱུར་བའི་འཕྲོ་གླེགས་བམ་བཞི་བསྒྱུར་འགྲོ་ལུས་པ་མ་ཡིན་ནམ། དེས་ན་གཞུང་ལུགས་གང་དང་གང་ཞིག་ཡིན་ཡང་དེ་དག་གི་བྱུང་ཚུལ་མི་ཤེས་པར་རྨོངས་པས་རང་བཟོས་རྨོངས་པ་རྣམས་ཚིམ་ཀྱང་། ཚུལ་ལྡན་གྱི་མཁས་དབང་དག་ཐུགས་ཁྲེལ་བའི་རྒྱུའོ། སྤྲུལ་སྐུ་གཤེན་ཆེན་ཀླུ་དགས་ལྷོ་འབྲི་མཚམས་མཐའ་དཀར་ནས་གཏེར་ནས་བཏོན་པའི་ཤེར་ཕྱིན་གྱི་འབུམ་སྡེ་རྣམས་བོན་ཅན། སྤྱི་ལོའི་སྔོན་༦༨༣གྲི་གུམ་གྱི་དུས་སུ་སངས་རྒྱས་གཡུང་དྲུང་བོན་གྱི་རྒྱལ་བསྟན་རིན་པོ་ཆེ་ལ་བསྣུབས་རྐྱེན་བྱུང་ནས་སྦས་པ་ཡིན་ཏེ། དེ་དུས་སུ་སྟོང་རྒྱུང་སོགས་མཁས་པ་གོང་མ་བཞིས་སྦས་པར་གསུངས་པའི་ཕྱིར། བསྒྲགས་པ་གླིང་གྲགས་ལས། མཁས་པ་མི་བཞིས་ཐེག་པ་དགུའི་བོན་ཐམས་ཅད་དྲིལ་ནས་མཚོ་རྔའི་བྲག་ཀ་རི་ལ་སྦས་ཞེས་གསུངས་པའི་ཕྱིར། ད་དུང་རྒྱལ་པོ་ཁྲི་སྲོང་གི་ལོ་༣༢ཐོག་དུས་རབས་བདུན་པའི་ནང་བོན་བསྣུབས་པའི་སྐབས་བྷོ་ཏི་སོགས་བན་དེ་རྣམས་ཀྱིས་བོན་སྡེ་མང་པོ་ཆོས་སུ་བསྒྱུར་ཏེ། བོན་གྱི་སེམས་ཕྱོགས་ཀྱི་སྡེ་རྣམས་ཆོས་ཀྱི་སེམས་ལུང་། བོན་གཡུང་དྲུང་གི་ཁམས་བརྒྱད་ཤེར་མདོ་འབུམ། བོན་གཡུང་དྲུང་གི་གསེར་གྱི་ཡང་ཞུན། ཆོས་ལྟ་བ་གཅེར་མཐོང་། བོན་བྱང་སེམས་གབ་པ། ཆོས་སེམས་སྨད་ཕྱོགས་སུ་བསྒྱུར་ཞིང་བཅོས། བོན་བསྒྲགས་པ་རིན་པོ་ཆེ་ཆོས་མཛོད་གོང་མ་བྱ་བ་བསྒྱུར་རོ། དེ་བཞིན་དུ་བོན་སྡེ་མང་པོ་ཆོས་སུ་བསྒྱུར་ཏེ་མཚན་སྤོས། བོན་གྱི་གསས་ཁང་དང་མཆོད་རྟེན་ལ་ལ་བཤིགས་ལ་ལ་ཉིང་ཞལ་བྱས་ནས་ཆོས་ཀྱི་གཙུག་ལག་ཁང་ཞེས་མིང་བཏགས། དེ་དུས་མ་མཆོག་སྲིད་པའི་རྒྱལ་མོའི་ཐུགས་སུ་བསྙུང་ནས་རྒྱལ་པོ་གཉིད་པའི་རྨི་ལམ་དུ་བུད་མེད་ནག་མོ་ལྕགས་ཀྱི་རལ་བ་ཕྱ་ལེ་བ་སྤྱན་གསུམ་མཆེ་བ་གཙིགས་པ་སྐུ་ལ་རྨ་བྱའི་ཐུལ་བ་གྱོན་པ་ཞིག་གིས་རྒྱལ་པོ་ལ་འདི་སྐད་ཅེས་གསུངས། ངའི་བོན་སྒོ་བཞི་མཛོད་དང་ལྔ་། གཞུང་ཆ་ལག་འགྲེལ་བ་རྣམས་ང་ལ་གཏོད་ཅིགགལ་ཏེ་མི་གཏད་པ་བསྒྱུར་ཞིང་བསྣུབས་ན་ལོག་ཆོས་ཁེ་དྲག་ལ། སྤྱད་ཀྱང་མི་ཁོམ་པར་ཁྱོད་ཀྱི་ཚེ་ཉི་མ་ཐལ་བ་དང་སྙོམ་པའི་རྟིང་དུ་ཏིའི་དམྱལ་ཁམས་སུ་སྦྱོང་ངོ་། གསུང་ནས་མེད་དེ་སོང་ངོ་རྒྱལ་པོ་ཡང་ཐུགས་སྐྲག་ནས་དེ་ཕྱིན་ཆད་བོན་རྣམས་ཆོས་སུ་བསྒྱུར་ཞིང་བསྣུབས་པའི་ཕོད་པ་ཆུང་ངོ་། དེ་ལྟར་ལུང་རིགས་ཉི་ཟླ་ཟུང་འབྲེལ་གྱིས་ཁྱོད་ཀྱི་རྨོངས་བློ་བསལ་ཐུབ་པར་གྱིས། ད་དུང་རིན་ཆེན་གསེར་གྱི་ལྡེ་མིག་གིས། ཁྱོད་བློ་རྨོངས་པའི་སྒོ་མི་འབྱེད་ན་གནས་སྐབས་གང་གིས་ཕན་པའི་ཐབས་ཟད། ཀྱེ་ཧུད་སྒྲིབ་གཉིས་བག་ཆགས་འཐུག་པོའི་འཇིགས་པ་ཅན། །ཟབ་མོའི་དོན་ལ་དཔྱོད་པའི་ཤེས་རབ་མེད། །དོན་མེད་ཅ་ཅོ་སྒྲོག་ལ་ཅི་དགར་སྤྱོད། །དེར་མ་ཟད་གཤེན་ཀླུ་དགའི་གཏེར་ཁ་ལ་སྔགས་ཕྱི་ནང་ཞི་རྒྱས་དབང་དྲག་གི་བོན་ཟབ་པ་མཐའ་ཡས་པ་དག་སྐལ་ལྡན་གྱི་སློབ་མ་རྣམས་བརྒྱུད་དེ། དེ་དག་གིས་བསྒྲུབས་པས་གྲུབ་རྟགས་བསམ་གྱིས་མི་ཁྱབ་པར་བྱུང་ཞིང་གྲུབ་པར་བརྙེས་པ་ཤ་སྟག་ཡིན་ལ། བསྒྱུར་བོན་འདྲ་ཆོས་ལ་དེ་འདྲའི་རྟགས་མཚན་དང་གྲུབ་ཐོབ་བྱུང་པ་ཕར་ཞོགརྒྱུ་འབྲས་དང་བདེན་དོན་ལམ་ནས་བསྟན་པ་སྐྱོང་བའི་འཇིག་རྟེན་མངའ་དབང་ཅན་གྱི་བཀའ་ཆད་ཕོག་པ་ཨེ་ཤེས། ཀླུ་འབུམ་དཀར་ནག་སོགས་ཀྱང་གཤེན་ཀླུ་དགའི་གཏེར་མ་མ་ཡིན་པར་འཁྱལ་གཏམ་དུ་སྨྲ་བར་ཟད་དོ། སྣང་བའི་བདག་པོའི་འོད་མདངས་ཀྱིས། །མུན་པའི་ཁ་དོག་དྲུང་ནས་བཅིལ། །ཕྱོགས་ལྷུང་བྲལ་བའི་བདེན་ཚིག་་གིས། །རྫུན་གྱིས་རྩ་བ་ལྷང་ངེར་བུད། །༼ནོར་མཛོད་ཅེས་པའི་དུས་དེབ་ཞིག་གི་ཐོག་ཏུ། དུག་ལྔའི་ནད་གཅོང་གིས་ཧ་ཅང་གཟིར་བའི་རྨོངས་འཐིབ་གཉིད་ལས་མ་སངས་པའི་ལོག་སྨྲ་བ་ཁ་ཅིག་གིས་རྩོད་ལྡན་ཚེ་ལོ་བརྒྱ་ཡི་མགོན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གིས་སྲོལ་བཟང་བཏོད་པའི་མི་ལོ་༡༨༠༣༥་ཡན་གྱི་ལོ་རྒྱུས་ལྡན་པའི་ཡང་མེས་སངས་རྒྱས་གཡུང་དྲུང་གི་བོན་འདི་ལ་སྐྱབས་འགྲོ་མེད་ཚུལ་དང་བཀའ་བསྟན་འགྱུར་སོགས་མེད་ཚུལ་དུ་མ་ཞིག་བཤད་ནས། དེང་སང་བོན་ཡར་རྒྱས་ཟེར་ན་འདྲ། ནང་ཆོས་དང་འབྲེལ་བ་བྱུང་ནས་སྐྱབས་འགྲོ་སོགས་ནང་བའི་བོན་སྒོ་དུ་མ་ཞིག་ཡོད་ཚུལ་བཤད་པ་མ་ཟད། ལོ་རྒྱུས་ཐོག་ནས་བོན་གཞུང་འདི་ང་ཚོའི་ཕ་མེས་ཀྱི་རིག་གཞུང་ཆགས་བསྡད་ཡོད་པ་རེད། ངེས་པར་དུ་བརྩི་བཀུར་བྱེད་དགོས་རྒྱུ་རེད། དེའི་རྒྱུད་འཛིན་དགོས་པ་རེད་ཟེར་ནས། ཚིག་གོང་འོག་གིས་འགལ་འདུ་སྟག་སྤྲོད་བྱེད་པའི་ངང་། རང་ཁ་སྒོ་མོའི་ནང་ནས། རང་སྲོག་གཅོད་པའི་སྟ་རེ་ཟེར་བ་ལྟར། ཁ་ནས་ང་ཚོའི་ཕ་མེས་ཀྱི་རིག་གཞུང་ཟེར་བཞིན། ཁུངས་བཙུན་ཡང་དག་མ་ཡིན་པར་དུ་མ་ཞིག་བྲིས་འདུག་པ་ལ། ཇི་སྐད་དུ། རྡོ་རྗེ་གླིང་བའི་གཏེར་མ་བཀའ་ཐང་ལས། བོན་དང་ཆོས་གཉིས་བོན་སྔ་བས། ཆོས་ཀྱི་བྱུང་ཁུངས་བོན་ལ་ཐུགཆོས་པའི་བོན་གཤེ་དམ་ཚིག་ཉམས། རྐྱེན་དེའི་རང་བསྟན་རང་གིས་བཤིགས། ༼ཞེས་གསུངས་པའི་ཕྱིར། འཁོར་གསུམ། དམ་ལོག་ཁྱོད་ལྟ་བུ་ལ་དགོངས་ཏེ་གསུངས་པ་མ་ཡིན་ནམ། སྒྲོལ་མ་དགུ་སྐོར་ལས་ཀྱང་། གཤེན་རབ་དང་ཐུབ་པའི་བསྟན་པ་རྣམ་གཉིས། གཅིག་སྟེང་གཅིག་དར་གྱི་འགྲོ་དོན་བྱེད་པའོ། ལྔ་བརྒྱའི་ཐ་མ་ལ། ལ་ལས་གཡུང་དྲུང་བོན་མི་བདེན། ལ་ལས་དམ་པའི་ཆོས་མི་བདེན་ཟེར་ཡང་འཁྲུལ་བའོ། ངོ་བོ་དབྱེ་བ་མེད་པ་དང་། སྤྱོད་ཚུལ་སོ་སོར་སྤྱོད་པའི་དོན་གྲུབ་པའོ། ཞེས་གསུངས་པའི་ཕྱིར། འཁོར་གསུམ། དེས་ན་སངས་རྒྱས་སྟོན་པ་གཤེན་རབ་བོན་ཅན། ཁྱོད་ཀྱི་བསྟན་སྒོར་ཞུགས་པར་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་པ་ཡིན་ཏེ། མདོ་དྲི་མེད་ལས་སྟོན་པ་བླ་མེད་སངས་རྒྱས་དང་། དེས་གསུང་ཞལ་ནས་བཅུད་འཐིག་པའི། སྐྱོབས་པ་བླ་མེད་བཀའ་རྒྱུད་དང་། དེ་དག་བསྟན་པའི་གཉེར་འཛིན་པའི། འདྲེན་པ་བླ་མེད་སེམས་དཔའ་གསུམ། དེ་ལྟར་ཡིད་བཞིན་ནོར་བུ་ལྟར། བླ་ན་མེད་པ་དཀོན་པའི་མཆོགཅེས་དང་། འབུམ་ལྔ་ལས། སྐུ་ལྔ་ཡེ་ཤེས་ལྔ་ཡི་མངའ་བདག་སངས་རྒྱས་ལ་སྐྱབས་སུ་མཆིའོ། ཚད་གསུམ་བདེན་པ་གཉིས་ཀྱི་རང་བཞིན་བོན་ལ་སྐྱབས་སུ་མཆིའོ། ས་གསུམ་སྤང་རྟོགས་རྣམས་ཀྱི་སྣ་འདྲེན་སེམས་དཔའ་ལ་སྐྱབས་སུ་མཆིའོ། ཞེས་དང་། ལོ་པཎ་ཤ་རི་དབུ་ཆེན་གྱི་གཏན་ཚིག་ངེས་པའི་གལ་མདོ་ལས། གཡུང་དྲུང་གནས་བཞི་མོས་འདུན་སྐྱབས་ཡུལ་མཆོགའཇིག་རྟེན་དབང་ཕྱུག་མོས་འདུན་སྐྱབས་ཡུལ་མིན། ཞེས་དང་། སེམས་ལུང་གསལ་བའི་སྒྲོན་མེ་ལས། གཡུང་དྲུང་གནས་བཞི་སྐྱབས་སུ་མ་སོང་ན། བདུད་དང་མུ་སྟེགས་འཁོར་བའི་བསླུ་བྲིད་འབྱུང་། ཞེས་དང་། འབུམ་ལས། ཡུལ་ཁྱད་པར་ཅན་སངས་རྒྱས་བོན་དང་སེམས་དཔའ་ལ། སྐྱབས་སུ་འགྲོ་བའི་རྟེན་དལ་འབྱོར་གྱི་ལུས་ཅན་རྣམས། འབྲས་བུ་བླ་ན་མེད་པར་ཡང་དག་པར་རྫོགས་པའི་སངས་རྒྱས་འཐོབ་པོ། དྲང་དོན་མུན་སེལ་སྒྲོན་མེ་ལས། ཕྱི་ནི་སངས་རྒྱས་བོན་དང་གཤེན་རབ་ལ། ལུས་ངག་ཡིད་གསུམ་མོས་བྱས་སྐྱབས་ཀྱི་རབ། ནང་གི་བླ་མ་ཡི་དམ་མཁའ་འགྲོ་ལ། གུས་འཇུག་མཉེས་པར་བྱ་བ་སྐྱབས་ཀྱི་རབ། གསང་བ་རྩ་དང་རླུང་དང་ཐིག་ལེ་ལ། རིག་པ་བྱང་ཆུབ་སེམས་ཀྱི་འགྲོ་ལྡོག་སྐྱབས་ཀྱི་རབ་ཅེས་དང་། ལེགས་བཤད་ལམ་རིམ་ལས། ཁས་དམན་པོ་ལ་དགྲ་བྱུང་ན། རྗེ་དཔོན་མྱུར་དུ་འཚོལ་བ་ལྟར། འཁོར་བའི་འཇིགས་ལས་སྐྱོབ་འདོད་ན། རིན་ཆེན་གསུམ་ལ་སྐྱབས་ཚོལ་ཞིགཅེས་གསུངས་པས། གསེར་ལྡན་འཛིན་མའི་ཁྱོན་གྱི་དགེ་བའི་ས་བོན་ཅིག་ཆར་དུ་སྨིན་ནུས་པའི་ལུང་རིགས་བདུད་རྩིའི་ཆར་ཆེན་འཛིན་པ་དེས། ཁྱོད་ཀྱི་རྨོངས་བློའི་དུད་དྲག་རྣམས་བཀྲུ་བར་གྱིས་ཤིགཔད་འབྱུང་གི་ཞལ་སྔ་ལས། སྔོན་ཚེ་བསྐལ་བ་སངས་རྒྱས་ཐམས་ཅད་དང་། ད་ལྟ་སྟོན་པའི་སྐུ་གསུང་ཐུགས་ཀྱི་བསྟན། ཅི་གསུང་ཐམས་ཅད་འགྲོ་དོན་ཡིན་པའི་ཕྱིར། བོན་དང་ཆོས་ཞེས་དབྱེ་བ་ག་ལ་ཡོད། པཎ་ཆེན་སྐུ་འཕྲེང་ལྔ་བ་བློ་བཟང་ཡེ་ཤེས་ཀྱིས། དབུས་གཙང་མངའ་རིས་བར་གྱི་གྲུབ་པའི་མཐའ། ཀུན་ཀྱང་ནང་པའི་བསྟན་པ་རོ་གཅིག་པས། ཕྱོགས་རིས་དབང་གིས་སྡང་ཞེན་མི་བྱེད་པར། དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ན་ལེགས། ཞེས་གསུངས་པའི་ཕྱིར། འཁོར་གསུམ། ད་དུང་སངས་རྒྱས་ཀྱི་ཕྲིན་ལས་ཕྱོགས་མེད་དུ་འཆད་པ་མ་རྟོགས་པར། བསྟན་པ་ལ་ངག་འཆལ་སྨྲ་བ་ཡིན་ན་ལོག་སྨྲ་ཁྱོད་ལ་གནས་སྐབས་ཐབས་གཞན་ཟད་དོ། ཁུང་ལྡན་ལུང་གི་རྒྱབ་རྟེན་མེད་པར། གཅིག་ཤོས་ལ་དད་པ་བྱེད་པ་དང་། གཅིག་ཤོས་ལ་སྡང་བར་བྱེད་པ་ནི། སྙིང་ལ་བདུད་ཞུགས་པའམ། རང་རྒྱུད་ཀྱི་དམ་ཚིག་ཉམས་པའི་སྔ་ལྟས་ཡིན་ཏེ། རྗེ་དགེ་འདུན་གྲུབ་པའི་ཞལ་ནས། ལར་ད་ལྟ་གངས་རིའི་ཁྲོད་འདི་ན། རང་བསྟན་པ་འཛིན་ལ་ཁས་ལེན་ཀྱང་། གཞན་བསྟན་འཛིན་དགྲ་བོའི་དྭངས་མར་འཛིན། ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེ། བདག་དང་བོན་གྱི་འབྱུང་ཁུངས་ལེགས་པར་སྨྲ་བའི་མདུན་དུ་རྩོད་ནུས་སམ་མི་ནུས་ན། རྫུན་དང་གཡོ་རྒྱུའི་འཁྱལ་གཏམ་ལ་ཉེས་དམིགས་ཡོད་མེད་སོམས་ཤིགབོན་གྱི་བྱམས་མ་ལས། མ་ཅིག་སྐུ་ཡི་ལམ་འབྲས་ཉིད་ནི། མུ་སྟེགས་ཕ་རོལ་རྒོལ་བའི་གཤེད་མ། ཞེས་དང་། རྣམ་རྒྱལ་ལས། བདུད་དང་སྲིན་པོ་མུ་སྟེགས་ལ་སོགས་པ། ལྟ་བ་ལོགས་པ་ལྟ་བ་ཐམས་ཅད་ཀྱང་། རྣམ་པར་རྒྱལ་བའི་ངང་དུ་གྲོལ་བར་ཤོགགསང་སྔགས་ལས་ཀྱང་། ལྟ་བ་ལོག་པ་མུ་སྟེགས་ཀྱི་ལྟ་བ་སོགས་གསུངས་ནས། ཕྱི་ནང་གསང་གསུམ་གྱི་བོན་སྡེ་རྣམས་ལས། མུ་སྟེགས་སུན་འབྱིན་གྱི་དོན་གོ་བར་མཛོད་ཅིགདེས་ན་བཀའ་བརྟེན་འགྱུར་སོགས་ཀྱང་། བསྒྱུར་བ་པོ་ག་འདྲ་གང་འདྲས་བསྒྱུར་བ་རེད་ཅེས་ལོག་རྟོག་ཐེ་ཚོམ་གྱི་དབང་དུ་སོང་ནས་བླུན་པོའི་འཁྱལ་གཏམ་དུ་སྨྲས་པར་ཟད་དོ། མདོ་ལས། བོན་ལ་རྣམ་གྲངས་གསུམ་ཡིན་ཏེ། སྤྱི་རུ་ཐེག་པ་རིམ་དགུ་སྟེ། སྒོས་སུ་གསས་མཁར་སུམ་བརྒྱ་དང་། ཡང་དགོས་བརྒྱད་ཁྲི་བཞི་སྟོང་དབྱེ། ཞེས་དང་། སྟོང་ཕྲག་བརྒྱ་བ་ལས། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་བསྟན་པར་དགོངས་ནས། ཞེས་སོ། མདོ་འདུས་ལས། མདོ་འབུམ་རྒྱུད་མཛོད་བཞི་ཕྱེས་ལ། འཁོར་རྣམས་བཀའ་ནི་བསྡུ་བར་གྱིས། ཞེས་དང་། དེ་ཉིད་ལས། ཧོས་སྒོ་བརྒྱད་ཁྲི་བཞི་སྟོང་ནི། མདོ་འབུམ་རྒྱུད་མཛོད་སྡེ་བཞི་ལ། ཉིས་ཁྲི་ཆིག་སྟོང་སྒོ་བཞི་དབྱེ། ཞེས་གསུངས་པའི་ཕྱིར། བླུན་པོ་ཁྱོད་ཀྱིས་བན་བོན་གྱི་འབྱུང་ཁུངས་ཡང་དག་པར་མི་ཤེས་པར་ད་དུང་ཞིབ་འཇུག་བྱེད་ཁུར་བྱེད་ནས་བོན་རང་ལ་རང་སྐྱ་ཐུབ་པའི་བསྟན་འགྱུར་མེད་ཅེས་པས། ཁྱོད་ཀྱི་ཡིད་སེམས་དཔྱང་ཐག་འཁྱོག་པོ་བཀྲོལ་བའི་རིག་པ་ཡོད་དེ། གདུང་སོབ་མི་ཆོ་དང་། བླ་ཆེན་དྲན་པ། ལི་ཤུ་སྟག་རིང་། མཁས་པ་དཔལ་ཆེན། རྟག་གཟིགས་ཀྱི་མཁས་པ་དྲང་སྲོང་རྒྱལ་བ་མཁས་གྲུབ་ཡེ་ཤེས་རྒྱལ་མཚན། རྗེ་བཙུན་ཡར་མེ་བ། འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན། རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན། མཁས་གྲུབ་རིན་ཆེན་བློ་གྲོས། སུམ་ལྡན་གཡོར་པོ་མེ་དཔལ། སྒ་རིགས་སྟོན་པ་ཚུལ་ཁྲིམས་རྒྱལ་མཚན། མཁས་གྲུབ་རྒྱལ་མཚན་མཆོག་ལེགས། གཤེན་སྟོན་ནམ་མཁའ། ཞང་སྟོན་ཚུལ་ཁྲིམས་བློ་ལྡན། འགྲོ་མགོན་བདུད་རྩི་རྒྱལ་མཚན། ཤར་རྫ་རིན་པོ་ཆེ། འཛམ་གླིང་གཙུག་རྒྱན་མཁན་རིན་པོ་ཆེ་ཀུན་མཁྱེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོ་ལ་སོགས་མཁས་མཆོག་དུ་མས། གསུང་འབུམ་གླེགས་བམ་༣༠༠་ལས་བརྒལ་བའི་མཐོང་བ་མངོན་གྱུར་སྟོན་པ་ལ་མངོན་སུམ་ཚད་མའི་གནོད་པ་མེད་པས། བྱིས་པ་སོ་སོའི་མངོན་སུམ་གྱི་གཞལ་བྱ་དེ་བོན་ཅན། གཡུང་དྲུང་བོན་རང་ལུགས་ཀྱི་བཀའ་བརྟེན་ཡིན་ཏེ། སྟོན་པ་གཤེན་རབ་ཀྱི་རྗེས་འཇུག་གིས་གཙོ་བོ་བཀའ་བརྟེན་རྩོམ་པའི་བསམ་པས་ཀུན་ནས་བསླངས་ཏེ། བསྟན་པའི་གསལ་བྱེད་དུ་དམིགས་ཏེ་བསྡེབས་པའི་ཚིག་སྦྱོར་གང་ཞིག་རང་གི་བརྗོད་བྱ་ལ་གྲུབ་མཐའ་རང་ལུགས་ཀྱི་གནོད་པ་མེད་ཀྱང་གྲུབ་པ་ཡིན་པའི་ཕྱིར། ལུང་རིགས་དེ་དག་གིས་ཁྱོད་ཀྱི་ངག་འཁྱལ་ཚིག་རྩུབ་ཀྱི་ཉོག་བཤད་ཐམས་ཅད་རྩ་བ་ནས་རུལ་སོང་བ་ཨེ་ཤེས། ད་དུང་ཁུངས་ལྡན་ལུང་ལ་ཡིད་ཆེས་མི་བྱེད་པར། མགོ་བོ་འགལ་མེ་བཞིན་དུ་འཁོར་ཏེ། སེམས་ལ་གདོན་ཞུགས་པའི་སྨྱོན་པའི་ངག་ཚིག་བཞིན་ཁ་ནས་ཅི་ཐོན་ལོག་གཏམ་སྨྲ་ན་ལོག་སྨྲ་ཁྱོད་ལ་ནང་པ་སངས་རྒྱས་ཀྱི་དྲི་ཙམ་ཞིག་མི་བྲོ་བར་མ་ཟད་ཕྱི་རོལ་ཆད་ལྟ་སྡེ་གསུམ་གྱི་ལྟ་བ་དངོས་སུ་ཞུགས་པའི་ལོག་ལྟའི་རྟུལ་ཤུགས་ཅན་ཞིག་ཡིན་པར་གདོན་མི་ཟ་བས། གནས་སྐབས་ཁྱོད་ཀྱི་ལོག་ལྟའི་གཉེན་པོ་གྱུར་བ་དཀའ་སྟེ། མདོ་ལས། མཚམས་མེད་ལྔ་ལ་གཉེན་པོ་ཡོད། ལོག་ལྟ་ཅན་ལ་གཉེན་པོ་མེད། ཅེས་གསུངས་པའི་ཕྱིར། མི་ཕམ་འཇམ་དབྱངས་རྣམ་རྒྱལ་གྱིས། ཕན་བདེ་མཛད་པའི་སྤྲུལ་སྐུ་ལ། སོ་སོའི་ལྟོན་པ་ཉིད་དུ་བསྟན། བན་དང་བོན་ཞེས་སོ་སོར་དབྱེ། མི་འགལ་ཕྱིར་ན་དགོངས་པ་གཅིགརྒྱལ་བའི་རྣམ་སྤྲུལ་བསམ་མི་ཁྱབ། ཅེས་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ལས། བོན་ནང་བའི་བསྟན་པ་དར་བའི་ཆོས་དང་ཚུལ་མཐུན་སངས་རྒྱས་ཤཱཀྱ་ཐུབ་པ་དང་སྟོན་པ་གཤེན་རབ་གཉིས་ངོ་བོ་གཅིག་ལ་རྣམ་པ་མི་འདྲ་གཉིས་སུ་འདོད་ཅེས་དང་། དེ་ཉིད་ལས། བོན་ནང་བ་དང་ཆོས་གཉིས་ཀ་དར། བོན་ཆོས་རིས་མེད་པས། བསྐོར་བ་སོགས་གཡས་སྐོར་བ་ཕྱག་རྒྱ་ཆེན་མོ། གཡོན་སྐོར་བ་རྫོགས་པ་ཆེན་པོ། ཕྱག་འཚལ་བ་དབུ་མ་ཆེན་པོ་ཁྱད་མེད་དུ་འབད་དོ། ཞེས་གསུངས་པའི་ཕྱིར། འཁོར་གསུམ། འབུམ་ཁྲི་གློག་ལྕེ་ངོམ་པའི་འགྱུར་ཁུག་མིན། །གཞུང་ལུགས་དོན་ལ་བརྩོན་པའི་གྲུབ་འབྲས་ཡིན། །ཕྲ་ཞིབ་རིག་པའི་རྩལ་བའི་རྣམ་དཔྱོད་མིན། །སྐལ་ཉམས་གྲོགས་ལ་བཞག་པའི་ལག་རྗེས་ཡིན། འབུམ་རྒྱས་པའི་སྐོར་ལ་གཉིས་ཞེས་པའི། དེ་འོག་འབྲིང་པོའི་རྒྱས་པ་ནི། གཤེན་གྱེར་རྨ་དབྱིལ་གྱི་སྤྲོས་པའམ། གཏེར་སྟོན་དང་པོ། དཀོན་མཆོག་གྲགས་པ། ཉ་མོ་མགོན་པོ། སད་ཀུན་རད་ན་གསུམ་གྱིས། དངོས་གྲུབ་ཏུ་རྙེད་པ་གྲགས་པའི། འཕྱོང་འབུམ་དུམ་པ་༨་ཡོད་པ་དང་། འབྲིང་བོ་ཙམ་ནི། གཤེན་གཏེར་ལས། བྱུང་བར་འདོད་པ་དང་། སྤྲུལ་སྐུ་བདེ་ཆེན་གླིང་པ་ཀླུ་ཡི་དབང་པོས་ལྷོ་འབྲི་མཚམས་མཐའ་དཀར་ནས་དངོས་གྲུབ་ཏུ་ཐོབ་པར་འདོད་པ་གཉིས། ཁམས་འབྲིང་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་གླེགས་བམ་༦ལེའུ་༧༡བམ་པོ་༧༣བཞུགས་པའོ། འབྲིང་པོའི་བསྡུས་པ་ནི། གཏེར་སྟོན་ཨང་༢༨གཉེན་སྟོན་གཟི་བརྗིད་ཀྱི་དངོས་གྲུབ་ཏུ་རྙེད་པའི་ཁམས་ཆུང་དུམ་པ་༦གི་བདག་ཉིད་ཅན་ནོ། བསྡུས་པའི་རྒྱས་པ་ནི། གཉེན་སྟོན་གྱི་གཏེར་ལུང་ངམ། གཤེན་གཏེར་དུ་གྲགས་པའི་རྩ་འབུམ་དུམ་པ་༢་པ། ཤོ་ལོ་ཀ་སྟོང་ཕྲག་བརྒྱད་པའོ། བསྡུས་པའི་འབྲིང་བོ་ནི། གཉེན་སྟོན་ཤེས་རབ་རྡོ་རྗེས་གཏེར་ནས་རྙེད་པའི་ཁམས་རྩ་དུམ་པ་གཉིས། དེང་སང་བཀའ་འདུས་སུ་གྲགས་པའོ། བསྡུས་པའི་བསྡུས་པ་ནི། གཤེན་གཏེར་དུ་འདོད་པའམ། སྤྲུལ་སྐུ་བདེ་ཆེན་གླིང་པའི་སྤ་གྲོའམ། འབྲི་མཚམས་ཀྱི་གཏེར་ཤོག་ཡིན་ཁུལ་ཁམས་རྩ་རྣམ་པར་ངེས་པའོ། བཞི་བ་བསྡུས་དོན་ཚིགས་སུ་བཅད་པ་ནི། གཉེན་ཐིང་རེ་ངན་གྱིས་གཙང་འཕྲང་ནུ་མའི་བྲག་ནས་དངོས་གྲུབ་ཏུ་རྙེད་པའི་ཁམས་བསྡུད་ཚིགས་བཅད་མ་ལེའུ་བརྒྱད་པ་དང་། ཤིན་ཏུ་བསྡུས་པ་ནི། ཐེག་པ་ཆེན་པོའི་ཡུམ་མདོ་རྣམས་སོ། གཉིས་པ་ཤེར་ཕྱིན་གྱི་དོན་ཙམ་བསྟན་པའི་བཀའ་ལ་གཙོ་བོ་ནི། ཁྲི་སྲོང་དུས་སུ་དྲན་པ་དང་བཻ་རོ་གཉིས་ཀྱིས། དབུས་ཡེར་བའི་རྫོང་ལ་རྦས་ནས། ཕྱིས་སུ་བཻ་རོའི་རྣམ་སྤྲུལ་གཙང་གི་བན་དེ་སུམ་པ་དབང་ཚུལ། འབྲི་ཚུལ་སང་། གཅེར་བུ་དབང་ཕྱུག་དང་། གསུམ་བསམ་ཡས་སུ། ཆོས་གཏེར་ཚོལ་དུ་སོང་བས་མ་རྙེད། དེ་ལོ་འགའ་འགོར། དེ་ནས་ཡར་ལོག་སྟེ། རང་རེའི་དྲག་ཤོས་གསུམ་གྱིས་གཏེར་མ་ཐོན་པ་ངོ་ཚ་ཟེར་ནས། ཡེར་བར་བཙལ་ནས། གཏེར་རྙེད་ཀྱང་། བོན་གྱི་བདལ་འབུམ་དུམ་པ་༡༠མངོན་རྟོགས་རིག་པའི་རྩེ་འབུམ་དུམ་པ་༡༠དང་། མངོན་རྟོག་རྩེ་མོའི་འབུམ་རྩ་དུམ་པ་༡༠དྲི་མེད་འབུམ་དུ་གྲགས་པའི་དུམ་པ་༦དང་བཅས་འདུག་པ་ཐམས་ཅད་བོན་དུ་འདུག་པས་མ་འདོད་དེ། གཉེན་སྟོན་གཟི་བརྗིད་ཀྱི་ཕྱག་ཏུ་ཕུལ་ནས་གཏེར་སྟོན་ཉེར་དགུ་བ་སྤྲུལ་སྐུ་ལུང་བོན་ལྷ་གཉེན་གྱི་བཀྲོལ་བའོ། ཨ་ཙ་ར་མི་གསུམ་གྱིས་བསམ་ཡས་དཀོར་ཁང་ནས་གཏེར་དུ་དྲངས་པའི་གསུང་འབུམ་དུམ་པ་༣བཅས་དྲི་མེད་འབུམ་དང་འབུམ་རྩ་གསུང་འབུམ་བཅས་སྡོམ་པོ་ཏི་༡༠དང་། དབུས་གཏེར་གྱི་ཐུགས་རྗེ་ཉི་མ་དགུ་ཤར་འོད་འབུམ་དུམ་པ་༡༠དང་། ཁྲི་གདུགས་བདལ་འབུམ་དུམ་པ་༦རྣམས་ཡོད་པར་གྲགས་སོ། གཏེར་དུ་མ་སོང་བར་གཉའ་སྟོན་གཞོན་ནུ་འབུམ་ལ་དངོས་གྲུབ་དུ་བབས་པ། གཙུག་ལག་དཔའ་འབུམ་དཀར་པོ་དང་། བྱམས་མ་འབུམ་ལྔའི་ཡང་སྙིང་དང་། གཉེན་སྟོན་ཤེས་རབ་རྡོ་རྗེས་གཏེར་མ་ཐིག་ལེའི་མདོ་དང་། སེ་དོར་སྟོན་པའི་སྙན་རྒྱུད་ཨ་དཀར་ཐིག་ལེ་གཅིག་པའི་མདོ་རྣམས་དང་། དེ་འོག་དུ་བོན་ཉིད་སྙིང་པོ་བདལ་བའི་འབུམ་རྩ་ལེའུ་༣༢བཞུགས་པ་ལགས་སོ། དེ་ལྟར་ལེགས་བཤད་ཤེར་ཕྱིན་འབུམ་སྡེའི་རྒྱལ་བསྟན་རིན་པོ་ཆེ་བོན་ཉིད་སྙིང་པོ་རིག་པའི་ཡེ་ཤེས་ཀྱི་ཉི་མ་དགུ་ཤར་བ་སྟེ་མ་རིག་པའི་མུན་པ་སེལ་བའི་བརྡ་རྟགས་སུ་རྟེན་འབྲེལ་ལྷུན་གྱིས་གྲུབ་པའོ། སྒོ་བཞི་མཛོད་ལྔའི་ནང་ཚན་གྱི་འཕན་ཡུལ་རྒྱས་པ་འབུམ་གྱི་བོན་སྒོ་ལ་ལྔ་ཡིན་ཏེ། བྱམས་མའི་འབུམ་ལས། ཁམས་བརྒྱད་གཏན་ལ་ཕབས་པའི་འབུམ། དགེ་རྒྱས་ཚོགས་ཆེན་རྫོགས་པའི་འབུམ། རྣམ་དག་ཚུལ་ཁྲིམས་འདུལ་བའི་འབུམ། གཡུང་དྲུང་ས་བཅུ་ལམ་གྱི་འབུམ། ཡེ་གཤེན་བཀོད་པ་དོན་གྱི་འབུམ་དང་ལྔ་། དེ་དག་ལ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པར་སྤྲོ་བ་ནི། དུསཕུན་སུམ་ཚོགས་པ་སྟོན་ཟླ་ཐ་ཆུང་གི་ཚེས་༨འབྱུང་བཞི་ཁོད་སྙོམས། རྩི་ཤིང་ལོ་ཏོག་གི་འབྲས་བུ་ཐམས་ཅད་རྒྱས་ཤིང་སྨིན་པ། གཟའ་སྐར་སྤར་སྨེ་ཐམས་ཅད་མཐུན་རྐྱེན་ལེགས་ཚོགས་སྦྱར་ཞིང་བཀྲ་ཤིས་དགེ་མཚན་གྱི་དུས་དེར་གསུངས་པའོ། སྟོན་པ་ཕུན་སུམ་ཚོགས་པ་ནི། སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཡང་དག་ཁྲི་གཙུག་རྒྱལ་བ་དེ་ཉིད་ལགས་སོ། གནས་ཕུན་སུམ་ཚོགས་པ་ཞེས་པའི། ལྷ་ཡུལ་དུ་གསུངས་པའི་གནས་ཕུན་སུམ་ཚོགས་པ་གོང་དུ་བཤད་ཟིན་པས། སྐབས་བབ་མི་ཡུལ་དུ་ཤེར་ཕྱིན་གསུངས་པའི་གནས། རྟག་གཟིགས་འོལ་མོ་གླིང་ཆེན་གྱི་བར་གླིང་ཉི་ཤུ་རྩ་བཞིའི་ནང་ཚན། ཤར་ཕྱོགས་གཡུང་དྲུང་བཀོད་པའི་གླིང་དུ་གསུངས་པར་མངོན་ཏེ། ཤར་ན་གཡུང་དྲུང་བཀོད་པའི་གླིང་། ཆུ་བོ་ན་ར་ཛའི་འགྲམ། དཔག་བསམ་ལྗོན་པ་ལོ་རྒྱས་ཀྱི་ཚལ་གསེབ། འོད་ཀྱི་ལྷ་རི་སྤོ་མཐོན་གྱི་རྩེ་མོ། འདུན་ས་བཀྲ་ཤིས་གླིང་ཆེན་གྱི་ཕོ་བྲང་དུ། ཐེག་པ་ཆེན་པོ་ཡུམ་གྱི་དོན་གཏན་ལ་ཕབས་པར་དགོངས་ནས་ཞེས་སོགས་དང་། མདོ་འདུས་ལས། དེ་རྒྱབ་གླིང་ཆེན་བཅུ་གཉིས་ཏེ། ཤར་ན་གཡུང་དྲུང་བཀོད་པའི་གླིང་། རིན་ཆེན་བཀྲ་གསལ་མཛེས་པ་སྟེ། འོད་ཀྱི་ལྷ་རི་སྤོ་མཐོན་ཡོད། ཅེས་དང་། རྗེ་བཙུན་ཡར་མེ་བས། བསྡུས་དོན་རྣམ་ངེས་ལས། དམ་པའི་རྟག་གཟིགས་ཡུལ་ན་ཡོད་པར་བཞེད་དེ། ཞེས་གསུངས་པའི་ཕྱིར། འཁོར་ཕུན་སུམ་ཚོགས་པ་ནི། འབུམ་ཏིག་ལས། ལྷ་ཡི་བུ་དད་པ་ཅན་དང་། རྨ་མའི་བུ་དད་པ་ཅན་ལྔ་སྟོང་བཏུལ་བས་ལྔ་སྟོང་དང་། ཚོགས་ལམ་དང་། དྲོད་དང་། རྩེ་མོ་དང་། བཟོད་པ་དང་། བོན་མཆོག་ལ་གནས་པ་བརྒྱ་བརྒྱ་སྟེ་༥༠༠འོ། ཞེས་གསུངས་པ་ལྟར། དེ་དག་འཁོར་གྱི་གཙོ་བོར་སྨོས་པ་ཡིན་ལ། སྤྱིར་ཤེར་ཕྱིན་འབུམ་སྡེ་གསུངས་པའི་འཁོར། བསྡུས་ན་ཅི་ཙམ་ཡོད་ཅེ་ན། དོན་དང་ལྡན་པ་གཡུང་དྲུང་སེམས་དཔའི་འཁོར། བསྟན་པ་སྐྱོང་བ་འཇིག་རྟེན་མངའ་དབང་ཅན་གྱི་འཁོར། གདུལ་བྱ་དམན་པ་འགྲོ་བ་རིགས་དྲུག་གི་འཁོར་དང་གསུམ་མོ། དང་པོ་ནི། ཕྱི་འཁོར་དུ་གྱུར་བའི་གཤེན་རབ་གཡུང་དྲུང་སེམས་དཔའ་དུང་ཕྱིར་འབུམ་ཕྲག་བཅུ་དང་། བར་འཁོར་དུ་གཏོགས་པའི་གཡུང་དྲུང་སེམས་དཔའ་བྱེ་བ་༡༦། ནང་འཁོར་དུ་གནས་པའི་གཡུང་དྲུང་སེམས་དཔའ་ཁྲི་དྲུག་སྟོང་། གསང་འཁོར་དུ་གཏོགས་པའི་གཡུང་དྲུང་སེམས་དཔའ་ལྔ་སྟོང་ལྔ་བརྒྱ། སྐུ་ལ་རྟག་པར་འཁོར་བའི་གཡུང་དྲུང་སེམས་དཔའ་ལྔ་སྟོང་ལྔ་བརྒྱ་དང་། འཁོར་གྱི་དམ་པར་གྱུར་བའི་གཡུང་དྲུང་སེམས་དཔའ་སུམ་བརྒྱ་དྲུག་ཅུ་དང་། མཆོག་ཏུ་གྱུར་བའི་གཡུང་དྲུང་སེམས་དཔའ་ཞུ་བའི་གཤེན་བརྒྱད་དང་ཐབས་གཅིག་ཏུ་བཞུགས་སོ། གཉིས་པ་ལྷ་ཡི་རྒྱལ་པོ་ཚངས་པ་དང་བརྒྱ་བྱིན། ཀླུ་ཡི་རྒྱལ་པོ་གཙུག་ན་དང་། འཇོག་པོ། ལྷ་མིན་ཐང་བཟང་རིང་སྐྱེས། མི་དབང་འདོད་པ་དགུའགྱུར། ས་བདག་གི་རྒྱལ་པོ་ཆེན་པོ་བཞི་དང་། ལྷ་མོ་བསྟན་མ་ལ་སོགས། འཇིག་རྟེན་ལ་དབང་བསྒྱུར་བར་བྱེད་པའི་དཔལ་མགོན་འཇིག་རྟེན་པ་རྣམས་སོ། གསུམ་པ། ལྷ་མོ་སུམ་བརྒྱ་དྲུག་ཅུ་དང་། ཀླུ་མོ་བརྒྱད་ཁྲི་བཞི་སྟོང་། འབངས་དད་པ་ཅན་རྨ་མི་གྲོང་བདུན་ལ་སོགས་སྡེ་བརྒྱད་དང་། རིགས་དྲུག་གི་འགྲོ་བ་བསམ་གྱིས་མི་ཁྱབ་པ་ཐེག་པ་ཆེན་པོའི་ལས་སད་པ་རྣམས་སོ། བཀའ་ཕུན་སུམ་ཚོགས་པ་ནི། ལམ་དང་འབྲས་བུའི་ཤེར་ཕྱིན་ཐུན་མོངས་མ་ཡིན་པར་བརྗོད་བྱའི་གཙོ་བོར་སྟོན་པའི་ལེགས་བཤད་འདི་དག་གོཤེར་ཕྱིན་གྱི་ལུས་ཡོངས་སུ་རྫོགས་པར་སྟོན་པའི་མདོ་ལ། དཔེར་ན། གསུང་བའི་གནས་བརྒྱད། ཞུ་བའི་གཤེན་བརྒྱད། མཆོད་པའི་རྫས་བརྒྱད། བསྟན་པའི་བོན་བརྒྱད་དང་བཞིའོ། སྲིད་ཁམས་གསུངས་བའི་གནས་འོད་ཀྱི་ལྷ་རི་སྤོ་མཐོན་གྱི་རྩེ་མོ་དང་། རྒྱུད་ཁམས་གསུང་བའི་གནས། རིན་ཆེན་གྲངས་མ་སྤུངས་པའི་གླིང་དང་། སྣང་ཁམས་གསུང་བའི་གནས། གཡུང་དྲུང་གསལ་བ་འོད་ཀྱི་གླིང་། སྟོང་ཁམས་གསུང་བའི་གནས། བར་ཏི་ཏན་མུན་པ་གཡུང་དྲུང་གླིང་། སོ་སོ་གསལ་བའི་ཁམས་གསུང་བའི་གནས། མུ་ལེ་ཁྱུད་ཚོ་མུ་ཡི་གླིང་། རིག་ཁམས་གསུངས་བའི་གནས། མཚོ་གླིང་དར་དཀར་གུར་ཕུབ་འོགདབྱིངས་ཁམས་གསུང་བའི་གནས། འཕེལ་འགྲིབ་མེད་པར་གཡུང་དྲུང་ཁྱིམ་བདུན་གྱི་གླིང་། མཉམ་ཁམས་གསུང་བའི་གནས། རིན་ཆེན་འཕྲུལ་སྣང་འོད་གཞལ་ཡས་ཁང་དང་བརྒྱད་དོ། ཞུ་བ་པོ། སྟོན་པའི་ཐུགས་སྤྲུལ་ཡིད་ཀྱི་ཁྱེའུ་ཆུང་དང་། གཏོ་བུ་འབུམ་སྲས། གསལ་བ་འོད་ལྡན། མེད་ཁམས་སྟོང་བ་རྗེ། ཚངས་པ་གཙུག་ཕུད། ཀླུ་མོ་མ་མ་དེ། གཡུང་དྲུང་གཙུག་གཤེན་རྒྱལ་བ། འཕྲུལ་བོན་གསང་བ་ངང་རིང་དང་བརྒྱད་དོ། མཆོད་པའི་རྫས་བརྒྱད། སྲིད་ཁམས་བསྟན་པའི་ཐོག་མར་ལྷ་ཆེན་ཚངས་པའི་གསེར་གྱི་མེ་ཏོག་ཁལ་སྟོང་དང་། འཕྲུལ་གྱི་དཀོར་ཆ། ལྷ་མོ་བསྟན་མའི་གསེར་གྱི་འཁོར་ལོ་རྩིབ་སྟོང་གི་དབུས་སུ་གསེར་བུམ་བདུད་རྩིས་བལྟམས་པ་ཕུལ་ཏེ་གསོལ་བ་གདབ། རྒྱུད་ཁམས་གསུང་བའི་ཐོག་མར་གསེར་གྱི་མེ་ཏོག་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་མཆོད་པ་དང་། སྣང་ཁམས་གསུང་བའི་ཐོག་མར་མེ་ཏོག་གི་འཕྲེང་བ་དང་། དང་ར་ཤིམ་ཕོད་དང་ལྡན་མཆོད་པ་དང་། སྟོང་ཁམས་གསུང་བའི་ཐོག་མར་མཚན་མའི་ཀུན་རྫོབ་ལ་མ་བརྟེན་པར་དོན་དམ་སྟོང་བ་ཉིད་ཀྱི་མཆོད་པ་དང་། སོ་སོའི་ཁམས་གསུང་བའི་ཐོག་མར། མེ་ཏོག་ཨུ་པ་ལ་ཡི་མཆོད་པ་དང་། རིགས་ཁམས་གསུང་བའི་ཐོག་མར། ཀླུ་ཤིང་པད་མའི་བུ་གུར་ཀུ་ལང་གསེར་གྱི་བཀང་བ་དང་། དཀོར་ནོར་སྣ་ཚོགས་ཀྱི་མཆོད་པ་དང་། དབྱིངས་ཁམས་གསུང་བའི་ཐོག་མར། རྔ་གཤང་དུང་གླིང་ཅིང་དང་པི་ཝང་རོལ་མོ་གར་སྟབས་ཀྱི་མཆོད་པ་དང་མཉམ་ཁམས་གསུང་བའི་ཐོག་མར། དགོས་འདོད་ནོར་བུ་དང་། གསེར་གྱི་མེ་ཏོག་ལ་སོགས། རིན་པོ་ཆེ་དཀོར་ཆ་སྣ་ཚོགས་ཅང་ཤེས་ཀྱི་རྟ་ཕོ་སྤྲིན་གྱི་ཤུགས་ཅན་ལ་བཀལ་ནས་བཀུར་བའི་ཞིང་མཆོག་རྣམས་ལ་ཕུལ་བ་དང་བརྒྱད་དོ། མ་བཅོས་སེམས་ཉིད་གཤིས་ཀྱི་རོལ་བའི་རྩལ། །གཤེན་བསྟན་སྙིང་ལ་བཅིང་ནས་བྲིས་མོད་ཀྱང་། །ཕྱྭ་སྲས་གཞོན་ནུའི་ངག་ནས་བཏོན་མིན་པས། །གཟུང་གནས་མཁས་དབང་ཚོགས་ལ་ནོང་བཤགས་འབུལ། །མདོ་སྡེའི་སྡེ་སྣོད་ཀྱི་བཀའ་བརྟེན་ལ། སྤྱིར་འཕན་ཡུལ་གྱི་བོན་ལ། འདོན་པ་མདོ་འབུམ་གྱི་སྐོར་དང་། མཆོད་པ་བསྙེན་སྒྲུབ་ཀྱི་སྐོར་གཉིས་སུ་གསུངས་ཀྱང་། འདིར་འདོན་པ་མདོ་འབུམ་གྱི་སྐོར་ཅུང་ཙམ་གླེང་ན། བཀའ་དང་དབྱེར་མེད་ཀྱི་བཀའ་བརྟེན་དུས་གསུམ་སྟོན་པའི་ནང་ཚན་མ་འོངས་སྟོན་པ་ཐང་མ་མེ་སྒྲོན་གཡུང་དྲུང་སེམས་དཔའི་ཚུལ་བཟུང་ནས། གསུངས་པའི་བཀའ་བརྟེན། མདོ་སྡེ་ཉི་ཤུ་པའམ། སྨོན་འཇུག་ཆེན་མོར་བྱ་བ་ཡོད་པར་གསུངས་ཀྱང་། གཞན་སྡེའི་བྱམས་ཆོས་སྡེ་ལྔ་ཞེས་པར་བསྒྱུར་བར་བཤད་དོ། དྲང་སྲོང་རྒྱལ་བའི་མཛད་པའི་ཕར་ཕྱིན་གྱི་རྣམ་བཤད་འབུམ་ཏིག་བྱ་བ་དང་། གཞུང་དེའི་དགོངས་དོན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་ས་ལམ་རྣམ་འབྱེད་ཉི་འོད་དང་། སྨྲ་དབང་དཔལ་ཆེན་གྱིས་མཛད་པའི་ཤེར་ཕྱིན་གྱི་སྦས་དོན་མངོན་རྟོགས་ལམ་རིམ་གསལ་བར་བཤད་པའི་བཀའ་བརྟེན་མངོན་རྟོགས་ལམ་གྱི་རིམ་པ་ལེའུ་བརྒྱད་པ་དང་། ཁམས་འགྲེལ་ཆེན་མོ་ལེའུ་བརྒྱད་དང་། ཤེར་ཕྱིན་དངོས་བསྟན་སྟོང་ཉིད་ཀྱི་ལམ་རིམ་གསལ་བར་བཤད་པའི་བཀའ་བརྟེན་མཚུངས་བྲལ་བསྟན་པའི་གསལ་བྱེད། ཡར་མེ་བ་ཆེན་པོས་མཛད་པའི་ཁམས་བརྒྱད་བསྡུས་དོན། དབུ་མ་བདེན་གཉིས་ཀྱི་རྩ་འགྲེལ་དང་བཅས་པ་ལམ་རིམ་ཆེན་མོ་སུམ་བརྒྱ་བ་དང་། བོན་འཁོར་ཚིག་བཞིའི་རྣམ་བཤད་རང་འགྲེལ་དང་བཅས་པ། རྗེ་སྨན་རི་བ་མཉམ་མེད་བླ་མས་མཛད་པའི་ཁམས་བསྡུད་ཚིགས་སུ་བཅད་པའི་འགྲེལ་བ་དང་། དབུ་མ་བདེན་གཉིས་ཀྱི་འགྲེལ་དང་། ས་ལམ་སྨོན་ལམ་དང་། ས་ལམ་འཕྲུལ་སྒྲོན་རྩ་འགྲེལ་དང་བཅས་པ། མཁས་གྲུབ་རིན་ཆེན་བློ་གྲོས་ཀྱིས་མཛད་པའི་དབུ་མ་བདེན་གཉིས་ཀྱི་འགྲེལ་དང་། གཡོར་པོ་མེ་དཔལ་གྱིས་མཛད་པའི་ཐེག་པ་ཆེན་པོའི་ས་ལམ་རྣམ་བཤད་དང་། སྒ་སྟོན་གྱིས་མཛད་པའི་རྣམ་འབྱེད་རྒྱན་ཞེས་བྱ་བའི་ཚིགས་བཅད་དང་། ཞང་སྟོན་རྒྱལ་མཚན་མཆོག་ལེགས་ཀྱིས་མཛད་པའི་སུམ་བརྒྱ་བའི་ཚིག་འགྲེལ་གཉིས་དང་། མཁས་གྲུབ་རྒྱལ་མཚན་མཆོག་ལེགས་ཀྱིས་མཛད་པའི་གཞི་ལམ་འབྲས་གསུམ་གྱི་དོན་གསལ། ཡང་སུམ་བརྒྱ་བའི་འགྲེལ་གཤེན་སྟོན་ནམ་མཁའི་མཛད་པ་དང་། མཛད་མདོ་འབྲིང་བོ་ལེའུ་བཅོ་བརྒྱད་པའི་འགྲེལ། ཞང་སྟོན་ཚུལ་ཁྲིམས་བློ་ལྡན་གྱིས་མཛད་པ། འགྲོ་མགོན་བདུད་རྩི་རྒྱལ་མཚན་གྱིས་མཛད་པའི་དབུ་མའི་འགྲེལ། མདོ་གཡུང་དྲུང་གློང་རྒྱས་ཀྱི་འགྲེལ་བ༽བོན་གྱི་སྤྱན་ལྡན་ཆེན་མོས་མཛད་པའི་ཐེག་པ་ཆེན་པོ་ས་དང་ལམ་གྱི་རིམ་པ་རིན་པོ་ཆེ་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་པ་རྣམས་སོ། སླར་སྨྲས་པ། འཁྱུག་བྲིས་འདི་དག་སྙན་གྲགས་ཆེ་འདོད་མིན། །རྒྱལ་བའི་བསྟན་དང་འགྲོ་ཀུན་ཕན་བདེའི་ཆེད། །དྲི་མེད་ལུང་རིག་ལམ་ནས་བསླངས་པས་ན། །དེ་ཉིད་སྐྱེ་འགྲོའི་གསོས་སུ་སྨིན་པར་ཤོག། འ་ཅག་རྗེས་འཇུག་གཤེན་བསྟན་སྤེལ་འདོད་ཡོངས། །མདོ་སྔགས་སེམས་ཕྱོགས་ཟབ་མོའི་སྒོར་འཇུག་སྟེ། །གཞུང་ལུགས་འོ་མཚོ་དལ་བུ་འབབ་པའི་ནང་། །གསེར་ཉ་འུ་ཅག་གར་སྟབས་བསྒྱུར་བར་སྨོན། །ཕྱི་མའི་ལྔ་་ལམ་གྱུར་བའི་ཕ་ལོ་དང་། །ད་ལྟ་རྔ་ལྗོངས་གནས་པའི་མ་ལོ་དེས། །བརྩེ་བའི་དྲིན་གྱིས་བསྐྱངས་པའི་བཀའ་དྲིན་གྱི། །ཆ་ཙམ་འཇལ་བའི་ལེགས་བཤད་འདི་ན་ཕུལ། །མདོ་སྔགས་བཅུ་ཕྲག་གནས་ཀྱི་འོ་མའི་མཚོ། །བདག་མགྲིན་ཡོལ་གོའི་གནས་སུ་འཁྱིལ་བ་འདི། །མཚུངས་མེད་བརྩེ་བའི་བསྐྱངས་པའི་སློབ་དཔོན་གྱིས། །བཀའ་དྲིན་བསམ་བཞིན་མཇུག་བསྡུའི་རོལ་མོ་དཀྲོལ། །རང་གི་རིག་པའི་ལམ་གྱི་འཕྲུལ་འཁོར་འདི། །རྒྱལ་གཤེན་ཟུང་གི་ལུང་གིས་ཟིན་མེད་ཀྱང་། །གཞན་དོན་བྱང་ཆུབ་སེམས་ཀྱིས་ཟིན་པའི་ཕྱིར། །གང་བྲིས་རྫོགས་བྱང་ཐོབ་པའི་རྒྱུ་རུ་བསྔོ། །གཤེན་བཙུན་ཁྲི་གཙུག་རྣམ་རྒྱལ་ཉི་མ་ནས། །ཤེར་ཕྱིན་གཞུང་ལུགས་ཟབ་མོ་འཆད་སྦྱོང་སྐབས། །ལྷག་བསམ་འོ་མཚོའི་སྲུབ་ལས་འཁྲུངས་པ་འདི། །བསྟན་དང་འགྲོ་ལ་ཕན་པའི་རྒྱུ་རུ་བསྔོ། །དཔྱད་གཞིའི་ཡིག་ཆ་འགའ་གླེང་བ། ༡ལེགས་བཤད་སྐལ་བ་བཟང་པོའི་མགྲིན་རྒྱན། མཛད་པ་པོ་དཔལ་ལྡན་ཚུལ་ཁྲིམས། ༢ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དཔྱོད་ལྡན་དགའ་བའི་ཆར་ཞེས་བྱ་བ། འཇའ་ལུས་པ་ཤར་རྫ་བཀྲ་ཤིས་རྒྱལ་མཚན། ༣ཟབ་དང་རྒྱ་ཆེར་གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་དཀར་ཆག་ཉི་མ་འབུམ་གྱི་འོད་ཟེར། རིག་འཛིན་ཀུན་གྲོལ་གྲགས་པ། ༤བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་ལས་བསྟན་པའི་གནས་ཚད་དང་ལོ་རྒྱུས་ལྷུན་གསལ། སྤ་བསྟན་རྒྱལ་བཟང་པོ། ༥གྲུབ་མཐའི་བྱུང་བ་བརྗོད་པ། དགེ་བཤེས་ཡེ་ཤེས་དབང་ཕྱུག་སོགས། ༦བགྲེས་པོའི་འབེལ་གཏམ། རྩོམ་སྒྲིག་པ་སྤུ་རྒྱལ་བ་ཉི་མ་རྒྱལ་མཚན་སོགས། ༧ཕར་ཕྱིན་སྐབས་དང་པོའི་རྣམ་བཤད་ཚིག་དོན་དཀའ་གནད་རབ་གསལ། ཀུན་མཁྱེན་ཉི་མ་བསྟན་འཛིན། ༨བོན་སྒོ། རྩོམ་སྒྲིག་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་སོགས། ༩སྔ་རབས་བོན་གྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ། ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ། ༡༠བཀའ་འགྱུར་གྱི་སྡེ་ཚན་བསྒྲིག་ཚུལ་བསྟན་པའི་མེ་རི་སྤར་པའི་རླུང་གཡབ་པད་མོ་རྒྱས་བྱེད། མཁན་ཆེན་ཉི་མ་བསྟན་འཛིན། ༡༡ནོར་མཛོད། སྤྱི་ཁྱབ་རྩོམ་སྒྲིག་པ་རྡོ་རྗེ་དབང་ཕྱུག་སོགས། ༡༢འདུལ་བ་མདོར་བསྡུས། རྗེ་རིན་པོ་ཆེ། ༡༣རྫོགས་ཆེན་ཡང་རྩེ་ཀློང་ཆེན། ལི་ཤུ་སྟག་རིང་། རྩོམ་ཉོག་འདི་ལ་འགལ་དང་ནོར་འཁྲུལ་གང་མང་ཡོད་ངེས་པས། མཁྱེན་ལྡན་མཁས་པའི་དབང་བོ་རྣམ་པའི་སྤྱན་སྔར་མཐོལ་བཤགས་གནོང་འགྱོད་དང་བཅས། བཀྲ་ཤིས་དགེ་མཚན་གྱི་གཟི་འོད་ཕྱོགས་བཅུར་ཁྱབ་པའི་གསོལ་བ་སྨོན་ལམ་བསྐལ་བརྒྱའི་ཆར་བཞིན་ཞུས་པ་ལགས་སོ། །