གཡུང་དྲུང་བོན་གྱི་བཀའ་རྟེན་སུམ་བརྒྱ་བའི་དཔེ་རྒྱུན་མི་མཐུན་པ་གཉིས་ཀྱི་དཔྱད་བསྡུར།
[ཟླ་ཚེས། 2014-08-07 13:35:57][རྩོམ་པ་པོ། མཁར་ནག་སྐལ་བཟང་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
གཡུང་དྲུང་བོན་གྱི་ལམ་རིམ་བྱུང་འཕེལ་དང་འབྲེལ་བཀའ་རྟེན་སུམ་བརྒྱ་བའི་
དཔེ་རྒྱུན་མི་མཐུན་པ་གཉིས་ཀྱི་དཔྱད་བསྡུར།
གླེང་གཞི།
སྔར་རང་ཉིད་ཀྱིས་ལམ་རིམ་སུམ་བརྒྱ་བའི་ཏཱི་ཀ་གསལ་བའི་སྒྲོན་མེ་ལ་ཐོས་བསམ་ཅུང་ཙམ་བྱས་མྱོང་མོད། འོན་ཀྱང་རིག་པ་རྨུན་པོ་ཡིན་པས་དོན་ཇི་བཞིན་པར་རྟོགས་མ་ཐུབ། ཕྱིས་སུ་གངས་ཏི་སེ་བོན་གཞུང་རིག་མཛོད་དུ་འཁོད་པའི་སུམ་བརྒྱ་བའི་འགྲེལ་བ་དེ་རྒྱ་ཡིག་ཏུ་བསྒྱུར་དུས། རྩ་བའི་གཞུང་ཚིག་ལ་ལ་མ་དག་པས་དཔེ་ཆ་གཞན་དང་གོ་བསྡུར་བྱས་ཚེ། ད་གཟོད་ལམ་རིམ་དེ་ལ་གཞུང་ཚིག་ཅུང་མི་འདྲ་བའི་དཔེ་རྒྱུན་གཉིས་ཡོད་པ་ཤེས་རྟོགས་བྱུང་། དེ་བས་རང་གི་བསམ་པར་གཞུང་དེའི་འགྲེལ་བ་འགའ་ལག་ཏུ་སོན་ན་དེ་ལ་དཔྱད་བསྡུར་ཞིག་བྱ་འདོད་ཀྱི་བསམ་བློ་སྐྱེས། ཡིན་ནའང་གངས་ཏི་སེའི་བོན་གཞུང་རིགས་མཛོད་དུ་བཀོད་པའི་གཤེན་སྟོན་རིན་པོ་ཆེས་མཛད་པའི་རྣམ་བཤད་གཞན་ཕན་སྙིང་པོ་དང་། ཁྱུང་པོ་ཀོ་དགོན་གྱི་དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས་ཀྱིས་གནང་བྱུང་བའི་ཏཱི་ཀ་གསལ་བའི་སྒྲོན་མེའི་དཔེ་ཆ་ཞིག གཞན་རྩོམ་འདི་འགྲུབ་ལ་ཉེ་དུས་གྲོགས་ས་གའི་བློ་ལྡན་ནས་རྨེའུ་རྒྱལ་མཚན་མཆོག་ལེགས་ཀྱི་དཔེ་ཆ་ཞིག་གཡར་བྱུང་བས་གཞུང་འདི་གསུམ་མ་གཏོགས། གཞན་འགྲེལ་བ་འགའ་རེ་ཡོད་པའི་ཟེར་སྒྲོས་ཙམ་ལས་དེ་དག་རེ་རེ་ནས་མཇལ་བའི་གོ་སྐབས་རེག་མ་སོང་། སྤྱིར་བཤད་ན་དཔྱད་གཞིའི་ཡིག་ཆ་ཅི་ཙམ་མང་ན་དཔྱད་འབྲས་ལ་དེ་ཙམ་གྱི་དགེ་མཚན་ཐོན་ཐུབ་ལ། དེ་ལས་ལྡོག་ཚེ་དཔྱད་འབྲས་ལེགས་པོར་མི་འཁྱོངས་བས། དཔྱད་རྩོམ་འདི་འདྲ་འབྲི་བའི་མཐུན་རྐྱེན་ཚང་མེད་པས་འགྲུབ་འབྲས་ལེགས་པོ་མི་ཐོན་པ་སྨྲོས་མ་དགོས། ཡིན་ནའང་མཁས་པའི་མདུན་སར་གནད་དོན་འདི་འདྲ་གསལ་བོར་གླེང་ན། རྗེས་ནས་མཁས་པ་གཞན་དག་གིས་འདིའི་ཕྱོགས་ནས་ཐག་གཅོད་རང་བཞིན་ཅན་གྱི་རྩོམ་ཡིག་འབྲི་ཡང་སྲིད་པས། མཁས་པའི་ལེགས་བཤད་འདྲེན་པའི་གླེང་སློང་ཙམ་དུ་དམིགས་ནས་བཤད་པ་ལ། བཤད་ཉེས་སུ་སོང་ནས་སྔ་མོ་ནས་བཟོད་གསོལ་ཞུས་པ་ཡིན།
དྲང་དོན་མུན་སེལ་སྒྲོན་མའི་སྐོར་གླེང་བ།
གཡུང་དྲུང་བོན་ལུགས་ཀྱི་ལམ་རིམ་གྱི་ཐོག་མ་ནི་བླ་ཆེན་དྲན་པ་ནམ་མཁས་མཛད་པའི་དྲང་དོན་སྒྲོན་མ་མུན་སེལ་ཡིན་ལ།༼༡༽ དྲན་པ་ནམ་མཁའ་ལ་སྔ་ཕྱི་འགའ་ཡོད་པས། འདི་ནི་ཡབ་དམུ་གཤེན་དག་པ་དང་། ཡུམ་བདའ་ཟ་མཁར་ལྕམ་གྱི་སྲས་སུ་བལྟམས་པ་༼༢༽དེ་ཉིད་ཡིན་ཞིང་། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་སོགས་བླ་མ་མང་དུ་བསྟེན་ནས་གྲུབ་པ་བརྙེས་ཤིང་ཚེ་ཡི་དངོས་གྲུབ་ཐོབ་པས། བོད་ལ་ཐེངས་གསུམ་བྱོན་ནས་ལོ་བདུན་ལ་བཞུགས། དེའི་དུས་བོད་ན་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས། བོན་རྣམས་བསྣུབས་ནས་གཏེར་དུ་སྦས་པ་དང་། བེེ་རོ་ཙ་ནས་བོན་རྣམས་ཆོས་སུ་བསྒྱུར་བའི་དུས་སུ། ཁོང་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྲོངས་པའི་འདང་ལ་ལན་གཅིག་རྒྱ་གར་དུ་བྱོན་སྐབས། རྒྱ་གར་གྱི་ཡུལ་ལྗོངས་བདེ་ལྡན་ལྷ་བྱ་གསུང་སྙན་ཚལ་དུ་མུ་སྟེགས་ཀྱི་སྡེ་རིགས་ཀྱིས། ནང་བ་ལ་རྩོད་པ་བྱེད་སྐབས་མཛད་པར་གྲགས།༣ གཞུང་འདི་ལ་ཚིགས་སུ་བཅད་པ་སྟོང་དང་བརྒྱད་ཅུ་གྱ་བཞི། ཤོ་ལོ་ཀ་ཉིས་བརྒྱ་བདུན་ཅུ་དོན་གཅིག་ཡོད།༤ གཞུང་དངོས་ལ་ཀླད་ཀྱི་དོན་ལ་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ། གཞུང་གི་་དོན་ལ། མདོ་རྒྱས་གཉིས་ལས། མདོར་བསྟན་པ་ལ་དལ་འབྱོར་ཤིན་ཏུ་རྙེད་པར་དཀའ་བ་བསྟན་པ་སོགས་དོན་དྲུག་གིས་བསྟན་པ། རྒྱས་པར་བཤད་པ་ལ་མི་ལུས་ཆུད་མ་གསན་པར་བསྟན་པ་སོགས་དོན་བཞི་བཅུ་རྩ་གཅིག་གིས་དལ་འབྱོར་རྙེད་དཀའ། ཚེ་མི་རྟག འཁོར་བའི་སྡུག་བསྔལ། དགེ་སྡིག་ལས་རྒྱུ་འབྲས། དད་པ། སྐྱབས་འགྲོ། སེམས་བསྐྱེད། བོན་སྤྱོད་མདོ་རྒྱས། གྲོས་འདེབས། འགྱུར་རྩིས། ཕར་ཕྱིན་དྲུག མངོན་ཤེས་དྲུག་དང་སྤྱན་ལྔ་སོགས་ཀྱི་དོན་གསལ་བོར་བསྟན་ཡོད། གཞུང་འདི་ནི་དྲན་པ་ནམ་མཁས་རྗེ་ཚེ་དབང་རི་ཁྲོད་པ་ལ་བརྒྱུད། དེས་བསྟན་པ་ཕྱི་དར་སྐབས་ལུང་བོན་ལྷ་གཉན་ལ་ཞལ་བསྟན་ནས་གསུང་བའི་སྙན་རྒྱུད་ཡིན།༥ སྤྲུལ་སྐུ་ལུང་བོན་ལྷ་གཉན་གྱི་འཁྲུངས་ལོའི་ཐད་ལ་བཞེད་ཚུལ་མ་མཐུན་པ་གཉིས་ཡོད་ལ། མཁན་ཆེན་ཉི་མ་ལྟར་ན་རབ་བྱུང་གཉིས་པའི་མེ་ཡོས་ལ་འཁྲུངས་བར་བཞེད།༦ དྲུང་རམས་པ་བསྟན་འཛིན་བློ་གྲོས་ཀྱིས་རབ་བྱུང་གཉིས་པའི་ཆུ་འབྲུག་༼སྤྱི་ལོ་༡༡༡༢༽ལ་འཁྲུངས་པར་བཞེད་ཅིང་།༧ ཆུ་ཁྱི་༼སྤྱི་ལོ་༡༡༤༢༽དགུང་ལོ་སོ་གཅིག་ཐོག་བླ་མ་ཚེ་དབང་དང་མཇལ་ཐེངས་དང་པོ་དང་།༨ མེ་སྟག་༼སྤྱི་ལོ་༡༡༤༦༽དགུང་ལོ་སོ་ལྔ་སྐབས་བླ་མ་ཚེ་དབང་རིག་འཛིན་མཇལ་ཐེངས་གཉིས་པ་བྱུང་ནས་རྫོགས་ཆེན་དང་དྲང་དོན་སོགས་གནང་བར་བཤད།༩ ལུགས་གཉིས་ག་གང་ཡིན་ཡང་གཞུང་འདི་ལུང་བོན་ལྷ་གཉན་ལ་སྙན་དུ་བརྒྱུད་པའི་ཆ་ནས་བཤད་ན་མེ་སྟོན་རིན་པོ་ཆེའི་བཀའ་རྟེན་སུམ་བརྒྱ་བ་ལས་འཕྱི་ནའང་། གསུང་མཁན་གྱི་ཆ་ནས་བསྟན་པ་བར་དར་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཡིན་པས་ལམ་རིམ་གྱི་ཐོག་མར་བརྩིས་པ་ཡིན།
བཀའ་རྟེན་སུམ་བརྒྱ་བའི་སྐོར་གླེང་བ།
བཀའ་རྟེན་སུམ་བརྒྱ་བའི་མཚན་དངོས་ནི། བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་བ་༼འདི་ལ་གཞན་ཚིགས་སུ་བཅད་པ་སུམ་བརྒྱ་སུམ་ཅུ་བ་ཞེས་མཚན་བཏགས་པ་ཞིག་ཀྱང་འདུག་པས་འོག་ནས་རིམ་བཞིན་གླེང་རྒྱུ་ཡིན།༽ཞེས་བརྗོད་ལ། ཡོངས་གྲགས་སུ་བཀའ་རྟེན་སུམ་བརྒྱ་བ་༡༠དང་ལམ་རིམ་སུམ་བརྒྱ་བ་༡༡ ཞེས་འབོད་པས། སྐབས་འདིར་འཕྲོས་དོན་གྱི་ཚུལ་དུ་ལམ་རིམ་དང་བཀའ་རྟེན་གྱི་ཐ་སྙད་འདི་ཅུང་ཙམ་གླེང་ན། ལམ་རིམ་ཞེས་པ་ནི་བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་འདིས་དང་པོ་བཤེས་གཉེན་བསྟེན་ཚུལ་ནས་བཟུང་མཐའ་མ་ཕར་ཕྱིན་ཕྱི་མ་གཉིས་ཀྱི་བར་རྒྱུ་མཚན་ཉིད་ཐེག་པའི་སྐྱེས་བུ་རབ་འབྲིང་ཐ་གསུམ་གྱི་ཐར་ལམ་གྱི་རིམ་པ་གསལ་བར་ཕྱེས་ཡོད་པས་དེ་ལྟ་བཏགས་ལ།༡༢ གཞུང་རང་ཉིད་དུའང་། དེ་ལྟར་ཐབས་ཀྱིས་ཡོངས་སུ་ཟིན་གྱུར་ན། །བྱང་ཆུབ་ལམ་དང་ནམ་ཡང་འབྲལ་བ་མེད། །ལམ་གྱི་གོ་དོན་རིམ་པ་ཅན་ཡིན་པས། །མྱོང་མཐོང་རྟོགས་པའི་རིམ་པ་སྐྱེ་ལུགས་བསྟན།།༡༣ ཞེས་གསལ་བོར་གསུང་ལ། ལམ་རིམ་ཞེས་པའི་ཐ་སྙད་ཀྱི་བྱུང་ས་དང་གོ་དོན་ཡང་འདི་ཡིན་པར་སེམས། བཀའ་རྟེན་ནི། སྤྱིར་བདག་ཅག་གི་སྟོན་པ་བརྒྱ་བའི་དབང་པོ་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱི་བསྟན་པ་རིན་པོ་ཆེ། སངས་རྒྱས་གཡུང་དྲུང་བོན་གྱི་གསུང་རབ་དང་བོན་སྒོ་མཐའ་དག་ཀྱང་། བསྡུས་ན་བཀའ་དང་བཀའ་རྟེན་གཉིས་ལས་མ་འདུས་པ་གང་ཡང་མེད་ལ། རྗེ་མཉམ་མེད་རིན་པོ་ཆེའི་ཞལ་ནས། ཚིག་གི་བོན་ལ་ཡང་མིང་ཚིག་ཡི་གེ་གསུམ་དུ་འདུས་ཏེ། ཡི་གེ་དུ་མ་འདུས་པ་ལས་མིང་འབྱུང་ལ། མིང་དུ་མ་འདུས་པ་ལས་ཚིག་འབྱུང་ལ། ཚིག་དུ་མ་འདུས་པ་ལས་རྣམ་པ་རབ་ཏུ་དབྱེ་བ་འབྱུང་བས། དེ་ཡང་བཀའ་དང་བཀའ་བརྟེན་གཉིས་སུ་འདུས་སོ།༡༤ཞེས་གསུངས་ལ། དེ་གཉིས་ཀྱི་ཁྱད་པར་ཡང་གསུང་ཚུལ་མང་དུ་ཡོད་ཀྱང་། སྤ་སྟོན་བསྟན་རྒྱལ་བཟང་པོའི་ཞལ་ནས། བཀའ་ཡི་ངོ་བོ་ནི། བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་གླེང་གཞི་ཅན་ཏེ། གནས་ཕུན་སུམ་ཚོགས་པ་དང་། སྟོན་པ་དང་། འཁོར་དང་། བསྟན་པ་དང་། དུས་ཕུན་སུམ་ཚོགས་པ་སྟེ། །ཞེས་དང་། བཀའ་ཡི་མཚན་ཉིད་ནི། གསུང་གང་ཞིག་དངོས་སུ་བདག་རྐྱེན་སངས་རྒྱས་ཀྱིས་མཛད་པ་རང་སོར་བཞག་པ།༡༥ ཞེས་གསུང་ལ། རྗེ་བདག་ཉིད་ཆེན་པོས་གསུང་བ་ལྟར་ན། ཐམས་ཅད་མཁྱེན་པའི་བདག་རྐྱེན་ལས་གསུངས་བའི་བོན་ནི་བཀའི་དོན་ནོ།།༡༦ ཞེས་དང་། གཞན་མཁན་ཆེན་ཉི་མའི་ཞལ་ལས། བདག་རྐྱེན་རྫོགས་པའི་སངས་རྒྱས་ལ་བརྟེན་ནས་བྱུང་བའི་ཁྱད་པར་བཞི་ལྡན་གྱི་ལེགས་བཤད་རྣམ་དག་དེ། བཀའ་ཡི་ངོ་བོར་འཇོག་པ་ཡིན་ཏེ།༡༧ ཞེས་གསུངས་པ་ལྟར་བཀའ་རིན་པོ་ཆེ་ནི་གཙོ་བོ་བདག་རྐྱེན་རྫོགས་པའི་སངས་རྒྱས་ལ་བརྟེན་ནས་བྱུང་མིན་དང་། ངོ་བོའི་ཁྱད་པར་ཕུན་སུམ་ཚོགས་པ་ལྔ་དང་ལྡན་མིན། བརྗོད་བྱའི་ཁྱད་པར་དྲང་ངེས་ཇི་ལྟར་བསྟན་ཀྱང་མཐར་ཐུག་གི་དོན་ལ་མི་བསླུ་བར་ངེས་པ། རྗོད་བྱེད་ཀྱི་ཁྱད་པར་བཀའ་བསྡུ་གྲུབ་ནས་གང་ཟག་གཞན་གྱིས་འདོད་དབང་གིས་བཅོས་བསླད་མེད་པ། བྱེད་ལས་ཀྱི་ཁྱད་པར་གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་ལས་སྐྱོབ་ཅིང་འབྲས་བུ་ཐར་བ་ཆེན་པོ་ཐོར་པར་བྱེད་མིན་སོགས་ཀྱིས་ཁྱད་པར་ཕྱེས་ཤིང་། དེ་ལའང་ཞལ་ནས་གསུང་བ། བྱིན་གྱིས་བརླབས་པ། རྗེས་སུ་གནང་བ་སོགས་བདག་རྐྱེན་མཛད་ཚུལ་མི་འདྲ་བ་གསུམ་སོགས་ཀྱིས་བསྡུས་པའི་གསུང་རབ་བོན་སྒོ་མཐའ་དག་ཡིན། བཀའ་རྟེན་གྱི་ངོ་བོ་ལ། སྤ་སྟོན་བསྟན་རྒྱལ་བཟང་པོས། ངོ་བོ་རྩིས་མགོ་རྣམ་པ་ལྔ་ལྡན་ཏེ། རྒྱུད་གང་ལས་བཏུས་པ་དང་། ཕྱོགས་གང་ལ་གཏོགས་པ་དང་། ཐེག་པ་གང་གི་བཞེད་དུ་གཏོགས་པ་དང་། དགོས་ཆེད་ཅིའི་ཕྱིར་བརྩམས་པ་དང་། གང་ཟག་གང་གིས་མཛད་པའོ། །ཞེས་དང་། མཚན་ཉིད་ནི། བཀའི་གསལ་བྱེད། སྟོན་པའི་རྗེས་འཇུག་རྩོམ་པ་པོ་ཚད་ལྡན་གྱིས་བསྡེབས་པའོ།།༡༨ ཞེས་དང་། རྗེའི་རིན་པོ་ཆེ་གབ་འགྲེལ་དུ། རྩོམ་པ་པོ་ཚད་ལྡན་གྱིས་མཛད་ཅིང་བཀའི་དགོངས་པ་འགྲེལ་ནུས་པ་ནི་བཀའ་རྟེན་གྱི་དོན་ནོ།།༡༩ ཞེས་གསུངས་སོ། ཁྱད་པར་དུ་མཁན་ཆེན་ཉི་མ་བསྟན་འཛིན་རིན་པོ་ཆེ་ནས། སྟོན་པའི་རྗེས་འཇུག་གིས་གཙོ་བོར་བཀའ་རྟེན་བརྩོམ་པའི་བསམ་པས་ཀུན་ནས་བསླང་སྟེ། བསྟན་པའི་གསལ་བྱེད་དུ་དམིགས་ཏེ་བསྡེབ་པའི་ཚིག་སྦྱོར་དེ་སྤྱིར་བཀའ་རྟེན་ཙམ་གྱི་མཚན་ཉིད།༢༠ ཞེས་དང་། བཀའ་རྟེན་གང་ཞིག་རང་གི་བརྗོད་བྱ་ལ་གྲུབ་མཐའ་རང་ལུགས་ཀྱི་ལུང་རིགས་རྣམ་དག་གིས་གནོད་པ་མེད་ཅིང་གྲུབ་པ་དེ། བཀའ་རྟེན་ཡང་དག་གི་མཚན་ཉིད།༢༡ ཞེས་གསུངས་པ་སོགས་ལས་བཀའ་རྟེན་ཡང་དག་ཞེས་པ་ནི་གཙོ་བོ་རྩོམ་མཁན་དེ་སངས་རྒྱས་སྟོན་པའི་རྗེས་འཇུག་ཚད་ལྡན་ཡིན་མིན་དང་། དེས་བཀའ་ལ་བརྟེན་ཡོད་མེད། བཀའ་ཡི་དགོངས་དོན་འགྲེལ་ནུས་མིན་དང་བསྟན་པའི་གསལ་བྱེད་དུ་འགྲོ་མིན་སོགས་ཀྱི་ཁྱད་པར་ཕྱེས་པ་ཡིན། དེས་ན་རྗེ་རིན་པོ་ཆེས་བཞག་པའི་མཚན་ཉིད་ནི་བཀའ་རྟེན་ཡང་དག་ལ་དགོངས་ནས་བཞག་པར་སེམས། སྤྱིར་བཀའ་རྟེན་ཞེས་པ་ནི་གཡུང་དྲུང་བོན་རང་ལུགས་ཀྱི་ཐུན་མིན་གྱི་ཐ་སྙད་ཞིག་ཡིན་པས། གདམས་ལུང་ལས་ཀྱང་། རྒྱལ་བའི་བཀའ་དང་བཀའ་ལ་བརྟེན་པའི་བོན།༢༢ ཞེས་གསུངས་པས་གསལ་ལ། དེ་དང་བསྟན་བཅོས་གཉིས་ལ་བོན་གྱི་མཁས་པ་དག་གིས་ཁྱད་པ་ཕྱེས་ཡོད་པ་ནི། མཁན་ཆེན་ཉི་མ་བསྟན་འཛིན་གྱི་ཞལ་ནས། དེས་ན་ཁོ་བོས་ནི། བསྟན་བཅོས་ཡིན་ན། བཀའ་རྟེན་ཡིན་པས་མ་ཁྱབ་ཅིང་། བཀའ་རྟེན་ཡིན་ན། བསྟན་བཅོས་ཡིན་པས་ཁྱབ་པར་འདོད་ལ། དོན་དེ་ལ་དམིགས་ན་དོན་དེ་ཡིན་པས་མ་ཁྱབ་པར་སྨྲའོ།།༢༣ ཞེས་གསུངས་ཡོད། ཁོང་གིས་ཡང་དག་གསུམ་བཀའ་རྟེན་ཡིན་པ་དང་། ལྟར་སྣང་དྲུག་བཀའ་རྟེན་མིན་པས་རྒྱུ་མཚན་གྱིས། ཡང་དག་དང་ལྟར་སྣང་གཉིས་ལ་བཀའ་རྟེན་དང་བསྟན་བཅོས་ཞེས་ཚིག་སོ་སོས་ཁྱད་པར་ཕྱེས་པ་ཡིན་ཏེ། ཕར་ཕྱིན་སྐབས་དང་པོ་ལས། བཞི་བ་ལ། ༼བཀའ་རྟེན་ལ་མིང་ཙམ་མཐུན་པའི་སྒོ་ནས་དབྱེ་བ།༽ཡང་དག་གསུམ་དང་། ལྟར་སྣང་དྲུག་དང་དགུའོ།། དང་པོ་ནི། དོན་དང་ལྡན་པའི་བཀའ་རྟེན། སྡུག་བསྔལ་སྤངས་པའི་བཀའ་རྟེན། སྒྲུབ་པ་ལྷུར་ལེན་པའི་བཀའ་རྟེན་དང་གསུམ་མོ།། ཕྱི་མ་དྲུག་ནི། དོན་མེད་པའི་བསྟན་བཅོས། དོན་ལོག་པའི་བསྟན་བཅོས། ངན་གཡོ་བའི་བསྟན་བཅོས། སྙིང་བརྩེ་བྲལ་བའི་བསྟན་བཅོས། ཐོས་པ་ཁོ་ནར་ལྷུར་ལེན་པའི་བསྟན་བཅོས་དང་། རྩོད་པ་ཁོ་ནར་ལྷུར་ལེན་པའི་བསྟན་བཅོས་དང་དྲུག་གོ།༢༤ ཅེས་ཡང་དག་གསུམ་ལ་བཀའ་རྟེན་དང་ལྟར་སྣང་དྲུག་ལ་བསྟན་བཅོས་ཞེས་ཚིག་གི་ཁྱད་པར་གསལ་བོར་ཕྱེས་ཡོད། དེས་ན་བཀའ་རྟེན་དང་བསྟན་བཅོས་གཉིས་ལ་མུ་གསུམ་ཡོད་པར་སྣང་སྟེ། བསྟན་བཅོས་ཡིན་ལ་བཀའ་རྟེན་མ་ཡིན་པ་ཕྱི་རོལ་བའི་བསྟན་བཅོས་དང་། གཉིས་ཀ་ཡིན་པ་བཀའ་རྟེན་ཐམས་ཅད། གཉིས་ཀ་མ་ཡིན་པ་ཀ་བ་ལ་སོགས་པ། བཀའ་རྟེན་ཡིན་ལ་བསྟན་བཅོས་མ་ཡིན་པ་མེད་དེ། བཀའ་རྟེན་ཡིན་ན་བསྟན་བཅོས་ཡིན་པས་ཁྱབ་པས་ཕྱིར་རོ།། དེ་ལྟར་ན་བླ་མེད་ཀྱི་བཀའ་ཐེག་དམན་གྱི་ལུགས་ལྟར་བཀྲོལ་བའི་བཀའ་རྟེན་ལྟར་སྣང་ནི་བསྟན་བཅོས་ལྟར་སྣང་དྲུག་གི་དོན་ལོག་པའི་བསྟན་བཅོས་ཡིན་པར་རིགས་ཏེ། བཀའ་རྟེན་ཡང་དག་གསུམ་གང་རུང་མ་ཡིན་པ་གང་ཞིག་བསྟན་བཅོས་ཡིན་དགོས་ཤིང་། བཀའ་རྟེན་ཙམ་ཡིན་པས་ཕྱིར། དེ་དྲུག་ལས་དོན་ལོག་པ་ཡིན་པས་སོ།། གཞན་སྤ་བསྟན་རྒྱལ་བཟང་པོས། བཀའ་རྟེན་ཡང་དག་གསུམ་དང་བཀའ་རྟེན་ལྟར་སྣང་དྲུག་ཅེས་བསྟན་བཅོས་ལྟར་སྣང་དྲུག་ལའང་བཀའ་རྟེན་གྱི་མིང་བཏགས་པ་ནི་ཅུང་དོན་དང་མི་མཐུན་པར་སྙམ་སྟེ།༢༥ རྒྱུ་མཚན་ནི་ངན་གཡོ་བའི་བསྟན་བཅོས་དང་སྙིང་བརྩེ་བྲལ་བའི་བསྟན་བཅོས་སོགས་ཀྱང་སྤྱིར་བཀའ་རྟེན་ཙམ་དུ་འགྲོ་ཉེན་ཡོད་པས་ཕྱིར། དེ་དག་མཁན་ཆེན་གྱི་མཚན་ཉིད་ལྟར་ན་བཀའ་རྟེན་ཙམ་དུའང་མི་འགྲོ་བ་མ་ཟད། སྤ་བསྟན་བཟང་ཁོང་རང་ཉིད་ཀྱིས་བཞག་པའི་བཀའ་རྟེན་གྱི་མཚན་ཉིད་ལ་ཡང་འགལ་ཏེ། བཀའི་གསལ་བྱེད། སྟོན་པའི་རྗེས་འཇུག་རྩོམ་པ་པོ་ཚད་ལྡན་གྱིས་བསྡེབས་པ་མ་ཡིན་པས་ཕྱིར་ཏེ། སྟོན་པའི་རྗེས་འཇུག་རྩོམ་པ་པོ་ཚད་ལྡན་གྱིས་ངན་གཡོ་དང་བརྩེ་བྲལ་སོགས་ཀྱི་བསྟན་བཅོས་བརྩོམ་པར་མི་རིགས་སོ།། ཞེས་པའང་འཕྲོས་དོན་གྱི་ཚུལ་དུ་སྨྲས་པའོ།།
དེས་ན་ལམ་རིམ་སུམ་བརྒྱ་བའི་གཞུང་འདི་ནི་ལྟ་སྤྱོད་ཟུང་འབྲེལ་དུ་གཏན་ལ་ཕབ་པ་༢༦འཁྲུགས་པ་གོ་རིམ་དུ་བསྡེབས་པའི་བཀའ་རྟེན་དུ་ངེས་ལ། འཁྲུགས་པ་བསྡེབས་པ་ནི་སུམ་བརྒྱ་བ་ལྟ་བུའོ། །ལམ་རིམ་མ་འཁྲུགས་པར་སྟོན་པའོ། །ཞེས་གསུངས་པས་གསལ་ལ། ༢༧བསྟན་པ་ཕྱི་དར་གྱི་སྐབས་སུ་མཛད་པའི་ལམ་རིམ་གྱི་ཐོག་མ་ཡིན། གཞུང་འདི་མཛད་མཁན་རྗེ་བཙུན་ཡར་འབྲོག་མེ་སྟོན་ཤེས་རབ་འོད་ཟེར་རིན་པོ་ཆེ་ནི་བོད་རབ་བྱུང་དང་པོའི་ས་ཁྱི་༼སྤྱི་ལོ་༡༠༥༨༽ལ་འཁྲུངས་ཤིང་།༢༨ དམ་པ་རི་ཁྲོད་པའི་བཀའ་བབས་ཀྱི་སློབ་མ་བཞིའི་ནང་ནས་མཚན་ཉིད་ཀྱི་བཀའ་བབས་ཡིན། གོང་མའི་ལུང་བསྟན་ཐོབ་ཅིང་མངོན་པར་ཤེས་པ་ལྡན་པའི་ཡིད་ཀྱི་ཁྱེའུ་ཆུང་གི་སྤྲུལ་བར་གྲགས། དགོང་ལོ་དོན་ལྔར་བཞུགས་ནས་རབ་བྱུང་གཉིས་པའི་ཆུ་བྱི་ལ་མྱ་ངན་ལས་འདས།༢༩ གཞུང་འདི་ལ་སྤྱི་དོན་ལེའུ་བཅུ་གཉིས་སུ་ཕྱེས་ནས་བསྟན་ཡོད་དེ། དབུར་བཤེས་གཉེན་བསྟེན་ཚུལ་ནས་བཟུང་། མི་རྟག་པ། དལ་འབྱོར་རྙེད་དཀའ་བ། འཁོར་བའི་ཉེས་དམིགས། དད་པ། སྐྱབས་འགྲོ། དགེ་སྡིག་སྤང་བླང་། ཉོན་མོངས་དང་གཉེན་པོ། སེམས་བསྐྱེད། བསམ་གཏན། བདག་མེད་ཤེས་རབ། གདམས་པ་བསྟན་པ་བཅས་སོ།། གཞུང་འདི་གསར་དུ་བརྩམས་པས་ལམ་རིམ་གཞུང་ལུགས་ཀྱི་སྲོལ་ཕྱེས་པ་ཡིན་ལ། འདི་ལ་བསྟེན་ནས་ལམ་རིམ་གཞུང་ལུགས་ཀྱི་འཆད་ཉན་ཡང་གངས་རི་ལྗོངས་སུ་སྤང་ལ་མེ་ཏོག་བཞད་པ་བཞིན་དུ་རྒྱས་པར་སྣང་ཏེ། གཞུང་འདི་ལ་བརྟེན་ནས་བྱུང་བའི་ལམ་རིམ་གཞུང་འགྲེལ་ཡང་། རྨེའུ་རྒྱལ་མཚན་མཆོག་ལེགས་ཀྱིས་མཛད་པའི་རྣམ་བཤད་གཞན་ཕན་སྙིང་པོ་དང་།༣༠ མེ་སྟོན་གྱི་དངོས་སློབ་བསྟན་པའི་མངའ་བདག་ཆེན་པོ་གཤེན་སྟོན་ནམ་མཁའ་རྒྱལ་མཚན་༼སྤྱི་ལོ་༡༠༨༨ལ་འཁྲུངས་ཤིང་༡༡༦༣ལ་འདས།༽གྱིས་མཛད་པའི་འགྲེལ་བ་རྣམ་བཤད་གཞན་ཕན་སྙིང་པོ་དང་།༣༡ མཁས་གྲུབ་ཞང་སྟོན་རིན་པོ་ཆེས་མཛད་པའི་ཚིག་འགྲེལ་དང་།༣༢ མཁས་གྲུབ་རིན་ཆེན་བློ་གྲོས་ཀྱིས་མཛད་པའི་བྱང་ཆུབ་སྒྲུབ་པའི་ཐབས་སུམ་བརྒྱ་ཉི་ཤུ་བའི་ས་གཞུང་འགྲེལ་བ་དང་བཅས་པ།༣༣ རྗེ་མཉམ་མེད་བླ་མས་མཛད་པའི་འགྲེལ་བ། རྒྱལ་ཚབ་རིན་ཆེན་རྒྱལ་མཚན་༼རབ་བྱུང་དྲུག་པའི་ལྕགས་བྱི་སྤྱི་ལོ་༡༣༦༠ལ་སྐུ་འཁྲུངས་ཤིང་། རབ་བྱུང་བདུན་པའི་ཤིང་གླང་སྤྱི་ལོ་༡༤༤༥དགུང་ལོ་གྱ་དྲུག་ལ་འདས་བར་བཤད། བོན་བརྒྱ་བསྟན་རྩིས་ཤོག་ངོས་༩༦དང་༡༠༣ན་གསལ།༽གྱིས་མཛད་པར་གྲགས་པའི་ཏཱི་ཀ་གསལ་བའི་སྒྲོན་མེ།༣༤ བཀའ་རྟེན་སུམ་བརྒྱ་བའི་བསྡུས་དོན་ལྟ་བུར་གྱུར་བའི་མཁན་ཆེན་བསོད་ནམས་གཡུང་དྲུང་༼རབ་བྱུང་བཅུ་བའི་ལྕགས་ཁྱི་༡༦༡༠ལོར་མཁན་ཆེན་ཤེ་ཙུ་དྲུང་མུར་གསེར་ཁྲིར་བྱོན་པར་གཞུགས་ནས་དེའི་སྔོ་ལོར་གཤེགས་པར་མངོན།༽གིས་མཛད་པའི་ལམ་རིམ་དྲུག་ཅུ་བ། རྒྱལ་དབང་ཀུན་གྲོལ་གྲགས་པ་དེ་ཉིད་ཀྱིས་མཛད་པའི་འགྲེལ་བ་རྣམ་བཤད་ཐར་ལམ་གསལ་བྱེད། ཤར་རྫའི་གྲུབ་དབང་མངྒ་ཝེར་ཞིས་མཛད་པའི་སྡེ་སྣོད་རིན་པོ་ཆེ་མཛོད་ཡིད་བཞིན་འབྱུང་བའི་གཏེར་དང་། ཚུལ་ཆེན་རིན་པོ་ཆེས་མཛད་པའི་བོན་རང་ལུགས་ཀྱི་ཁྲིད་གཞུང་དུ་མ་ལས་བཏུས་པའི་བྱང་ཆུབ་ལམ་གྱི་རིམ་པའི་དམིགས་ཁྲིད་གཤེན་བསྟན་གསལ་བའི་སྒྲོན་མེ་སོགས་མང་དུ་བྱུང་བ་ལས་ཕྱོགས་མཚོན་ཙམ་བཀོད་པ་ཡིན་ལ་རེ་རེ་བརྗོད་ཀྱིས་མི་ལང་ངོ།།
དཔེ་རྒྱུན་གཉིས་བར་གྱི་དཔྱད་བསྡུར།
དེ་ལྟར་གཡུང་དྲུང་བོན་གྱི་ལམ་རིམ་གཞུང་ལུགས་སྐོར་ཅུང་ཙམ་སྨྲས་ནས་སྐབས་སུ་འཇུག་པར་བྱ་བའི་དོན་ངེས་ནི། གླེང་གཞིའི་སྐབས་སུ་བཤད་པའི་སུམ་བརྒྱ་བའི་གཞུང་ཚིག་ཅུང་མི་འདྲ་བའི་དཔེ་རྒྱུན་གཉིས་བར་གྱི་དཔྱད་བསྡུར་ཡིན། དེ་ནི་གངས་ཏི་སེ་བོན་གཞུང་དུ་འཁོད་པའི་བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་བ་དང་། ཁྱུང་པོ་ཀོ་དགོན་ནས་པར་བསྐྲུན་མཛད་པའི་གཡུང་དྲུང་བོན་གྱི་མཚན་ཉིད་རྩ་གཞུང་དུ་འཁོད་པའི་བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་སུམ་བརྒྱ་སུམ་ཅུ་བ་འདི་གཉིས་ཡིན། སུམ་བརྒྱ་ཉི་ཤུ་བའི་གཞུང་ཚིག་ལྟར་གྱི་འགྲེལ་བ་ནི་རྨེའུ་རྒྱལ་མཚན་མཆོག་ལེགས་དང་གཤེན་སྟོན་རིན་པོ་ཆེ་ནས་མཛད་པའི་རྣམ་བཤད་གཞན་ཕན་སྙིང་པོ་རྣམ་གཉིས་ཡིན་ལ། ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་བ་ཞེས་གསུངས་ཡོད་ཀྱང་། ཁོ་བོས་ད་ལན་དཔྱར་གཞིར་བཟུང་བ་འདིའི་ནང་དུ་དབུའི་མཆོད་བརྗོད་དང་མཇུག་གི་བསྔོ་སྨོན་མ་བརྩིས་ན་ཤོ་ལོ་ཀ་སུམ་བརྒྱ་བཅུ་མེད་བརྒྱད་དང་ཚིག་རྐང་གཉིས་ཡོད་ལ། བརྩིས་ན་ཤོ་ལོ་ཀ་སུམ་བརྒྱ་བཅུ་དགུ་དང་ཚིག་རྐང་གཉིས་ཡོད།༼རེའུ་མིག་ཏུ་གསལ།༽ སུམ་བརྒྱ་སུམ་ཅུ་བའི་གཞུང་ཚིག་ལྟར་གྱི་འགྲེལ་བ་ནི་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་གྱིས་མཛད་པར་གྲགས་པའི་ཏི་ཀ་གསལ་བའི་སྒྲོན་མེ་ཡིན། གཞུང་འགྲེལ་འདིའི་མཇུག་ཏུ། གང་ཟག་བློ་ཐ་མ་ལས་མེད་པའི་དབང་གིས་མངོན་མཐོའི་རྒྱུ་བསྒྲུབ་པའི་ཐབས་སུ་འགྱུར་སྲིད་ཀྱང་། འདིའི་དངོས་སྟོན་ནི་ཐར་བ་བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཡིན་ནོ། །གཞུང་གི་ཚད་ནི་འཕགས་པའི་དབྱངས་ཀྱི་མིང་ཅན། ཚེག་བར་དགུ་ལ་ཚིག་རྐང་གཅིག་ཏུ་བྱས་པས་ཚིག་རྐང་སྟོང་དང་སུམ་བརྒྱ་ཉི་ཤུ་པ་སྟེ། ཚིག་རྐང་བཞི་ལ་ཚིག་བཅད་རེར་བརྩིས་པའི་ཚིགས་སུ་བཅད་པ་སུམ་བརྒྱ་སུམ་ཅུ་ཡོད་དོ། །༼ཞེས་གཞུང་དེ་ཉིད་ཀྱི་མཇུག་ཏུ་གསལ།༽ཞེས་ཚིག་རྐང་དང་ཚིག་བཅད་དུ་ཡོད་ཐག་གཅོད་ཀྱིས་གསལ་བོར་གསུང་ཡོད་མོད། ཁོ་བོས་དཔྱད་གཞིར་བཟུང་བའི་དཔེ་ཆའི་ནང་དུ་མགོ་མཇུག་མ་བརྩིས་ན་ཤོ་ལོ་ཀ་སུམ་བརྒྱ་ཉེར་བཞི་དང་ཚིག་རྐང་གཉིས་ཡོད་ལ། བརྩིས་ན་སུམ་བརྒྱ་སོ་ལྔ་དང་ཚིག་རྐང་གཉིས་ཡོད་པས། ཚིག་བཅད་འགའ་མང་ཡོད་པ་ལྟར་སྣང་ཡང་། རྩ་བའི་ཚིག་རེ་རེ་ནས་འགྲེལ་བའི་ནང་དུའང་མཐོང་ཐུབ་པས་ཕལ་ཆེར་ཁོང་གིས་མཚན་ལྟར་གྲངས་ངེས་བཟུང་ལས་རེ་རེ་ནས་བརྩིས་པ་མ་རེད་སྙམ། ༼གཞུང་གཉིས་ཀའི་ལེའུ་སོ་སོའི་གྲངས་ཀྱི་དཔྱད་བསྡུར་རེའུ་མིག་དང་པོར་གཟིགས།༽ གཤམ་ནས་གཞུང་གཉིས་ཀའི་ལེའུ་རེ་རེ་ནས་ཚིག་མཐུན་མི་མཐུན་ག་ཙམ་ཡོད་པ་སོགས་དཔྱད་བསྡུར་བྱ་བ་ལ། གངས་ཏི་སེ་བོན་གཞུང་གི་སུམ་བརྒྱ་བ་ལ་༼ཀ༽ཡིས་མཚོན་ཡོད། མཚན་ཉིད་རྩ་གཞུང་གི་སུམ་བརྒྱ་བ་ལ་༼ཁ༽ཡིས་མཚོན་ཡོད།
གཞུང་གཉིས་ཀ་ནས་མཆོད་བརྗོད་ལས་ཤོ་ལོ་ཀ་བཞི་ཙམ་མཐུན་པའི་རྗེས་སུ།༼ཀ༽ལས། གཤེན་རབ་བསྟན་པ་སྐུ་གསུང་ཐུགས་ཀྱིས་འདུལ། ཞེས་དང་༼ཁ༽ལས། རྩོད་ལྡན་བརྒྱ་བའི་སྒྲོན་མ་གཤེན་རབ་ཀྱི། ཞེས་ཚིག་གཉིས་བྱུང་བ་ཡེ་མི་མཐུན། དེ་ནས། རེ་རེ་ནས་ཚིག་རྐང་བཅུ་གཅིག་བྱུང་བ་ལས་ཚིག་འབྲུ་ཉུང་ཙམ་ལས་བྱིངས་མི་མཐུན་པ་མེད། ལེའུ་འདི་གཞུང་གཉིས་ཀ་ལ་ཤོ་ལོ་ཀ་བདུན་རེ་ཡོད་པ་ལས་ཚིག་རྐང་གཅིག་མ་གཏོགས་གཞན་རྣམས་མཐུན།
དེ་ནས་གཞུང་གི་དོན་ལ་འཇུག་དུས། ཐོག་མར་ལེའུ་དང་པོ་བཤེས་གཉེན་བསྟེན་ཚུལ་བྱུང་ཡོད་པས། འགོ་ནས། གང་ཞིག་འཁོར་བར་ཐར་འདོད་བླ་མ་བསྟེན། །ཡོན་ཏན་རིམ་པའི་ཁྱད་པར་དེ་བཞིན་འབྱུང་། །ཞེས་ཚིག་གཉིས་མཐུན་ཡང་དེའི་རྗེས་ནས་༼ཀ༽ལས། ཐོས་བསམ་སྒོམ་གསུམ་རྒྱུད་སྦྱངས་ཤེས་རབ་ཆེ། །ཞེས་པ་ནས། སེམས་བསྐྱེད་གུས་པའི་ཚུལ་དང་མོས་སེམས་ལྡན། །ཞེས་པའི་བར་དུ་ཚིག་དྲུག་དང་། ༼ཁ༽ལས། སྡེ་སྣོད་ལ་མཁས་བསླབ་པ་གསུམ་དང་ལྡན། །ཞེས་པ་ནས། བླ་མ་ལ་གུས་ཡིད་གཞུང་བརྩོན་འགྲུས་ལྡན། །ཞེས་པའི་བར་དུ་ཚིག་རྐང་བརྒྱད་བྱུང་བ་ཡེ་མི་མཐུན་ནོ།། དེས་ནས་གཞུང་གཉིས་ཀར། ཟས་དང་གོས་སོགས་སྐུ་ཡི་རིམ་གྲོ་དང་། །ཞེས་པ་ནས། ཐམས་ཅད་མཁྱེན་གསུངས་བསྙེན་བཀུར་དམ་པའི་མཆོག །ཅེས་པའི་བར་དུ་ཚིག་རྐང་བརྒྱད་མཐུན་པའི་རྗེས་ནས་༼ཁ༽ལས། ནད་དང་སྨན་པ་གདམས་ངག་སྨན་བཞིན་དུ། །དཔོན་སློབ་གཉིས་ཀས་འདུ་ཤེས་གསུམ་སོགས་བཞག །ཅེས་པའི་ཚིག་ལྷག་གཉིས་བྱུང་ཡོད། དེས་ནས་གཞུང་གཉིས་ཀར། ཟང་ཟིང་འཁོར་གཡོག་གྲགས་པ་ལ་སོགས་དང་། །ཞེས་པ་ནས། མ་འོངས་དུས་ནའང་མཇལ་གྱུར་གདུལ་བྱར་འགྱུར། །ཞེས་པའི་བར་དུ་ཤོ་ལོ་ཀ་གསུམ་རེ་ཡོད་པ་ཀུན་མཐུན་པས་ལེའུ་དང་པོ་བླ་མ་བསྟེན་ཚུལ་བསྟན་ཚར་བ་རེད། ལེའུ་འདི་ལས་༼ཀ༽ལ་ཤོ་ལོ་ཀ་༧དང་༼ཁ༽ལ་ཤོ་ལོ་ཀ་༨བྱུང་ཡོད་པས་༼ཀ༽ལས་ཤོ་ལོ་ཀ་གཅིག་གིས་མང་བ་ཡིན། གཞན་ཚིག་རྐང་༢༤མཐུན་པ་ཡིན།
དེ་ནས་ ༼ཀ༽ལས་མི་རྟག་པ་ལེའུ་གཉིས་པ་དང་དལ་འབྱོར་ལེའུ་གསུམ་པར་བསྟན་ཡོད་ལ། ༼ཁ༽དེ་ལས་ལྡོག་ཏེ་དལ་འབྱོར་ལེའུ་གཉིས་པ་དང་མི་རྟག་ལེའུ་གསུམ་པར་བསྟན་ཡོད། དེས་ན་༼ཀ༽ཡི་ལེའུ་གཉིས་པ་དང་༼ཁ༽ཡི་ལེའུ་གསུམ་པ་མི་རྟག་པའི་དོན་བསྟན་ཡོད། དེས་ན་༼ཀ༽ཡི་ལེའུ་གཉིས་པ་དང་། ༼ཁ༽ཡི་ལེའུ་གསུམ་པ་མི་རྟག་པའི་ལེའུ་དཔྱད་བསྡུར་ནི། དེའི་འགོ་ནས། ཕྱི་སྣོད་འཇིག་རྟེན་ཐམས་ཅད་མི་རྟག་སྟེ། །རི་རབ་རྒྱ་མཚོ་གླིང་འཁོར་ལ་སོགས་ཀྱང་། །འཇིག་དུས་མེ་བདུན་བསྐལ་བའི་མེ་དཔུང་གིས། །ཞེས་ཚིག་གསུམ་མཐུན་ཡང་དེ་རྗེས་༼ཀ༽ལས། རྫ་སོལ་མེ་བཏང་བཞིན་དུ་ཐམས་ཅད་སྲེག །ཆུ་དང་རླུང་གི་འཇིག་པ་དེ་བཞིན་ནོ། །ས་ཆུ་མེ་ཤི་དེ་བཞིན་རླུང་ཤི་འོ། །ཞེས་ཚིག་གསུམ་ལ། ༼ཁ༽ལས། ཕྱི་ནས་རང་འབར་བྱུང་སྟེ་ཐམས་ཅད་སྲེག །ཆུ་དང་རླུང་གི་འཇིག་པ་དེ་བཞིན་ཏེ། །ཞེས་ཚིག་རྐང་གཉིས་ཀྱི་འཐུས་པར་བྱས་ཡོད། ཡང་གཉིས་ཀར། རྡུལ་ཕྲན་ཙམ་ཡང་མི་ལུས་འཇིག་སྟོང་འགྱུར། །དུས་རྣམས་འགྱུར་ཏེ་དབྱར་དགུན་སྟོན་དཔྱིད་ལ། །ཞུ་སྐྱེད་ལ་སོགས་དབྱིབས་དང་ཁ་དོག་དང་། །ཞེས་པའི་ཚིག་རྐང་གསུམ་རེ་སོང་རྗེས། ༼ཀ༽ལས། ལོ་ཏོག་ལེགས་ཉེས་ཆར་ཐན་གྲང་དྲོ་སོགས། །སྣང་བ་ཐམས་ཅད་མི་རྟག་རང་བཞིན་ཡིན། །ཞེས་ཚིག་གཉིས་ལ། ༼ཁ༽ལས། གྲང་དྲོ་ལ་སོགས་སྣང་བ་ཀུན་མི་རྟག །ཅེས་ཚིག་རྐང་གཅིག་གིས་འཐུས་པར་བྱས་ཡོད། དེ་རྗེས་གཞུང་གཉིས་ཀ་ནས། གལ་ཏེ་རྟག་ན་འགྱུར་ལྡོག་ཅི་ཕྱིར་རིགས། །ཞེས་པ་ནས། ཡེ་འབྲོག་སུམ་བརྒྱ་དྲུག་ཅུས་གློ་བར་བྱེད། །ཅེས་པའི་བར་དུ་ཚིག་རྐང་སོ་གཅིག་རེ་སོང་བའི་ནང་དུ་ཚིག་འབྲུ་གཅིག་གཉིས་ཙམ་མི་མཐུན་པ་ལས་དོན་ལ་མི་མཐུན་པ་ཅང་མེད། དེ་ནས༼ཀ༽ལས། གལ་ཏེ་བདུད་ཀྱི་བར་ཆད་ཡིན་ཡང་སྲིད། །སྒྱུ་མ་མངོན་འབྱུང་བདུད་ནི་སོ་སོར་བསྐོས། །ཞེས་ཚིག་རྐང་གཉིས་ལ།༼ཁ༽ལས། བསྟན་པའི་གཙོ་བོ་བསྙུང་ཚུལ་བསྟན་པ་ཡང་། །གལ་ཏེ་བགེགས་ཀྱི་བར་ཆད་ཡིན་ཡང་སྲིད། །བགེགས་ལ་གཏོས་ཕན་གཏོ་བུས་གཏོ་གྱིས་གསུངས། །སྒྱུ་མ་མངོན་འབྱུང་བདུད་ནི་སོ་སོར་བསྐོས། །ཞེས་ཚིག་ལྷག་གཉིས་བྱུང་ཡོད། དེ་ནས་གཞུང་གཉིས་ཀར། ས་ཡི་འཆི་རྐྱེན་ཆུ་སོགས་དེ་བཞིན་ནོ། །ཞེས་པ་ནས། འཇིག་རྟེན་མི་ཡུལ་བྱ་འཕུར་ཚང་བཞིན་ལུས། །ཞེས་པའི་བར་དུ་ཚིག་བཅད་བཞི་རེ་སོང་བ་ལ་ཚིག་འབྲུ་འགའ་ལས་དོན་ལ་མི་མཐུན་པ་གང་ཡང་མེད། དེའི་རྗེས་༼ཁ༽ལས་ཚེགས་བར་བཅུ་གཅིག་ཅན་གྱི་ཚིག་རྐང་ལྔ་བྱུང་ཡོད་པ་ནི་གཏོ་བུ་དོད་དེས་སྟོན་པ་ལ་ཞུ་བ་ཕུལ་བའི་ཚིག་རང་རེད།༣༥ དེ་ནས་གཉིས་ཀར། མི་རྟག་རྟག་རེ་གཟུགས་ཀྱི་ཕུང་པོ་ཡང་། །ཞེས་པ་ནས། དུར་ཁྲོད་ཆུ་འགྲམ་ཤིང་དྲུང་བླ་གབ་མེད། །ཅེས་པའི་བར་དུ་ཚིགས་བཅད་བཅུ་བདུན་དང་ཚིག་རྐང་གསུམ་རེ་བྱུང་བ་ལས། གཉེན་པོར་བདག་འགྲོ་བདག་ཕྱིར་འོང་མི་འགྱུར། །ཞེས་པ་ནི་གཞུང་གཉིས་ཀ་ནས་བྲིས་ནོར་བྱུང་ཡོད་པས། གཉེན་བོར་བདག་འགྲོ་བདག་ཕྱིར་འོང་མི་འགྱུང་། །ཡིན་དགོས། དེ་ནས།༼ཁ༽ལས། གནས་བཞིའི་དཔེ་དང་སྦྱར་ལ་བསྒོམ་པར་བྱ། །ལས་ཀྱི་འཁོར་བའི་ལུས་ཅན་ཐམས་ཅད་ལ། །ཞེས་ཚིག་ལྷག་གཉིས་བྱུང་ཡོད། དེ་རྗེས་གཉིས་ཀ་ནས། རྒྱལ་པོ་དམངས་སོགས་ས་དང་ཆུ་དང་ནི། །ཞེས་པ་ནས། མི་རྟག་དངོས་པོར་མ་གྲུབ་སྟོང་ཉིད་རྟོགས། །ཞེས་པའི་བར་དུ་ཚིག་རྐང་བཅོ་ལྔ་རེས་མི་རྟག་པའི་དོན་ཡོངས་སུ་རྫོགས་པར་བསྟན་ཡོད། དེས་ན་༼ཀ༽ལས་ལེའུ་འདི་ཤོ་ལོ་ཀ་སོ་དྲུག་དང་ཚིག་རྐང་གཉིས་ཀྱིས་བསྟན་ཡོད་ལ། ༼ཁ༽ལས་ཤོ་ལོ་ཀ་སོ་བརྒྱད་དང་ཚིག་རྐང་གཅིག་གིས་བསྟན་ཡོད། ༼ཁ༽ལ་ཚིག་རྐང་༧་ལྷག་པ་ཡོད། ཚིག་མཐུན་པ་༡༣༧ཡོད།
དེ་ནས་ ༼ཀ༽ལས་དལ་འབྱོར་ལེའུ་གསུམ་པ་དང་ ༼ཁ༽ལས་ལེའུ་གཉིས་པར་བསྟན་ཡོད། གཞུང་གཉིས་ཀར་ཤོ་ལོ་ཀ་ཉེར་གཅིག་རེ་ཡོད་ལ། ཚིག་འབྲུ་གཅིག་གཉིས་ལས་གཞན་མི་མཐུན་པ་གང་ཡང་མེད།
དེ་ནས་གཞུང་གཉིས་ཀའི་ལེའུ་བཞི་བ་ནི་འཁོར་བའི་ཉེས་དམིགས་ཡིན་ལ། གཞུང་གཉིས་ཀར། གང་ཞིག་སྐྱེས་བུའི་རྒྱུད་དུ་བསམ་བྱ་བ། །ཞེས་པ་ནས། རང་གིས་རང་སྦྱོང་སེམས་ཅན་སྙིང་རེ་རྗེ། །ཞེས་པའི་བར་དུ་ཚིག་བཅད་གཉིས་རེ་རྫོགས་རྗེས་༼ཀ༽ལས། འཁོར་བའི་སེམས་ཅན་ཟོ་ཆུ་བཞིན་དུ་བརྒྱུད། །ཅེས་པ་ནས། གྲོགས་མེད་གཅིག་པུར་འགྲོ་བ་གཏོ་བུ་བཞིན། །ཞེས་ཚིགས་བཅད་དྲུག་ལྷག་པ་ཡོད། ༼འདི་ཁ་ལས་འོག་ཏུ་བྱུང་ཡོད།༽ཡང་གཉིས་ཀར། ཚ་བའི་དམྱལ་བ་ཤིན་ཏུ་བཟོད་གླགས་མེད། །ཅེས་པ་ནས། ཚོར་བ་རགས་པའི་ལུས་ནི་འཕེལ་གྲིབ་ཆེ། །ཞེས་པའི་བར་དུ་ཚིག་བཅད་གཉིས་རེ་རྫོགས་རྗེས་༼ཁ༽ ལས། ཡང་སོས་ཐིག་ནག་བསྡུས་འཇོམས་ངུ་འབོད་དང་། །ཅེས་པ་ནས། མེ་མ་མུར་སོགས་ལྷག་པ་བཅུ་དྲུག་འཁོར། །ཞེས་ཚིགས་བཅད་ལྷག་པ་གཅིག་གིས་ཚ་དམྱལ་གྱི་རྣམ་གྲངས་བསྟན་ཡོད། དེ་ནས་གཉིས་ཀར། གྲང་བའི་དམྱལ་བ་ཤིན་ཏུ་བཟོད་གླགས་མེད། །ཅེས་པ་ནས། ལས་ཀྱིས་མནར་བའི་ལུས་འདི་སྨྲས་ཅི་དགོས། །ཞེས་པའི་བར་དུ་ཚིག་རྐང་དྲུག་རེ་རྫོགས་རྗེས། ༼ཁ༽ལས། ཆུ་བུར་རྡོལ་དང་སོ་ཐམ་ཀྱི་ཧུད་དང་། །ཞེས་པ་ནས། ཉིན་ཚེ་བ་དང་ཉིན་འཁོར་དམྱལ་བ་ནི། ཞེས་པའི་བར་དུ་ཚིག་རྐང་ལྷག་པ་ལྔས་གྲང་དམྱལ་གྱི་རྣམ་གྲངས་བསྟན་ཡོད། དེའི་རྗེས་གཞུང་གཉིས་ཀར། རོ་སྟོད་ལྕགས་ཀྱི་ཁང་བ་འབར་བས་བསྲེགས། །ཞེས་པ་ནས། ལ་ལ་མཁར་སྒོང་སོ་ཅན་མྱ་ངན་འདྲུད། །ཅེས་པའི་བར་དུ་ཚིག་རྐང་དགུ་རེ་རྫོགས་རྗེས། ༼ཀ༽ལས། ལ་ལ་ཐིག་ནག་སོག་ལེས་རྒྱ་གྲམ་དྲ། །མེ་མ་མུར་སོགས་ལྷག་པའི་བཅུ་དྲུག་མྱོང་། །ཞེས་ཚིག་གཉིས་བྱུང་ཡང་ཚིག་ཕྱི་མ་ནི་༼ཁ༽ལས་གོང་དུ་བསྟན་ཡོད། དེ་ནས་གཞུང་གཉིས་ཀར། གཞན་ཡང་ཚ་གྲང་སྡུག་བསྔལ་ཤིན་ཏུ་ཆེ། །ཞེས་པ་ནས། ཡང་ན་སེམས་གསལ་མེ་དཔུང་མཆོངས་དང་འདྲ། །ཞེས་པའི་བར་དུ་ཚིག་བདུན་བཅས་དམྱལ་བའི་དོན་ཡོངས་སུ་བསྟན་ཚར། དེ་ནས་གཞུང་གཉིས་ཀར་ཡི་དྭགས་ལ། ཡིད་ལ་ཞེན་ཅིང་ཆགས་པས་འདོད་པས་བརྒྱལ། །ཞེས་པ་ནས། བསྐལ་བར་གནས་སོགས་ཤིན་ཏུ་ཚེ་རིང་ངོ་། །ཞེས་པའི་བར་དུ་ཚིག་རྐང་བཅོ་བརྒྱད་རེས་བསྟན་ཡོད་པ་ལས། ༼ཀ༽ལས་བྱུང་བའི། མཁའ་ལ་རྒྱུ་སོགས་རྒྱུད་རྩུབ་བདེ་བ་མིན། །ཞེས་དང་༼ཁ༽ལས། ཁ་ཅིག་དེ་ལ་ཡ་ཐོག་སྐམ་འདྲའི་གཟུགས། །ཞེས་ཚིག་འདི་གཉིས་མི་མཐུན་པ་དང་གཞན་ཚིག་རྐང་འགའ་རེའི་གོང་འོག་བརྗེས་པ་ཙམ་ལས་བྱིངས་མི་མཐུན་པ་གང་ཡང་མེད། དེ་ནས་༼ཀ༽ལས་བྱོལ་སོང་ལ། བྱོལ་སོང་རྣམས་ནི་གླེན་ཅིང་ལྐུགས་པས་རྨོངས། །ཞེས་པ་ནས། གཅིག་གིས་གཅིག་ཟ་སྡུག་བསྔལ་འགྱུར་ཞིང་མྱོང་། །ཞེས་པའི་བར་དུ་ཚིག་རྐང་དྲུག་གིས་བསྟན་ཡོད་ལ། ༼ཁ༽ལས། བྱོང་སོང་གླེན་ཅིང་ལྐུགས་པས་མྱོས་ཤིང་རྨོངས། །ཞེས་པ་ནས། བཀྲེས་སྐོམ་ཚ་གྲང་འཇིགས་ཤིང་འབྲོས་པས་སྡུག །ཅེས་པའི་བར་དུ་ཚིག་རྐང་དྲུག་བྱུང་བ་ལས། མཇུག་གི་ཚིག་རྐང་གཉིས་མི་མཐུན་པ་དང་གཞན་རྣམས་ཚིག་གི་གོང་འོག་བརྗེས་པ་ལས་དོན་མི་མཐུན་པ་གང་ཡང་མེད། དེ་ནས་གཞུང་གཉིས་ཀར་མི་དང་ལྷ་མིན་ལྷ་གསུམ་ལ། འཛམ་གླིང་མི་རྣམས་མ་ཡི་རུམ་གནས་ཚེ། །ཞེས་པ་ནས། ཚེ་རིང་སྡུག་བསྔལ་འདུ་ཤེས་མེད་ལ་སོགས། །ཞེས་པའི་བར་དུ་ཚིགས་བཅད་བཅུ་གཅིག་རེས་བསྟན་རྗེས། ༼ཁ༽ལས། འཁོར་བའི་སེམས་ཅན་ཟོ་ཆུ་བཞིན་དུ་བརྒྱུད། །ཅེས་པ་ནས། གྲོགས་མེད་གཅིག་པུར་འགྲོ་བ་གཏོ་བུ་བཞིན། །ཞེས་ཚིག་བཅད་དྲུག་ལྷག་པ་ནི། ༼ཀ༽ལས་གོང་དུ་བྱུང་བའི་ཚིགས་བཅད་དེ་དྲུག་རང་རེད་འདུག དེ་ནས་གཞུང་གཉིས་ཀར། དེ་ལྟར་དེ་ནི་བསགས་པའི་ལས་ལས་འབྱུང་། །སེམས་ཅན་ལས་ནི་བཟང་ངན་གཉིས་སུ་བཤད། །ཅེས་པའི་ཚིག་རྐང་གཉིས་རེས་བསྟན་རྗེས། ༼ཁ༽ལས་ལེའུ་བཞི་བ་འཁོར་བའི་ཉེས་དམིགས་ཀྱི་དོན་ཡོངས་སུ་བསྟན་ཚར་བ་དང་། ༼ཀ༽ལས་ད་དུང་། སེམས་ཅན་བློ་ཡི་རང་བཞིན་ཐ་དད་པས། ཞེས་པ་ནས། དེའི་ཕྱིར་ལས་འབྲས་རྣམས་ལ་ངེས་ཤེས་བསྐྱེད། ཞེས་ཚིག་བཅད་ལྔ་དང་ཚིག་རྐང་གཉིས་ཀྱིས་མཇུག་དྲིལ་བའི་ཚིག་དག ༼ཁ༽ལས་ལེའུ་བདུན་པའི་མཇུག་ན་བསྟན་ཡོད། དེས་ན་ལེའུ་འདི་༼ཀ༽ལས་ཤོ་ལོ་ཀ་སོ་དགུས་བསྟན་ཡོད་ལ། ༼ཁ༽ལས་ཤོ་ལོ་ཀ་སོ་ལྔ་དང་ཚིག་རྐང་གཅིག་བཅས་བསྟན་ཡོད། ༼ཀ༽ལ་ཚིག་རྐང་བཅོ་ལྔ་ལྷག་པ་ཡོད། ཚིག་མཐུན་པ་༡༡༢ཡོད།
དེ་ནས་གཞུང་གཉིས་ཀའི་ལེའུ་ལྔ་བ་ནི་དད་པ་ཡིན་ལ། གཉིས་ཀ་ནས། གང་ཞིག་གང་གིས་སྐོམ་པ་ཆུས་གདུང་བཞིན། །ཞེས་པ་ནས། བསོད་ཟད་སྡུག་བསྔལ་རྣམས་ལའང་བརྟག་ལ་བཙལ། །ཞེས་པའི་བར་དུ་ཚིགས་བཅད་གཉིས་རེ་བསྟན་རྗེས། ༼ཁ༽ལས། ནམ་མཁའ་འདི་ནི་འཇིག་པར་འགྱུར་ཡང་སྲིད། །སངས་རྒྱས་ཀྱིས་ནི་མི་བདེན་ཚིག་མི་གསུང་། །ཞེས་ཚིག་གཉིས་ལྷག་པ་བྱུང་ཡོད། དེའི་རྗེས་གཞུང་གཉིས་ཀ་ནས། སྤང་ལ་ཆུ་བརྡོལ་བཀག་གིས་མི་ཁེགས་བཞིན། །ཞེས་པ་ནས། འཁོར་བའི་གནས་ནས་ཐར་བའི་བྱང་ཆུབ་ཐོབ། །ཅེས་པའི་བར་དུ་ཚིགས་བཅད་བདུན་རེས་དད་པའི་དོན་ཡོངས་སུ་བསྟན་ཡོད། དེས་ན་ལེའུ་འདི་༼ཀ༽ལས་ཤོ་ལོ་ཀ་དགུ་དང་༼ཁ༽ལས་ཤོ་ལོ་ཀ་དགུ་དང་ཚིག་རྐང་གཉིས་ཀྱིས་བསྟན་ཡོད། ཚིག་རྐང་གཉིས་ལྷག་པ་བྱུང་ཡོད། ཚིག་མཐུན་པ་༣༠ཡོད།
དེ་ནས་ལེའུ་དྲུག་པ་སྐྱབས་འགྲོའི་དོན་བསྟན་ཡོད་ལ། འགོ་ནས་༼ཀ༽ལས། གང་གི་ལུས་ཅན་དེ་ཡི་སྒྱུ་མའི་བློས། །ཞེས་པ་ནས། ཡིད་ཆེས་བློ་གཏད་གཞན་དུ་འགྱུར་བ་མིན། །ཞེས་ཤོ་ལོ་ཀ་གསུམ་དང་། ༼ཁ༽ལས། ལུས་ཅན་གང་ཞིག་སྡུག་བསྔལ་མཐོང་བ་ཡི། །ཞེས་པ་ནས། མཆོད་པའི་ཚོགས་བཤམས་སྤྲུལ་ཏེ་ཡོངས་སུ་འབུལ། །ཞེས་ཤོ་ལོ་ཀ་གཉིས་བྱུང་བ་ལས། དུས་འདི་ནས་བཟུང་བྱང་ཆུབ་འབྲས་བུའི་བར། །ཞེས་ཚིག་གཅིག་པུ་མཐུན་པ་ལས་གཞན་ཡེ་མི་མཐུན། དེ་ནས་གཉིས་ཀར། ཙོག་པུར་འདུག་སྟེ་ཐལ་མོ་རབ་སྦྱར་ནས། །ཞེས་པ་ནས། དེ་ལྟར་ལན་གསུམ་བརྗོད་ལ་སྐྱབས་སུ་གསོལ། །ཞེས་པའི་བར་དུ་ཚིགས་བཅད་གཉིས་རེ་བྱུང་བ་ནི་ཚིག་ལ་མི་མཐུན་པ་གང་ཡང་མེད། དེ་ནས།༼ཁ༽ལས། དེ་ལྟར་སངས་རྒྱས་བོན་དང་སེམས་དཔའ་ལ། །ཞེས་པ་ནས། ཡིད་ཆེས་བློ་གཏད་གཞན་དུ་འགྱུར་བ་མིན། །ཞེས་ཚིག་བཞི་ལྷག་པ་ལས། ཚིག་ཕྱི་མ་གཅིག་པུ་༼ཀ༽ལས་གོང་དུ་བསྟན་ཡོད། དེ་ནས་གཞུང་གཉིས་ཀ་ནས། གང་ཞིག་འཇིག་རྟེན་རྗེ་ཡི་ཡོན་ཏན་བཞིན། །ཞེས་པ་ནས། གང་ཞུགས་གཞུང་བཞིན་སྤྱོད་ན་འདོད་པ་འགྲུབ། །ཅེས་པའི་བར་དུ་ཚིགས་བཅད་བཅུ་བདུན་རེ་རྫོགས་པ་དང་། ༼ཁ༽ལས། ཆོས་སྤོང་ལས་ངན་དེ་ཡིས་ངན་འགྲོར་ཁྲིད། །ཅེས་ཚིག་གཅིག་ལྷག་པ་ཡོད། དེ་ནས་གཞུང་གཉིས་ཀ་ནས་ཤོ་ལོ་ཀ་གཅིག་རེས་སྐྱབས་འགྲོའི་དོན་ཡོངས་སུ་བསྟན་ཚར་ཡོད། དེས་ན་ལེའུ་འདི་༼ཀ༽ལས་ཤོ་ལོ་ཀ་ཉེར་གསུམ་གྱིས་བསྟན་ཡོད་ལ། ༼ཁ༽ལས་ཤོ་ལོ་ཀ་ཉེར་གསུམ་དང་ཚིག་རྐང་གཅིག་གིས་བསྟན་ཡོད། ཚིག་རྐང་གཅིག་གིས་མང་བ་ཡིན། ཚིག་མཐུན་པ་༨༢ཡོད།
དེ་ནས་གཞུང་གཉིས་ཀའི་ལེའུ་བདུན་པ་ནི་དགེ་སྡིག་གི་སྤང་བླང་ཡིན་ལ། འགོ་ནས་གཞུང་གཉིས་ཀར་ཚིགས་བཅད་གཅིག་སོང་བའི་རྗེས་ནས་མི་དགེ་བཅུའི་དོན་བྱུང་ཡོད་པས། ༼ཀ༽ལས་སྲོག་གཅོད་པ་དང་ ལོག་གཡེམ། མ་བྱིན་པ་ལེན་པ། ངག་འཁྱལ། ཚིག་རྩུབ་བཅས་ལ་ཚིག་བཅད་བཞི་རེས་བསྟན་ཡོད། རྫུན་དུ་སྨྲ་བ་ལ་ཚིགས་བཅད་བཞི་དང་ཚིག་རྐང་གཉིས། ཕྲ་མ་སྨྲ་བ་ལ་ཚིགས་བཅད་གསུམ་དང་ཚིག་རྐང་གཉིས། མངན་སེམས་ལ་ཚིགས་བཅད་བཞི། གནོད་སེམས་ལ་ཚིགས་བཅད་གསུམ་དང་ཚིག་རྐང་གཉིས། ལོག་ལྟ་ལ་ཚིགས་བཅད་ལྔ་དང་ཚིག་རྐང་གཉིས་ཀྱིས་བསྟན་ཡོད། ༼ཁ༽ལས་མི་དགེ་བཅུའི་གོང་རིམ་ནི། སྲོག་གཅོད་པ། མ་བྱིན་པ་ལེན་པ། ལོག་གཡེམ། རྫུན་དུ་སྨྲ་བ། ཕྲ་མ་སྨྲ་བ། ཚིག་རྩུབ། ངག་འཁྱལ། མངན་སེམས། གནོད་སེམས། ལོག་ལྟ་ལྟར་བསྟན་ཡོད་པས་ཚིག་རྐང་ལ་མང་ཉུང་ཅི་ཡང་མེད། དེ་ནས་གཞུང་གཉིས་ཀར། དེ་ལ་སོགས་པ་དགེ་བའི་སྒོར་ཞུགས་ནས། །ཞེན་པ་སྤོང་མི་སྤོང་གིས་ལྷ་མི་ཐོབ། །ཅེས་ཚིག་རྐང་གཉིས་རེ་བསྟན་རྗེས། ༼ཀ༽ལས། གཞན་ཡང་ཁྲིམས་དག་སྨོན་ལམ་སེམས་བསྐྱེད་ལེགས། །གོལ་ལྟུང་སྒོམ་སོགས་ལྷ་ཡི་རྒྱུ་རུ་འགྱུར། །ཅེས་ཚིག་གཉིས་ཀྱིས་མི་དགེ་བའི་དོན་ཡོངས་སུ་རྫོགས་པར་བསྟན་ཡོད། ཡང་ནའང་༼ཁ༽ལས་ད་དུང་། གཞན་ཡང་འཆི་ཁར་སེམས་བསྐྱེད་སྨོན་ལམ་ལེགས། །ཞེས་པ་ནས། མཐོ་རིས་ངན་སོང་མནར་མེད་ཐར་བ་འགྲུབ། ཅེས་བར་ཚིགས་བཅད་གཅིག་ལྷག་པ་དང་། དེ་ནས། རང་གིས་ལས་བྱས་རང་ལ་སྨིན་པར་འགྱུར། །ཞེས་པ་ནས། དགེ་སྡིག་འཆོལ་བར་སྤྱོད་རྣམས་འགྲོ་དྲུག་རྒྱུད། །ཅེས་པའི་བར་གྱི་ཚིགས་བཅད་གསུམ་ནི། ༼ཀ༽ལས་ལེའུ་བཞི་བ་འཁོར་བའི་ཉེས་དམིགས་ཀྱི་སྐབས་སུ་བསྟན་ཡོད་པ་དེ་ཡིན། དེ་ནས་ཡང་༼ཁ༽ལས། སྡིག་པས་ངན་འགྲོར་འཕེན་རྫོགས་གཉིས་བྱེད་དེ། །ཞེས་པ་ནས། སྔ་མ་སྔ་མ་ཉེ་བར་སྨིན་པ་འོ། །ཞེས་ཚིག་རྐང་དྲུག་པོ་ནི་༼ཀ༽ལས་གང་དུའང་བསྟན་མེད། དེའི་རྗེས། ༼ཁ༽ལས། འདི་ལ་མྱོང་འགྱུར་གཤེན་ཟ་ནེའུ་ཆུང་བཞིན། ཞེས་པ་ནས། དེ་ཕྱིར་ལས་འབྲས་རྣམས་ལ་ངེས་ཤེས་བསྐྱེད། །ཅེས་ཚིག་རྐང་དྲུག་བྱུང་བ་ཡང་༼ཀ༽ལས་འཁོར་བའི་ཉེས་དམིགས་ཀྱི་སྐབས་སུ་བསྟན་ཡོད། དེ་བས་ལེའུ་འདི་༼ཀ༽ལས་ཚིགས་བཅད་ཞེ་གསུམ་གྱིས་བསྟན་པ་དང་། ༼ཁ༽ལས་ཚིག་བཅད་ཞེ་དགུ་དང་ཚིག་རྐང་གསུམ་གྱིས་བསྟན་ཡོད། ༼ཁ༽ལ་ཚིག་རྐང་ཉེར་བདུན་གྱིས་མང་ཡོད། ཚིག་མཐུན་པ་༡༧༢ཡོད།
ལེའུ་བརྒྱད་པར་ཉོན་མོངས་དང་གཉེན་པོའི་དོན་བསྟན་ཡོད་ལ། གཞུང་གཉིས་ཀར་འགོ་ནས་ཚིགས་བཅད་གཅིག་རེ་སོང་རྗེས། ༼ཁ༽ལས། ཉོན་མོངས་ཀུན་གྱི་རྩ་བ་གཏི་མུག་སྟེ། །དེ་ཉིད་ལ་རྨོངས་བདག་ཏུ་ལྟ་བ་ཡིས། །ཐ་དད་གྲུབ་པར་འཛིན་པས་ཆགས་སྡང་སོགས། །དེ་ལ་བརྟེན་ནས་ཉོན་མོངས་སྐྱེ་ཕྱིར་རོ། །ཞེས་ཚིགས་བཅད་གཅིག་བྱུང་བ་ནི། ༼ཀ༽ལས་དེ་དང་མཚུངས་པའི་ཚིག་འདིའི་སྐབས་སུ་བྱུང་མེད། དེ་ནས་༼ཀ༽ལས་གཏི་མུག་གི་དོན། གཏི་མུག་ངོ་བོ་མ་ཤེས་རྨོངས་པ་སྟེ། །ཞེས་པ་ནས། དེ་ཚེ་ལས་ཀྱི་རྒྱུ་བསགས་བྱོལ་སོང་སྐྱེ། །ཞེས་པའི་བར་དུ་ཚིགས་བཅད་གསུམ་གྱིས་བསྟན་ཡོད་པ་ལས། ཤ་རུས་ས་ཁམས་གཟུགས་ཀྱི་ཕུང་པོ་བསྐྱེད། །ཅེས་པའི་ཚིག་འདི་༼ཁ༽ལས་བྱུང་མེད། གཞན། རྨོངས་དང་གླེན་དིག་ལུང་ལོག་ལ་སོགས་འགྱུར། །དེ་ཚེ་ལས་ཀྱི་རྒྱུ་བསགས་བྱོལ་སོང་སྐྱེ། །ཞེས་པའི་ཚིག་གཉིས་པོ་འདི་༼ཁ༽ལས། རྨོངས་འགྱུར་དེ་ཚེ་ལས་བསགས་བྱོལ་སོང་སྐྱེ། །ཞེས་ཚིག་གཅིག་གིས་འཐུས་པར་བྱས་ཡོད། ཡང་༼ཀ༽ལས་འདོད་ཆགས་ཀྱི་དོན་ཚིག་རྐང་བཅུས་བསྟན་ཡོད་པ་ལས། དྲོད་མེ་ཁམས་དང་འདུ་ཤེས་ཕུང་པོས་བསྐྱེད། །ཅེས་པའི་ཚིག་འདི་༼ཁ༽ལས་ཡེ་བསྟན་མེད། གཞན། འཁྲིག་ཅིང་སྦྱོར་ལ་ཆགས་ཤིང་ཞེན་པ་དང་། །ཚོགས་དྲུག་ཡུལ་ལ་ཆགས་ཤིང་ཞེན་པ་འོ། །ཞེས་པའི་ཚིག་གཉིས་ལ་༼ཁ༽ལས། ཚོགས་དྲུག་ཡུལ་དང་འཁྲིག་པའི་སྦྱོར་བ་གཉིས། །ཞེས་ཚིག་གཅིག་གིས་འཐུས་པར་བྱས་ཡོད། ཡང་༼ཀ༽ལས་ཞེ་སྡང་ལ་ཚིགས་བཅད་གཉིས་ཀྱི་བསྟན་ཡོད་པ་ལས། ནམ་མཁའ་རྣམ་ཤེས་ཕུང་པོས་བསྐྱེད་པ་འོ། །ཞེས་པའི་ཚིག་འདི་༼ཁ༽ལས་བྱུང་མེད་ལ། གཞན། ཡིད་མི་འོང་བའི་ཡུལ་ལ་སྐྱེ་བར་འགྱུར། །དཔེར་ན་མེ་དཔུང་འབར་བ་ལྟ་བུ་འོ། །ཞེས་ཚིག་གཉིས་པོ་འདི་༼ཁ༽ལས། ཡིད་དུ་མི་འོང་ལ་སྐྱེ་མེ་དཔུང་བཞིན། །ཞེས་ཚིག་གཅིག་གིས་འཐུས་པར་བྱས་ཡོད། ཡང་༼ཀ༽ལས་ང་རྒྱལ་གྱི་དོན་ཚིགས་བཅད་གཉིས་ཀྱིས་བསྟན་ཡོད་པ་ལས། དབུགས་རླུང་འདུ་བྱེད་ཕུང་པོས་བསྐྱེད་པ་འོ། །ཞེས་པའི་ཚིག་འདི་༼ཁ༽ལས་བྱུང་མེད། གཞན། རང་གི་ཡོན་ཏན་ཡུལ་ལས་སྐྱེ་བར་འགྱུར། །དཔེར་ན་རླུང་དམར་འཚུབ་པ་ལྟ་བུ་འོ། །ཞེས་པའི་ཚིག་གཉིས་པོ་འདི་༼ཁ༽ལས། རང་གི་ཡོན་ཏན་ལས་སྐྱེ་རླུང་དམར་བཞིན། །ཞེས་ཚིག་གཅིག་གིས་འཐུས་པར་བྱས་ཡོད། ཡང་༼ཀ༽ལས། ཕྲག་དོག་གི་དོན་ཚིགས་བཅད་གསུམ་གྱིས་བསྟན་པ་ལས། ཁྲག་ཆུ་ཚོར་བའི་ཕུང་པོས་བསྐྱེད་པ་འོ། །ཞེས་ཚིག་འདི་༼ཁ༽ལས་ཡེ་བྱུང་མེད་པ་དང་། གཞན། རིགས་མཐུན་ཆ་མཉམ་ཡུལ་ལ་སྐྱེ་བར་འགྱུར། །དཔེར་ན་ས་ཡི་རྩེ་ར་ལྟ་བུ་འོ། །ཞེས་པའི་ཚིག་གཉིས་པོ་ལ་༼ཁ༽ལས། རིགས་མཐུན་ཆ་མཉམ་ལས་སྐྱེ་བཙོན་ར་ལྟར། །ཞེས་ཚིག་གཅིག་གིས་འཐུས་པར་བྱས་ཡོད། དེ་ནས་༼ཁ༽ལས། དུག་ལྔ་ཆ་མཉམ་དགེ་བའི་ཟུར་སྡོངས་ཀྱིས། །མི་དང་ལྷ་ཡི་གོ་འཕང་འཐོབ་ཅེས་གསུང་། ཞེས་པ་ནས། མྱུར་དུ་སྤོང་ཞིང་དགེ་བའི་གོ་སྐབས་འགགས། །ཞེས་པའི་བར་གྱི་ཚིག་བཅད་དྲུག་པོ་ནི། ༼ཀ༽ལས་དེ་དང་མཚུངས་པའི་ཚིག་བྱུང་མེད། དེ་ནས་གཞུང་གཉིས་ཀར། གསལ་བའི་སྒྲོན་གྱིས་མུན་པའི་ཚོགས་འཇོམས་བཞིན། །ཞེས་པ་ནས། སྟོབས་འདྲེན་ལམ་པས་གཉེན་པོ་དྲག་ཏུ་བརྟེན། ཞེས་པའི་བར་དུ་ཚིག་རྐང་བཅུ་བཞིས་བསྟན་ཡོད། དེའི་རྗེས། ༼ཀ༽ལས། ཡང་ན་དུག་མེད་ཡེ་ཤེས་རྒྱུན་ཆད་པས། ། ཞེས་པ་ནས། ཉོན་མོངས་སེམས་ལས་བྱུང་བའི་སེམས་ཉིད་ནི། །ཞེས་པའི་བར་གྱི་ཚིགས་བཅད་བཞི་བོ་ནི་༼ཁ༽ལས་བྱུང་མེད། དེ་ནས་གཞུང་གཉིས་ཀར། ཡང་ན་དུག་ལྔ་རང་གྲོལ་སྦྲུལ་མདུད་བཞིན། །ཞེས་པ་ནས། དུག་ལྔ་ཡེ་ཤེས་གཉིས་མེད་བསམ་བརྗོད་འདས། །ཞེས་པའི་བར་དུ་ཚིགས་བཅད་བཞིས་བསྟན་ཡོད། དེ་ནས་༼ཀ༽ལས། དུག་ལྔ་མི་སྤང་ཐབས་ཡིན་ཡེ་ཤེས་ལྔ། །ཞེས་པ་ནས། སྐྱེས་བུའི་ཉམས་ཚད་བཟུང་ཞིང་རིང་བར་འགྱུར། །ཞེས་བར་དུ་ཚིག་རྐང་དྲུག་གིས་ལེའུ་འདིའི་དོན་ཡོངས་སུ་བསྟན་ཚར་ཡོད། ཚིག་རྐང་དྲུག་པོ་འདིའི་དང་པོ་གཉིས་ལ་༼ཁ༽ལས་དེ་དང་མཚུངས་པའི་ཚིག་བྱུང་མེད་ལ། ཚིག་རྐང་ཕྱི་མ་བཞི་བོ་༼ཁ༽ལས་ཚིག་འབྲུ་ཅུང་མི་འདྲ་ལས་དོན་གཅིག་མཚུངས་སུ་སྟོན་པའི་ཚིགས་བཅད་གཅིག་བྱུང་ཡོད། དེའི་རྗེས་༼ཁ༽ལས། འཁོར་བ་འཇུག་ལྡོག་རྟེན་འབྲེལ་བཅུ་གཉིས་ཏེ། །ཞེས་པ་ནས། བསླབ་པ་གསུམ་གྱིས་གྲོལ་བར་རྒྱལ་བས་གསུངས། །ཞེས་ཚིགས་བཅད་བདུན་གྱིས་རྟེན་འབྲེལ་བཅུ་གཉིས་ཀྱི་དོན་དང་བཅས་ལེའུ་འདི་ཡོངས་སུ་བསྟན་ཚར་ཡོད། ཚིག་འདི་དག་ནི་༼ཀ༽ལས་ཡེ་བྱུང་མེད་པས། ཚང་མ་རྗེས་ནས་མཁས་པ་གཞན་གྱིས་གསལ་བྱེད་བྱས་པ་གདོན་མི་ཟའོ། །དེས་ན་ལེའུ་འདིར་༼ཀ༽ལས་ཤོ་ལོ་ཀ་ཉེར་བདུན་དང་ཚིག་རྐང་གཉིས་ཀྱིས་བསྟན་ཡོད་ལ། ༼ཁ༽ལས་ཤོ་ལོ་ཀ་སོ་གསུམ་དང་ཚིག་རྐང་གཉིས་ཀྱིས་བསྟན་ཡོད། ཚིག་བཅད་དྲུག་གིས་མང་བ་ཡིན། ཚིག་མཐུན་པ་༧༣ཡོད།
གཞུང་གཉིས་ཀའི་དོན་དགུ་བ་ནི་སེམས་བསྐྱེད་ཡིན་ལ། འགོ་ནས་༼ཀ༽ལས། བྱང་ཆུབ་སེམས་བསྐྱེད་གཞན་གྱི་དོན་ཡིན་ཏེ། །བྱམས་པས་དེ་འབྱུང་དེ་ཉིད་སྙིང་རྗེ་འབྱུང་། །སྙིང་རྗེ་འགྲོ་རྣམས་མཐུན་ཕྱོགས་ཤེས་ལས་འབྱུང་། །ཞེས་ཚིག་གསུམ་གྱི་དོན། ༼ཁ༽ལས། བྱང་ཆུབ་སེམས་བསྐྱེད་གཞན་གྱི་དོན་ཕྱིར་དུ། །སངས་རྒྱས་ཐོབ་འདོད་བློ་ཡིན་ལུང་ལས་གསུངས། །བྱམས་དང་སྙིང་རྗེས་དེ་ཉིད་འབྱུང་བ་སྟེ། །དེ་ཡང་འགྲོ་རྣམས་མཐུན་ཕྱོགས་ཤེས་ལས་འབྱུང་། །ཞེས་ཚིགས་བཅད་གཅིག་གིས་བསྟན་ཡོད། ཡང་༼ཁ༽ལས། འཁོར་བའི་སེམས་ཅན་ཟོ་ཆུ་བཞིན་དུ་བརྒྱུད། །ཅེས་ཚིག་གཅིག་བྱུང་བ་འདི་གཞུང་གཉིས་ཀ་ནས་ལེའུ་བཞི་བ་འཁོར་བའི་ཉེས་དམིགས་སྐབས་སུའང་བྱུང་ཡོད་མོད། འདིའི་སྐབས་སུ་འབྲེལ་མི་ཆགས་པ་ཞིག་ཀྱང་མིན་ལ་༼ཀ༽ལས་འདིར་བྱུང་མེད་པ་ཙམ་མོ། །དེ་ནས་གཞུང་གཉིས་ཀ་ནས། ཕ་མ་བུ་ཚ་ཚང་ཟླ་ལ་སོགས་ཏེ། །ཞེས་པ་ནས། ཐོབ་པར་འདོད་དང་སྒྲུབ་པའི་ཐབས་གཉིས་ནི། །ཞེས་པའི་བར་ཚིག་རྐང་དགུ་བྱུང་བ་ལ་མི་མཐུན་པ་གང་ཡང་མེད། དེ་ནས་༼ཀ༽ལས། རྒྱུ་དང་འབྲས་བུའི་སེམས་བསྐྱེད་བླ་མས་གསུངས། །ཞེས་པ་ནས། བསླབ་པར་བྱ་ཞིང་ཞིབ་པར་གཞན་དུ་བལྟ། །ཞེས་བར་དུ་ཚིགས་བཅད་ལྔ་བྱུང་བ་དང་། ༼ཁ༽ལས་སྨོན་འཇུག་བྱང་ཆུབ་སེམས་གཉིས་ལུང་ལས་བཤད། །ཅེས་བར་གྱི་ཚིགས་བཅད་བདུན་བྱུང་བ་ལས། རྒྱུ་དང་འབྲས་བུའི་སེམས་བསྐྱེད་བླ་མས་གསུངས། ཞེས་དང་། བསོད་ནམས་ཚོགས་བསགས་སྐྱབས་སུ་གསོལ་བྱས་ལ། །རང་གཞན་ཡུལ་ལ་ཡན་ལག་ཚང་བ་ཡིས། །སངས་རྒྱས་སེམས་དཔའ་རྣམས་ཀྱི་ཐུགས་བསྐྱེད་བཞིན། །ཞེས་དང་། དངོས་དང་བསམ་པའི་ནུས་པ་དང་སྦྱར་ལ། །ཞེས་ཚིག་ལྔ་ཅུང་མཐུན་པ་ཙམ་ལས་གཞན་རྣམས་བྱིངས་མི་མཐུན་ལ། དེ་དག་གི་གོང་འོག་ཀྱང་འཁྲུགས་ནས་ཡོད། དེ་ནས་གཞུང་གཉིས་ཀར། སྲས་ལ་གཞན་དོན་སྐྱེས་པའི་དུས་ཉིད་ལ། །ཞེས་པ་ནས། འཆོར་བར་མི་འགྱུར་ལ་སོགས་བརྗོད་མི་ལང་། །ཞེས་པའི་བར་དུ་ཚིག་རྐང་བཅུ་བཞིས་སེམས་བསྐྱེད་ཀྱི་དོན་ཡོངས་སུ་བསྟན་ཚར་ཡོད། དེ་ན་ལེའུ་འདི་༼ཀ༽ལས་ཚིགས་བཅད་བཅུ་གཅིག་དང་ཚིག་རྐང་གཉིས་ཀྱིས་བསྟན་ཡོད་ལ། ༼ཁ༽ལས་ཤོ་ལོ་ཀ་བཅོ་ལྔས་བསྟན་ཡོད། ཚིག་རྐང་བཅུ་བཞི་མང་བ་ཡིན། ཚིག་མཐུན་པ་༢༨ཡོད། ལེའུ་འདི་ནི་གཞུང་གཉིས་ཀར་བསྡུར་ན་ཤིན་ཏུ་འཁྲུགས་ནས་ཡོད་པས་ཆེས་རྙོག་འཛིང་ཅན་གྱི་ལེའུ་གཅིག་རེད།
དེ་ནས་ལེའུ་བཅུ་བ་ནི་བསམ་གཏན་གྱི་དོན་ཡིན་ལ། ༼ཁ༽ལས། གཡོ་མེད་རྩ་གཅིག་ལྡན་པའི་སེམས་ཀྱིས་ནི། །ཞེས་པ་ནས། གསལ་ལ་མི་རྟོགས་ཏིང་འཛིན་བསྒོམ་པར་བྱ། །ཞེས་པའི་བར་གྱི་ཚིག་དྲུག་པོ་ནི་ ༼ཀ༽ལས་བྱུང་མེད། དེ་ནས་གཞུང་གཉིས་ཀར། མཚོ་གླིང་དུར་ཁྲོད་ནགས་ཚལ་ལུང་ཕུག་ཏུ། །ཞེས་པ་ནས། དེ་བཞིན་ཉིད་ཀྱི་ཏིང་འཛིན་མངོན་དུ་གྱུར། །ཞེས་པའི་བར་དུ་ཚིག་རྐང་བཅོ་ལྔས་བསྟན་ཡོད་པ་ལ་མི་མཐུན་པ་གང་ཡང་མེད། དེ་ནས། ༼ཀ༽ལས། དལ་འབྱོར་ལུས་ལ་ཤེས་རབ་སྙིང་རྗེ་ལྡན། །ཞེས་པ་ནས། སྒོམ་དང་བཟླས་དང་བསྲུང་བའི་རིམ་པ་བྱ། །ཞེས་པའི་བར་དུ་ཚིག་རྐང་བཅུ་བཞི་བྱུང་བ་དང་། ༼ཁ༽ལས། སྔོན་ཆད་ལས་དང་བྱ་བ་མང་སྤྱོད་ཀྱང་། །ཞེས་པ་ནས། དོན་ཆེན་སྒྲུབ་པ་འདི་ལ་གོ་ཆ་བགོ །ཞེས་ཚིག་དྲུག་བྱུང་བ་རྣམས་ཡེ་མི་མཐུན་ནོ། །དེ་ནས་གཞུང་གཉིས་ཀར་མཐུན་པར། ལྟོ་གོས་སྤྱོད་ལམ་ཆ་མཉམ་དབེན་གནས་སུ། །ཞེས་པ་ནས། ཤིན་ཏུ་སྦྱངས་པས་ལས་སུ་རུང་བར་འགྱུར། །ཞེས་པའི་བར་དུ་ཚིགས་བཅད་གསུམ་བསྟན་ཡོད། དེ་ནས་༼ཀ༽ལས། ཡིད་ལ་བྱ་བ་ཀུན་སྤོང་བླ་མ་ཡི། །ཞེས་པ་ནས། རིག་པའི་རྩལ་དང་རང་རང་གཉེན་པོས་བཅོས། །ཞེས་བར་དུ་ཚིག་བཅད་དྲུག་དང་ཚིག་རྐང་གཉིས་སོང་བ་དང་། ༼ཁ༽ལས། ཡིག་འབྲུ་ཐིག་ལེ་དབུགས་ཀྱི་འབྱུང་འཇུག་གམ། །ཞེས་པ་ནས། གཉིས་ཀ་ཐོབ་ཚེ་དེ་ལྟར་གྱུར་པ་འོ། །ཞེས་བར་དུ་ཚིགས་བཅད་བཅུ་གཉིས་དང་ཚིག་རྐང་གཉིས་སོང་བ་སོགས་ལས། ཤིང་རྐྱང་ཟམ་པ་རྒྱལ་པོའི་ཁྲིམས་བཞིན་དུ། །ཞེས་པའི་ཚིག་གཅིག་པུ་ལས་གཞན་རྣམས་བྱིངས་མི་མཐུན་ནོ། །དེ་ནས་༼ཀ༽ལས། མཉམ་པར་བཞག་ལས་ལྡང་བའི་རྗེས་ཐོབ་ནི། །ཞེས་པ་ནས། མཚན་མེད་ལ་སོགས་ཡོན་ཏན་ཇེ་ཆེར་འགྱུར། །ཞེས་པའི་བར་དུ་ཚིགས་བཅད་བཅུ་དང་ཚིག་རྐང་གསུམ་བྱུང་བ་དང་། ༼ཁ༽ལས། མཉམ་པར་བཞག་ལས་ལྡང་བའི་རྗེས་ཐོབ་ནི། །ཞེས་པ་ནས། ལས་ཉོན་ཟད་ན་ཡང་སྲིད་ལེན་མི་འགྱུར། །ཅེས་པའི་བར་དུ་ཚིགས་བཅད་བཞི་དང་ཚིག་རྐང་གཉིས་བྱུང་བ་ལས། མཉམ་པར་བཞག་ལས་ལྡང་བའི་རྗེས་ཐོབ་ནི། །ཞེས་དང་། འགྲོ་འདུག་ལ་སོགས་སྤྱོད་ལམ་ཐམས་ཅད་དང་། །ཉོན་མོངས་སྐྱེ་བ་དབང་པོའི་ཡུལ་རྣམས་དང་། །དགེ་སྡུག་བྱ་བའི་ལས་སྤྱོད་ཐམས་ཅད་ནི། །ཞེས་དང་། དེ་ལྟར་ཐབས་ཀྱིས་ཡོངས་སུ་ཟིན་གྱུར་ན། །བྱང་ཆུབ་ལམ་དང་ནམ་ཡང་འབྲལ་བ་མེད། །ཅེས་པའི་ཚིག་དྲུག་པོ་ལས་གཞན་རྣམས་བྱིངས་མི་མཐུན་ནོ། །དེ་ནས་༼ཀ༽ལས། དྲོད་རྟགས་མངོན་ཤེས་རྫུ་འཕྲུལ་ལ་སོགས་འབྱུང་། །ཞེས་པ་ནས། བདུད་ཀྱི་མི་ཚུགས་མཐའ་རུ་ཕྱིན་པར་འགྱུར། །ཞེས་པའི་བར་ཚིག་རྐང་ལྔ་བྱུང་བ་དང་། ༼ཁ༽ལས། སྦྱངས་པའི་སྟོབས་ལས་མཁྱེན་པའི་ཡེ་ཤེས་དང་། ཞེས་པ་ནས། བདུད་ཀྱི་མི་ཚུགས་མཐའ་རུ་ཕྱིན་པར་འགྱུར། །ཞེས་བར་དུ་ཚིགས་བཅད་གཅིག་བྱུང་བ་ལས། ༼ཀ༽ལ། འཇིག་རྟེན་བཟོ་རྣམས་གང་གོམས་མཁས་པ་བཞིན། །ཞེས་པའི་ཚིག་འདི་ལྷག་པ་དང་གཞན་གཞུང་གཉིས་ཀྱི་ཚིག་རྐང་དང་པོ་གཉིས་ཀྱི་གོང་འོག་བརྗེས་ཡོད་པ་ལས་གཞན་མི་མཐུན་པ་གང་ཡང་མེད། དེ་ལྟར་གཞུང་གཉིས་ཀའི་དོན་བཅུ་བ་བསམ་གཏན་བསྟན་ཚར་ཡོད། དེ་ན་༼ཀ༽ལས་ཤོ་ལོ་ཀ་ཉེར་བརྒྱད་དང་ཚིག་རྐང་གསུམ་བྱུང་ཡོད་ལ། ༼ཁ༽ལས་ཤོ་ལོ་ཀ་ཉེར་བརྒྱད་བྱུང་ཡོད། བལྟས་ཚོད་ལ་གཞུང་འདི་གཉིས་ཀ་ཚིག་རྐང་མང་ཉུང་ཆེར་མེད་ནའང་། འོན་ཀྱང་ལེའུ་འདི་སྐབས་སུ་གཞུང་གཉིས་ལས་ཚིག་རྐང་སོ་བཞི་ཙམ་མཐུན་པ་ལས། གཞན་ཚིགས་བཅད་ཉི་ཤུ་ཡེ་མི་མཐུན་པས་གཞུང་གཅིག་ཡིན་ཞེ་ན་བློར་མི་ཤོང་བ་ལྟར་དུ་སྣང་ངོ་།།
ལེའུ་བཅུ་གཅིག་པ་ནི་བདག་མེད་ཀྱི་དོན་ཡིན་ལ། གཞུང་གཉིས་ཀ་ནས། གང་ཟག་བདག་ཏུ་འཛིན་པ་སྤང་བ་དང་། །ཞེས་པ་ནས། སྟོང་ཞིང་བདག་མེད་རྣམ་གཉིས་འདིར་གསལ་བྱ། །ཞེས་ཚིགས་བཅད་གཅིག་སོང་རྗེས། ༼ཀ༽ལས། ཟག་བཅས་ཕུང་པོའི་རྒྱུད་ལ་གང་ཟག་བྱ། །ཞེས་པ་ནས། གཅིག་ལ་ལྔ་སྤྲོས་དུ་མར་སོ་སོར་སྣང་། །ཞེས་པའི་བར་དུ་ཚིགས་བཅད་དྲུག་བྱུང་བ་དང་། ༼ཁ༽ལས། ཉེ་བར་ལེན་པའི་ཕུང་པོ་ལ་བརྟེན་ནས། །ཞེས་པ་ནས། བདག་དེ་རིག་པས་བཙལ་བས་རྙེད་མི་འགྱུར། །ཞེས་ཚིགས་བཅད་དྲུག་བྱུང་བ་རྣམས་ཡེ་མི་མཐུན་ནོ། །དེ་ནས་གཞུང་གཉིས་ཀ་ནས། ཕྱི་ནང་སྣོད་བཅུད་འཁོར་འདས་ཐམས་ཅད་ནི། །ཞེས་པ་ནས། འཁོར་བ་ཡོངས་སུ་མྱ་ངན་འདའ་བར་འགྱུར། །ཞེས་མཇུག་བར་གྱི་ཚིག་བཅད་ཉི་ཤུ་བོ་ལ་ཡིག་འབྲུ་གཅིག་གཉིས་ལས་གཞན་མི་མཐུན་པ་གང་ཡང་མེད། ལེའུ་འདི་གཞུང་གཉིས་ཀ་ན་ཚིགས་བཅད་ཉེར་བདུན་རེ་བྱུང་ཡོད་པས་ཚིག་ལ་མང་ཉུང་མེད། ཚིག་མཐུན་པ་༨༤ཡོད།
ལེའུ་བཅུ་གཉིས་པ་ནི་གདམས་པ་ཡིན་ལ། གཞུང་གཉིས་ཀ་ལས། ཚུར་རོལ་མཐོང་བ་དག་གིས་མཁས་རྣམས་ལ། །ཞེས་པ་ནས། མཚན་བཅས་མཚན་མེད་དགེ་བའི་ཚོགས་ལ་འབད། །ཅེས་པའི་བར་གྱི་ཚིགས་བཅད་བཅུ་གསུམ་པོ་ལས། ༼ཀ༽ལས་བྱུང་བའི། ཚིག་བཞི་ཚིགས་བཅད་གཅིག་སྒོམ་གྲོལ་བར་འགྱུར། །ཞེས་དང་། སེམས་ཉིད་དོན་མ་རྟོགས་ཀྱི་བར་དུ་སྦྱོང་། །ཞེས་ཚིག་འདི་གཉིས་ཀྱི་དོད་དུ། ༼ཁ༽ལས། གཉེན་པོ་ནན་ཏན་བསྟེན་ན་གྲོལ་བར་འགྱུར། །ཅེས་དང་། བདག་མེད་མངོན་དུ་མ་གྱུར་བར་དུ་སྦྱོང་། །ཞེས་ཚིག་མི་མཐུན་པ་གཉིས་བྱུང་བ་ལས་གཞན་མི་མཐུན་པ་གང་ཡང་མེད། དེ་ནས་༼ཀ༽ལས། རྟོག་མེད་ཏིང་འཛིན་སྐྱེས་ན་མཚན་མ་ཡི། །དགེ་བ་གཙོར་བྱས་མ་ཡིན་དེ་ཉིད་ནི། །བརྟན་མིན་གཞན་དོན་དགེ་བ་ཅི་ནུས་བྱ། །ཚིག་གི་རྟོགས་པ་དགེ་བ་ཁྱད་གསོད་བདུད། །ཅེས་པའི་ཚིགས་བཅད་གཅིག་བྱུང་བ་དང་། ༼ཁ༽ལས་དེ་དང་མི་མཐུན་པའི། རང་སེམས་གཞན་དུ་གཡེངས་པའི་ལུས་ངག་གིས། །ལས་ཀྱི་འབྲས་བུ་ཤིན་ཏུ་འབྱིན་པ་དཀའ། །སྐྱོན་དང་ཡོན་ཏན་ཀུན་འབྱུང་སྟོབས་ཆེན་བས། །གཙོ་ཆེ་རང་སེམས་སྦྱངས་ལ་ནན་ཏན་བྱ། །ཞེས་ཚིགས་བཅད་གཅིག་བྱུང་བ་ལས། གཞན་མཇུག་བར་དུ་བྱུང་བའི་ཚིག་བཅད་ཉེར་གཉིས་པོ་དང་བསྔོ་སྨོན་གྱི་ཚིགས་བཅད་བཞི་བ་ལའང་ཚིག་འབྲུ་གཅིག་གཉིས་ལས་མི་མཐུན་པ་གང་ཡང་མེད། ཚིག་མཐུན་པ་༡༡༨ཡོད། གཞུང་གཉིས་ཀའི་ཚིག་མཐུན་མིན་གྱི་སྐོར་རེའུ་མིག་གཉིས་པར་གཟིགས།
དཔྱད་འབྲས་དང་བཅས་ནས་མཇུག་བསྡུ་བ།
དེ་ལྟར་ལམ་རིམ་སུམ་བརྒྱ་བའི་དཔེ་རྒྱུན་མི་འདྲ་བ་གཉིས་ལ་ཅུང་དཔྱད་ན། སྤྱིར་མཁས་པ་རྣམས་ཀྱིས་མཛད་པའི་བཀའ་རྟེན་ལ་རང་གི་ཤེས་རབ་ཀྱི་རྩལ་རིམ་གྱིས་རྫོགས་པ་ལ་བརྟེན་ནས། སྒ་སྟོན་རིན་པོ་ཆེའི་མཛོད་འགྲེལ་ལ་སྔ་ཕྱི་ལན་གསུམ་མཛད་ཚུལ་གསལ་བ་ལྟར།༣༦ ཁ་སྐོང་མཛད་དེ་སྔ་རྩོམ་ཕྱི་རྩོམ་གྱི་ཁྱད་པར་ཡོད་ན་ཆོག་མོད། ཡིན་ནའང་ཁོ་བོས་གཞུང་འདི་གཉིས་ནི་མེ་སྟོན་རིན་པོ་ཆེའི་སྔ་རྩོམ་ཕྱི་རྩོམ་དུ་མི་འདོད་དེ། སུམ་བརྒྱ་ཉི་ཤུ་བ་ནི་རྗེ་བཙུན་ཡར་མེ་བས་མཛད་པ་བསྙོན་མེད་ཡིན་ཞིང་། སུམ་བརྒྱ་སུམ་ཅུ་བ་ནི་མཁས་པ་ཕྱི་མ་ཞིག་གིས་གསལ་བྱེད་བྱས་པར་འདོད། རྒྱུ་མཚན་ནི་ཁོང་གི་དངོས་སློབ་གཤེན་སྟོན་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི་རྣམ་བཤད་གཞན་ཕན་སྙིང་པོ་ནི་སུམ་བརྒྱ་ཉི་ཤུ་བའི་གཞུང་ཚིག་ཇི་མ་ཇི་བཞིན་དུ་འགྲེལ་བ་བཏབས་པ་ཡིན་ལ། གཞུང་འདི་ཡང་སྔར་རྨེའུ་རྒྱལ་མཚན་མཆོག་ལེགས་ཀྱིས་མཛད་པའི་རྣམ་བཤད་གཞན་ཕན་སྙིང་པོ་གཞི་བྱས་ནས་ཇེ་རྒྱས་སུ་བཏང་བ་ཞིག་ཡིན། གཞུང་འདིའི་མཇུག་བྱང་དང་རྨེའུ་གཞན་ཕན་སྙིང་པོའི་མཇུག་བྱང་ལས་ཤེས་ཐུབ་ལ། འདི་ལྟར། གཤེན་སྟོན་གྱི་མཇུག་བྱང་དུ། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ། རྗེ་བཙུན་ཡར་མེ་བ་ཤེས་རབ་འོད་ཟེར་གྱི་ཞལ་སྔ་ནས་མཛད་པའི་བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ལམ་གྱི་རིམ་པ་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་པའི་རྣམ་བཤད་གཞན་ཕན་སྙིང་པོ་ཞེས་བྱ་བ་འདི་ནི། དོན་གཉེར་ཅན་གྱི་སློབ་མ་སྡེ་སྣོད་འཛིན་པ་ཧོར་ཚ་ཉི་མ་རྒྱལ་མཚན་དང་། ངག་དབང་རྒྱལ་མཚན་སྐུ་མཆེད་གཉིས་ཀྱིས་ནན་ཆེར་བསྐུལ་ནས་བརྩམས་པ་ལ་གཞི་བྱས་ནས་ཅུང་ཟད་རྒྱས་སུ་བཏང་བ་འདི་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གཅེས་སྤྲས་སུ་བྱེད་ཅིང་སྙིང་ནས་ཐར་བ་དོན་དུ་གཉེར་བའི་བཙུན་པ། གཤེན་སྟོན་ནམ་མཁའ་རྒྱལ་མཚན་གྱིས་ལེགས་པར་སྦྱར་བ་རྫོགས་སོ།།༣༧ ཞེས་ཞུ་བ་པོ་དེ་གཉིས་ཀྱིས་ནན་ཆེར་བསྐུལ་ནས་བརྩམས་པ་ལ་གཞི་བྱས་ནས་ཅུང་ཟད་རྒྱས་སུ་བཏང་བ་ཞེས་གསལ་ལ། གཞི་བཅའ་སའི་གཞུང་དེ་ཡང་ཁོང་རང་ཉིད་ཀྱི་སྔ་རྩོམ་ཞིག་མིན་ལ། རྨེའུ་རྒྱལ་མཚན་མཆོག་ལེགས་ཀྱིས་མཛད་པ་དེ་ཡིན། དེ་ལྟར་མཁས་དབང་མཁར་རྨེའུ་ཚང་གིས་སོག་སྡེ་བསྟན་པའི་ཉི་མས་དཔེ་སྐྲུན་མཛད་པའི་བཀའ་རྟེན་ལྟར་བསྒྲིགས་པའི་དཀར་ཆག་ཏུ་བཀོད་པ་ལྟར་ན། པོད་༨༢ནང་དུ་རྨེའུ་རྒྱལ་མཚན་མཆོག་ལེགས་ཀྱིས་མཛད་པའི་རྣམ་བཤད་གཞན་ཕན་སྙིང་པོ་བཀོད་ཡོད་ལ། གཞུང་འདི་དངོས་སུ་མ་མཐོང་ཡང་དཀར་ཆག་ཏུ་དེའི་མཇུག་བྱང་བཀོད་ཡོད་པ་འདི་ལྟར། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ། རྗེ་བཙུན་ཡར་མེ་བ་ཤེས་རབ་འོད་ཟེར་གྱི་ཞལ་སྔ་ནས་མཛད་པའི་བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ལམ་གྱི་རིམ་པ་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་པའི་རྣམ་བཤད་གཞན་ཕན་སྙིང་པོ་ཞེས་བྱ་བ་འདི། དོན་གཉེར་ཅན་སློབ་མ་སྡེ་སྣོད་འཛིན་པ་༼ཧོར་༽ཚ་དྲང་སྲོང་རྒྱལ་མཚན་དང་དད་པ་དང་གཏོང་བའི་ཡོན་ཏན་དང་ལྡན་པ་ངག་དབང་རྒྱལ་མཚན་སྐུ་མཆེད་གཉིས་ཀྱིས་ནན་ཆེར་བསྐུལ་ནས། དཔལ་ལྡན་བཟང་པོ་རི་ཡི་བཙུན་པ། རྒྱལ་མཚན་མཆོག་ལེགས་ཀྱིས། ཁྲོམ་སྐྱིད་ཏོག་གི་ས་ཆ་བཟང་གྲུབ་གླིང་གི་དགོན་པར་སྦྱར་བ་འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོར་གྱུར་ཅིག།༣༨ ཅེས་ཞུ་བ་པོ་གཉིས་ཀྱི་སྔ་མ་ལ་གཞུང་གཅིག་ལས་ཧོར་ཚ་དྲང་སྲོང་རྒྱལ་མཚན་དང་གཞུང་གཅིག་ལས་ཧོར་ཚ་ཉི་མ་རྒྱལ་མཚན་ཞེས་ཅུང་མི་མཐུན་ཡང་། དེ་ནི་རྨེའུ་མཇུག་བྱང་དུ་ཞུ་བ་པོའི་ཆེ་བ་བརྗོད་ཕྱིར་ཧོར་ཚ་དྲང་སྲོང་ཞེས་བསྟོད་པ་དང་མཚན་དངོས་ལ་ཉི་མ་རྒྱལ་མཚན་ཟེར་བ་རྗེས་ནས་དཔེ་བཤུས་བྱེད་སྐབས་བྲི་མཁན་གྱི་ཉི་མ་ཆད་སོང་བ་ཨེ་ཡིན་སྙམ། གང་ལྟར་མིང་ཟུར་ཙམ་མི་མཐུན་ཡང་ཧོ་ཚ་ཡིན་པ་དང་ངག་དབང་རྒྱལ་མཚན་གྱི་སྤུན་མཆེད་ཡིན་པ་གསལ་བས་གང་ཟག་གཅིག་གི་མཚན་གྱི་རྣམ་གྲངས་ཡིན་པ་གདོད་མི་ཟ། མཇུག་བྱང་གཉིས་ཀའི་ཚིག་བྱིངས་ལ་ལྟོས་ནའང་ཤེས་ཐུབ་ལ། དེས་ཕྱིར་གཞུང་གཉིས་ཀ་ནི་སུམ་བརྒྱ་ཉི་ཤུ་བ་ལྟར་འགྲེལ་བ་བཏབ་པ་ཡིན་པས། གལ་སྲིད་སུམ་བརྒྱ་སུམ་ཅུ་བ་ཡང་མེ་སྟོན་རིན་པོ་ཆེས་ནས་ཁ་སྐོང་མཛད་པའི་ཕྱི་རྩོམ་ཡིན་ན། སྔ་རྩོམ་ཕྱི་རྩོམ་གཉིས་ལས་ཕྱི་རྩོམ་གཙིགས་སུ་འཛིན་དགོས་པ་བསྙོན་མེད་ཡིན་པས། ཁོང་རྣམ་པ་གཉིས་ཀྱིས་སུམ་བརྒྱ་སུམ་ཅུ་བ་ལ་འགྲེལ་བ་འདེབས་པ་ལས་སུམ་བརྒྱ་ཉི་ཤུ་བ་ལ་འགྲེལ་བ་འདེབས་མི་སྲིད་སྙམ། ལྷག་པར་དུ་རབ་བྱུང་དྲུག་པའི་ཤིང་སྤྲེལ་༼སྤྱི་ལོ་༡༣༤༤༽ལོར་སྐུ་འཁྲུངས་པའི་མཁས་གྲུབ་ཆེན་ཆེན་བློ་གྲོས་ཀྱིས་མཛད་པ་དེ་ཡང་སུམ་བརྒྱ་ཉི་ཤུ་བའི་འགྲེལ་བ་ཡིན་ཞེས་དཀར་ཆག་ཏུ་གསལ་ལ། དེ་ཡང་རྒྱལ་ཚབ་ཀྱིས་མཛད་པར་གྲགས་པའི་ཏི་ཀ་གསལ་བའི་སྒྲོན་མེ་ནི་སུམ་བརྒྱ་སུམ་ཅུ་བའི་གཞུང་ཚིག་ཇི་བཞིན་པར་འགྲེལ་བ་བཏབས་པ་ཡིན་ལ། གསལ་བྱེད་མཛད་མཁན་དེ་ཡང་རྨེའུ་དང་གཤེན་སྟོན། མཁས་གྲུབ་རིན་ཆེན་བློ་གྲོས་མན་ཆད་དང་རྒྱལ་ཚབ་ཡན་གྱི་མཁས་པ་གང་རུང་ཞིག་ཡིན་དགོས་པས། དེའི་བར་དུ་བྱོན་ཅིང་བསྟན་པའི་གསལ་བྱེད་ཆེན་པོ་གྱུར་བ་ནི། མཁས་གྲུབ་རིན་བློའི་སློབ་མ་དང་རྒྱལ་ཚབ་ཀྱི་བླ་མར་གྱུར་བའི་རྗེ་བདག་ཉིད་ཆེན་པོ་གཅིག་པུ་ལས་མེད་པ་དང་། ཡང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་ནམ་ཚུལ་ཆེན་རིན་པོ་ཆེའི་གསུང་འགྲོས་ལས་རྗེ་མཉམ་མེད་ཆེན་པོས་ཀྱང་སུམ་བརྒྱ་བ་ལ་འགྲེལ་བ་བཏབས་ཞེས་ཟེར་བས། དེ་དག་ལ་ཞིབ་ཏུ་གཞིགས་ཚེ། སུམ་བརྒྱ་ཉི་ཤུ་བ་ལ་སྣོན་ཕྲི་ཡི་གསལ་བྱེད་མཛད་ནས་སུམ་བརྒྱ་སུམ་ཅུ་བ་མཛད་མཁན་ནི་རྗེ་རིན་པོ་ཆེ་ཡིན་པར་སེམས་སོ།།
དེ་ལྟར་སུམ་བརྒྱ་ཉི་ཤུ་བ་དང་སུམ་ཅུ་བ་གཉིས་ཀྱི་དཔྱད་བསྡུར་རེ་ཞིག་རྫོགས་རྗེས། ཡང་སུམ་བརྒྱ་ཉི་ཤུ་བའི་དཔེ་རྒྱུན་མི་མཐུན་པ་གཉིས་གླེང་ན། གངས་ཏི་སེ་བོན་གཞུང་དུ་བཀོད་པའི་སུམ་བརྒྱ་ཉི་ཤུ་བ་དང་སོག་སྡེ་བསྟན་པའི་ཉི་མས་དཔར་སྐྲུན་མཛད་པའི་བཀའ་རྟེན་གྱི་པོད་གྲངས་གྱ་གཉིས་པར་བཀོད་པའི་སུམ་བརྒྱ་ཉི་ཤུ་བ་གཉིས་ཡིན། དེ་ལ་གངས་ཏི་སེ་བོན་གཞུང་དུ་བཀོད་པའི་སུམ་བརྒྱ་ཉི་ཤུ་བའི་ལེའུ་སོ་སོའི་གཞུང་ཚིག་གི་གྲངས་ནི་འདི་ལྟར། དབུའི་མཆོད་བརྗོད་ལ་ཤོ་ལོ་ཀ་༧ ལེའུ་དང་པོར་བླ་མ་བསྟེན་པ་ལ་ཤོ་ལོ་ཀ་༧ ལེའུ་གཉིས་པ་མི་རྟག་པ་ལ་ཤོ་ལོ་ཀ་༣༦དང་ཚིག་རྐང་༢ ལེའུ་གསུམ་པ་དལ་འབྱོར་རྙེད་དཀའ་ལ་ཤོ་ལོ་ཀ་༢༡ ལེའུ་བཞི་བ་འཁོར་བའི་ཉེས་དམིགས་ལ་ཤོ་ལོ་ཀ་༣༩ ལེའུ་ལྔ་བ་དད་པ་ལ་ཤོ་ལོ་ཀ་༩ ལེའུ་དྲུག་པ་སྐྱབས་འགྲོ་ལ་ཤོ་ལོ་ཀ་༢༣ ལེའུ་བདུན་པ་དགེ་སྡིག་ལ་ཤོ་ལོ་ཀ་༤༣ ལེའུ་བརྒྱད་པ་དུག་དང་ཡེ་ཤེས་ལ་ཤོ་ལོ་ཀ་༢༦དང་ཚིག་རྐང་༢ ལེའུ་དགུ་བ་སེམས་བསྐྱེད་ལ་ཤོ་ལོ་ཤ་༡༡དང་ཚིག་རྐང་༢ ལེའུ་བཅུ་བ་བསམ་གཏན་ལ་ཤོ་ལོ་ཀ་༢༩ ལེའུ་བཅུ་གཅིག་པ་བདག་མེད་ལ་ཤོ་ལོ་ཀ་༡༡དང་ཚིག་རྐང་༢ ལེའུ་བཅུ་གཉིས་པ་གདམས་པ་ལ་ཤོ་ལོ་ཀ་༣༦ མཇུག་བཟོད་གསོལ་ལ་ཤོ་ལོ་ཀ་༤བཅས་ཡོད་པས། ཁྱོན་བསྡོམས་ཤོ་ལོ་ཀ་༣༡༩དང་ཚིག་རྐང་༢་ཡོད་ལ། ལེའུ་གསུམ་པ་མི་རྟག་དང་བརྒྱད་པ་དུག་དང་ཡེ་ཤེས། དགུ་བ་སེམས་བསྐྱེད་ལ་ཚིག་རྐང་གཉིས་རེས་མང་བའམ་གང་ལྟར་གཞུང་ཚིག་ཤོ་ལོ་ཀ་ཏག་ཏག་ཅིག་མི་འོང་། གཞན་སོག་སྡེ་བསྟན་པའི་ཉི་མས་དཔར་སྐྲུན་མཛད་པའི་བཀའ་རྟེན་གྱི་པོད་གྲངས་གྱ་གཉིས་པ་ལས་བྱུང་བའི་རྨེའུ་རྒྱལ་མཚན་མཆོག་ལེགས་ཀྱི་མཛད་པའི་སུམ་བརྒྱ་ཉི་ཤུ་བའི་འགྲེལ་བའི་མཇུག་ཏུ་ལེའུ་སོ་སོའི་གྲངས་བཀོད་ཡོད་པ་ནི་འདི་ལྟར། ལེའུ་དང་པོ་༼དབུའི་མཆོད་བརྗོད་དང་བླ་མ་བསྟེན་ཚུལ།༽ལ་ཤོ་ལོ་ཀ་༡༤ གཉིས་པ་༼མི་རྟག་པ་༽ལ་༣༥ གསུམ་པ་༼དལ་འབྱོར་༽ལ་༢༡ བཞི་བ་༼འཁོར་བའི་ཉེས་དམིགས་༽ལ་༣༩ ལྔ་བ་༼དད་པ་༽ལ་༩ དྲུག་པ་༼སྐྱབས་འགྲོ་༽ལ་༢༣ བདུན་པ་༼དགེ་སྡིག་༽ལ་༢༧ དགུ་བ་༼སེམས་བསྐྱེད་༽ལ་༢༣ བཅུ་བ་༼ཏིང་འཛིན་༽ལ་༢༩ བཅུ་གཅིག་པ་༼བདག་མེད་༽ལ་༢༧ བཅུ་གཉིས་པ་༼གདམས་པ་༽ལ་༣༦ བཟོད་གསོལ་ལ་༤ དེ་ལྟར་ཤོ་ལོ་ཀ་སུམ་བརྒྱ། བམ་པོར་བརྩིས་ན་བམ་པོ་སོ་གཅིག་དང་ཤོ་ལོ་ཀ་ཉི་ཤུ་རྫོགས་སོ།། ཞེས་གསལ་བོར་བཀོད་པ་ལྟར་དེ་དང་ལྷན་ཏུ་བཀོད་ཡོད་པའི་སུམ་བརྒྱ་ཉི་ཤུ་བའི་གཞུང་ཚིག་ལའང་ཤོ་ལོ་ཀ་སུམ་བརྒྱ་ཉི་ཤུ་ཏག་ཏག་ཡོད་པས། དཔེ་རྒྱུན་འདི་གཉིས་ཀའི་གཞུང་ཚིག་ལ་དཔྱད་བསྡུར་བྱས་རྗེས།༼དཔེ་རྒྱུན་གསུམ་ཀའི་ལེའུ་སོ་སོའི་གྲངས་ཀྱི་དཔྱད་བསྡུར་རེའུ་མིག་གསུམ་པར་གཟིགས།༽ མི་རྟག་གི་སྐབས་སུ་གངས་ཏི་སེ་བོན་གཞུང་གི་གཞུང་ཚིག་ཁྲོད། རྒྱུ་མའི་ལུས་བླང་སྡུག་བསྔལ་ན་ཚའི་གཞི། །ཕུང་པོ་ལུས་ཀྱིས་རྣམ་ཤེས་སེམས་བསྡམས་པས། །སྐྱེ་དང་རྒས་པའི་སྡུག་བསྔལ་རིམ་གྱིས་འབྱུང་། །ཞེས་དང་། མི་རྟག་བཞི་བསྡུས་གཟུགས་ཀྱི་ཕུང་པོ་ལ། །འཇིག་པའི་གཉེན་པོ་འདུ་བའི་ནད་དར་བས། །རིན་ཆེན་སྲོག་ལ་བབ་པར་གཏུག་སྟེ་ན། །ཞེས་པའི་ཚིག་དྲུག་ལྷག་པ་དང་། ལེའུ་བརྒྱད་པ་དུག་དང་ཡེ་ཤེས་ཀྱི་སྐབས་སུ། གངས་ཏི་སེ་བོན་གཞུང་དུ། དུག་ལྔ་ཆ་མཉམ་དགེ་བའི་ཟུར་སྡོངས་ཀྱིས། །ལྷ་དང་མི་ཡི་གོ་འཕང་ཐོབ་ཅེས་གསུངས། ཞེས་ཚིག་གཉིས་ཆད་ཡོད་ལ། སེམས་བསྐྱེད་སྐབས་སུ། རྒྱལ་ལ་སེམས་བསྐྱེད་སྐྱེས་པའི་དུས་དེ་རུ། །བདག་མཐར་གྲུབ་པ་རྫོགས་པའི་དུས་རྟིང་ལ། །གཞན་དག་སེམས་ཅན་འདྲེན་པའི་སྨོན་ལམ་བཏབ། །སེམས་ཅན་དོན་དུ་བསྟན་པ་རྗེས་བཞག་རན། སངས་རྒྱས་ཀུན་ཀྱིས་བྱང་ཆུབ་སེམས་བསྐྱེད་གསུངས། །ཞེས་ཚིག་ལྔ་དང་ཡང་འོག་ནས། འཁོར་བའི་སེམས་ཅན་ཟོ་ཆུ་བཞིན་དུ་བརྒྱུད། །ཅེས་ཚིག་གཅིག་བཅས་ཚིག་རྐང་དྲུག་ཆད་ཡོད། གང་ལྟར་བཀའ་རྟེན་ཁྲོད་ཀྱི་དཔེ་རྒྱུན་ནི་གཞུང་ཚིག་ཤོ་ལོ་ཀ་སུམ་བརྒྱ་ཉི་ཤུ་ཏག་ཏག་ཡོད་པས་འདི་བཞིན་ཡིན་སྙམ་པའི་སེམས་ཀྱང་རང་བཞིན་གྱི་སྐྱེས་སོང་། ཡིན་ནའང་དུས་ཕྱིས་ཀྱི་མཁས་པ་ཤར་རྫ་རིན་པོ་ཆེ་དང་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་རྣམ་གཉིས་ཀྱིས་སྡེ་སྣོད་མཛོད་དང་ལམ་རིམ་དུ་དྲངས་པའི་སུམ་བརྒྱ་བའི་ལུང་ཚིག་ནི་སུམ་བརྒྱ་སུམ་ཅུ་བའི་ཚིག་རེད་འདུག་ལ། ཕྱོགས་སོ་སོ་ནས་དཔར་སྐྲུན་མཚད་པའི་རྗེའི་བཀའ་འབུམ་དུ་གྲགས་པ་དང་དཔེ་ཚོགས་མང་དག་འཁོད་པའང་སུམ་བརྒྱ་སུམ་ཅུ་བའི་གཞུང་ཡིན་པས། ཕྲིན་ལས་ཤིན་ཏུ་རྒྱས་པར་སྣང་ངོ་།། ཞེས་སྒ་རིགས་ཀྱི་སྤྲུལ་མིང་བ་མཁར་ནག་སྐལ་བཟང་རྒྱ་མཚོའམ་མཚོ་སྐྱེས་ཟླ་བ་གཞོན་ནུར་འབོད་པས་ཆུ་སྦྲུལ་དབྱང་འབྲིང་བར་བྲིས་པ་དགེའོ།།
ཟུར་མཆན།
༡༽དེ་ལ་མཛད་པའི་དཔོན་གསས་ནི། གཤེན་དྲན་པ་ནམ་མཁའ་ཉིད་ཀྱི་མཛད་དེ། ཞེས་དམུ་གཤེན་དྲན་པ་ནམ་མཁས་མཛད་པའི་དྲང་དོན་མུན་སེལ་སྒྲོན་མ། མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༠ལོར་དཔེ་སྐྲུན་མཛད་པའི་གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། པོད་བདུན་པའི་ཤོག་ངོས་༢༩ན་གསལ།
༢༽ཡབ་དམུ་གཤེན་དག་པ་དང་། ཡུམ་བདའ་ཟ་མཁའ་ལྕམ་གྱི་སྲས་སུ་བལྟམས་པ། གོང་ཞུས་པོད་བདུན་པའི་ཤོག་ངོས་༢༩ན་གསལ།
༣༽དེ་ཚེས་ཆོས་དང་བོན་རྣམས་གཏེར་དུ་སྦས། །རྫུ་འཕྲུལ་སྟོབས་ལྡན་གཤེན་ལ་དར་ནུབ་མེད། །བེ་རོ་ཙ་ནས་བོན་རྣམས་ཆོས་སུ་བསྒྱུར། །དེ་ནས་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྲོངས་པའི་འདང་ལ་ལན་གཅིག་སྙེགས། དེའི་དུས་ན་མུ་སྟེགས་ཀྱི་སྡེ་རིགས་ཀྱིས། ནང་པ་ལ་རྩོད་པ་བྱེད་པའི་དུས། །ཞེས་གོང་ཞུས་པོད་བདུན་པའི་ཤོག་ངོས་༣༠ན་གསལ།
༤༽བླ་ཆེན་དྲན་པ་ནམ་མཁས་མཛད་པའི་དྲང་དོན་སྒྲོན་མ་མུན་སེལ་འདི་ལ། ཚིགས་སུ་བཅད་པ་སྟོང་དང་བརྒྱད་ཅུ་བཞི། །ཤོ་ལོ་ཀ་ནི་ཉིས་བརྒྱ་བདུན་ཅུ་གཅིག། གོང་ཞུས་པོད་བདུན་པའི་ཤོག་ངོས་༨༧ན་གསལ།
༥༽དྲན་པ་ནམ་མཁའི་བཀའ་རྒྱ༔ རྗེ་རི་ཁྲོད་པའི་ཐུགས་ཀྱི་ཐིགས་པ། སྤྲུལ་སྐུ་ལུང་བོན་ལྷ་གཉན་ལ་སྙན་དུ་བརྒྱུད་པའོ།། སརྦ་མངྒ་ལཾ། གོང་ཞུས་པོད་བདུན་པའི་ཤོག་ངོས་༢༨ན་གསལ།
༦༽རབ་བྱུང་གཉིས་པ་མེ་ཡོས་སྤྱི་ལོ་༡༠༨༧ལོ་ཡིན། ཞེས་པ་ནས། མཁན་ཆེན་ཉི་མས་ལོ་འདིར་གཞོད་སྟོན་དངོས་གྲུབ་གྲགས་པས་ཁམས་མཐིང་རྣམ་སྣང་སྐུ་རྒྱབ་ནས་བླ་མེད་རྫོགས་པ་ཆེན་པོའི་བོན་གཏེར་མང་པོ་བླངས་པ་དང་སྤྲུལ་སྐུ་ལུང་བོན་ལྷ་གཉན་འཁྲུངས་པར་བཞེད། ལོ་རྒྱུས་ཉེར་མཁོ་བསྟན་རྩིས་རིས་མེད་དཔྱད་པ་དང་བཅས་པ་ཡིད་ཀྱི་སྒྲོན་མེ་བློ་གསལ་དགའ་བའི་མཛེས་རྒྱན། བོན་བརྒྱ་དགེ་ལེགས་རྒྱ་མཚོས་མཛད། ཤོག་ངོས་༦༦ལས་གསལ།
༧དེ་ནས་ལོ་གཉིས་ཆུ་འབྲུག་༼སྤྱི་ལོ་༡༡༡༢ཡིན།༽ལ་གཞོད་སྟོན་དངོས་གྲུབ་གྲགས་པས་གཏེར་བཞེས་དང་ལུང་བོན་ལྷ་གཉེན་འཁྲུངས་ཞེས་དྲུང་རམ་པ་བཞེད།ལོ་རྒྱུས་ཉེར་མཁོ་བསྟན་རྩིས་རིས་མེད་དཔྱད་པ་དང་བཅས་པ་ཡིད་ཀྱི་སྒྲོན་མེ་བློ་གསལ་དགའ་བའི་མཛེས་རྒྱན། བོན་བརྒྱ་དགེ་ལེགས་རྒྱ་མཚོས་མཛད། ཤོག་ངོས་༦༩ན་གསལ།
༨༽དེ་ནས་ལོ་གཉིས་མེ་སྟག་ལ་ལུང་བོན་ལྷ་གཉན་དགུང་ལོ་སོ་ལྔ་ཐོག་བླ་མ་ཚེ་དབང་ལ་མཇལ་ཐེངས་གཉིས་པ་བྱུང་།ཚེ་དབང་གིས་ལུང་བོན་ལ་གནང་བའི་རྫོགས་ཆེན་དང་དྲང་དོན་སོགས་སྲས་ལུང་སྟོན་འཁོར་ལོའི་རྒྱལ་པོས་དར་སྤེལ་མཛད། སྤྱི་ལོ་༡༡༤༦ཡིན། གོང་ཞུས་བསྟན་བརྩི་རིས་མེད་ཤོག་ངོས་༧༢ན་གསལ།
༩༽ཕྱི་ལོ་ཆུ་ཁྱི་༼སྤྱི་ལོ་༡༡༤༢ཡིན།༽ལ་སྤྲུལ་སྐུ་ལུང་བོན་ལྷ་གཉན་དགུང་ལོ་སོ་གཅིག་ཐོག་བླ་མ་ཚེ་དབང་ལ་མཇལ་ཐེངས་དང་པོ་བྱུང་།གོང་ཞུས་བསྟན་བརྩི་རིས་མེད་ཤོག་ངོས་༧༢ན་གསལ།
༡༠༽རྗེ་བཙུན་ཡར་མེ་བས་མཛད་པའི་བཀའ་རྟེན་སྡེ་ལྔ་ཞེས་པ་ལྟ་བུའོ། ཞེས་ཤེར་ཕྱིན་སྐབས་དང་པོ། པོད་བཅུ་གཅིག་པའི་ཤོག་ངོས་༢༢ན་གསལ།
༡༡༽ལྟ་སྤྱོད་ཟུང་འབྲེལ་དུ་གཏན་ལ་འབེབས་པའི་ལམ་རིམ་སུམ་བརྒྱ་བ་དང་།ཞེས་ཤེར་ཕྱིན་སྐབས་དང་པོ། པོད་བཅུ་གཅིག་པའི་ཤོག་ངོས་༢༢ན་གསལ། ཡང་།བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་བཀའ་བརྟེན་སུམ་བརྒྱ་པ་གསར་དུ་བརྩམས་པར།ཞེས་བོན་རང་ལུགས་ཀྱི་ཁྲིད་གཞུང་དུ་མ་ལས་བཏུས་པའི་བྱང་ཆུབ་ལམ་གྱི་རིམ་པའི་དམིགས་ཁྲིད་གཤེན་བསྟན་གསལ་བའི་སྒྲོན་མེ་ཤིང་སྤར་མའི་ཤོག་ངོས་ལྔ་བར་གསལ།
༡༢༽བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་བ་འདིའི་བརྗོད་བྱ་ནི། སྐྱེས་བུ་རབ་འབྲིང་ཆུང་གསུམ་གྱི་ལམ་གྱི་རིམ་པ་ཡིན་ལ། རྣམ་བཤད་གཞན་ཕན་སྙིང་པོ།གཤེན་སྟོན་ནམ་མཁའ་རྒྱལ་མཚན་གྱིས་མཛད། གོང་ཞུས་གངས་ཏི་སེ་བོན་གཞུང་རིག་མཛོད།པོད་བདུན་པའི་ཤོག་ངོས་༡༥༥ན་གསལ།
༡༣༽གོང་ཞུས་གངས་ཏི་སེ་བོན་གཞུང་རིག་མཛོད།༼པོད་བདུན་པའི་ཤོག་ངོས་༡༣༨ན་གསལ།༽
༼༡༤༽རྗེ་རིན་པོ་ཆེའི་བྱང་སེམས་གབ་པའི་འགྲེལ་བ་གསལ་བྱེད་ཉི་མའི་དཀྱིལ་འཁོར། པོད་ཉེར་གཉིས་པའི་ཤོག་ངོས་༥༠༣ན་གསལ།
༡༥༽བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།སྤ་བསྟན་རྒྱལ་བཟང་པོས་བརྩམས།མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༠ལོར་དཔར་སྐྲུན་མཛད་པའི་གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ཀྱི་པོད་དང་པོའི་ཤོག་ངོས་༡༩༢ལས་གསལ།
༡༦༽རྗེ་རིན་པོ་ཆེའི་བྱང་སེམས་གབ་པའི་འགྲེལ་བ།རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད།གོང་ཞུས་གངས་ཏི་སེ་བོན་གཞུང་རིག་མཛོད།པོད་ཉེར་གཉིས་པའི་ཤོག་ངོས་༥༠༤ན་གསལ།
༡༧༽མཁན་ཆེན་ཉི་མའི་ཤེར་ཕྱིན་སྐབས་དང་པོ།གོང་ཞུས་གངས་ཏི་སེ་བོན་གཞུང་། པོད་བཅུ་གཅིག་པའི་ཤོག་ངོས་༥ན་གསལ།
༡༨༽བསྟན་པ་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།སྤ་བསྟན་རྒྱལ་བཟང་པོས་བརྩམས།གོང་ཞུས་གངས་ཏི་སེ་བོན་གཞུང་།པོད་དང་པོའི་ཤོག་ངོས་༢༠༨ལས་གསལ།༽
༡༩༽རྗེ་རིན་པོ་ཆེ་གབ་འགྲེལ།གོང་ཞུས་དཔེ་ཚོགས་ཀྱི་པོད་ཉེར་གཉིས་པའི་ཤོག་ངོས་༥༠༥ན་གསལ།༽
༢༠། ༢༡། ༢༢། ༢༣། ༢༤༽གོང་ཞུས་དཔེ་ཚོགས་ཀྱི་པོད་བཅུ་གཅིག་པའི་ཤོག་ངོས་༢༠དང་། ༢༡། ༢༢། ༢༡། ༢༣སོགས་ན་གསལ།༽
༢༥༽བཀའ་རྟེན་ལ་མཆོག་དམན་གྱི་སྒོ་ནས་དབྱེ་ན། སྡེ་དགུ་གསུངས་ཏེ། དོན་མེད་པའི་བཀའ་རྟེན་དང་། དོན་ལོག་པའི་བཀའ་རྟེན་དང་། དོན་དང་ལྡན་པའི་བཀའ་རྟེན་ཏེ་གསུམ་དང་། ངན་གཡོའི་བཀའ་རྟེན་དང་། སྙིང་པོ་མེད་པའི་བཀའ་རྟེན་དང་། སྡུག་བསྔལ་སྤོང་པའི་བཀའ་རྟེན་ཏེ་གསུམདང་། ཐོས་པ་ལྷུར་ལེན་པའི་བཀའ་རྟེན་དང་། རྩོད་པ་ལྷུར་ལེན་པའི་བཀའ་རྟེན་དང་། སྒྲུབ་པ་ལྷུར་ལེན་པའི་བཀའ་རྟེན་དང་གསུམ་སྟེ་དགུ་ལས། ཕྱི་མ་རེ་རེ་མཆོག་ལ་སྔ་མ་གཉིས་དམན་པ་ཡིན་ནོ། བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ། པོད་དང་པོའི་ཤོག་ངོས་༢༠༩ན་གསལ།༽
༢༦༽ལྟ་སྤྱོད་ཟུང་འབྲེལ་དུ་གཏན་ལ་འབེབས་པའི་ལམ་རིམ་སུམ་བརྒྱ་བ་དང་། ཞེས་ཤེར་ཕྱིན་སྐབས་དང་པོ། གོང་ཞུས་དཔེ་ཚོགས་ཀྱི་པོད་བཅུ་གཅིག་པའི་ཤོག་ངོས་༢༢་ན་གསལ།
༢༧༽བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ། སྤ་བསྟན་རྒྱལ་བཟང་པོས་མཛད། གོང་ཞུས་དཔེ་ཚོགས་ཀྱི་པོད་དང་པོའི་ཤོག་ངོས་༢༠༩ན་གསལ།
༢༨༽གོང་ཞུས་བོན་བརྒྱ་བསྟན་རྩིས་ལས། ཕྱི་ལོ་ས་ཁྱི་ལ་རྗེ་བཙུན་ཡར་མེ་བ་ཤེས་རབ་འོད་ཟེར་འཁྲུངས་། སྣང་ཞིག་དོ་འཕགས་ཆེན་པོ་དགུང་ལོ་སོ་གཅིག་ཐོག་སྲས་བྱ་ཆེན་ཉི་མ་འཛིན་འཁྲུངས། སྤྱི་ལོ་༡༠༥༨ཡིན། ཞེས་ཤོག་ངོས་༦༡ན་གསལ།
༢༩༽ དེ་ནས་ལོ་ལྔ་སྟེ་ཆུ་བྱི་ལ་ལམ་རིམ་སུམ་བརྒྱ་བ་དང་བཀའ་པོད་གཞུང་ཆེན་མང་པོ་མཛད་པའི་པཎྚི་ཏ་ཆེན་པོ་ཡར་མེ་བ་ཤེས་རབ་འོད་ཟེར་དགུང་ལོ་དོན་ལྔ་བར་ཞི་དབྱིངས་སུ་གཤེགས། སྤྱི་ལོ་༡༡༣༢ཡིན། གོང་ཞུས་བོན་བརྒྱ་བསྟན་རྩིས་ཤོག་ངོས་༧༡ན་གསལ།
༣༠༽གཡུང་དྲུང་ཚུལ་ཁྲིམས་དྲག་པས་བརྩམས་པའི་རྒྱལ་བའི་བཀའ་དང་བཀའ་རྟེན་རྨད་བྱུང་དགོས་འདོད་ཡིད་བཞིན་གཏེར་མཛོད་ལ་དཀར་ཆག་བློའི་ཐ་རམ་བཀྲོལ་བྱེད་འཕྲུལ་ཀྱི་ལྡེ་མིག་ལས། མདོ་སྡེ་བརྒྱ་དང་གསུམ་པ།༼ན༽སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ་རྗེ་བཙུན་ཡར་མེ་བ་ཆེན་པོ་ཤེས་རབ་འོད་ཟེར་གྱི་ཞལ་སྔ་ནས་མཛད་པའི་བཀའ་རྟེན་ཚུགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་བ། གདན་ས་ཆེན་པོ་དཔལ་ལྡན་བཟང་རིའི་བཙུན་པ་རྒྱལ་མཚན་མཆོག་ལེགས་ཀྱིས་མཐོང་སྨོན་བླ་བྲང་དུ་བརྩམས་པ། བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་བའི་རྣམ་བཤད་གཞན་ཕན་སྙིང་པོ། ཤོག་ལྷེ་༢༢༢ན་གསལ། ཞེས་དང་ཡང་། མཁས་དབང་མཁར་རྨེའུ་ཚང་གིས་སོག་སྡེ་བསྟན་པའི་ཉི་མས་དཔེ་སྐྲུན་མཛད་པའི་བཀའ་རྟེན་ལྟར་བསྒྲིགས་པའི་དཀར་ཆག་ཤོག་ངོས་༦༦༢ན་བཀོད་པ་ལྟར་ན། པོད་༨༢ནང་དུ་རྨེའུ་རྒྱལ་མཚན་མཆོག་ལེགས་ཀྱིས་མཛད་པའི་རྣམ་བཤད་གཞན་ཕན་སྙིང་པོ་བཀོད་ཡོད། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ། རྗེ་བཙུན་ཡར་མེ་བ་ཤེས་རབ་འོད་ཟེར་གྱི་ཞལ་སྔ་ནས་མཛད་པའི་བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ལམ་གྱི་རིམ་པ་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་པའི་རྣམ་བཤད་གཞན་ཕན་སྙིང་པོ་ཞེས་བྱ་བ་འདི། དོན་གཉེར་ཅན་སློབ་མ་སྡེ་སྣོད་འཛིན་པ་༼ཧོར་༽ཚ་དྲང་སྲོང་རྒྱལ་མཚན་དང་དད་པ་དང་གཏོང་བའི་ཡོན་ཏན་དང་ལྡན་པ་ངག་དབང་རྒྱལ་མཚན་སྐུ་མཆེད་གཉིས་ཀྱིས་ནན་ཆེར་བསྐུལ་ནས། དཔལ་ལྡན་བཟང་པོ་རི་ཡི་བཙུན་པ། རྒྱལ་མཚན་མཆོག་ལེགས་ཀྱིས། ཁྲོམ་སྐྱིད་ཏོག་གི་ས་ཆ་བཟང་གྲུབ་གླིང་གི་དགོན་པར་སྦྱར་བ་འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོར་གྱུར་ཅིག།
༣༡༽ཚུལ་ཆེན་རིན་པོ་ཆེའི་ལམ་རིམ་ལས། བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་བཀའ་རྟེན་སུམ་བརྒྱ་བ་གསར་དུ་བརྩམས་པས། བསྟན་པའི་མངའ་བདག་ཆེན་པོ་གཤེན་སྟོན་ནམ་མཁས་མཛད་པའི་འགྲེལ་བ་དང་། ཞེས་བོན་རང་ལུགས་ཀྱི་ཁྲིད་གཞུང་དུ་མ་ལས་བཏུས་པའི་བྱང་ཆུབ་ལམ་གྱི་རིམ་པའི་དམིགས་ཁྲིད་གཤེན་བསྟན་གསལ་བའི་སྒྲོན་མེ་ཤིང་སྤར་མའི་ཤོག་ངོས་ལྔ་བ་དང་དྲུག་པར་གསལ།
༣༢༽བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་བཀའ་རྟེན་སུམ་བརྒྱ་བ་གསར་དུ་བརྩམས་པར། བསྟན་པའི་མངའ་བདག་ཆེན་པོ་གཤེན་སྟོན་ནམ་མཁས་མཛད་པའི་འགྲེལ་བ་དང་། མཁས་གྲུབ་ཞང་སྟོན་རིན་པོ་ཆེས་མཛད་པའི་ཚིག་འགྲེལ་དང་། ཞེས་ཚུལ་ཆེན་ལམ་རིམ་ཤིང་སྤར་མའི་ཤོག་ངོས་ལྔ་དང་དྲུག་པར་གསལ།
༣༣༽གཡུང་དྲུང་ཚུལ་ཁྲིམས་དྲག་པས་བརྩམས་པའི་རྒྱལ་བའི་བཀའ་དང་བཀའ་རྟེན་རྨད་བྱུང་དགོས་འདོད་ཡིད་བཞིན་གཏེར་མཛོད་ལ་དཀར་ཆག་བློའི་ཐ་རམ་བཀྲོལ་བྱེད་འཕྲུལ་ཀྱི་ལྡེ་མིག་ལས། མདོ་སྡེ་བརྒྱ་དང་བཅུ་གསུམ་པ། མཁས་གྲུབ་རིན་ཆེན་བློ་གྲོས་ཀྱིས་མཛད་པའི་བྱང་ཆུབ་སྒྲུབ་ཐབས་སུམ་བརྒྱ་ཉི་ཤུ་བའི་ས་གཞུང་འགྲེལ་བ་དང་བཅས་པ། ཤོག་ལྷེ་༢༣༤ན་གསལ།
༣༤༽བྱང་ཆུང་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་སུམ་བརྒྱ་སུམ་ཅུ་བའི་ཏི་ཀ་གསལ་བའི་སྒྲོན་མེ། རྒྱ་རོང་བ་རིན་ཆེན་རྒྱལ་མཚན་གྱིས་མཛད། གློག་དཔར་མའི་མཇུག་ཏུ་གསལ།
༣༥༽མདོ་གཟེར་མིག དྲང་རྗེ་བཙུན་པ་གསེར་མིག་གི་གཏེར་མ། ༡༩༩༩ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས་༨༢ན་གསལ།དེ་དང་མཐུན་པར་དྲི་མེད་རྩ་མདོ་ལས་ཀྱང་ཚིག་འདི་ཇི་བཞིན་བྱུང་ཡོད། ཤོག་ངོས་༡༥༣ན་གསལ༽
༣༦༽བདེན་པའི་མཛོད་ཕུགས་རྣམ་པར་འབྱེད་པའི་ལྡེ་མིག་ཅེས་བྱ་བ། བདེ་བར་གཤེགས་པའི་ལུང་ལ་བློའི་སྣང་བ་རྒྱས་པའི་སྒ་རིགས་ཀྱི་བཙུན་པ་ཚུལ་ཁྲིམས་རྒྱལ་མཚན་གྱིས། འདུ་གནས་བཟང་པོའི་རི་ལ་བརྩམས་ཏེ། ས་མཐའི་དབེན་གནས་དང་། རི་ཁྲོད་རྣམས་སུ་ལེགས་པར་སྦྱར་བའོ། །ཡན་ལག་རྒྱས་བཤད་རྫོགས་སོ།། འདི་ནི་མཛོད་ཀྱི་རྣམ་བཞག་ལན་གསུམ་མཛད་པའི་ཕྱི་མའོ།། མུ་ཙུག་སྨར་རོ།། ཞེས་ཁྱུང་པོ་ཀོ་དགོན་གྱི་དཔེ་སྐྲུན་མཛད་པའི་སྒ་སྟོན་མཛོད་འགྲེལ་གྱི་མཇུག་བྱང་། ཤོག་ངོས་༢༩༤ན་གསལ། གཞན་ཡང་མཁས་གྲུབ་ལུང་རྟོགས་རྒྱ་མཚོས་མཛད་པའི་བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ལས་ཀྱང་འདི་ལྟར་བཞེད་ལ། དེ་ནས་མཁས་བཙུན་རྒྱལ་པ་རིན་པོ་ཆེའི་དུས་ཙམ་ན་སྒ་སྟོན་བྱ་བྲལ་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས་འཆད་རྩོད་རྩོམ་པ་མང་དུ་མཛད་ཅིང༌། ཐེག་འགྲེལ་མེ་ལོང་དགུ་སྐོར་གྱི་བཤད་སྲོལ་བཏོད། ཁོང་འཁྲུངས་ཡུལ་རྒྱལ་རོང་ཆུ་ཆེན་གྱི་ཕྱོགས་སུ་རང་གྲོལ་བྱ་བའི་བླ་མ་བཟང་པོ་ཞིག་གྲོངས་པའི་གདུང་བསྲེག་ཤུལ་དུ་དགུན་ཟླ་འབྲིང་པོའི་སྒང་ལ་མེ་ཏོག་ངོ་མཚར་ཅན་བདུན་འཁྲུངས་པས་སྐྱེས་ཕྲེང་བདུན་ལ་བསྟན་འཛིན་བཟང་པོ་རེ་འབྱུང་ཟེར་བའི་རྟེན་འབྲེལ་འགྲིག ཕྱིར་ལོ་བླ་མ་དེའི་མཆེད་ཟླ་གེ་ཁོད་འབོད་པའི་ཤེས་རབ་ཆེ་བ་ཞིག་ཡོད་པས་དེའི་སྲས་སུ་འཁྲུངས། གཞོན་ནུའི་དུས་ནས་གཞན་དང་མི་འདྲ་བའི་རྟགས། ཤིག་ལ་སྤུ་དང་སྭོ་སེན་ཡོད་པ་དང༌། སྲོ་མ་ལ་ཁ་མིག་དོད་པ་དང༌། སྤུ་དཀར་ནག་ལ་སྦུ་གུ་དང་ཁོང་གསེང་ཡོད་པ་མཐོང་སྐད་དོ།། ཅུང་ཟད་ནར་སོན་ཚེ་ཤེས་རབ་ཀྱི་སྟོབས་རྒྱས། དབུས་གཙང་ཕྱོགས་སུ་ཕེབས་ཏེ་སྟོད་ལུང་ཤེར་བཟང་དང༌། དར་ལྡིངས་ཀྱི་སློབ་དཔོན་བསོད་རིན་སོགས་ལས་སྡེ་སྣོད་མཐའ་དག་ལ་བློ་སྦྱངས་པས་འཆད་པ་དང༌། རྩོད་པ་དང༌། རྩོམ་པ་ཀུན་ལ་མི་འཇིགས་པའི་བློ་གྲོས་ཐོབ། གསུང་རྩོམ་རྣམས་ལན་གཉིས་རེ་མཛད་པས་སྔ་རྩོམ་རྣམས་ནུབ། ཕྱི་རྩོམ་རྣམས་དར་བའོ།། ཧི་བོན་དྲྭ་ཚིགས་ལས་དྲངས།
༣༧༽གོང་ཞུས་གངས་ཏི་སེ་བོན་གཞུང་རིག་མཛོད་པོད་བདུན་པའི་ཤོག་ངོས་༣༡༤ན་གསལ།
༣༨༽མཁས་པ་མཁར་རྨེའུ་ཚང་གིས་རྩོམ་སྒྲིག་མཛད་པའི་བོན་གྱི་བཀའ་རྟེན་དཀར་ཆག་ཤོག་ངོས་༦༦༣ན་གསལ།
2014ལོའི་«ཞང་བོད་ཞིབ་འཇུག»སྤྱི་དེབ་གཉིས་པ་ལས་དྲངས།