འདུལ་བའི་བྱུང་ཁུངས་ལས་འཕྲོས་པའི་དཔྱད་གཏམ།

[ཟླ་ཚེས། 2016-02-17 14:02:13][རྩོམ་པ་པོ། བྲག་མགོ་དགེ་བཤེས་ཚེ་དབང་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

Tri-2.jpg

འདུལ་བའི་བྱུང་ཁུངས་ལས་འཕྲོས་པའི་དཔྱད་གཏམ།

གླེང་གཞི།

     སྲོག་དབུགས་ཀྱིས་བསྡུས་པའི་སྐྱེས་འགྲོ་ཞིག་ཡིན་ཕྱིན། བདེ་བ་མི་འདོད་པ་ནི་མི་སྲིད་ཞེས་བརྗོད་དུ་རུང་ཡང་། འཁོར་བ་ཐོག་མེད་དུས་ནས་ད་ལྟའི་བར་དུ་མ་དག་པའི་རྟེན་འབྲེལ་དབང་གིས་རིགས་དྲུག་ཏུ་ཁ་འཁོར་རྒྱུད་དྲུག་ཏུ་ལུས་བླངས་ནས། འཁོར་བའི་བདེ་སྡུག་ཁོ་ནར་མྱོང་ནས་དུས་ད་ལྟ་ལ་ཐུག་པའི་དུས་འདིར། ཕྱིར་མིག་ཞིག་བལྟས་ཚེ་ཕལ་ཆེར་སྐྱེས་བ་སྔ་མའི་བསགས་སྒྲུབ་ཐམས་ཅད་མ་དྲན་རུང་། ཚེ་འདིའི་ཚེ་སྟོད་ཅི་མྱོང་མཁྱེན་དགོས་པར་སྣང་། འོན་ཀྱང་དེ་ཙམ་གྱིས་མི་ཆོག་པར་ད་རེས་དལ་འབྱོར་གྱི་རྟེན་བཟང་ཐོབ་པ་འདི་ནི་མ་ནོར་ཡང་དག་པའི་དོན་ཐར་པའི་ལམ་ཆེན་བགྲོད་པའི་རྐང་མགྱོགས་ལྟ་བུ་འདི་ཐོབ་པ་ནི་ཤིན་ཏུ་ནས་དགའ་འོས་པ་ཞིག་ཡིན་མོད་ཀྱང་། སྤྱིར་འཁོར་བའི་སེམས་ཅན་རྣམས་ལས་ངན་བྱས་པ་ལ་འགྱོད་བཤགས་མེད། འཁོར་བའི་དུཿཁ་སྡུག་བསྔལ་ལ་སུན་སྣང་མེད་པས་ཡང་ནས་ཡང་དུ་འཁོར་བ་ཡིན། ད་རེས་འཁོར་བའི་བདེ་བ་ཙམ་ལ་མགོ་མི་འཁོར་བར་སྔར་བྱས་ལ་འགྱོད་བཤགས་དང་ཕྱིས་སུ་མི་བྱ་བའི་དམ་དུ་མ་བཅས་ན། ཇི་སྐད་དུ། ‘‘བདེ་བ་ཆུང་ལ་ཆགས་པ་དེ།། ཆེན་པོའི་བདེ་བ་འཐོབ་མི་སྲིད།།’’ཅེས་པའི་དཔེ་ལྟར། ཚེ་འདིའི་བདེ་བའམ་འཁོར་བའི་བདེ་བ་ཙམ་ལ་བདེ་བར་བཟུང་ནས་སྡོད་པ་འདི་ནི། མཐར་ཐུག་གི་བདེ་བ་ལ་གེགས་ཡིན་པ་ནི་དམ་པ་གོང་མ་རྣམས་ཀྱིས་མཛད་པའི་གཞུང་ལུགས་དང་རྣམ་ཐར་སོགས་ལས་ངང་གིས་ཤེས་ལ། སོ་སོའི་མྱོང་ཐོག་ནས་དོན་གནད་ཆུང་ཙམ་ལ་མགོ་འཁོར་ན་དོན་ཆེན་འགྲུབ་རྒྱུ་མེད་པ་འདི་རེད། དེས་ན‘‘རྟ་རྒྱུགས་ཞོར་མེ་ཏོག་ཐུ་ཞོར།།’’ཞེས་པའི་དཔེ་ལྟར། དོན་ཆེན་བསྒྲུབ་ན་དོན་ཆུང་ཤུགས་ཀྱིས་འགྲུབ་པ་ཤེས་དགོས། སྤྱིར་གཞན་ལུགས་ཀྱི་གྲུབ་མཐའ་སོགས་བཤད་པར་འདོད་ན་གཞན་ལུགས་ཀྱི་གཞུང་ལུགས་ཚད་ལྡན་ལ་རྒྱུས་མངའ་ལོན་པ་བྱེད་དགོས་པ་ནི་དྲང་བདེན་གྱི་གཤིས་ལུགས་རེད། དེ་ལྟར་མ་བྱས་པར་སྙན་ཚིག་གང་སྦྱོར་ཡང་དོན་ལས་ལོག་པར་མ་ཟད། རང་བཟོ་ཁོ་ནར་ཡང་འགྱུར་ངེས། ལྷག་ཏུ་འདུལ་བའི་གཞུང་ལུགས་དག་ནི་ཁྱིམ་པའི་དཔྱད་བརྡར་དང་དབྱེ་ཞིབ་མྱོང་བྱ་གང་ཡང་མིན་པ་འདུལ་བའི་གཞུང་འགྲེལ་སོགས་ནས་གསལ། ཁོ་བོ་ནི་ད་ལྟའི་ཆར་ཀུན་མཁྱེན་མཚོ་སྣ་བའི་མཛད་པའི«འདུལ་བ་མདོ་རྩ་བའི་རྣམ་བཤད་ཉི་མའི་འོད་ཟེར»འདུལ་གཞུང་ཙམ་ལས། གཞན་སྡེའི་འདུལ་གཞུང་སོགས་ལ་རྒྱུས་མངའ་ཆེར་མེད་ལ་བལྟ་ཞིབ་བྱས་མྱོང་མེད་པས་རེ་ཞིག་བཤད་སྤོབས་བྲལ། དེས་ན་རང་གཞན་གཉིས་ཕན་དམིགས་ཡུལ་དུ་བཟུང་ནས་བོན་རང་ལུགས་ཀྱི་འདུལ་བའི་གཞུང་འགྲེལ་སོགས་ལ་བརྟེན། འདུལ་བའི་འབྱུང་ཁུངས་དང་བརྒྱུད་རིམ་ལ་དཔྱད་ཞིབ་ཀྱི་ཚུལ་དུ་ཅུད་ཟད་སྤྲོས་ལ་མོས་སོ།།

འདིར་དངོས་སུ་གླེང་བར་བྱ་བ་འདུལ་བའི་བྱུང་ཁུངས།

     ‘‘ཚེ་ལོ་བརྒྱ་བའི་དུས་སུ་འདྲེན་པའི་སྟོན་པ་བྱོན་ཏེ།’’ཞེས་པས། ཀུན་ལས་རྣམ་པར་རྒྱལ་བའི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་ནི་གྲངས་མེད་གསུམ་དུ་ཚོགས་བསགས་སྒྲིབ་པ་སྦྱངས་ནས་ཟག་མེད་རྣམ་གྲོལ་གྱི་ཕུང་པོ་ཡོངས་སུ་རྫོགས་པའི་སྤངས་རྟོགས་མཐར་ཕྱིན་ནས་བོན་སྐུ་བདེ་བ་ཆེན་པོ་ཐོབ་ཟིན་མོད་ཀྱང་། ཁམས་གསུམ་གྱི་སེམས་ཅན་རྣམས་མོས་པ་ཆེར་བསྐྱེད་པ་དང་། འཁོར་བའི་སྡུག་བསྔལ་ལ་བློ་ལྡོག་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་འཐོབ་པའི་ཕྱིར་དུ། མཛད་ཆེན་བཅུ་གཉིས་རིམ་པར་མཛད་པ་ཡིན་ཏེ། འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་སྟོན་པ་ཁྱིམ་སྤངས་རབ་ཏུ་བྱུང་བའི་མདོ་ལས། ‘‘དང་པོ་སྐུ་སྐྱེ་བ་བཞེས་པ་དང་། བསྟན་པ་སྤེལ་བ་དང་། འགྲོ་བ་དྲངས་པ་དང་། ཁབ་བཞེས་པ་དང་། སྲས་སྤྲུལ་པ་དང་། བདུད་བཏུལ་བ་དང་། བསྟན་པ་རྗེས་སུ་བཞག་པ་རྣམས་རིམ་པར་རྫོགས་ནས་ཁྱིམ་སྤངས་རབ་བྱུང་གི་མཛད་པའི་དུས་ལ་བབས་ནས།”ཅེས་གསུངས་པས། འགྲོ་བ་རང་མཐུན་གྱི་ལྟ་སྤྱོད་དང་སྣང་ཚུལ་ཆ་ལུགས་མ་ངེས་སྣ་ཚོགས་མཆིས་པ་བཞིན་དུ་སྟོན་པའི་མཛད་པའམ་དེ་བཞིན་མ་ངེས་སྣ་ཚོགས་སུ་མཛད་ནས་གཤེན་ལོ་(འདིར་གསལ་བཤད་དགོས་པ་ཞིག་ལ་སྤྱིར་གཤེན་ལོ་ཞེས་པ་འདི་ལ་མི་མཐུན་པར་སྨྲ་བ་མང་ཡང་བོན་རང་ལུགས་ཀྱི་ཚད་གཞིར་བཟུང་སའི་ཡིག་ཆ་དག་ལས་མི་ལོ་བརྒྱ་རེའི་ཡུན་ཚོད་ལ་གཤེན་ལོ་རེ་རྩིས་ཀྱིན་ཡོད།)སོ་གཅིག་གམ་མི་ལོ་སུམ་སྟོང་ཆིག་བརྒྱ་བཞེས་པའི་དུས། གདུལ་བྱ་རྣམས་མོས་པ་ཆེར་བསྐྱེད་པ་དང་། བསྟན་པ་རྣམ་པར་དག་པ་སོགས་ཀྱི་ཕྱིར་དུ། ‘‘ཁྱིམ་ཞེས་བྱ་བ་སྤྱོད་པ་ལོག་འཁྲུལ་འདི།”ཞེས་སོགས་འཕྲིན་ལས་དམ་པ་ཁྱིམ་སྤངས་རབ་བྱུང་གི་ཚུལ་མཛད་དེ། དགྲ་འདུལ་གཉེན་སྐྱོང་འཇིག་རྟེན་བོན་བརྒྱད (འཇིག་རྟེན་བོན་བརྒྱད་ནི། ཟུང་བཞི་ཡ་བརྒྱད་ཡིན་སྟེ། ཡོད་མེད་གཉིས། བཟང་ངན་གཉིས། དགྲ་གཉེན་གཉིས། བདེ་སྡུག་གཉིས།) ལ་སོགས། འཁོར་བའི་བྱ་སྤྱོད་ཐམས་ཅད་རང་རྒྱལ་གཞན་ཕམ་དང་། འཇིག་རྟེན་ཟང་ཟིང་གི་སྣང་བ་ལོངས་སྤྱོད་ཐམས་ཅད་མི་རྟག་སྒྱུ་མའི་རང་བཞིན། ནམ་མཁའི་གློག་དང་བར་སྣང་གི་གཞའ་ཚོན། ཆུ་ཁའི་ལྦུ་བ་ལྟ་བུར་སྙིང་པོ་མེད་པར་དགོངས་ཏེ། གསས་མཁར་ཁྲི་སྨོན་རྒྱལ་བཞེད་ཀྱི་སྒོའི་དྲུང་དུ་བྱོན་ནས། ཁམས་གསུམ་འཁོར་བའི་སེམས་ཅན་གྲངས་མེད་པ་སྐྱེ་རྒ་ན་འཆི་བཞིའི་སྡུག་བསྔལ་གྱིས་གཟེར་བ་ལ་གཟིགས་ཏེ་ངེས་འབྱུང་གིས་རྐྱེན་བྱས། འཁོར་བའི་སེམས་ཅན་རྣམས་མ་ནོར་ངེས་པའི་དོན་ཡང་དག་ཐར་པའི་ལམ་ལ་དགོད་པར་དགོངས་ཏེ། མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ་ཉིད་ཀྱིས་དབུ་སྐྲ་ཉིད་ཀྱིས་བསིལ། ཡེ་ཤེས་ལྷ་ཚོགས་རྣམས། རབ་ཏུ་མཉེས་ཏེ་མི་མངོན་པའི་དབྱིངས་ནས་མནབ་བཟའ་གོས་དྲུག (སྟོད་གོས་སུལ་བུ་རྩ་ལྔ། རྨད་འོག་གླིང་སྣམ་རྩ་ལྔ། སྨད་ཤམ་སུལ་བུ་རྩ་ལྔ། རྨད་གོས་གླིང་སྣམ་རྩ་ལྔ། པད་ཞུ་སུལ་བུ་རྩ་ལྔ། པད་ལྷམ་པད་རྩེགས་གཉིས་སྦྱོར།)དང་། མནབ་བཟའ་གོས་དྲུག་གདིང་བ་དང་བདུན། ཞེས་ཀྱང་བྱ་ལ། རིན་ཆེན་རྫས་ལྔ (ཧོས་རུ་ཁྲུས་བུམ་སྤུ་གྲི་ཚེམ་ཁབ་གཞི་སྐུར།)ལ་སོགས་དབྱིངས་ལས་ཆར་བཞིན་དུ་བབས་ཤིང་ངོ་མཚར་བའི་ལྟས་བརྗོད་ཀྱིས་མི་ལོང་བ་སྣ་ཚོགས་སུ་མཆིས་པར་བརྟེན། འགྲོ་བ་གྲངས་མང་པོ་སྟོན་པའི་འཁོར་དུ་འདུས། དེའི་དུས་སུ་སྟོན་པའི་ན་བཟའ་གོས་དྲུག་སྐུ་ལ་གསོལ་ཤིང་འཕྲིན་ལས་དམ་པ་ཁྱིམ་སྤངས་རབ་བྱུང་གི་སྡོམ་པ་རང་ལས་ཐོབ་པའི་ཚུལ་མཛད། དེ་རྗེས་གདུལ་བྱ་འདུལ་བའི་ཐབས་དང་། བསྟན་པ་འཆད་མཉན་གྱིས་མཛད་སྲོལ་དུ་དགོངས་ནས་རྫུ་འཕྲུལ་གྱི་གཤོག་དྲུག་རྒྱས་ཏེ་འོག་མིན་དུ་བྱོན། འདས་པའི་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱི་གདུང་ཚབ་དྲང་སྲོང་ལེགས་ལྡན་རྒྱལ་བའི་མདུན་ནས་དག་པའི་དྲང་སྲོང་གི་སྡོམ་པ་ཕྱི་ཚུལ་སུམ་བརྒྱ་དྲུག་ཅུ་དང་ནང་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྣམས་རྫོགས་པར་ཐོབ་པའི་ཚུལ་མཛད། དྲང་སྲོང་གི་ཚུལ་མིང་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་ཁྲི་གཙུག་རྒྱལ་བ་ཞེས་མཚན་གསོལ། མདོར་ན་སངས་རྒྱས་ཐམས་ཅད་རང་བྱུང་གི་བསྙེན་པར་རྫོགས་པ་ཡིན་མོད་ཀྱང། འདི་ནི་ཕྱི་རབས་རྗེས་འབྲེང་བ་རྣམས་ལ་གཞན་ལས་སྡོམ་པ་བཞེས་པའི་ཚུལ་མཛད་པ་ཡིན།
     སྤྱིར་རང་ལས་ཐོབ་པའི་སྡོམ་པ་ལས། གཞན་ལས་ཐོབ་པའི་སྡོམ་པ་བརྟན་པ་ཡིན་པར་གཞུང་ལུགས་གང་མང་ཞིག་ནས་གསུངས་པ་འདི་དག་ནི། འཇིག་རྟེན་བོན་བརྒྱད་ཁོ་ནར་ཞེན་པ་ཆེ་བ་འགས། རང་ཆེ་འདོད་གྲགས་འདོད་དབང་དུ་གྱུར་ནས། བོན་ཉིད་མངོན་དུ་མ་གྱུར་རུང་མངོན་སུམ་དུ་གཟིགས་མདོག་དང་། སྡོམ་པ་དཔོན་གསས་གཞན་ལ་བསྟུན་མི་དགོས་པར་རང་ལས་ཐོབ་པའི་ནུས་པ་རང་ཉིད་ལ་ཡོད་ཁུལ་སོགས་བཤད་པ་དང་། དབེན་པའི་རི་ནས་གྲོང་ལ་བབས་ཏེ། གྲོང་སྡེ་དང་གྲོང་ཁྱེར་འགྲིམ་ནས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་མ་དག་པ་སྣ་དགུ་སྤྱོད་པ་སོགས་འདུལ་བསྟན་ལ་རྨ་འབྱུང་ཉེན་ཆེ་བ་དང་། ངོ་ཚ་དང་ཁྲེལ་སོགས་ལ་འཛེམ་དོགས་ཆུང་བའི་རྐྱེན་ལས་མི་བརྟན་པ་ཡིན་ཞེས་བཤད་དུ་རུང་། རང་ལས་ཐོབ་པའི་སྡོམ་པ་ལས་གཞན་ལས་ཐོབ་པའི་སྡོམ་པ་བརྟན་པ་གཙོ་ཆེར་བསྟན་པའི་དགོས་པའང་ཉེས་སྐྱོན་དེ་དག་གི་མི་གོས་པའི་ཕྱིར་ཡིན།
     རང་ལས་ཐོབ་པའི་སྡོམ་པ་དངོས་ནི། སྐྱེས་ཆེན་དམ་པ་ཞིག་ལ་ཐོབ་པ་ལས་འཇིག་རྟེན་པ་དང་སྐྱེས་བུ་ཕལ་བ་ཞིག་ལ་ཐོབ་པའི་གོ་སྐབས་གཏན་ནས་མེད་ལ། བོན་ཉིད་བདེན་པའི་གནས་ལུགས་མངོན་དུ་གྱུར་དགོས་པས་སོ།། དེ་ན་ལེགས་ཉེས་ཀྱི་བླང་དོར་མ་ནོར་བར་མཁྱེན་དགོས་གལ་ཆེའོ།། བྱ་སྤྲེལ་མི་གསུམ་གྱི་དཀའ་ཐུབ་གཤེན་ལོ་རེ་རེར་བཞུགས་པའི་བྱིན་མཐུས་ལས་ནག་པོ་བདུད་རིགས་རྣམས་ཀྱི་མ་རུང་བའི་གདུག་སེམས་ཐམས་ཅད་རང་ཞིར་སོང་། 
      དེའི་རྗེས་ཟད་མཚམས་མེ་ཏོག་གླིང་དུ་འདུལ་བ་སྡེ་བཅུ་དང་། བོན་གྱི་འཁོར་ལོ་ཚིག་བཞི་རྣམས་གསུངས། ལྷོ་ཤར་འདུལ་བ་ཁྲིམས་ཀྱི་གླིང་དུ་བྱོན་ནས་འདུལ་བ་རྒྱུད་དྲུག་དང་། མངོན་པ་སྡེ་བཞི་གསུངས་ཞེས་གསལ་བས། ཕོ་གླིང་ཁྲི་སྨོན་རྒྱལ་བཞད་དང་། མོ་གླིང་ཁོལ་མ་ནེའུ་ཆུང་གི་བར་མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ། སྟོན་པ་ཁྲི་གཙུག་རྒྱལ་བས་སློབ་དཔོན་མཛད། གཡུང་དྲུང་གཙུག་གཤེན་རྒྱལ་བས་མཁན་པོ་མཛད། འ་ཞ་གསང་བ་མདོ་སྡུད་ཀྱིས་དཔང་པོ་མཛད། འབྱུང་བའི་གཤེན་བཞིས་ལོ་ཙཱ་བ་མཛད། ཕོ་གྲལ་གཡས་དང་མོ་གྲལ་གཡོན་དུ་ཕྱེས་ནས། ཕྱི་འཁོར་ནང་འཁོར་གསང་འཁོར་རྣམས་ཀྱི་བློ་ཚད་དང་བསྟུན། སོ་སོར་ཐར་བའི་སྡོམ་པ་རིམ་བཞིན་དགེ་བསྙེན་དང་གཙང་གཙུག་དྲང་སྲོང་གི་སྡོམ་པ་བཅས་སོ་སོར་འབོག་ནས་ཚུལ་མིང་གསོལ་ནས། ཟབ་མོ་ཐིག་ལེའི་དོན་བསྟན་པ་སོགས་ཀྱི་ཕྱིར་དུ་སྟོན་པས་འཁོར་སྤངས་དགོན་པ་མཛད་དེ། ཞེས་ལུང་ལས་གསལ། ལོ་མཛད་དྲུག་ཅུ་རྩ་གཅིག་གི་མཛད་པ་ལེགས་པར་གྲུབ་རྗེས་གཤེན་ལོ་ཉེར་གཅིག་བཞུགས་ཤིང་། རྟག་འཛིན་དང་ལེ་ལོ་ཅན་རྣམས་སུན་འབྱིན་པ་ལ་སོགས་ཀྱི་ཆེད་དུ་མི་རྟག་མྱ་ངན་ལས་འདས་ཚུལ་མཛད་དོ།།

ཞར་བྱུང་དྲང་སྲོང་མའི་སྡོམ་རྒྱུད་སྐོར།

     དང་པོ་ནི་གཞན་སྡེའི་ལུང་རིག་སྨྲ་བ་མང་དག་ཅིག་གིས་སེམས་ཚབ་བྱེད་སར་དགེ་སློང་བའི་སྡོམ་རྒྱུད་ཀྱི་ཐད་ད་ལྟ་གནས་ཡོད་མེད་ཀྱི་དོགས་གཞིར་གྱུར་ཡོད་ཀྱང་། བོན་རང་ལུགས་དེའི་ཐད་རི་བོང་གནམ་ལྡིབ་ཀྱི་སྡུག་བསྔལ་བྱེད་མི་དགོས་པར་བག་ཕེབས་ཀྱི་གནས་སུ་གྱུར་ཡོད་མོད། རྒྱུ་མཚན་ནི་བོན་གྱི་ཐུན་མོང་མ་ཡིན་པའི་བཞེད་དགོངས་ལ། དྲང་སྲོང་མར་སྡོམ་པ་གནང་མཁན་གྱི་མཁན་པོ་དྲང་སྲོང་མ་རང་ཡིན་མི་དགོས་པར་དྲང་སྲོང་མཚན་ཉིད་དང་ལྡན་པ(འདིར་མཚན་ཉིད་ལྡན་ཞེས་པའི་གོ་བ་ནི། འདུལ་བའི་ཁྲིམས་ལ་བཙུན་ཞིང་དྲང་སྲོང་གི་སྡོམ་པ་རང་རྒྱུད་ལ་སྨིན་པ་དང་གཅིག སྤྱིར་སྡེ་སྣོད་ཀུན་ལ་མ་རྨོངས་པ་ལྷག་ཏུ་འདུལ་བའི་བསླབ་བྱར་མཁས་པ་དང་གཉིས། གཞན་དོན་ནུས་པ་གཞན་རྒྱུད་ལ་སྡོམ་པ་བསྐྱེད་པར་ནུས་པ་དང་གསུམ། དེ་ལྟར་ཁྱད་བོན་སུམ་ལྡན་ཞིག་གོ།)ཞིག་གིས་གནང་ན་འཐད་པ་ཡིན་ལ། སྟོན་པས་དངོས་སུ་གནང་སར(ཁྲི་བཙུན་ཚུལ་མཛེས་དང་ཚུལ་ཁྲིམས་འོད་ལྡན།)རིང་རྒྱུད་བཤད་མི་དགོས་པར་དུས་རབས་ཉེར་གཅིག་པའི་ནང་དུ་དྲང་སྲོང་མ་ཡོད་ཅིང་། མཚན་གཞི་ཙམ་དུ་མཚན་ནས་སྨོས་ན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པའི་མདུན་ནས་དྲང་སྲོང་མའི་སྡོམ་པ་བཞེས་པའི་སྐལ་ལྡན་གྱི་བཙུན་མ་དྲང་སྲོང་ཡེ་ཤེས་བྱམས་མ། དྲང་སྲོང་ཤེས་རབ་དཔལ་མཛེས། དྲང་སྲོང་བསམ་གཏན་དཔལ་མཛེས་སོགས་ཁོང་རྣམ་པ་ད་ལྟ་དངོས་སུ་རདྣ་སྨན་གླིང་གི་བཤད་གྲྭའི་ཁོངས་སུ་ཞུགས་ནས་ཚུལ་མཐུན་བག་ཕེབས་ངང་སློབ་གཉེར་བྱེད་མུས་སུ་མཆིས་ལ། ཇི་བཞིན་གསལ་བོ་ཤེས་འདོད་ཅན་གྱིས་བོན་གྱི་འདུལ་གཞུང་རྣམས་ལ་ཞིབ་ཕྲ་གཟིགས་དང་ཡིད་གཉིས་ངང་གིས་བྲལ་ནུས་སོ།།
     གཉིས་པ་སོ་སོ་ཐར་བའི་སྡོམ་པ་འདི་ཇི་ལྟར་བརྒྱུད་པའི་ཚུལ་ནི། སྟོན་པ་ཁྲི་གཙུག་རྒྱལ་བ་དེ་ཉིད་ལས་དངོས་སུ་རྒྱལ་བའི་སྲས་མཆོག་ལྔ་ལ་བརྒྱུད། དེའི་རྗེས་སྟོན་པ་མྱ་ངན་ལས་འདས་འོག་ཏུ་མི་ལོ་བརྒྱ་སོང་བ་དང་བསྟན་པ་ཅུང་ཟད་ལྡིང་བའི་དུས་སུ་དྲང་སྲོང་ཐ་སྐར་རྡོ་རྗེ་བྱ་བ་ལ་སོགས་མཐུ་སྟོབས་རྫུ་འཕྲུལ་དང་ལྡན་ཞིང་ཚེ་ལ་རང་དབང་ཐོབ་པ་རྣམས་ཀྱིས་སྟོན་པ་ལ་གསོལ་བ་བཏབ་པ་ལ་བརྟེན་ནས། གཤེན་ལོ་བཅོ་བརྒྱད་རྫོགས་མཚམས་སུ་གདུང་འཚོབ་མུ་ཆོ་བྱོན་ནས་བོན་གྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་འཛམ་གླིང་བསྟན་པའི་རྒྱན་དྲུག(སྟག་གཟིག་གི་ལོ་ཙཱ་བ་དམུ་ཙ་ཏྲ་ཧེ། ཞང་ཞུང་གི་ལོ་ཙཱ་བ་ཁྲི་ཐོག་སྤར་ཙ། སུམ་པའི་ལོ་ཙཱ་བ་གུ་ཧུ་ལུ་སྤར་ཡ། རྒྱ་གར་གྱི་ལོ་ཙཱ་བ་ལྷ་བདག་སྔགས་གྲོལ། རྒྱ་ནག་གི་ལོ་ཙཱ་བ་ལེགས་དང་རྨང་པོ། ཁྲོམ་གྱི་ལོ་ཙཱ་བ་གསེར་ཐོག་ལྕེ་འབྱམས།)ལ་སོགས་མཁས་གྲུབ་མང་དུ་བྱོན། རྟག་གཟིགས་ལ་མཁས་པ་དམུ་ཙ་ཏྲ་ཧེ། མཚན་ལྡན་ཆེ་བཞིའི(ཡིད་ཀྱི་ཁྱེའུ་ཆུང་། གཏོ་བོ་འབུམ་སངས། རྨ་ལོ། གཡུ་ལོ།)དྲུང་ནས་དྲང་སྲོང་ཆིག་རྫོགས་སུ་མཛད། དམུ་ཙ་ཏྲ་ཧེའི་མཁན་བུ་བདུན་དང་། དེ་རྗེས་མངའ་རིས་སུ་ཡ་གོང་གི་བརྒྱུད་པ་ཉེར་ལྔ་དང་། ཕམ་ཤིའི་བརྒྱུད་པ་སུམ་ཅུ་བྱོན། རྗེས་སུ་མདོ་ཁམས་པ་དྲུག་དང་དེའི་མཁན་བརྒྱུད་དབུས་གཙང་པ་ཉེར་གསུམ་བྱོན་དབུས་གཙང་གི་མཁན་རབས་ཉེར་གསུམ་པ་བྲུ་སྟོན་ཆེན་པོ་ཚུལ་ཁྲིམས་ཡེ་ཤེས་ནས། རྒྱལ་བ་སྨན་རི་བ་མཉམ་མེད་བླ་མར་བརྒྱུད། དེ་ནས་སྨན་རིའི་མཁན་རབས་རིམ་བྱོན་ལ་བརྒྱུད་ཅིང་། ད་ལྟ་རྒྱལ་བ་སྨན་རིའི་མཁན་རབས་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་ལ་དངོས་སུ་བརྒྱུད་ནས་བྱིན་རླབས་ཀྱི་ན་བུན་མ་ཡལ་ཞིང་བརྒྱུད་པའི་ཉག་ཐག་མ་ཆད་པར་གནས་མུས་བཅས་སུ་མདོར་བསྡུ་བའོ།།

དཔྱད་གཞིའི་ཡིག་ཆ་ཁག་ཅིག
(1) «འདུལ་བ་གསང་ལུང་།» སྟོན་པ་གཤེན་རབ་མི་བོ། ལྡི་ལི་དཔེ་སྐྲུན་ཁང་། སྤྱི་ལོ2012ལོར།
(2) «མདོ་གཟེར་མིག» དྲང་རྗེ་བཙུན་པ་གསེར་མིག་གིས་གཏེར་ནས་བཏོན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌། སྤྱི་ལོ1991ལོར།
(3) «མདོ་དྲི་མེད་གཟི་བརྗིད།» བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྤྱི་ལོ2000ལོར།
(4) མེ་སྟོན་གྱི་འདུལ་རྩ་དང་རྗེའི་མཛད་པའི་དེའི་འགྲེལ།
(5) «བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་གསལ་བར་བྱེད་པའི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ།» མཉམ་མེད་ཤེས་རབ་རྒྱལ་མཚན། ལྡི་ལི་ནས་དཔར། སྤྱི་ལོ2003ལོར།
(6) «རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ།» ཀུན་མཁྱེན་ཉི་མ་བསྟན་འཛིན། ལྡི་ལི་ནས་དཔར། སྤྱི་ལོ2003ལོར།
(7) «བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན།» སྤ་བསྟན་རྒྱལ་བཟང་པོ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། སྤྱི་ལོ1991ལོར།
(8) «བསྟན་འབྱུང་ནོར་བུ་ཀེ་ཏ་ཀའི་དོ་ཤལ།» མཁས་གྲུབ་ལུང་རྟོགས་རྒྱ་མཚོ། གངས་ཏི་སེའི་བོན་གཞུང་རིག་མཛོད་དེབ་ཕྲེང་དང་པོ། མི་རིགས་དཔེ་སྐྲུན་ཁང༌། སྤྱི་ལོ2010ལོར།
(9) «གཡུང་དྲུང་བོན་གྱི་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན།» དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། སྤྱི་ལོ1998ལོར།
(10) «སངས་རྒྱས་བསྟན་རྩིས་ངོ་མཚར་ནོར་བུ་ཕྲེང་བ།» མཛད་པ་པོ་ཀུན་མཁྱེན་ཉི་མ་བསྟན་འཛིན། དཔེ་གཟུགས། བོན་གཞིས་ཐོབ་རྒྱལ་གསར་བ་ནས་པར་དུ་བསྐྲུན།
(11) བོན་སྒོའི་དེབ་ཕྲེང་ཁག བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ།
(12) ཉེར་ལྔའི་དྲན་དེབ། གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེ། ལྡི་ལི་དཔེ་སྐྲུན་ཁང་། སྤྱི་ལོ2003ལོར།
(13) «ཞང་བོད་ཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ།» ཀུན་བཟང་བློ་གྲོས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང༌། སྤྱི་ལོ2013ལོར།
(14) «ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་ངོ་སྤྲོད་བློ་གསར་སྒོ་འབྱེད།» འགོ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ1999ལོར།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།