བོན་གཞུང་ནང་གསལ་བའི་ཕྱི་སྣོད་འཇིག་རྟེན་ཆགས་ཚུལ་གྱི་རིམ་པ།

[ཟླ་ཚེས། 2013-07-29 22:00:33][རྩོམ་པ་པོ། གཟི་གཡང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

981436_57078.jpg
༡༽སེམས་ཕྱོགས་ཀྱི་གཞུང་ལུགས་དང་འབྲེལ་བའི་འཇིག་རྟེན་གྱི་ཆགས་རབས།

       སྲིད་པ་སྣོད་ཀྱི་འཇིག་རྟེན་འདི་ཉིད་ཇི་ལྟར་བྱུང་བའི་རིམ་པ་ལ། གྲོལ་ལམ་སེམས་ཕྱོགས་དང་བསྒྱུར་ལམ་སྔགས་སྤང་ལམ་མདོ་བཅས་ཀྱི་གཞུང་ཆེན་ཁག་སོ་སོའི་ནང་ཐུན་མོང་མ་ཡིན་པའི་འགྲེལ་བརྗོད་གནང་སྟངས་མི་འདྲ་བ་ཁག་གསུམ་བྱུང་ཡོད། དཔེར་ན་མདོ་ཡི་ནང་རྒྱུ་མཐུན་གཙོ་བོར་མཛད་ཡོད་པ་དང༌། སྔགས་ཀྱི་ཁོངས་བྱེད་བྱས། གྲོལ་ལམ་སེམས་ཕྱོགས་ཀྱི་ཁོངས་ཡེ་སྲིད་ཀྱི་བཤད་སྲོལ་གཙོ་བོར་མཛད་དེ་བཀོད་ཡོད། ད་ལན་འདིར་བཤད་བྱ་རྩ་བའི་མདོར་གྲོལ་ལམ་སེམས་ཕྱོགས་ཀྱི་དབང་དུ་བྱས་པའི་སྲིད་པ་སྣོད་ཀྱི་འཇིག་རྟེན་ཆགས་རབས་སྐོར་གླེང་རྒྱུ་དེ་ཡིན། ཐོག་མར་གསལ་བཤད་ཞུ་དགོས་པ་ཞིག་ལ། སྤང་བསྒྱུར་གྲོལ་གསུམ་ཞེས་པ་འདི་ཉིད། བོན་གྱི་ཐུན་མོང་མ་ཡིན་པའི་བཤད་སྲོལ་ཞིག་ཡིན་ལ། དེའི་ནང་ཚན་གྲོལ་ལམ་སེམས་ཕྱོགས་དང་རྫོགས་ཆེན་ཞེས་པ་འདི་ཉིད། སྤང་བསྒྱུར་གཉིས་ཀྱི་རིམ་པ་ལས་འདས་པའི་ཉོན་མོངས་ཅོག་བཞག་མཛད་པའི་ཐབས་ལམ་རྨད་དུ་བྱུང་བ་ཞིག་ལ་ངོས་འཛིན་བྱས་པ་ཡིན། བོན་པོ་རྣམས་ཀྱིས་གཙིགས་སུ་འཛིན་པའི་རྫོགས་ཆེན་གྱི་བོན་སྡེ་ལ་མ་བུ་ཆ་ལག་དུ་མ་ཞིག་ཡོད་ཀྱང༌། ཡོངས་གྲགས་སུ་སྟོན་པ་ཀུན་ཏུ་བཟང་པོས་གསུངས་པའི་བླ་མེད་རྫོགས་པ་ཆེན་པའི་གཞུང་ཆེན་སྡེ་བཞི་རུ་གྲགས་པ་དེ་དག་ལ་ཕུག་བཅོལ་ཏེ། བླ་མེད་རྫོགས་པ་ཆེན་པོའི་གཞུང་ཆེན་སྡེ་བཞི་དེ་དག་གི་ངོས་འཛིན་རོབ་ཙམ་ཞུ་ན། དང་པོ་མན་ངག་གི་སྡེ་པའི་ཁོངས་སུ་གཏོགས་པའི་སྙན་བརྒྱུད་བཀའ་རྒྱུད་བསྐོར་བཞི་བྱ་བ། ཕྱི་ལྟ་བ་སྤྱི་གཅོད་དང༌། ནང་མན་ངག་དམར་ཁྲིད། གསང་བ་རིག་པ་གཅེར་མཐོང༌། ཡང་གསང་གནས་ལུགས་ཕུག་ཆོད་དང་བཞིའི་བསྡུས་པ་ཞིག་སྟེ། གཏེར་དུ་མ་སོང་བའི་སྙན་བརྒྱུད་བཀའ་མ་ཞང་ཞུང་གི་བོན་བསྐོར་དུ་གྲགས་པ་དེ་ཉིད་ཡིན། གཉིས་པ་ཀློང་སྡེའི་ཁོངས་སུ་གཏོགས་པ་ལ་སྤྱི་རྒྱུད་ཆེན་པོ་ནམ་མཁའ་དཀར་པོ་ཡེ་ཁྲི་མཐའ་སེལ་གྱི་རྒྱུད་ཅེས་པ། བམ་པོ་ལྔ་དང༌། མཆོང་ཉི་ཤུའི་རྩའི་བདག་ཉིད་ཅན་དུ་བཞུགས་པ་དེའོ། འདི་ལ་རྒྱ་གར་གྱི་བོན་བསྐོར་ཞེས་ཞུ་བ་ཡིན། གསུམ་པ་ཀློང་སྡེའི་ཁོངས་སུ་གཏོགས་པ་ལ་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་ཞེས་པ་སྟེང་ལྷ་ཡུལ་དུ་བསྒྲགས་པ་དང་བར་མི་ཡུལ་དུ་བསྒྲགས་པ་འོག་ཀླུ་ཡུལ་དུ་བསྒྲགས་པ་བཅས་གླེགས་བམ་གསུམ་གྱི་བདག་ཉིད་ཅན་དུ་བཞུགས་པ་དེ་ཡིན། བཞི་པ་སེམས་སྡེའི་ཁོངས་སུ་གཏོགས་པ་ལ་བྱང་སེམས་གབ་པ་དགུ་སྐོར་ཞེས་པ། ལུང་དགུ་དང༌། སྐབས་དགུ། ཟུར་བརྡེག་གི་ཡན་ལག་ལྔ་དང༌། མདེའུ་ཐུང་གི་ཡན་ལག་བཞི་དང་དགུའི་སྐོར་བའི་གཞུང་ཆེན་དེ་ཉིད་དོ། སེམས་ཕྱོགས་ཀྱི་གཞུང་ཆེན་དེ་དག་གི་ནང་བྱེད་བྱས་དང་རྒྱུ་མཐུན་གྱིས་སྲིད་པའི་ཆགས་རབས་བཤད་པ་མ་གསལ། ལྷག་པར་དུ་བདེར་གཤེགས་ཀྱི་ཞལ་གྱི་ངད་པ་ཧ་དང་ཧུ་ཞེས་བཏབ་པ་ལ་བརྟེན་ནས་ཕྱི་སྣོད་ཀྱི་ཆགས་རབས་ཚིག་གཅིག་ཀྱང་མཐོང་རྒྱུ་མེད་ཅེས་ཧ་ལམ་ཐག་བཅད་ནས་ཞུས་ན་མ་འགྲིགས་པ་མེད། འོ་ན་ཕྱི་སྣོད་ཀྱི་འཇིག་རྟེན་འདི་ཇི་ལྟར་བྱུང་ཇི་ལྟར་ཆགས་ཞེ་ན། འཇིག་རྟེན་ཆགས་རབས་ཀྱི་སྙིང་དོན། གཞུང་ཆེན་དེ་དག་ལ་གཞི་བཟུང་ནས། གུས་མོའི་གོ་བ་ལོན་ཚོད་དང་བསྟུན་ཏེ་ཕྱོགས་ཙམ་ཞུ་བ་ལ། དག་པའི་ཞིང་ཁམས་དང་བདེར་གཤེགས། མ་དག་པའི་ཕྱི་སྣོད་དང་ནང་བཅུད་འདི་དག བོན་གྱི་རྫོགས་ཆེན་ལྟར་ན་རྟོགས་དང་མ་རྟོགས་ལ་བརྟེན་ནས་བྱུང་བར་འདོད་པ་ཤིན་ཏུ་གསལ། འཁོར་འདས་གཉིས་ཀྱི་གྱེས་ཚུལ་བསྟན་པའི་ནང་མན་ངག་དམར་ཁྲིད་ཀྱི་ལེའུ་གཉིས་པའི་ནང༌། རྟོགས་པས་ཀུན་བཟང་ཡེ་སངས་རྒྱས། མ་རྟོགས་སེམས་ཅན་ལས་ཀྱིས་འཁོར་ ཞེས་གསལ་བའི་ཚིག་རྐང་གཉིས་པོ་འདི་རྫོགས་ཆེན་གཞུང་ལུགས་ཡོངས་ཀྱི་འཇིག་རྟེན་ཆགས་རབས་ཀྱི་སྤྱི་ཆིངས་ཀྱི་སྡོམ་ཚིག་ལྟ་བུ་ཞིག་ཡིན། འཇིག་རྟེན་ཆགས་རབས་གླེང་བ་ལ་དང་ཐོག་རྟོགས་དང་མ་རྟོགས་ཞེས་པའི་རྟོགས་འཁྲུལ་གྱི་གཞི་དེ་ངོས་བཟུང་དགོས་རྒྱུ་དེ་གནད་དོན་གཙོ་བོ་ཞིག་ཆགས་ཡོད། གཉིས་པ་རྟོགས་འཁྲུལ་གྱི་རྐྱེན་གང་ཞིག་ཡིན་མིན་ངོས་འཛིན་བྱ་རྒྱུ་དེ་ཡིན། གསུམ་པ་དེ་ལ་བརྟེན་ནས་དག་པ་བདེར་གཤེགས་ཀྱི་ཞིང་ཁམས་དང་མ་དག་འཁྲུལ་སྣང་གི་སྲིད་པའི་ཆགས་རབས་དང་ངོ་བོ་བཅས་གླེང་དགོས་པ་ཡིན། དེ་ལ་དང་པོ་རྟོགས་འཁྲུལ་གཉིས་ཀྱི་གཞི་ངོས་བཟུང་བ་ལ། རྟོགས་ཏེ་སངས་རྒྱས་སུ་མ་བྱུང༌། སྐུ་དང་ཡེ་ཤེས་སུ་མ་གྲུབ། མ་རྟོགས་ཏེ་སེམས་ཅན་དུ་མ་བྱུང༌། ངམ་གྲོག་དང་གཡང་ས་ཚེར་དོང་གང་ཡང་མེད་པའི་དུས་ ཞེས་བོན་གྱི་རྫོགས་ཆེན་གྱི་གཞུང་ལུགས་ནང་འཁོད་ཡོད་པ་དེ་ཡིན། དེ་ནི་རྟོགས་འཁྲུལ་གཉིས་ཀྱི་གཞི་དངོས་པའི་གནས་ལུགས་དེ་བསྟན་པ་ཡིན། གཞི་དེ་ནི་ངོ་བོ་བློ་བྱས་ཀྱི་སྟོང་པ་སྟེ་འགྱུར་བ་མེད་པ་དང༌། རང་བཞིན་དྲི་མེད་འོད་གསལ་ཏེ་ངོ་བོ་ཉིད་ཀྱི་རྣམ་པར་དག་པ་དང༌། ཐུགས་རྗེ་སྟོང་གསལ་ཟུང་འཇུག་སྟེ་ཐིག་ལེ་ཉག་གཅིག་ཏུ་གནས་པར་འདོད། ངོ་བོ་སྟོང་པའི་ཆ་ནས་ཀ་དག་དང༌། རང་བཞིན་གསལ་བའི་ཆ་ནས་ལྷུན་གྲུབ། དབྱེར་མེད་ཟུང་འཇུག་གི་ཆ་ནས་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ཅེས་ཀྱང་བྱ་བའོ། དེའི་སྐབས་འཁོར་འདས་གཉིས་འབྱུང་རུང་ཚུལ་དུ་གནས་པ་ལས་དངོས་སུ་བྱུང་བར་མི་འདོད་དོ། དེ་ལས་འཕྲོས་ཏེ་བོན་ལུགས་སུ་ཡང་འཁོར་བ་ལ་ཐོག་ཡོད་དང་ཐོག་མེད་ཀྱི་བཞེད་སྲོལ་མི་འདྲ་བ་གཉིས་དང༌། དྲང་དོན་དང་ངེས་དོན་གྱི་བཤད་སྲོལ་མི་འདྲ་བ་ཁག་གཉིས་བྱུང་ཡོད། གོང་དུ་བཤད་པའི་སྟོང་གསལ་བློ་འདས་ཆེན་པོ་དེ་ཉིད་ནི་རྟོག་འཁྲུལ་གཉིས་ཀྱི་གཞི་ཡིན་ནོ། གཉིས་པ་རྟོགས་འཁྲུལ་གཉིས་ཀྱི་རྐྱེན་ངོས་བཟུང་བ་ལ། ནང་མན་ངག་དམར་ཁྲིད་ཀྱི་ལེའུ་གཉིས་པ་ལས། སྣང་བའི་ཡུལ་གསུམ་རྟོགས་འཁྲུལ་རྐྱེན་ཞེས་གསུངས་པ་དེ་ཉིད་ཡིན། རིག་པའི་རང་རླུང་ཞེས་སུ་གྲགས་པའི་ཕྲ་མོའི་རླུང་གིས་གཡོ་འགུལ་ལ་བརྟེན་ནས་རང་འབྱུང་བློ་འདས་སྟོང་པ་གོ་མ་བཀག་པའི་ཀློང་ནས་བྱུང་བའི་རིག་པའི་རང་སྒྲ་འབྲུག་སྟོང་ལྡིར་བ་ལྟ་བུ་དེ་དང༌། རང་རིག་གསལ་བ་དྲི་མས་མ་གོས་པའི་བརྡ་རུ་འཆར་བའི་དཀར་སེར་དམར་སྔོན་ལ་སོགས་རིག་པའི་རང་འོད། ཟུང་འཇུག་དབྱེར་མེད་ཀྱི་རྩལ་ལས་རིག་པའི་རང་ཟེར་གཅིག་ཏུ་མ་ངེས་པ་སྣ་ཚོགས་ཀྱི་རྣམ་པ་ཅན་དུ་འཆར་བ་དེ་དག་གོ ། དེ་གསུམ་ལ་སྣང་བ་ཆེན་པོ་གསུམ་ཞེས་བརྗོད། སྣང་བ་ཆེན་པོ་དེ་གསུམ་རིག་པའི་རང་སྣང་དང་རང་གཟུགས་ཡིན་པར་རྟོགས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་གཉིས་སྣང་བ་ཆེན་པོ་དེ་གསུམ་གྱི་རྐྱེན་ལ་བརྟེན་ནས་བྱུང་བས་རྟོགས་འཁྲུལ་གཉིས་ཀྱི་རྐྱེན་དུ་འཇོག་པ་ཡིན། གསུམ་པ་དེ་ལ་བརྟེན་ནས་དག་པ་བདེར་གཤེགས་ཀྱི་ཞིང་ཁམས་དང་མ་དག་འཁྲུལ་སྣང་གི་སྲིད་པའི་ཆགས་རབས་དང་ངོ་བོ་གླེང་བ་ནི། ནང་མན་ངག་དམར་ཁྲིད་ཀྱི་ལེའུ་གཉིས་པ་ལས། འོད་དང་རིག་པ་འབྲེལ་བ་ལས། སྐུའི་རྣམ་སྤྲུལ་ཐམས་ཅད་ཤར། སྒྲ་དང་རིག་པ་འབྲེལ་བ་ལས། གསུང་གི་རྣམ་སྤྲུལ་ཐམས་ཅད་ཤར་ཟེར་དང་རིག་པ་འབྲེལ་བ་ལས་ཐུགས་ཀྱི་རྣམ་སྤྲུལ་ཐམས་ཅད་ཤར། སྐུ་གསུང་ཐུགས་ཀྱི་རྩལ་གསུམ་ལས། ཡོན་ཏན་འཕྲིན་ལས་ཤུགས་ལས་ཤར་ ཞེས་དང༌། མ་དག་སྲིད་པའི་ཆགས་རབས་གླེང་བའི་སྐབས། དེ་ཉིད་ལས། རིག་པ་འོད་དང་འབྲེལ་བས་སྣོད་བཅུད་ལུས་སེམས་ཤར། ཕྱི་སྣོད་འཇིག་རྟེན་སེམས་ལ་ཤར་ཚུལ་ནི། ནམ་མཁའི་འོད་དང་རིག་པ་འབྲེལ་བ་ལས། གྱ་གྱུ་རླུང་སྟེ་ཕྱད་དང་ཕྱོད་དུ་བྱུང༌། སྐྱོད་པའི་ཤུགས་ལས་ཚ་བའི་མེ་རུ་བྱུང༌། མེ་རླུང་ཚ་གྲང་འཐབས་པས་རླན་ཏེ་ཆུ་རུ་བྱུང༌། ཆུའི་བཅུད་ལས་བསྐྱེད་པའི་ས་གཞིར་འགྱུར། སྣོད་ཀྱི་འཇིག་རྟེན་ཐམས་ཅད་དེ་ལས་ཆགས་ ཞེས་པ་འདི་དག་བྱུང༌། ལུང་ཚིག་གོང་འོག་གཉིས་པོ་འདི་དག་ནི་བདེར་གཤེགས་ཀྱི་ཞིང་ཁམས་དང་འཇིག་རྟེན་གྱི་ཆགས་རབས་སྟོན་བྱེད་ཀྱི་སེམས་ཕྱོགས་ཀྱི་ཐུན་མིན་བཞེད་སྲོལ་ཞིག་ཡིན་པས་དེའི་ཅུང་ཞིག་འཆད་པར་འདོད་དོ། དེ་ཡང་ལུང་དང་པོའི་ཚིག་དོན་ནི། འོད་ཅེས་པ་རིག་པའི་གསལ་ཆ་མ་འགག་པའི་གདངས་ལས་བྱུང་བའི་རིག་པའི་རང་འོད་དེ་དང༌། གསལ་སྟོང་འཛིན་མེད་ཀྱི་རིག་པ་གཉིས་རང་བཞིན་ལྷུན་འགྲུབ་ཀྱི་ཚུལ་དུ་ཟུང་དུ་འབྲེལ་བ་ཡིན་ལ། ཁྲེགས་ཆོད་དང་ཐོད་བརྒལ་གྱི་ཉམས་ལེན་ཕྲ་མོའི་གནད་ལ་བརྟེན་ནས། སངས་རྒྱས་ཀྱི་སྐུའི་རྣམ་སྤྲུལ་དང་ཞིང་ཁམས་ཐམས་ཅད་དེ་ལས་བྱུང་བ་དང༌། སྟོང་པ་གོ་མ་བཀག་པའི་རྩལ་ལས་བྱུང་བའི་རང་འབྱུང་རྒྱུན་ཆད་མེད་པའི་རིག་པའི་རང་སྒྲ་དེ་ཉིད་དང་གསལ་སྟོང་འཛིན་མེད་ཀྱི་རིག་པ་གཉིས་པོ་རང་བཞིན་ལྷུན་གྲུབ་ཀྱི་ཚུལ་དུ་ཟུང་དུ་འབྲེལ་བ་ཡིན་ལ། ཐོད་བརྒལ་གྱི་ཉམས་ལེན་ལ་བརྟེན་ནས། མཐར་ཐུག་སངས་རྒྱས་ཀྱི་གསུང་གི་རྣམ་སྤྲུལ་བརྒྱད་ཁྲི་བཞི་སྟོང་ལ་སོགས་ཐམས་ཅད་དེ་ལས་བྱུང་བ་དང༌། སྟོང་གསལ་ཟུང་འཇུག་གི་རྩལ་ལས་བྱུང་བའི་རིག་པའི་རང་ཟེར་དང་གསལ་སྟོང་འཛིན་མེད་ཀྱི་རིག་པ་གཉིས་རང་བཞིན་ལྷུན་གྲུབ་ཀྱི་ཚུལ་དུ་ཟུང་དུ་འབྲེལ་བའི་རྩལ་ལས། སངས་རྒྱས་ཀྱི་ཐུགས་ཀྱི་རྣམ་སྤྲུལ་མཁྱེན་པའི་ཡེ་ཤེས་བརྒྱད་ཁྲི་བཞི་སྟོང་ལ་སོགས་ཐམས་ཅད་དེ་ལས་བྱུང་བར་འདོད་པའོ། བདེར་གཤེགས་ཀྱི་ཞིང་ཁམས་དེ་དག་ཉམས་ལེན་ཕྲ་མོའི་གནད་ལ་བརྟེན་ནས་བྱུང་བ་ཞིག་ལས། བྱེད་པོས་བྱས་པའི་རིམ་པ་དང་རྒྱུ་མཐུན་འབྱུང་བའི་རྡུལ་ཕྲན་ལ་བརྟེན་ནས་བྱུང་བའི་རིམ་པ་མི་འདོད་པའོ། ལུང་འོག་མའི་ཚིག་དོན་ནི། རིག་པ་འོད་དང་འབྲེལ་བས་སྣོད་བཅུད་ལུས་སེམས་ཤར་ཅེས་པ། གསལ་སྟོང་འཛིན་མེད་ཀྱི་རིག་པ་དང་རིག་པའི་རང་འོད་གཉིས་ཟུང་དུ་འབྲེལ་བའི་རྩལ་ལས། མ་དག་པའི་སྣོད་བཅུད་གཉིས་ཀྱི་ཆགས་རབས་བསྟན་པ་ཞིག་ཡིན་ལ། ཇི་ལྟར་ཆགས་པའི་ཚུལ་ནི། རྩ་ལ་ཆེན་སེང་གེས་རང་གཟུགས་ལ་གཞན་གཟུགས་སུ་འཁྲུལ་ཏེ་ཆུ་ནང་དུ་མཆོང་པ་ལྟར། ལྷན་སྐྱེས་རླུང་གི་གཡོ་ལྡང་ལས་བྱུང་བའི་སྒྲ་འོད་ཟེར་གསུམ་རྣམས་རིག་པའི་རང་གཟུགས་ཡིན་པར་མ་རྟོགས་ཤིང་གཞན་སྣང་ཡིན་པར་འཛིན་པའི་ལྷན་སྐྱེས་མ་རིག་པའི་བློ་ཡི་བྱེད་པ་ལ་བརྟེན་ནས། རིག་པ་རང་ཚུགས་མ་ཐུབ་སྟེ་སྣང་བའི་རྗེས་སུ་འབྲེལ་བའི་ཀུན་བརྟག་གི་མ་རིག་པ་བྱ་བའི་ཡིད་ཀྱི་འཁོར་ལོ་རྣམ་པ་བཞི་འགྱུ་སྟེ། དང་པོ་ཡིད་ལ་དྲན་བྱེད་ཀྱི་ཚོར་བས། ཕྱི་འོད་ནང་དུ་ཤར་བ་དྲན། ཀུན་ཏུ་འཚོལ་བའི་ཡིད་ཅེས་བྱ་བས་འོད་ལ་ཕྱི་ནང་གཉིས་སུ་བཅད། གཏན་ལ་འབེབས་པའི་ཡིད་ཅེས་བྱ་བས་སྣང་བའི་ཡུལ་གསུམ་དང་རིག་པ་གཉིས་ཡུལ་དང་ཡུལ་ཅན་གྱི་རྣམ་པ་ཅན་དུ་བཟུང་སྟེ་གཏན་འབེབས་བྱས། ངེས་པར་འཛིན་པའི་ཡིད་ཀྱིས་འོད་ལ་འཛིན་པ་རང་རྒྱུད་དུ་སྐྱེས་ཏེ་རྟོགས་པ་རང་འབྱུང་གི་འོད་ནུབ། དེ་ལ་བརྟེན་ནས་བདག་དང་གཞན་དུ་འཛིན་པ་བྱུང༌། དེ་ལ་བརྟེན་ནས་ཉོན་མོངས་དུག་ལྔའི་ལས་སྤྱོད་ཐམས་ཅད་འཕེལ། བག་ཆགས་སྣ་ཚོགས་ཀུན་གཞིའི་བག་ལ་བསགས་པ་དེ་བྱུང༌། ཕྱི་ཡུལ་གྱི་འཁྲུལ་པ་མཚོ་ལ་དར་ཆགས་པ་ལྟ་བུ་གྲུབ་སྟེ། འོད་སེར་པོ་ལ་ས་རུ་མཐོང༌། འོད་དམར་པོ་ལ་མེ་རུ་མཐོང༌། འོད་ལྗང་ཁུ་ལ་རླུང་དུ་མཐོང༌། འོད་སྔོན་པོ་ལ་ཆུ་རུ་མཐོང༌། འོད་དཀར་པོ་ལ་ནམ་མཁའ་རུ་འཁྲུལ་ལོ། དེ་ལྟར་རིག་པའི་རང་རླུང་ཞེས་བྱ་བའི་ཕྲ་མོའི་རླུང་གི་གཡོ་འགུལ་ལ་བརྟེན་ནས་རིག་པ་དང་འོད་ཟུང་དུ་འབྲེལ་བ་དེའི་རྩལ་ལས། ནང་བཅུད་ཀྱི་སེམས་ཅན་དང༌། ཕྱི་སྣོད་ཀྱི་འཇིག་རྟེན་མཐའ་དག་གྲུབ་པ་ཡིན་ལ། དེ་ཡང་གྲུབ་ཚུལ་འདི་ལྟར་ཏེ། རིག་པའི་རང་རླུང་གི་བྱེད་པ་ལས་རང་འབྱུང་རིག་པའི་ཀློང་ནས་སྒྲ་འོད་ཟེར་གསུམ་ཤར། འོད་ལྔ་ལ་འབྱུང་བ་ལྔ་རུ་འཁྲུལ། རིག་པའི་རང་རླུང་གི་བྱེད་པ་ལ་བརྟེན་ནས། འབྱུང་བས་བསྡུས་པའི་རགས་རླུང་དང་དེ་དག་གི་རྡུལ་ཕྲན། འབྱུང་བའི་རྡུལ་ཕྲན་ལ་བརྟེན་ནས་རགས་རླུང་གི་གཡོ་འགུལ། དེ་ཡིས་སྐྱོད་ཤུགས་ལས་ཚ་བ་མེ་ཡི་འབྱུང་བ། མེ་རླུང་ཚ་གྲང་འཐབས་པ་ལ་བརྟེན་ནས་བརླན་པ་ཆུ་ཡི་འབྱུང་བ། ཆུའི་བཅུད་ལས་བསྐྱེད་པའི་ཐེག་ཆེན་གསེར་གྱི་ས་གཞི། དེ་ལ་བརྟེན་ནས་དབུས་ཀྱི་རི་རྒྱལ་ལྷུན་པོ། གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། གླིང་བཞི་གླིང་ཕྲན་ཉི་ཟླ་ཟུང་གཅིག ལྕགས་རི་ཁོར་ཡུག་དང་བཅས་པའི་སྣང་བ་དེ་དག་བྱུང་བ་ཡིན་ནོ། ལུགས་འདི་ཡི་འཇིག་རྟེན་ཆགས་རབས་ནི་གཞི་རྩལ་རོལ་གསུམ་ཁོ་ནའི་དབང་དུ་བྱས་ཏེ་བཤད་པ་ཞིག་ཡིན། རྒྱུ་མཐུན་ལྟར་མི་བཤད་དེ་རྒྱུ་མཐུན་པའི་བཤད་པ་ལྟར་ན་དཔྱད་པ་གྲུབ་པའི་ས་ཚུགས་ནི་ཕྱི་སྣོད་ཀྱི་འཇིག་རྟེན་འདི་ཉིད་ཉེ་རྒྱུ་ཕྱི་འབྱུང་བའི་རྡུལ་ཕྲན་དང་རིང་རྒྱུ་རིག་མེད་ཀྱི་ནམ་མཁའ་སྟོང་པ་རྐྱེན་སེམས་ཅན་སྤྱི་མཐུན་གྱི་ལས་དེ་ཙམ་ལ་གཏུགས་པ་ཡིན་ལ། ལུགས་འདི་ཡིས་རིང་རྒྱུ་ནམ་མཁའ་ལ་གཏུགས་ཀྱང་ནམ་མཁའ་དེ་རིག་མེད་ཀྱི་ནམ་མཁའ་སྟོང་པ་འདི་མ་ཡིན་པའི་རིག་བཅས་ཀྱི་ནམ་མཁའ་སྟོང་པ་ལ་བཞེད་པ་ཡིན་ལ། ཕྱི་འབྱུང་བའི་རླུང་ལས་གཞན་པའི་རིག་པའི་རང་རླུང་བྱ་བའི་ཕྲ་མོའི་རླུང་གི་རྣམ་གཞག་འཆད་རྒྱུ་ཡོད་པ་དེ་ལ་གཏུགས་པས། ཕུ་ཐག་ཤིན་ཏུ་རིང་བའི་བཤད་པ་ཞིག་ཏུ་མངོན་ནོ། བྱེད་བྱས་ལྟར་ཡང་མ་ཡིན་ཏེ། བྱེད་བྱས་པའི་བཤད་པ་ལྟར་ན། རྐྱེན་བདེར་གཤེགས་ཀྱི་ཞལ་གྱི་ངད་པ་ལས་བྱུང་བར་འདོད་པ་ཡིན་ལ། ལུགས་འདི་ནི་བྱེད་པ་མེད་པར་རང་འབྱུང་རང་ཤར་གྱི་ཚུལ་དུ་བྱུང་བར་འདོད་དོ། མདོར་ན་སེམས་ཕྱོགས་རྫོགས་པ་ཆེན་པོའི་ལུགས་ཀྱི་ཕྱི་སྣོད་འཇིག་རྟེན་གྱི་འབྱུང་ཁུངས་སུ་གྲགས་པའི་འཛིན་མེད་རང་འབྱུང་གི་རིག་པ་དང་སྣང་བ་ཆེན་པོ་གསུམ་དུ་གྲགས་པའི་རང་རྩལ་སྒྲ་འོད་ཟེར་གསུམ་དེ་དག་འབྱུང་བའི་རྡུལ་ཕྲན་དང་བྱེད་བྱས་ཀྱི་ངད་པ་ལ་མ་ལྟོས་པའི་ཡེ་སྲིད་འབའ་ཞིག་ཏུ་འདོད་པའོ།།

༢༽གསང་སྔགས་ཀྱི་གཞུང་ལུགས་དང་འབྲེལ་ཏེ་འཇིག་རྟེན་སྣོད་ཀྱི་ཆགས་རབས་གླེང་བ།

       བདེར་གཤེགས་ཀྱི་ཞལ་གྱི་ངད་པ་ལ་བརྟེན་ནས་བྱུང་བའི་སྲིད་པའི་ཆགས་རབས་སྐོར་བཤད་སྲོལ་ཇི་སྙེད་ཅིག་བྱུང་བ་ཐམས་ཅད་ནི། གསང་བ་སྔགས་ཀྱི་རྒྱུད་གཞུང་དག་ལས་འཕྲོས་པ་ཡིན་ལ། གསང་བ་སྔགས་ཀྱི་རྒྱུད་གཞུང་དེ་རྣམས་ཀྱང༌། གསང་སྔགས་ནང་མའི་ཆར་གཏོགས་པའི་བོན་སྡེ་འབའ་ཞིག་ཡིན། གསང་སྔགས་ཕྱི་རྒྱུད་ཀྱི་ཁོངས་དེ་ལྟ་བུའི་ཚུལ་བཤད་ཡོད་མེད་གུས་མོས་ད་བར་དཔྱད་ཞིབ་བྱས་ཀྱང་རྙེད་སོན་མ་བྱུང༌། ཕལ་ཆེར་རྒྱུད་སྡེ་འོག་མ་གཉིས་ཀྱི་ཁོངས་བྱེད་བྱས་ཀྱི་སྲིད་པའི་ཆགས་རབས་བཤད་སྲོལ་མེད་པར་སེམས། སངས་པོ་འབུམ་ཁྲིའི་སྤྲུལ་པ་ཁྲི་རྒྱལ་ཁུག་པས་ཧ་དང་ཧུ་བཏབ་པ་སོགས་ལས་སྲིད་པ་བྱུང་ཚུལ་བོན་གྱི་མདོ་སྔགས་ཀྱི་གཞུང་ལུགས་གང་མང་ནང་དེ་ལྟར་གསལ་ཡང༌། གཞུང་ལུགས་དེ་དག་གི་དགོངས་དོན་མཐིལ་ཕྱིན་པ་མ་རྟོགས་དུས་བལྟ་ཐེངས་གཅིག་གིས་སྐབས་སུ་ཕལ་ཆེར་བོན་གྱི་ལུགས་སུ་འཇིག་རྟེན་བྱེད་པོ་འདོད་ཀྱི་ཡོད་པ་སོགས་ཀྱི་དོགས་ཕུང་སྐྱེ་མི་སྲིད་པའང་མ་ཡིན། གུས་མོས་ཞིབ་མོ་རྣམ་པར་ཐག་པའི་སྒོ་ནས་བྱེད་བྱས་ཀྱི་སྲིད་པའི་ཆགས་རབས་སྐོར་རྟོག་དཔྱོད་བྱ་སའི་གསང་སྔགས་ནང་མའི་རྒྱུད་གཙོ་གྲས་ཁག་ཅིག་ནི། གསང་བ་སྔགས་ཀྱི་རྒྱལ་པོ་ཕ་རྒྱུད་རིག་པ་ཁུ་བྱུག་གསང་མཆོག་མཐར་ཐུག་རྒྱལ་པོ་རྩ་བའི་རྒྱུད་དང༌། སྲིད་པ་ལས་ཀྱི་གཏིང་ཟློག་གི་རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མ་དང༌། དབལ་གསས་དྲག་ཟློག་གི་རྒྱུད་སྟོང་རི་ཐོ་ཆེན། ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་གཞུང༌། སྤྱི་སྤུངས་སྐོར་གསུམ་གྱི་ནང་ཚན་དཔལ་གསང་བ་འདུས་པ་དོན་གྱི་རྒྱུད་བཅས་ཡིན། གསང་སྔགས་ནང་མའི་རྒྱུད་གཞུང་དེ་དག་གི་ནང་བྱེད་བྱས་ཀྱི་སྲིད་པའི་ཆགས་རབས་སྐོར་གསལ་པོ་འཁོད་ཡོད། སྤྱིར་གསང་སྔགས་ནང་མའི་རྒྱུད་གཞུང་ཁག་ལ་སྤྱི་སྤུངས་སྐོར་གསུམ་དང་གསས་མཁར་མཆོག་ལྔ་གཙོས་པའི་ལྷོ་གཏེར་དང་བྱང་གཏེར་དབུས་གཏེར་སོགས་ཀྱི་ཁོངས་སུ་གཏོགས་པའི་གླེགས་བམ་བགྲངས་ཀྱི་མི་ལོང་བ་ཞིག་མཆིས་པས་དེ་དག་རེ་རེ་ལ་རྟོག་དཔྱོད་དགོས་གལ་དེ་ཙམ་ཆེ་བ་མ་མཐོང༌། མཚལ་བུ་གཅིག་རུབ་ཀུན་རུབ་དང༌། འདམ་བུ་གཅིག་སྟོང་ཀུན་སྟོང་ ཞེས་པའི་དཔེ་ལྟར། གཅིག་ནས་གསང་སྔགས་ནང་མའི་སྤྱི་ཁོག་ཀྱི་འཆད་སྲོལ་གཅིག་པ་ཡིན་པས། དེ་དག་རེ་རེ་ནས་འགོད་པར་ངལ་བ་མ་བྱས། གཉིས་ནས་ཚིག་ཉོབ་མང་ན་སྙིང་དོན་སྟོང་ཞིང་བཤད་པ་འགྱངས་སྐོར་དུ་ལུས་པའི་ཉེན་ཚབས་ཤིག་ལས་དགེ་མཚན་དེ་ཙམ་ཆེ་བར་མ་མཐོང༌། གོང་དུ་བཀོད་པའི་གསང་སྔགས་ཀྱི་རྒྱུད་གཞུང་གཙོ་གྲས་དེ་དག་གི་འཇིག་རྟེན་ཆགས་རབས་ཀྱི་དཔྱད་སྡོམ་སྤེལ་བ་ལ། དང་ཐོག་སྤྱི་ཚན་གྱི་དབང་དུ་བྱས་ནས་ནང་བཅུད་ཀྱི་སེམས་ཅན་དང་ཕྱི་སྣོད་ཀྱི་འཇིག་རྟེན་གཉིས་པོ་རྩ་བ་ནས་མ་གྲུབ་པའི་དུས་ཞིག་ཡོད་མེད་དཔྱད་དགོས། དེ་ནས་གསང་སྔགས་ཀྱི་གཞུང་དེ་དག་ལས་འཇིག་རྟེན་གྱི་ཆགས་རབས་བཤད་པ་འདིའི་དངོས་དོན་གང་ཞིག་ཡིན་མིན་སྐོར་དགོངས་དོན་མཐིལ་ཕྱིན་པ་ཞིག་ལོན་ཐབས་ལ་འབད་པ་རྩལ་དུ་བཏོན་དགོས་པ་ཡིན། རིམ་པ་དང་པོའི་དཔྱད་བསྡོམས་སྙིང་དོན་ཞིག་སྤེལ་ཏེ་ཞུ་ན། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་རྟེན་དང་བརྟེན་པའི་རང་བཞིན་དུ་གྲུབ་པ་ཞིག་ཡིན་སྟབས། སྤྱི་ཚན་གྱི་དབང་དུ་བྱས་པའི་ཕྱི་སྣོད་ཀྱི་འཇིག་རྟེན་རྩ་བ་ནས་མ་གྲུབ་པའི་དུས་ཞིག་ཡོད་ན། ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཐོག་མ་ཡོད་དགོས་ལ། དེ་ལྟར་ན་དེ་ལ་བརྟེན་པའི་ནང་བཅུད་ཀྱི་སེམས་ཅན་ལ་ཡང་ཐོག་མ་ཡོད་དགོས་པ་རང་བཞིན་གྱིས་རིགས་པས་གྲུབ་པ་ཡིན། དེའི་དབང་དུ་བྱས་ན་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་གྲུབ་ནས་ད་བར་དུས་འདི་ཙམ་ཞིག་ལོན་ཞེས་པའི་ཡ་མཚམས་དང་མ་མཚམས་གཏན་འབེབས་བྱ་རྒྱུ་ཡོད་པ་ཞིག་ཅི་ནས་ཀྱང་དགོས་པས། འཁོར་བ་མཐའ་མེད་དང་ཐོག་མེད་ཀྱི་རྣམ་གཞག་དང་འགལ་བར་འགྱུར་རོ། ཕྱི་སྣོད་དང་ནང་བཅུད་མ་གྲུབ་པའི་སྔ་རོལ་དུ་ལོངས་སྤྱོད་རྫོགས་པའི་སྐུ་བྱ་བའི་སངས་རྒྱས་ཞིག་གྲུབ་ན། དེ་དང་པོ་ཉིད་ནས་སངས་རྒྱས་ཡིན་དགོས་པ་ལས་གང་ཟག་ཐ་མལ་བ་ཞིག་སངས་རྒྱས་སུ་གནས་འགྱུར་ཏེ་ཀུན་མཁྱེན་ཡེ་ཤེས་མངོན་དུ་བྱས་པ་ཞིག་མ་ཡིན་པ་ཐག་གིས་ཆོད། རྫོགས་པའི་སངས་རྒྱས་དེ་ཉིད་ཀྱང་ཚད་མེད་སྙིང་རྗེའི་བདག་ཉིད་ཅན་ཞིག་ཀྱང་མ་ཡིན་པར་གྱུར་ཏེ། སྙིང་རྗེའི་ཞིང་ས་མ་གྲུབ་པས་སོ། དེས་ན་བདེར་གཤེགས་ཀྱི་ཞལ་གྱི་ངད་པ་ཧ་དང་ཧུ་བཏབ་པ་ལ་བརྟེན་ནས་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་རབས་དང་ནང་བཅུད་ཀྱི་སེམས་ཅན་གྲོལ་ཚུལ་བཤད་པ་དེ་དག་འཁོར་བ་སྤྱི་ཚན་གྱི་དབང་དུ་བྱས་ཏེ་བཤད་པའི་གཏམ་ཞིག་མ་ཡིན་པ་ནི་མངོན་གསལ་ལོ། རིམ་པ་གཉིས་པ་གསང་སྔགས་རྒྱུད་གཞུང་དེ་དག་ལས་བྱེད་བྱས་ཀྱི་འཇིག་རྟེན་ཆགས་རབས་གླེང་བ་འདིའི་དངོས་དོན་གྱི་མཐའ་དཔྱོད་རོབ་ཙམ་ཞུས་ན། གསང་སྔགས་ཨ་དཀར་བའི་གཞུང་སྲིད་པ་ལས་ཀྱི་གཏིང་ཟློག་གི་རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མ་དང་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་སོགས་ལས། དང་པོ་སྲིད་པ་སྔ་མ་ནི་ཞིག ཕྱི་མ་ནི་མ་གྲུབ་པའི་བར་འདིར་ཞེས་པའི་ཚིག་རྐང་གཉིས་པོ་འདི་ལ་གཞི་བཅོལ་ཏེ་འགྲེལ་ན། འཇིག་རྟེན་བྱེ་བྲག་པ་ཞིག་དུས་ཆེན་གྱི་འཇིག་པས་སྟོང་ནས་སྟོང་གཞི་དེར་འཇིག་རྟེན་གསར་གྲུབ་མ་བྱུང་བའི་སྐབས་ཀྱི་གཏམ་ཞིག་ཏུ་སྣང༌། ཚིག་རྐང་དང་པོའི་འབྲུ་དོན་ལ་དཔྱད་ན། དེའི་སྔོན་དུ་འཇིག་རྟེན་ཞིག་སྔོན་དུ་སོང་ཟིན་པས། འཇིག་རྟེན་སྤྱི་ཚན་གྱི་བཤད་པའི་སྐབས་མ་ཡིན་པ་གསལ་པོར་དཔོག་ཐུབ་པ་ཡིན། གཉིས་པ་གསང་སྔགས་ཨ་དཀར་ཐེག་པའི་ལུགས་ཀྱི་འཇིག་རྟེན་བྱེད་བྱས་ཆགས་རབས་གླེང་བ་ལ། ཡུམ་ཆེན་སྲིད་པའི་རྒྱལ་མོའམ་གསལ་བྱེད་གདོས་བྲལ་མས་སྟོན་པ་ཀུན་ཏུ་བཟང་པོ་ལ་དངོས་མེད་སེམས་ཀྱི་མཆོད་སྤྲིན་དཔག་ཏུ་མེད་པ་ཕུལ་ཏེ་འགྲོ་བའི་རྟེན་གནས་ཀྱི་སྲིད་པ་ཞིག་པ་སླར་གསོ་བར་འཚལ་བའི་ཞུ་གསོལ་འདེབས། སྟོན་པ་ཀུན་ཏུ་བཟང་པོས་འགྲོ་བ་སེམས་ཅན་གྱི་དོན་དུ་དགོངས་ནས། ཀུན་སྣང་ཁྱབ་པའི་སྐུར་མངོན་པར་བཞེངས ། སྲིད་པ་ཁྲི་རྒྱལ་ཁུག་པ་བྱ་བ་དང༌། ཕྱ་ཡོ་ལ་ཁྱབ་པ་དང༌། ཇོ་བོ་ཡེ་གཤེན་རླུང་གི་འདབ་མ་ཅན་སོགས་མཚན་འགྱུར་ཙམ་ལས་དོན་གྱི་ཆ་ནས་ངོ་བོ་སྟོང་པ་ཉིད་ལ་གོ། དེ་ཡང་རྫོགས་ཆེན་ཡང་རྩེ་ལྟ་བ་ཐོག་བབ་ཞེས་བྱ་བ་བཞུགས་པ་ལས། མ་ཀུན་གཞི་སྟོང་པའི་རང་མདངས། ཡུལ་གསལ་ལ་རྟོག་པ་མེད་པ་དེ་ལ། གདགས་སུ་ཡོད་པའི་ཀུན་བཟང་ཡང་ཟེར། ཡོངས་ཀྱི་བློ་སྣང་ལ་ཁྱབ་པའི་ཕྱིར་དུ། ལྷ་ཆེན་ཀུན་སྣང་ཁྱབ་པ་ཡང་ཟེར། སྣང་སྲིད་འཁོར་འདས་ཁོ་ཡི་རྩལ་ཤར་བས། སྲིད་པ་སངས་པོ་འབུམ་ཁྲི་ཡང་ཟེར། གསལ་ལ་རྟོག་པ་མེད་པས། ལྷ་འཁྲུལ་མེད་འོད་དཀར་གནས་འཛིན་ཡང་ཟེར། རྒྱུ་རྐྱེན་ལས་མ་བྱུང་སྟེ། གྲོལ་འཁྲུལ་གྱི་དྲི་མ་འགོས་པ། རང་འབྱུང་གཤེན་ལྷ་དཀར་པོ་ཡང་ཟེར། རང་རྒྱུད་ལ་དུས་གསུམ་འཁོར་ཡུག་ཏུ་གནས་པས། གཞི་རང་ཆས་ཀྱི་སངས་རྒྱས་ཡང་ཟེར་རོ། ཅི་ལྟར་མཚོན་བྱེད་ཐ་སྙད་མིང་ཙམ་མོ། ཞེས་པས། དེ་ལྟར་མིང་གིས་ཐ་སྙད་ཅི་ཙམ་ཅིག་འབོད་ཀྱང༌། དོན་དུ་དྲིལ་ན་རང་རིག་པའི་གནས་ལུགས་ལ་དྲང་དོན་ཙམ་དུ་བཏགས་པ་སྟེ། སྒྲ་ཙམ་ཐ་སྙད་ཙམ་མིང་ཙམ་དུ་ཤེས་པར་བྱའོ ་ཞེས་བློ་དམན་དག་ལ་གོ་བདེ་བའི་ཕྱིར་དུ་མིང་དང་ཐ་སྙད་ཙམ་བཏགས་པ་ལས། དོན་དུ་རྟག་བརྟན་སྐྱེས་བུ་ཞིག་གི་སྟོབས་ལས་བྱུང་བ་སོགས་མ་ཡིན་པ་གསལ་པོར་ཤེས་ཐུབ། དེ་ཡང་དབུ་མ་བདེན་གཉིས་ཀྱི་རང་འགྲེལ་ལས། དོན་དམ་བསམ་བརྗོད་ཡུལ་མིན་ཀྱང༌། བརྡ་དང་ཚིག་གིས་དེ་མཚོན་སྟོན། མཛུབ་ཁྲིད་ཟླ་བ་ལྟ་བུའོ། དེ་ལ་མ་བརྟེན་རྟོགས་མི་འགྱུར་ཞེས་གསུངས་པ་ལྟར་རོ།།
        སྤྱིར་སྲིད་པའི་མ་ཡུམ་དེ་ལ་མཚན་གྱི་རྣམ་གྲངས་ཀྱི་ཚུལ་དུ་ཡེ་སྲིད་རྒྱལ་མོ་དང༌། གནམ་ཕྱི་དང༌། ཆུ་ལྕམ་དང༌། སྲིད་རྒྱལ་དང༌། ཐུགས་རྗེ་དང༌། འཕྲུལ་དང༌། ས་ཏྲིག་བཅས་ཡོད་པས། ཡེ་སྲིད་རྒྱལ་མོ་ནི་སེམས་ཉིད་ལས་རོལ་པ་ཤར་བ་ལ། གནམ་ཕྱི་ནི་གནམ་བདུད་ཀླུ་དབང་ཟིལ་གྱིས་གནོན་པའི་དུས་དང༌། ཆུ་ལྕམ་སྐྱེ་འགྲོའི་འ་མོ་མཛད་དུས་དང༌། སྲིད་རྒྱལ་ནི་ལྷ་རྒོད་ཀྱི་སྒྲོལ་ཡུམ་མཛད་དུས་དང༌། ཐུགས་རྗེ་ནི་ཞི་བའི་གཙོ་མོའི་དུས་དང༌། འཕྲུལ་ནི་གང་འདུལ་སྤྲུལ་པ་སྟེ། སངས་རྒྱས་བསྐྱེད་པའི་དུས་དང༌། ས་ཏྲིག་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་ཡུམ་དང་རྒྱས་པའི་གཙོ་མོ་མཛད་དུས་སོ་ ཞེས་རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་ལས་དེ་ལྟར་སྲིད་པའི་རྒྱལ་མོ་ཞེས་པ་འཇུག་ཡུལ་གྱི་མཚན་གྱི་རྣམ་གྲངས་དུ་མ་ཞིག་ཡོད་ཀྱང་དོན་ཡང་དག་གནས་ལུགས་ཀྱི་དོན་ལས་མ་འདས་སོ།།
        གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་བསེན་ཐུབ་ཀྱི་རྒྱུད་ལས། འཁོར་བའི་གཞི་རྩ་སྣོད་དང་བཅུད། ཆགས་ཤིང་འཕེལ་བའི་རིམ་པ་ནི། དང་པོ་ཅི་ཡང་མེད་པ་ལས། ཅིར་ཡང་མཁྱེན་པའི་འོད་གཅིག་བྱུང༌། ཁ་དོག་འོད་ཀྱི་སྙིང་པོ་ལས། གཟུགས་མེད་ཡིད་ཀྱི་རྡུལ་དུ་བྱུང༌། རྡུལ་དེ་ཡོངས་སུ་གྲུབ་པ་ལས། རང་འགྱུར་རླུང་གིས་འཁོར་ལོ་བྱུང༌། དེའི་སྟོབས་དང་རྫུ་འཕྲུལ་ལས། མེ་ཆུ་ས་རླུང་རྟེན་དུ་གྲུབ། རླུང་གིས་འཁོར་ལོ་རབ་བསྐོར་བས། གླིང་བཞི་གླིང་ཕྲན་རི་རབ་རི། ཉི་ཟླ་གཟའ་སྐར་འཇའ་ཚོན་སྤྲིན། རྩི་ཤིང་ནགས་ཚལ་སྐྱེད་པའི་ཚལ། རིན་ཆེན་སྣ་ལྔ་བཅུད་དུ་སྨིན་ ཞེས་དང༌། སྣོད་བཅུད་ཀྱི་གཞི་ནམ་མཁའ་དང་ཀུན་གཞི་སོགས་ལས་བཤད་པའི་སྐོར་ནི་རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་པ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་ལས། འདི་ལྟར་ཕྱི་སྣོད་ཀྱི་སྣོད་བཅུད་ནི། སེམས་ཅན་གྱི་བློ་འཁྲུལ་སྟེ་བདག་མེད་སྟོང་པ་ཉིད་ལས་བདག་ཏུ་བདེན་འཛིན་སྐྱེས་པས་སྣོད་བཅུད་དུ་སྣང་བ་སྟེ། དེ་ཡང་སྣོད་བཅུད་ཀྱི་གཞི་ནི་ནམ་མཁའ་ཡིན་ལ། བཅུད་ཀྱི་གཞི་ནི་ཀུན་གཞི་སྟེ་རྡུལ་ཕྲན་ལས་སོགས་སུ་འཁྲུལ་པས་སྣོད་དུ་སྣང་ལ། མ་རིག་པས་སུ་འཁྲུལ་པས་སེམས་ཅན་དུ་འབྱུང་བའོ། འོ་ན་སངས་རྒྱས་ཀྱི་ཐར་པ་དང་འཁོར་བའི་སེམས་ཅན་གང་ལས་བྱུང་སྙམ་ན། སྟོབས་ལས་བྱུང་ཞིང་སྟོབས་རང་གང་ཞེ་ན། བདག་མེད་རྣམ་དག་རྟོགས་པ་དང་བདག་འཛིན་དྲི་མའི་དབང་དུ་གྱུར་པ་ཡིས་ཐར་འཁོར་འབྱུང་ལ། སྟོབས་རང་གང་ལས་བྱུང་ཞེ་ན། བདེ་བར་གཤེགས་པའི་བཀའ་ལས་བདག་མེད་འབྱུང་ལ། དེས་གྲུབ་པའི་འབྲས་བུ་གནས་སྐབས་སུ་ལྷ་མིའི་བདེ་བ་དང་ས་ལམ་གྱི་བདེ་བ་འབྱུང་ལ། མཐར་ནི་ཆགས་མེད་རྣམ་པར་དག་པའི་སངས་རྒྱས་འབྱུང་བ་དང༌། ཡང་ལས་མ་དག་པ་དང་བཀའ་ལས་མི་ཉན་པ་ལས་བདག་འཛིན་དྲི་མའི་སྟོབས་འབྱུང་ལ། དེས་གནས་སྐབས་སུ་འཐའ་འཁོབ་དང༌། སྤྱོད་དུ་མི་ཁོམ་པ་དང༌། སྡུག་བསྔལ་གྱི་ལྷ་མིར་འགྲུབ་ལ། མཐར་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་བར་འགྱུར་ ཞེས་བྲུ་བཏུས་ལས་ལུང་དྲངས་པ་ལྟར་བཤད་དོ།།
        ལུགས་འདི་ལ་ཡང་ཕྱི་སྣོད་ཀྱི་རིང་རྒྱུ་ནི་ནམ་མཁའ་སྟོང་པ་ཡིན་ལ། ཉེ་རྒྱུ་འབྱུང་བའི་རྡུལ་ཕྲན། རྐྱེན་ལ་སེམས་ཅན་སྤྱི་མཐུན་གྱི་ལས་དང་བདེར་གཤེགས་ཀྱི་ཞལ་གྱི་ངད་པ་གཉིས་སུ་ཡོད། གསང་སྔགས་ཨ་དཀར་བའི་གཞུང་ཆེན་དེ་དག་གི་ནང་རྐྱེན་བདེར་གཤེགས་ཀྱི་ངད་པ་དེ་དག་རྩལ་དུ་བཏོན་ཏེ་གསུངས་ཡོད། འཇིག་རྟེན་བྱས་ཞེས་པ་འདི་བདག་རྐྱེན་མཛད་པ་ཙམ་ལ་དགོངས་ནས་གསུངས་པ་ལས། དབང་ཕྱུག་དང་ཡེ་ཤུས་སོགས་ཀྱི་འཇིག་རྟེན་བྱས་རབས་དང་གཏན་ནས་མི་འདྲ་བས་ཞིབ་མོར་དཔྱད་ན་ཤེས་ནུས་སོ།།

༣༽ གསང་སྔགས་ཕྱི་རྒྱུད་དང་སྤང་ལམ་མདོ་ཡི་ལུགས་ཀྱི་འཇིག་རྟེན་ཆགས་རབས།

        སྤྱིར་ཡེ་སྲིད་བྱེད་བྱས་རྒྱུ་མཐུན་གསུམ་དང་འབྲེལ་བའི་འཇིག་རྟེན་ཆགས་རབས་སྤང་ལམ་ཁོ་ནའི་ལུགས་སུ་འཆད་པའི་སྔ་རབས་བོན་གྱི་མཁས་དབང་འགའ་ཞིག་བྱོན་ཀྱང༌། སྲིད་པ་ལས་ཀྱི་གཏིང་ཟློག་གི་རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མ་བཞུགས་སོ་ཞེས་པའི་ནང༌། དང་པོ་སྲིད་པ་ལ་གསུམ། ཡེ་སྲིད་ཀྱི་སྲིད་པ། སྲིད་པའི་སྲིད་པ། མི་སྲིད་པའི་སྲིད་པའོ། འབྱུང་བའི་བསྐལ་སྲིད་དེའི་ཆ་ལས། མེ་ཆུ་ས་རླུང་གི་སྲིད་པ་བྱུང་བས་འབྱུང་བ་ཞེས་བྱའོ། དེ་ལ་བསྐལ་སྲིད་འབྱུང་ཁོང་གཅིག་སྟེ། དང་པོ་ཡེ་སྲིད་ཀྱི་སྲིད་པ་ནི། བོན་ཉིད་སེམས་ཉིད་ནམ་མཁའི་མཚན་ཉིད་གསུམ། ཡེ་གདོད་མ་ཉིད་ནས་ཡེ་གནས་ཡེ་ལྷུན་གྲུབ་ཆེན་པོ་ཡིན་ཏེ། རྒྱུ་ལས་མ་འབྱུང་རྐྱེན་གྱིས་མི་འཇིག་པས། ཆགས་གནས་འཇིགས་པ་མི་མངའོ། སྲིད་པའི་སྲིད་པ་ནི། ཕྱི་སྣོད་བཅུད་ཀྱི་སྲིད་པ་དང༌། ནང་ལུས་སེམས་ཀྱི་སྲིད་པའོ། ཕྱི་སྣོད་བཅུད་ཀྱི་སྲིད་པ་ལ། ཡེ་སྲིད། བྱེད་བྱས། རྒྱུ་མཐུན་གསུམ་གྱི་སྲིད་པ་ཡིན་ནོ། ནང་ལུས་སེམས་ཀྱི་སྲིད་པ་ལ། ཕྱི་ལུས་ཀྱི་སྲིད་པ་དང༌། ནང་སེམས་ཀྱི་སྲིད་པ་ ཞེས་གཉིས་སུ་དབྱེ་ཡོད་པས་དེ་ལྟར་ལ་གཞིགས་ན། སྲིད་གསུམ་གྱི་འཆད་སྲོལ་སྔགས་གཞུང་ནས་མར་དར་ཡོད་པར་སེམས། བློ་རབ་འབྲིང་ཐ་གསུམ་ལ་ལྟོས་ཏེ་འཇིག་རྟེན་ཆགས་རབས་ཀྱི་འགྲེལ་སྲོལ་མཛོད་འགྲེལ་དག་ལས་སྣང་སྟེ། འགྲོ་མགོན་མཛོད་འགྲེལ་དང་མཁས་བཞིའི་མཛོད་འགྲེལ་བར་གྱི་བློ་རབ་འབྲིང་ཐ་གསུམ་ལ་ལྟོས་ཏེ་སྲིད་པ་གསུམ་གྱི་དབྱེ་ཚུལ་ལ་མི་མཐུན་པ་བྱུང་ཡོད། དེ་ཡང་མཁས་བཞིའི་མཛོད་འགྲེལ་ནང༌། གང་ཟག་དབང་པོ་འབྲིང་ལ་ལྟོས་ཏེ། རང་བཞིན་ཡེ་སྲིད་ཀྱི་སྲིད་པ་དང༌། དབང་པོ་ཐ་མ་ལ་ལྟོས་ཏེ། བྱེད་པོས་བྱས་པའི་སྲིད་པ་དང༌། དབང་པོ་རབ་ལ། རྒྱུ་མཐུན་འབྱུང་བའི་སྲིད་པ་ བཅས་དབྱེ་བཞག་མཛད་ཡོད། འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་སྲིད་པའི་མཛོད་ཕུགས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་འགྲེལ་བ་ལས། སྐྱེས་བུ་བློ་རབ་ཀྱི་རང་བཞིན་མེད་ལ་བྱེད་པ་མེད་པ་དང༌། འབྲིང་གི་ལྷ་ཡེ་སྲིད་འཕྲུལ་གྱི་རྒྱལ་པོའི་ཐུགས་རྗེ་དང་སེམས་ཅན་གྱི་ལས་ལ་གྲུབ་པར་ལྟ་ལ། ཐ་མ་ལ་རྒྱུ་མཐུན་འབྱུང་བའི་སྲིད་པ་ བཅས་དབྱེ་བ་ཕྱེས་ཡོད། གང་ལྟར་མཁས་རྣམས་མི་མཐུན་བདེན་དོན་ཀུན་ལ་ཡོད་ཅེས་པའི་དཔེ་ལྟར་རང་རང་ལ་བདེན་པའི་ཆ་རེ་ཀུན་ལ་འཆད་རྒྱུ་ཡོད།་་གུས་མོའི་བསམ་ཚུལ་ལྟར་བྱས་ན། ཡེ་སྲིད་དང་བྱེད་བྱས་ཀྱི་དབང་དུ་བྱས་པའི་འཇིག་རྟེན་ཆགས་རབས་ཀྱི་བཤད་སྲོལ་དག་ནི། གསང་བ་སེམས་ཕྱོགས་དང་སྔགས་ནང་མ་གཉིས་ཀྱི་འཆད་སྲོལ་ཞིག་ལས། རྒྱུད་སྡེ་འོག་མ་གཉིས་དང་སྤང་ལམ་མདོ་ཡི་དབང་དུ་བྱས་པ་ཞིག་མིན་པར་མཐོང༌།
        དེས་ན་རྒྱུ་མཐུན་གྱི་དབང་དུ་བྱས་པའི་འཇིག་རྟེན་ཆགས་རབས་གླེང་བ་ལ། རྒྱུད་སྡེ་འོག་མ་གཉིས་དང་སྤང་ལམ་མདོ་ཡི་ཐེག་པ་ཆེ་ཆུང་བ་དེ་དག་གིས་ཕྱི་སྣོད་ཀྱི་འཇིག་རྟེན་བརྩམ་གཞི་རུ་གྱུར་པའི་ཕྲ་རབ་ཀྱི་རྡུལ་དུ་གྲགས་པ་དེ་ཉིད་ཆ་བཅས་དང་ཆ་མེད་ཀྱི་བཞེད་ཚུལ་ལ་མི་མཐུན་པ་ཙམ་མ་གཏོགས་སྲིད་པའི་ཆགས་རབས་རྒྱུ་མཐུན་དུ་བཞེད་པ་གཅིག་མཚུངས་སུ་འདོད། དེར་བརྟེན་རྒྱུ་མཐུན་ལ་བརྟེན་ནས་སྲིད་པའི་ཆགས་རབས་ཇི་ལྟར་བྱུང་བའི་ཁུངས་སྤྱོད་རྒྱུད་པའི་གཞུང་དུ་གྲགས་པའི་གཤེན་རབ་ཀྱི་འཕྲིན་ལས་བཅོ་བརྒྱད་ཀྱི་དོན་བསྟན་པའི་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་ག་ལ་གཞི་བཅོལ་ཏེ་འཆད་པར་འདོད་དོ། དེ་ཉིད་ལས། དང་པོ་ཡེ་མེད་སྟོང་པ་ལས། སྲིད་ནི་ཡེ་ཡོད་ཅུང་ལ་སྲིད། ཆགས་ནི་ཕྲ་རབ་རྡུལ་ལ་ཆགས། བསྐྱེད་ནི་དྲོང་དང་བརླན་གྱིས་བསྐྱེད། གྲུབ་ནི་སྤྱི་མཐུན་ལས་ལ་གྲུབ། རྒྱུ་ནི་འབྱུང་བ་ལྔ་ལ་བརྟེན་ ཞེས་པའི་གཞུང་གི་ཚིག་རྐང་དྲུག་པོ་འདི་ཡི་ནང་རྒྱུ་མཐུན་གྱི་སྲིད་པའི་ཆགས་རབས་གསལ་པོ་བྱས་ནས་བསྟན་ཡོད། དང་པོ་ཡེ་མེད་ཅེས་པས་སྲེག་བྱེད་མེ་ཡི་བསྐལ་པ་དང༌། འཁྲུས་བྱེད་ཆུ་ཡི་བསྐལ་པ། འཐོར་བྱེད་རླུང་གི་བསྐལ་པ་བཅས་ཀྱིས། སྔ་མ་སྲིད་པ་སྟོང་བརླག་ཟིན་ནས། སྲིད་པ་ཕྱི་མ་མ་གྲུབ་པའི་སྟོང་པ་ཆེན་པོའི་སྐབས་དེར། ཕྱི་སྣོད་སྲིད་པའི་འཇིག་རྟེན་འདི་ཉིད་མེད་ཅེས་པའི་དོན་ཡིན། གཉིས་པ་སྲིད་ནི་ཡེ་ཡོད་ཅུང་ལ་སྲིད་ཅེས་པས། སྟོང་པ་ཆེན་པོ་དེའི་དུས་ཕྱི་སྣོད་ཀྱི་སྲིད་པ་མེད་ཀྱང་དེ་ཉིད་འགྲུབ་བྱེད་ཀྱི་རྡུལ་གྱི་ཚོགས་རྣམས་རྒྱུན་ཆད་དུ་མ་སོང་བར་ནམ་མཁའ་སྟོང་པའི་བག་ལ་ཞ་སྟེ་མི་མངོན་པའི་ཚུལ་ལམ་ཤིན་ཏུ་ཕྲ་བའི་ཚུལ་དུ་ཡོད་ཅེས་པའི་དོན་ཡིན། གསུམ་པ་ཆགས་ནི་ཕྲ་རབ་རྡུལ་ལས་ཆགས་ཞེས་པ། དབུས་ཀྱི་རི་རྒྱལ་ལྷུན་པོ་དང་གླིང་ཆེན་པོ་བཞི་གླིང་ཕྲ་མོ་བརྒྱད་གསེར་གྱི་རི་བདུན་རོལ་པའི་མཚོ་བདུན་ལྕགས་རི་མུ་ཁྱུད་པ་དང་བཅས་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་འདི་ཉིད་ཀྱི་བརྩམ་གཞི་ཕྲ་རབ་ཀྱི་རྡུལ་དང་དེ་ལས་འཇིག་རྟེན་གྱི་ཆགས་རབས་བསྟན་པ་ཡིན།
         རྩོམ་གཞི་རྡུལ་ཕྲ་རབ་ཀྱི་ཚད་ངོས་བཟུང་བ་ལ། སྟོན་པ་གཤེན་རབ་མི་བོའི་བཀའ་དྲི་མེད་གཟི་བརྗིད་ལས། རྡུལ་ཞེས་མིང་བཏགས་ཚུལ་དང་འབྲེལ་བའི་རྡུལ་ཕྲན་སྐོར་རྒྱས་པར་གསུངས། དེ་ཡང་གཞུང་ཉིད་ལས། དེ་ལས་ཐོག་མར་གྲངས་ཀྱིས་ཚད། རྡུལ་ཞེས་བྱ་བ་དག་ནས་རྩི། རྡུལ་ལ་རྣམ་པ་གཉིས་ཡིན་ཏེ། རྡུལ་མེད་རྡུལ་དང་རྡུལ་ཆེན་རྡུལ། དེ་ཡང་རྡུལ་ཞེས་ བྱ་བ་ནི། བོན་ཉིད་སྟོང་པ་མུ་མེད་ལས། བོན་ཅན་མཚན་མ་འགག་མེད་པས། དེ་ལ་རྡུལ་ཞེས་མིང་དུ་བཏགས། སེམས་ཉིད་སྟོང་པ་མུ་མེད་ལ། སེམས་ཅན་(སེམས་བྱུང་)མཚན་མ་མངོན་གྲུབ་པས། དེ་ལ་རྡུལ་ཞེས་མིང་དུ་བཏགས། ནམ་མཁའ་སྟོང་པ་མུ་མེད་པ། ས་རྡུལ་མེ་ཆུ་དངོས་མཚན་གྲུབ། དེ་ལ་རྡུལ་ཞེས་མིང་དུ་བཏགས། རྡུལ་མེད་རྡུལ་གྱི་མཚན་ཉིད་ནི། བོན་ཉིད་སྟོང་པའི་རང་མདངས་ལས། རང་འབྱུང་ཡེ་ཤེས་འོད་ལྡན་ཤར། ལྟ་རུ་ཡོད་ལ་འཛིན་དུ་མེད། དེ་ཡི་དངོས་པོ་མཚན་མ་ལ། རྡུལ་མེད་རྡུལ་ཞེས་བྱ་བ་ནི། སྐུ་དང་ཞིང་ཁམས་ཕྱོགས་མེད་རྒྱས། མྱ་ངན་འདས་པའི་ཞིང་དུ་རྫོགས། ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ཏེ། རྡུལ་ཞེས་མིང་གིས་ཐ་སྙད་ཙམ། དོན་དུ་གྲུབ་པ་མ་མཆིས་ཏེ། བོན་ཉིད་སྟོང་ཞིང་བདག་མེད་དོ། རྡུལ་ཅན་རྡུལ་ཞེས་བྱ་བ་ནི། ནམ་མཁའ་སྟོང་པའི་དབྱིངས་རུམ་ནས། དབྱིངས་དང་ཡེ་ཤེས་རྒྱུ་བག་ལས། དེ་ལ་བག་ཞེས་བྱ་བ་ཆགས། དངོས་མེད་ནམ་མཁའི་སྟོང་པ་ལ། འབྱུང་བ་ལྔ་ཡི་བག་ཡོད་པས། བག་ལས་རྡུལ་ཞེས་དངོས་པོ་གྲུབ། དེ་ལ་རང་བཞིན་རྡུལ་ཞེས་བྱ། དེ་དག་བདུན་འགྱུར་བཞི་བཅུ་དགུ། དེའི་ནུས་པ་རགས་པ་ལས། རང་བཞིན་འོད་ལས་རྡུལ་དུ་གྲུབ། ཡེ་ཤེས་སྤྱན་གྱིས་གཟིགས་པ་སྟེ། དེ་ལ་འཕྲ་མོའི་རྡུལ་ཞེས་བྱ། དེ་དག་བདུན་འགྱུར་བཞི་བཅུ་དགུ། དེའི་ནུས་པ་རགས་པ་ལས། ངང་ངམ་ཤུགས་ལས་རྡུལ་དུ་གྲུབ། ཡེ་ཤེས་སྤྱན་གྱིས་གཟིགས་པ་སྟེ། དེ་ལ་འཕྲ་མོའི་རྡུལ་ཞེས་བྱ། དེ་དག་བདུན་འགྱུར་བཞི་བཅུ་དགུ། དེའི་ནུས་པ་ཆེ་རགས་ལས། ཤུགས་ལ་དབུགས་ཀྱི་རྡུལ་དུ་གྲུབ། ལྷ་མིག་དག་པས་མཐོང་པ་སྟེ། དེ་ལ་རྡུལ་ཕྲན་ཞེས་ཀྱང་བྱ། དེ་དག་བདུན་འགྱུར་བཞི་བཅུ་དགུ། དེའི་ནུས་པ་རགས་པ་ལས། འདེགས་བྱེད་རླུང་གི་རྡུལ་དུ་གྲུབ། ཆུ་འབུར་མིག་གིས་མཐོང་པ་སྟེ། དེ་ལ་རླུང་རྡུལ་ཞེས་ཀྱང་བྱ། རང་བཞིན་དངོས་མཚན་བག་ལས་མཐོང༌། རླུང་རྡུལ་བདུན་འགྱུར་མེ་རྡུལ་གཅིག མགར་གྱི་ཞུད་ཆེན་ངད་ལ་མཐོང༌། མེ་རྡུལ་བདུན་འགྱུར་ཆུ་རྡུལ་གཅིག ཆུ་ཡི་སྦུ་བའི་གུར་ལ་མཐོང༌། ཆུ་རྡུལ་བདུན་འགྱུར་བག་རྡུལ་གཅིག རི་བོང་གླང་ལུག་སྤུ་ལས་མཐོང༌། བག་རྡུལ་བདུན་འགྱུར་ས་རྡུལ་གཅིག ཉི་ཟེར་སྲབ་མདའི་རྒྱུད་ལ་མཐོང༌། དེ་ལ་རྡུལ་ཅན་ཞེས་ཀྱང་བྱ། རྡུལ་ལས་རྡུལ་བསྐྱེད་རྣམ་པ་དགུ། ཁམས་གསུམ་འཁོར་བའི་རྒྱུ་རུ་སྟེ། རྡུལ་གྱི་རྩི་ལུགས་རྣམ་གྲངས་སོ། དེ་ལས་གོང་འཕེལ་རྩི་བ་ནི། རྡུལ་ཅན་བདུན་ཏེ་སྲོ་མ་གཅིག སྲོ་བདུན་ཤིག་ལ་ཤིག་བདུན་ནས། ནས་བདུན་འགྱུར་བ་སོར་མོ་གང༌། སོར་མོ་ཉི་ཤུ་རྩ་བཞི་ཁྲུ། ཁྲུ་བཞི་ལ་ནི་གཞུ་འདོམས་གང༌། ཁྲུ་བཞི་མི་ཡི་འདོམ་བཞི་ལ། རྩལ་ཆེན་གྱད་ཀྱི་རྩལ་འདོམ་གང༌། དེ་དག་ལྔ་བརྒྱ་རྒྱང་གྲགས་གཅིག རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག དེ་ནི་གྲངས་སུ་བགྲང་བའི་ཚད། ཁྲུ་བཞི་མི་དང་གྱད་གཉིས་ལས། དཔག་ཚད་ཆེ་ཆུང་ཁྱད་པར་བྱུང༌། དེ་ཡང་ཚད་ཀྱིས་གཞལ་ལུགས་ལས། ཕྱི་སྣོད་རྩལ་ཆེན་གྱད་ཀྱིས་གཞལ། ནང་བཅུད་ཁྲུ་བཞི་མི་ཡིས་གཞལ། དེ་ཡང་འབྲིང་པོ་འབྱུང་བ་ནི། རྩལ་འདོམ་ཕྱེད་འབྲི་འབྲིང་པོའི་ཚད། དེ་ཡང་ཚད་ཀྱིས་གཞལ་ལུགས་ལ། ཕྱི་སྣོད་མེ་ཆུ་ས་རླུང་དང༌། ནང་བཅུད་ཁྲུ་བཞི་མི་ཡིས་གཞལ། དེ་ཡང་འབྲིང་པོར་འབྱུང་བ་ནི། ཁྱུད་མོ་དཔག་ཚད་ཆེན་པོའི་གཞལ། ནང་བཅུད་གླིང་བཞི་རི་རབ་བཅས། རི་བདུན་རོལ་མཚོ་འབྲིང་པོས་གཞལ། སྣོད་བཅུད་གཉིས་ལ་སྤྱི་རྒྱུག་པའི། རྣམ་པར་རྒྱལ་བའི་ཁང་བཟང་དང༌། ཡོངས་འདུས་ཤིང་དང་ཨར་མོའི་རྡོ། མཚལ་རི་ལྷ་ཡི་འདུན་ས་དང༌། ཨུད་འབར་མེ་ཏོག་གླིང་ཆེན་དང༌། གྲོང་དང་གྲོང་ཁྱེར་གྲོང་བདལ་རྣམས། དཔག་ཚད་ཆུང་དུ་དག་གིས་གཞལ། དེ་ནི་ཚད་ཀྱིས་གཞལ་བའོ་ཞེས་རྡུལ་ཅན་དང་འབྲེལ་བའི་ཚད་ཀྱི་གཞལ་ལུགས་བསྟན་པའོ།།
         རྒྱུད་སྡེ་འོག་མ་གཉིས་དང་སྤང་ལམ་ཐེག་ཆེན་པ་ལྟར་ན་དེ་ལྟ་བུའི་ཕྲ་མོའི་རྡུལ་ལ་ཕྱོགས་ཆ་དྲུག་གི་ཆ་དང་བཅས་པའི་ཆ་བཅས་སུ་འདོད། རྣམ་བཅས་པ་དང་རྣམ་མེད་པ་གཉིས་ཀྱིས་ཕྲ་རབ་ཀྱི་རྡུལ་ཕྲན་དེ་ཉིད་བདེན་པ་མཐར་ཐུག་ཏུ་གྲུབ་པས་ཆ་མེད་ཡིན་ལ། དེ་ལས་ཕྲ་བའི་ཆ་འཇོག་ཏུ་མེད་པ་མ་ཟད། དེ་ཤིན་ཏུ་ཕྲ་བ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས། དེ་ལ་གྲུ་བཞི་དང་ནར་མོ་སོགས་ཀྱི་རྣམ་པ་ཡང་མི་འདོད་པ་ཡིན། དེ་ནི་ཟླུམ་གོང་ཕྱོགས་ཆ་མེད་པའི་རྣམ་པ་ཅན་དུ་འདོད་དོ། མདོར་ན་བརྩམ་གཞིའི་ཕྲ་རྡུལ་ཆ་བཅས་ཆ་མེད་འདོད་པའི་ཁྱད་པར་ཙམ་ལས་ཐེག་པ་གོང་འོག་དེ་དག་ཐམས་ཅད་ཀྱིས། སྟོང་གསུམ་ཕྱི་སྣོད་ཀྱི་འཇིག་རྟེན་དུ་གྲགས་པ་འདི་ཉིད། སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ཀྱི་ལས་དང༌། ནམ་མཁའ་སྟོང་པ་གོ་མ་བཀག་པའི་ཀློང་ན་ཡོད་པའི་ཤིན་ཏུ་ཆ་ཕྲ་བའི་ཕྲ་རབ་ཀྱི་རྡུལ་དེ་ཉིད་ལས། རྡུལ་ཕྲན་གྱི་རྣམ་པ་བདུན་འགྱུར་གྱི་ཚུལ་དུ་ཇེ་ཆེར་འཕེལ་ཏེ། འོག་གཞི་རླུང་རི་རྡོ་རྗེ་རྒྱ་གྲམ་ནས་བཟུང་སྟེ། སྣང་སྲིད་དཔག་བསམ་གྱི་རྩེ་ཏོག་གི་བར་གྱི་གཟུགས་ཅན་གྱི་གོང་བུའི་རྣམ་པ་དེ་དག་ཆགས་པའོ། གསུམ་པ་བསྐྱེད་ནི་དྲོད་དང་རླན་གྱིས་བསྐྱེད་ཅེས་པ། ཕྱི་སྣོད་ཀྱི་འཇིག་རྟེན་འདི་ཉིད་ཇི་ལྟར་བསྐྱེད་པའི་ཚུལ་བསྟན། ཚུལ་ཇི་ལྟར་བསྟན་ཞེ་ན། གཡོ་བྱེད་རླུང་གི་རྡུལ་ཕྲན་དང༌། འབེབ་བྱེད་མེ་ཡི་རྡུལ་ཕྲན། སྡུད་བྱེད་ཆུ་ཡི་རྡུལ་ཕྲན། བརྟན་བྱེད་ས་ཡི་རྡུལ་ཕྲན་བཅས་ལ་བརྟེན་ནས་རིམ་གྱིས་བསྐྱེད་པའོ། བཞི་པ་གྲུབ་ནི་སྤྱི་མཐུན་ལས་ལས་གྲུབ་ཅེས་པ་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱི་དབང་གིས་ཕྱི་སྣོད་ཀྱི་འཇིག་རྟེན་འདི་ཉིད་གྲུབ་པར་བསྟན། སྤྱི་མཐུན་གྱི་ལས་ལས་གྲུབ་ཅེས་པ་འདི་ཡིས་བྱེད་བྱས་ཀྱི་རྣམ་པ་གཅོད་པ་ཡིན། སྤྱི་མཐུན་གྱི་ལས་བྱ་བ་ག་འདྲ་ཞིག་ལ་ངོས་འཛིན་དགོས་སྙམས་ན། དཔེར་ན་མི་ཡི་འགྲོ་བ་རྣམས་ལ་བསམ་ན། མི་ཡི་འགྲོ་བ་མཐའ་དག་གིས་བརླན་ཅིང་བཤེར་བ་ལ་ཆུ་རུ་མཐོང་བ་ལྟ་བུ་ཐམས་ཅད་མཐུན་སྣང་གཅིག་ཏུ་གྲུབ་པ་ལྟ་བུ་བྱུང་བ་ནི་སྤྱི་མཐུན་གྱི་ལས་དབང་ཟེར། འཇིག་རྟེན་འདིར་བསྐྱེད་འགྱུར་གྱི་སེམས་ཅན་དེ་དག་གི་སྤྱི་མཐུན་བསོད་ནམས་ཀྱི་ལས་དབང་ལ་བརྟེན་ནས། ཆགས་བསྐལ་དང་གནས་བསྐལ་བྱུང་བ་ཡིན་ལ། འཇིག་རྟེན་འདིར་བསྐྱེད་འགྱུར་གྱི་བསོད་ནམས་དམན་པ་དེ་དག་གིས་བསོད་ནམས་མ་ཡིན་པའི་ལས་ལ་བརྟེན་ནས་འཇིག་བསྐལ་དང་སྟོང་བསྐལ་དེ་དག་བྱུང་བ་ཡིན་ནོ། ཁྱད་པར་དུ་རྒྱུ་ཞེ་སྡང་གི་ཀུན་སློང་དང་རྐྱེན་སྲོག་གཅོད་ཀྱི་བསོད་ནམས་མ་ཡིན་པའི་ལས་ཀྱིས་རྣམ་པར་སྨིན་པ་ལ་བརྟེན་ནས་དམྱལ་བའི་སྣོད་བཅུད་གཉིས་དང༌། རྒྱུ་འདོད་ཆགས་ཀྱི་ཀུན་སློང་དང་རྐྱེན་སེར་སྣའི་ལས་ཀྱི་རྣམ་པར་སྨིན་པ་ལ་བརྟེན་ནས་ཡི་དྭགས་ཀྱི་སྣོད་བཅུད་གཉིས། རྒྱུ་གཏི་མུག་གི་ཀུན་སློང་དང་རྐྱེན་བཀོལ་སྤྱོད་ཀྱི་ལས་ཀྱིས་རྣམ་པར་སྨིན་པ་ལ་བརྟེན་ནས་བྱོལ་སོང་གི་སྣོད་བཅུད་གཉིས་བཅས་གྲུབ་པ་ཡིན། དེ་དག་ནི་བསོད་ནམས་མ་ཡིན་པའི་ལས་སམ་མི་དགེ་བའི་ལས་ཀྱི་བྱེད་པ་ལ་བརྟེན་པའོ། རྒྱུ་ཕྲག་དོག་གི་ཀུན་སློང་དང་རྐྱེན་ཚུལ་ཚུལ་ཁྲིམས་བསོད་ནམས་ཀྱི་ལས་ཀྱིས་རྣམ་པར་སྨིན་པ་ལ་བརྟེན་ནས་མིའི་སྣོད་བཅུད་གཉིས་དང༌། རྒྱུ་ང་རྒྱལ་གྱི་ཀུན་སློང་དང་རྐྱེན་བསོད་ནམས་མ་ཡིན་པའི་ལས་ཀྱིས་རྣམ་པར་སྨིན་པ་ལ་བརྟེན་ནས་མཐོ་རིས་ལྷ་མིན་དང་ལྷ་བཅས་གྲུབ་པ་ཡིན། དེ་ཡང་ལྷ་མིན་ཞེས་པ་ལྷ་མ་ཡིན་པའི་དོན་མིན་ཀྱང་ལྷ་ཡི་ནང་ནས་ཁྲོ་གཏུམ་ཤས་ཆེ་བའི་རིགས་ལ་ལྷ་མིན་དུ་བཏགས་པ་ཡིན་ཞེས་འགྲོ་མགོན་གྱི་མཛོད་འགྲེལ་ལས་གསུངས་པ་ལྟར་རོ། རྒྱུ་མ་རིག་པའི་ཀུན་སློང་དང་རྐྱེན་བསམ་གཏན་གྱི་འདུ་བྱེད་མི་གཡོ་བ་བསྒོམ་ལ་བརྟེན་ནས་གཟུགས་ཀྱི་སྣོད་བཅུད་གཉིས་དང༌། རྒྱུ་མ་རིག་པའི་ཀུན་སློང་དང་རྐྱེན་གཟུགས་མེད་ཀྱི་སྦྱོར་བ་བསྒོམ་སྟོབས་ལ་བརྟེན་ནས་གཟུགས་མེད་ཀྱི་སྣོད་བཅུད་གཉིས་གྲུབ་པ་ཡིན་ནོ། གཟུགས་མེད་གོང་མ་གཉིས་མི་གཡོ་བའི་ལས་ཀྱི་དབང་གིས་གྲུབ་པ་ཡིན་ནོ། ལྔ་པ་རྒྱུ་ནི་འབྱུང་བ་ལྔ་ལ་བརྟེན་ཞེས་པ། འོག་གཞི་རླུང་རི་ལྗང་ཁུ། མེ་རི་དམར་པོ། ཆུ་རི་སྔོན་པོ། ས་རི་སེར་པོ་དེ་དག་ལ་བརྟེན་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་དག་གྲུབ་པར་བསྟན་པ་ཡིན་ནོ།།
        ཁུ་བྱུག་རིག་པའི་མདོ་དང་འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་དང༌། མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མར་བཞུགས་པ་ལས་ཀྱང༌།འགྲོ་བ་སྤྱི་མཐུན་གྱི་ལས་ལས་འོད་ཀྱི་འཁོར་ལོ་རང་བསྒྱུར་སོགས་འབྱུང་བ་ལྔ་ཡི་རྒྱུད་ལས་གྲུབ་ཚུལ་སོགས་བཤད་ཡོད་པས། དེ་ཡང་ཁུ་བྱུག་རིག་པའི་མདོ་ལས། སྣོད་ནི་འབྱུང་བ་བཞི་བྲག་ལ། ས་ཆུ་མེ་རླུང་ནམ་མཁའི་དབྱིངས། དང་མ་ཉི་ཟླ་གཟའ་སྐར་གསལ། རི་རབ་རི་བདུན་རོལ་མཚོ་དང༌། གླིང་བཞི་གླིང་ཕྲན་ལྕགས་རིའི་འཁོར། སྟེང་འོག་ཤར་ལྷོ་ནུབ་བྱང་ས། རྩི་ཤིང་ནགས་ཚལ་ལོ་ཐོག་བཅུད། ཡུལ་དྲུག་འདོད་དགུ་རིན་ཆེན་གཏེར། སྤྲིན་དང་འཇའ་ཚོན་ཁུ་རླང་འཕྱོ། ཐོག་སེར་འབྲུག་གློག་ཆོ་འཕྲུལ་རྡོལ། སྣོད་བཅུད་བྱེ་བྲག་ཅི་སྲིད་པ། དེ་བཞིན་འཇིག་རྟེན་གྲངས་ལས་འདས། ཕྱིའི་སྣོད་དུ་ཆགས་པའོ། ཆག་འཇིག་གནས་སྟོང་རྣམ་བཞི་ལ། འདེགས་བྱེད་འབྱུང་བ་དང་པོ་རླུང༌། རླུང་མེ་དྲོད་ཆུ་རླབས་འཁྱིལ། ཐེག་ཆེན་བསྐྱེད་བྱེད་ས་བོན་འདེག། ཕྲ་རབ་རྡུལ་ལས་རྡུལ་ཕྲན་བརྩེགས། ལྕག་རྡུལ་ཆུ་རྡུལ་རི་བོང་ལུག གླང་དང་ཉི་ཟེར་སྤྲོ་ཤིག་ནས། བདུན་འགྱུར་བདུན་བསྐྱེད་སོ་རེའི་རྔམ། དེ་ཉིད་ཉི་ཤུ་རྩ་བཞི་ཁྲུ། ཁྲུ་བཞི་ལ་ནི་གཞུ་འདོམ་སྟེ། དེ་ཉིད་ལྔ་བརྒྱ་རྒྱང་གྲག་ཚད། རྒྱང་གྲག་བརྒྱ་ནི་དཔག་ཚད་དེ། རི་རབ་རི་བདུན་གླིང་ལྕག་འཁོར། གཅིག་ལ་གཅིག་རྟེན་འཇིག་རྟེན་གཏོས། སྟོང་གསུམ་རྣམ་གྲངས་དེ་བཞིན་གྲུབ་ ཅེས་དང༌། མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ་བཞུགས་པ་ལས། དེ་ལ་ཕྱི་སྣོད་ཆགས་ལུགས་ནི། གཟུགས་ཀྱི་མཐའ་ནི་རྡུལ་ལ་ཐུག རྡུལ་ཕྲན་ལྕགས་རྡུལ་ཆུ་དང་རི་བོང་ལུག་དང་གླང༌། ཉི་ཟེར་རྡུལ་དང་སྲོ་ལ་ཤིག དེ་ལ་དཔག་ཚད་བགྲང་བའོ། འགྲོ་བ་སྤྱི་མཐུན་ལས་ཀྱིས་ནི། འོད་ཀྱི་འཁོར་ལོ་རང་བསྒྱུར་ལས། འབྱུང་བ་བཞི་པོ་རིམ་གྱིས་ཆགས། ནམ་མཁའ་སྟོང་པས་གོ་ཕྱེ་སྟེ། དེ་ལ་ཕྱི་སྣོད་འཇིག་རྟེན་གྱིས། འགོ་བཞིར་གནས་པ་བཞིའི་རླུང༌། མི་ཤིག་རླུང་གི་དཀྱིལ་འཁོར་གྱུར། རླུང་རྔམ་དཔག་ཚད་ས་ཡ་དྲུག་འབུམ་སྟེ། དེ་སྟེང་སྤྲིན་གྱིས་ཕུང་པོ་ལས། ཆར་འབབ་ཆུའི་དཀྱིལ་འཁོར་ཆགས། ཆུ་རྔམས་དཔག་ཚད་འབུམ་ཕྲག་བཅུ་གཅིག དཔག་ཚད་སྟོང་ཕྲག་ཉི་ཤུའོ། ཆུ་ཉིད་རླུང་གིས་བཀྲུས་པ་ལས། དྲོད་ལས་གསེར་གྱི་ས་གཞི་ཆགས། རྔམས་སུ་དཔག་ཚད་འབུམ་ཕྲག་བརྒྱད། ལྷག་མ་རིན་ཆེན་གསེར་དུ་འགྱུར། འཁོར་ཡུག་དག་ནི་སུམ་འགྱུར་ཡིན། དེ་ལྟར་འབྱུང་བཞི་ཆགས་རྗེས་སུ། འབྱུང་བ་ལྔའི་ལྷ་མོར་གྲུབ། གཡོ་བསྐྱེ་བརྟན་དྲོ་གོ་འབྱེད་དོ་ ཞེས་དང༌། མདོ་དྲི་མེད་གཟི་བརྗིད། བསྐལ་སྲིད་འབྱུང་བ་རྣམ་པ་གསུམ། བསྐལ་པ་བས་ཀྱང་སྲིད་པ་སྔ། སྲིད་པ་བས་ཀྱང་འབྱུང་བ་སྔ། ཀུན་གྱི་ཐོག་མར་འབྱུང་བ་སྔ། འབྱུང་བ་དག་ལ་ཆགས་སྲིད་པས། སྲིད་པ་ཞེས་ཀྱི་མིང་དུ་བཏགས། སྲིད་ལས་སོ་སོར་ལས་བསྐལ་བས། བསྐལ་པ་ཞེས་ཀྱི་མིང་དུ་བཏགས། བསྐལ་སྲིད་ཆགས་གནས་འཇིགས་སྟོང་ལས། འབྱུང་བ་ལྔ་ཡི་རང་བཞིན་ཏེ། བྱུང་ཡང་འབྱུང་བ་ལྔ་ལས་བྱུང༌། ཆགས་ཀྱང་འབྱུང་བ་ལྔ་ལས་ཆགས། གནས་ཀྱང་འབྱུང་བ་ལྔ་ལས་གནས། འཇིགས་ཀྱང་འབྱུང་བ་ལྔ་ཡིས་འཇིགས། སྟོང་ཡང་འབྱུང་བ་ལྔ་ཡིས་སྟོང༌། དེ་ཕྱིར་བསྟན་པ་ཆགས་པའི་གནས། འབྱུང་བ་ལྔ་ཡི་རྒྱུད་ལས་གྲུབ། འབྱུང་བ་ལྔ་ཡི་རྒྱུ་ལས་གྲུབ་ཚུལ་ནི། དང་པོ་འཁོར་དང་མྱང་འདས་གཉིས། གང་ཡང་མ་སྲིད་སྔོན་རོལ་དུ། བོན་ཉིད་སྟོང་པ་མུ་མཐའ་བྲལ། མུ་མེད་སྲིད་པའི་རྨེང་གཞི་སྟེ། ཀུན་གཞི་ཕྱའོ་ལུང་མ་བསྟན། འཁོར་དང་མྱང་འདས་ལུང་མ་བསྟན། དགེ་དང་སྡིག་ཏུ་ལུང་མ་བསྟན། སྐྱོན་དང་ཡོན་ཏན་ལུང་མ་བསྟན། གང་ཡང་ལུང་དུ་མ་བསྟན་པའོ། གང་གི་མཐར་ཡང་མ་གྲུབ་ཅིང༌། གང་ལ་དངོས་འཛིན་མཚན་མེད་པ། དོན་ལ་བརྗོད་ཏུ་མ་མཆིས་ཏེ། དཔེ་ནི་ནམ་མཁའི་གཏོས་ལྟར་དུ། སང་ངེ་ཕྱོད་དེ་རྒྱང་ངེ་བ། དེ་ལ་རྟག་དང་ཆད་དུ་མེད། གང་གི་མཐར་ཡང་མ་ལྷུང་བར། བོན་ཉིད་སྟོང་པའི་རང་མདངས་ལས། རང་འབྱུང་ཡེ་ཤེས་འོད་ལྔ་ཤར། དེ་ལ་རྟོགས་དང་མ་རྟོགས་དང༌། གྲོལ་དང་འཁྲུལ་བའི་མཚན་མར་འབྱུང༌། རིག་དང་མ་རིག་ཁྱད་པར་ལས། སངས་རྒྱས་སེམས་ཅན་གཉིས་སུ་སྲིད། རྟོགས་པས་སངས་རྒྱས་མྱ་ངན་འདས། སྐུ་དང་ཞིང་ཁམས་ལོངས་སྤྱོད་རྫོགས། ལྷ་ལྔ་སྐུ་ལྔ་ཞིང་ཁམས་ལྔ། རིགས་ལྔ་སྟོབས་ལྔ་རྫུ་འཕྲུལ་ལྔ། སྤྱན་ལྔ་རྩལ་དྲུག་མངོན་པར་རྫོགས། མངོན་པར་སངས་རྒྱས་བྱང་ཆུབ་ཉིད། སྐུ་དང་ཞིང་ཁམས་མངོན་རོལ་སྤྱོད། མ་རྟོགས་སེམས་ཅན་རང་བཞིན་འཁྲུལ། དུག་ལྔ་ཉོན་མོངས་དབང་བྱས་པས། ཁམས་གསུམ་འཁོར་བའི་རྒྱུ་རུ་སྲིད། དེ་ལས་ཐར་དང་འཁོར་བར་སྲིད། དེ་ལས་དགེ་དང་སྡིག་ཏུ་སྲིད། དེ་ལས་སྐྱོན་དང་ཡོན་ཏན་སྲིད། དེ་ལས་རྒྱུ་དང་འབྲས་བུ་སྲིད། དེ་ལས་ཐབས་དང་ཐུགས་རྗེ་སྲིད། དེ་ཕྱིར་དབྱིངས་ན་བཞུགས་པ་ཡི། བདེ་བར་གཤེགས་པ་སྐུ་ལྔ་ཡིས། འགྲོ་བ་སེམས་ཅན་འདུལ་བའི་ཕྱིར། ཐབས་དང་ཐུགས་རྗེའི་ཞིང་སར་དགོངས། ཐབས་ལ་ཟད་པ་མ་མཆིས་ཞིང༌། ཐུགས་རྗེ་གང་ཡང་མ་འགགས་པ། སྐུ་ལྔ་ཐུགས་ཀྱི་དཀྱིལ་འཁོར་ནས། ཡེ་ཤེས་ལྔ་ཡི་རང་བཞིན་ལས། འོད་ཟེར་ཁ་དོག་ལྔ་རུ་འཕྲོས། འོད་ལྔའི་སྙིང་པོ་བཅུད་དུ་དྲིལ། འབྱུང་ལྔའི་རྒྱུ་བསྐྱེད་ཡི་གེ་ལྔ། ཨ་ཡཾརྃམྃཁཾལྔ་སྟེ། ཁ དོག་དངོས་སྣང་མཚན་མ་མེད། དེ་ལ་འབྱུང་ལྔའི་རྒྱུ་རུ་སྲིད། ཨ་ལས་ནམ་མཁའི་ཕྱོགས་མཐའ་བྲལ། ཁ་དོག་བོན་ཉིད་འགྱུར་བ་མེད། དངོས་མཚན་གང་གིས་བསྒྱུར་མི་བཏུབ། རྒྱ་ཁྱོན་དཔག་ཚད་གཞལ་མེད་མི་དཔོག སྟེང་འོག་ཕྱོགས་མཚམས་མཐའ་དབུས་མེད། བོན་སེམས་ནམ་མཁའི་དབྱིངས་ཉིད་གསུམ། རྒྱ་ཁྱོན་དཔག་ཚད་ཆུ་ཞེང་མཉམ། ནམ་མཁའ་གར་ཁྱབ་རིགས་པས་ཁྱབ། རིག་པས་གར་ཁྱབ་བོན་ཉིད་ཁྱབ། དེ་ཕྱིར་གཞལ་གྱིས་མི་ལོང་སྟེ། མཚན་ཉིད་བརྗོད་པར་མི་བཏུབ་བོ། དེ་ལ་ཚད་ཀྱིས་བཟུང་བ་དང༌། གྲངས་སུ་གཞལ་བའི་འབྱུང་བ་ལ། ས་ཆུ་མེ་རླུང་འབྱུང་བ་བཞི། རིམ་པ་བཞིན་དུ་བརྩེགས་ནས་ཆགས། དེ་དག་ཚད་ལ་བགྲང་བ་ཡི། འབྱུང་བཞི་རིམ་པར་བརྩེགས་པ་ཡི། ཡང་ལས་རླུང་གི་དཀྱིལ་འཁོར་ཆགས། ཁ་དོག་དུད་ཁ་ལྟ་བུ་ཏེ། ལྗང་ནག་གཞུ་ཡི་དབྱིབས་འདྲ་སྟེ། རྔམས་སུ་ས་ཡ་དྲུག་འབུམ་སྟེ། མཆོག་མ་བརྒྱད་ལ་བ་དན་བརྒྱད། བ་དན་ཕྱོགས་མཚམས་བརྒྱད་དུ་འཕྱོ། མཐའ་བསྐོར་གྲངས་ལ་ངེས་པ་མེད། དེ་ཡི་ནང་སྙིང་མཐིང་ནག་ནི། རྡོ་རྗེ་རྒྱ་གྲམ་ཚུལ་དུ་གནས། དཀྱུས་ལ་ས་ཡ་ཞེང་ལ་འབུམ། འདེགས་པར་བྱེད་པ་བརྟན་པའི་གཞི། དེ་སྟེང་སྐྱེ་འགྲོ་སྨིན་པའི་གཞི། རམ་ལ་མེ་ཡི་དཀྱིལ་འཁོར་ཆགས། ཁ་དོག་པད་མ་ར་ག་སྟེ། དམར་གསུམ་གྲུ་གསུམ་བསྣོལ་མའི་དབྱིབས། རྔམས་སུ་དཔག་ཚད་འབུམ་ཕྲག་དགུ། རྩེ་མོ་མེ་ཡི་བ་དན་དྲུག ཞེང་དུ་ས་ཡ་རླུང་དང་མཉམ། མཐའ་བསྐོར་རླུང་ལས་ཟུར་ཆུང་ཙམ། དེ་ཡི་ནང་སྙིང་དམར་ནག་ནི། པད་མ་འདབ་བརྒྱད་ཚུལ་དུ་གནས། དཀྱུས་ལ་བརྒྱད་འབུམ་ཞིང་བདུན་ཁྲི། སྨིན་པར་བྱེད་པ་དྲོད་ཀྱི་གཞི། དེ་སྟེང་སྐྱེ་འགྲོ་གསོ་བའི་གཞི། མཾ་ལས་ཆུ་ཡི་དཀྱིལ་འཁོར་ཆགས། ཁ་དོག་ཨེན་ཏྲ་ནི་ལ་སྟེ། གཡུ་མདངས་ཟླུམ་པོའི་ཚུལ་དུ་ཆགས། རྔམས་སུ་འབུམ་ཕྲག་བཅུ་གཅིག་སྟེ། ཞེང་དུ་དཔག་ཚད་འབུམ་ཕྲག་དགུ། མཐའ་བསྐོར་མེ་ལས་ཟུར་ཆུང་ཙམ། དེ་ཡི་ནང་སྙིང་བཻདཱུརྱ། འཁོར་ལོ་ལྔ་བསྐོར་ཚུལ་དུ་གནས། དཀྱུས་ལ་བདུན་འབུམ་ཞེང་ལ་དྲུག་ཁྲི། གསོ་བར་བྱེད་པ་རྒྱུན་གྱི་གཞི། དེ་སྟེང་སྐྱེ་འགྲོ་བསྐྱེད་པའི་གཞི། ཁཾ་ལས་ས་ཡི་དཀྱིལ་འཁོར་ཆགས། ཁ་མདོག་གསེར་མདོག་ལྟ་བུ་སྟེ། གསེར་མདོག་གྲུ་བཞིར་ཆ་མཉམ་ལ། རྔམས་སུ་དཔག་ཚད་འབུམ་ཕྲག་བརྒྱད། ཞེང་ལ་བཞི་བརྒྱད་ཆུ་ཞེང་མཉམ། མཐའ་བསྐོར་ཆུ་ལ་ཟུར་ཆུང་ཙམ། དེ་ཡི་ནང་སྙིང་བཙོ་མ་གསེར། རིན་ཆེན་བཞི་བསྣོལ་ཚུལ་དུ་གནས། དཀྱུས་ལ་དྲུག་འབུམ་ཞེང་ལ་ལྔ་ཁྲི། བསྐྱེད་པར་བྱེད་པ་གཏོས་ཀྱི་གཞི། དེ་སྟེང་བ་ཚ་ཅན་གྱི་མཚོ། རྔམས་སུ་དཔག་ཚད་འབུམ་ཕྲག་བརྒྱད། མཐའ་བསྐོར་ས་དང་མཉམ་པོར་ཟླུམ། རོ་དང་ནུས་པ་ཁ་དོག་ལྡན་ ཞེས་བདེར་གཤེགས་ཀྱི་ཐུགས་རྗེ་དང་འབྱུང་ལྔའི་རྒྱུ་ལས་འགྲོ་བའི་ཞིང་ས་གྲུབ་པར་གསུངས། མཁན་ཆེན་ཉི་མའི་རྣམ་ཐར་ལས། འབྱུང་བ་ལའང་ཆེ་འབྲིང་ཆུང་གསུམ་དང་འབྲེལ་ནས་གསུངས། དེ་ཡང་ཐོག་མར་སྟོན་པའི་ཐུགས་རྗེ་དང༌། སེམས་ཅན་གྱི་བསོད་ནམས་ཀྱིས་ཐར་པ་རིན་པོ་ཆེ་རྒྱུན་མ་འགག་པའི་ཕྱིར། བདེ་བར་གཤེགས་པའི་ཐུགས་རྗེའི་སྟོབས་ལས། དང་པོ་རྒྱུ་འབྱུང་བ་ལྔ་ཡི་བཅུད་ལས་ཀྱི་འཇིག་རྟེན་དུ་ཆགས་ཤིང་སེམས་ཅན་ཡིད་ཀྱི་རྫུ་འཕྲུལ་གྱི། ནང་བཅུད་སེམས་སུ་གྲོལ་བ་དེ་ལ་སྐོས་རྗེ་དང་ཕྱ་རྗེའི་ལས་བགོས་སོ་སོ་བསྐོས། བསྐལ་སྲིད་འབྱུང་བ་གསུམ་གྱི་རྒྱུ་མཐུན་གྱི། ཆགས་གནས་འཇིག་སྟོང་གི་མཚན་མར་ལ། བདེ་བར་གཤེགས་པ་དབྱིངས་ནས་བཞུགས་པའི་ཐུགས་རྗེ་ཤར་ནས། འགྲོ་བའི་དོན་མཛད་པ་སྟེ། བསྐལ་སྲིད་འབྱུང་བ་གསུམ་གྱི་ཆགས་གནས་ལ་ལྷ་གཤེན་སྲིད་པ་གསུམ་གྱི་འགྲོ་བ་སེམས་ཅན་གྱི་དོན་མཛད་དེ། དེ་ཡང་ཐོག་མར་འབྱུང་བ་དེ་ནས་སྲིད་པ། དེ་ནས་བསྐལ་པ་ཞེས་ཏེ། ཐོག་མར་འབྱུང་བ་ལ་ཆེ་འབྲིང་ཆུང་གསུམ་ཡོད་པའི། ཆེན་པོ་ལའང་གསུམ་དུ་ཡོད་པ་ལ། དང་པོ་ནི་བོན་ཉིད་སྐྱེ་བ་མེད་པའི་དབྱིངས་ནས་བོན་ཅན་འགག་པ་མེད་པ་ཡེ་ཤེས་ཀྱི་འོད་ལྔ་རང་ཤར་དུ་ལོངས་སྤྱོད་རྫོགས་པའི་སྐུ་དང་ཞིང་ཁམས་འོད་གསལ་བ་ནི། རང་བཞིན་ནམ་མཁའི་འབྱུང་བའོ། གཉིས་པ་ནི་བདེ་བར་གཤེགས་པའི་དབྱིངས་ན་བཞུགས་པའི་ཐུགས་རྗེའི་འགྲོ་བ་སེམས་ཅན་གྱི་དོན་དུ་ཀློང་དུ་སྤྲོས་པ་ལ། རྒྱུ་འབྱུང་བ་རྣམ་པར་ལྔ་ཡི་རྫུ་འཕྲུལ་ལས། ཕྱི་སྣོད་གདོས་ཀྱི་འཇིག་རྟེན་དུ་ཆགས་པའི་རྒྱུད་བྱེད་པ་ལ་ཐུགས་རྗེས་ཀློང་གིས་འབྱུང་བའོ། གསུམ་པ་ནི། འགྲོ་བ་རིས་དྲུག་གི་སེམས་ཅན། སྲོག་དབུགས་ཀྱི་བསྡུས་པའི་ཕུང་པོ་ཤ་ཁྲག་དྲོད་དབུགས་ལ་བརྟན་པའི་རྒྱུ་ལ་སྐྱེ་འགྲོ་བརྟན་གྱི་འབྱུང་བའོ། འབྱུང་བ་འབྲིང་པོ་ལའང་གསུམ་ཡོད་པའི་དང་པོ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་ས་ཆུ་མེ་རླུང་བཞི་རང་བཞིན་ཤུགས་ཀྱི་གནས་ཤིང༌། རང་གཤེད་རང་ལ་གནོད་པའི་རྐྱེན་ལ་རང་བཞིན་གྱི་འབྱུང་བའོ། གཉིས་པ་ནི། ཕྱི་སྣོད་འཇིག་རྟེན་འབྱུང་བ་བཞི་བསྲེགས་གཏོར་བཀྲུས་བཤེགས་པའི་རྐྱེན་བྱེད། ས་ལ་དུས་ཀྱི་འབྱུང་བའོ། གསུམ་པ་ནི། སངས་རྒྱས་ཀྱི་ཐུགས་རྗེ་སྒྱུ་འཕྲུལ་གྱི་བཀོད་པ་དང༌། གདུག་པ་ཅན་ལྷ་འདྲེའི་ཆོ་འཕྲུལ་དང༌། ནུས་མཐུ་ལྡན་པ་འགའ་ཞིག་གི་དམོད་པས་འབྱུང་བ་བཞི་ཡོད་ལས་མེད་པ་དང༌། མེད་ལ་ཡོད་པར་བྱེད་པ་སོགས་ཀྱི་སེམས་ཅན་རྣམས་ལ་ཕན་གནོད་རྒྱ་ཆེར་སྟེར་བ་ལ་ལས་ཀྱི་འབྱུང་བ་ཟེར་རོ། འབྱུང་བ་ཆུང་ངུ་ལའང་གསུམ་དུ་ཡོད་པའི་དང་པོ་ནི། ནམ་ཟླ་དུས་བཞི་རྒྱལ་མོས་དབང་བསྒྱུར་བ་ལ་རང་བཞིན་ཤུགས་ཀྱི་འབྱུང་བ་ཟེར་ཅིང༌། གཉིས་པ་ནི། འབྲུ་སྨན་དང་རྩི་ཤིང་དང་ནགས་ཚལ་དང་སྐྱེད་མོ་ཚལ་སོགས་རྒྱས་ཤིང་བསྐྱེད་པ་ལ། སྐྱེ་འགྲོ་གསོས་ཀྱི་འབྱུང་བ་དང༌། གསུམ་པ་ནི། བྱེད་པ་པོས་བྱེད་པའི་མཁོ་མཐུན་ཡོ་བྱད་འབྱུང་བ་ལས་བསྐྱེད་པ་ལ། མཁོ་མཐུན་ལས་ཀྱི་འབྱུང་བ་ཡིན་ནོ་ ཞེས་འཁོད།

༤༽ཕྱི་རྒྱུད་མཐོ་ཐོག་མཛོད་ཀྱི་བོན་སྡེའི་ཁོངས་བྱེད་བྱས་ཀྱི་སྲིད་པའི་འཇིག་རྟེན་བཤད་སྲོལ་

བྱུང་བ་ཁག་མདོ་ཡི་རང་གཞུང་ཡིན་མིན་གྱི་སྐོར།

        དང་ཐོག་གཙང་མ་མཐོ་ཐོག་སྤྱི་རྒྱུགས་མཛོད་ཀྱི་བོན་སྡེ་ཞེས་པ་འདི་ཡི་གོ་དོན་སྐོར་བསམ་གཞིགས་བྱ་རྒྱུ་དེ་གལ་ཆེན་ཆགས་ཡོད། དེ་ནས་དེ་ལ་ནང་གསེས་ཀྱི་ལུགས་མི་འདྲ་བ་ཇི་ཙམ་ཡོད་མེད་སྐོར་ཞིབ་དཔྱོད་བྱ་རྒྱུ་དེ་གཉིས་པ་ཆགས་ཡོད། རིམ་པ་གསུམ་པ་དཔྱད་པའི་སྒྲོམ་གཞི་ཕྱི་རྒྱུད་མཐོ་ཐོག་མཛོད་ཀྱི་ཁོངས་བྱེད་བྱས་ཀྱི་བཤད་སྲོལ་བྱུང་བ་ཁག་ངོས་འཛིན་ར་སྤྲོད་བྱ་རྒྱུ་དང༌། རིམ་པ་བཞི་པ་དེ་དག་མདོ་ཡི་རང་གཞུང་ཡིན་མིན་སྐོར་རང་གི་བསམ་ཚུལ་ལྷུག་པོར་གླེང་ཏེ་དཔྱད་པའི་སྡོམ་ཚིག་སྤེལ་དགོས་པ་དེ་ཡིན། དང་པོ་གཙང་མ་མཐོ་ཐོག་སྤྱི་རྒྱུགས་མཛོད་ཀྱི་གོ་དོན་ཞིག་ཞུས་ན། གཙང་མ་ཞེས་པ་སྒྲིབ་གཉིས་བྱང་བ་ལ་བྱ། སྒྲིབ་གཉིས་བག་ཆགས་དང་བཅས་པ་ནི་འབག་གཙོག་ལྟ་བུ་ཡིན་ལ། དེ་ཉིད་བྱང་ཞིང་དག་པའི་ཐབས་སུ་སྟོན་པས་གསུངས་པ་ཡིན་པས་ན་གཙང་མའོ། མཐོ་ཐོག་ཅེས་པ་ཚོགས་གཉིས་རྫོགས་པའི་དོན་ཡིན། དཔེར་ན་ས་ལས་མཐོ་བ་གནམ་དང༌། སྣང་སྲིད་ཀུན་ལས་མཐོ་བ་སྲིད་པའི་ལྗོན་ཤིང་དང༌། འདོད་ཆགས་ལས་མཐོ་བ་སྦྱིན་པ། ཞེ་སྡང་ལས་མཐོ་བ་བྱམས་པ། གཏི་མུག་ལས་མཐོ་བ་ཤེས་རབ། ང་རྒྱལ་ལས་མཐོ་བ་ཞི་བ། ཕྲག་དོག་ལས་མཐོ་བ་ཡངས་པ་བཅས་ངོས་འཛིན་སྲོལ་ཡོད་པ་ལྟར། ལྷན་སྐྱེས་བདེན་འཛིན་དང་ཀུན་བརྟག་ངར་འཛིན་ཐམས་ཅད་ལས་མཐོ་བའམ་ཡང་ཐོག་ཏུ་གྱུར་བ་ནི་རྒྱུ་བསོད་ནམས་ཀྱི་ཚོགས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་གཉིས་ཡིན་པས་མཐོ་ཐོག་གོ། སྤྱི་རྒྱུགས་ཅེས་པ་ནི་ཡོངས་ཁྱབ་ཅེས་པའི་དོན་ཏེ་དཔོན་གསས་མན་ངག་ལུང་གི་བོན་དང༌། ཆབ་དཀར་དྲག་པོ་སྔགས་ཀྱི་བོན། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན། འཕན་ཡུལ་རྒྱས་པ་འབུམ་གྱི་བོན་བཅས་ཀུན་ལ་ཁྱབ་ཅིང་རྒྱུགས་པའི་དོན་ཡིན། ཀུན་ལ་རྒྱུགས་པའི་དོན་ཡང༌། སྒོ་བཞི་གང་ལ་ཡང་མཛོད་ལུགས་ཀྱི་ལས་འབྲས་སྐྱེ་འཆིའི་རྣམ་གཞག་དང༌། འབྱུང་བ་ཆགས་འཇིག་གི་རིམ་པ། སྣོད་བཅུད་ཀྱི་སྲིད་པའི་གྲོལ་ཕུག་བཅས་ཀུན་ལ་བཤད་དུ་ཡོད་པའི་ཚུལ་གཅིག་དང༌། སྒོ་བཞི་ཀུན་ལ་ཤེས་པའི་རྒྱུད་སྦྱངས་ནས་མཐར་ཐུག་གི་ལྟ་བ་སྣང་མེད་སེམས་ཕྱོགས་ཀྱི་མཛོད་ཕུགས་ལ་བསྐྱལ་བའི་ཚུལ་དང་གཉིས་ཡོད་དོ། ཞང་སྐད་དུ་སྐྱ་སེ་དང་བོད་སྐད་དུ་མཛོད་ཅེས་པ་འདི་ཡི་གོ་དོན་ནི། ཐམས་ཅད་གཅིག་ཏུ་སྡུད་པའི་མཛོད་ཁང་ལྟ་བུ་ལ་གོ་བ་ཡིན། དེ་ལ་དཔེ་དོན་རྟགས་གསུམ་གྱི་དབང་གི་འཆད་རྒྱུ་ཡོད་པ་ཞིག་སྟེ། ཕྱི་སྣང་ཞིང་སྲིད་པས་བསྡུས་པ་ཐམས་ཅད་ནམ་མཁའ་སྟོང་པའི་ཀློང་ལ་བྱུང་གནས་ཐིམ་གསུམ་བྱེད་པས་ཕྱིའི་མཛོད་ནམ་མཁའ་དང༌། བོན་ཅན་མཚན་མར་སྣང་བ་ཐམས་ཅད་ཀྱི་བྱུང་གཞི་གནས་གཞི་གྲོལ་གཞི་བཅས་པ་ཐམས་ཅད་ནི་བོན་ཉིད་སྟོང་པ་མུ་མེད་པ་འདི་ཉིད་ཡིན་པས་འདི་ལ་དོན་གྱི་མཛོད་ཅེས་བྱའོ། སེམས་དང་སེམས་འབྱུང་གི་རྟོག་ཚོགས་ཐམས་ཅད་སེམས་ཉིད་སྐྱེ་བ་མེད་པའི་ཀློང་དུ་སྡུད་པ་ཡིན་པས་དེ་ལ་རྟགས་ཀྱི་མཛོད་ཕུགས་ཅེས་བྱའོ། རྗོད་བྱེད་གསུང་རབ་ལ་ཡང་མཛོད་ཅེས་པའི་སྒྲས་བཤད་དུ་ཡོད་དེ། འཁོར་བ་དང་མྱང་འདས། དོན་དམ་དང་ཀུན་རྫོབ། བོན་སྒོ་དང་ཐེག་རྒྱུད་ཐམས་ཅད་ཀྱི་སྤྱི་དོན་གཅིག་ཏུ་སྤུངས་པས་ན་མཛོད་ཅེས་བྱ་བ་ཡིན། གཉིས་པ་གཙང་མ་མཐོ་ཐོག་མཛོད་ཀྱི་བོན་ལ་ནང་གསེས་ལུགས་མི་འདྲ་བ་ཇི་ཙམ་ཡོད་དམ་ཅེ་ན། གུས་མོའི་བསམ་ཚུལ་ལྟར་བྱས་ན། འདི་ལ་ལུགས་གཉིས་སུ་ཡོད་པར་འདོད། གསང་རྒྱུད་མཐོ་ཐོག་མཛོད་ཀྱི་བོན་དང༌། ཕྱི་རྒྱུད་མཐོ་ཐོག་མཛོད་ཀྱི་བོན་དང་གཉིས་ཡིན། ནང་རྒྱུད་མཐོ་ཐོག་མཛོད་ཀྱི་བོན་ཡོད་པ་མ་གསལ་བས་མེད་ཅེས་ཞུ་ན་མ་འགྲིག་པ་མེད་པར་སེམས། གསང་རྒྱུད་མཐོ་ཐོག་མཛོད་ཀྱི་བོན་ཞེས་པ་འདི་ནི། མཛད་མདོ་འབྲིང་པོ་གཟེར་མིག་ལེའུ་བཅོ་བརྒྱད་ཀྱི་ཁོངས་ནས་བྱུང་བ་ཞིག་ཡིན། སྤྱི་ལོའི་དུས་རབས་བཅུ་པའི་སྐབས་གཏེར་ནས་དྲངས་པའི་མཛད་མདོ་འབྲིང་པོ་དེ་ཉིད་ལས། གསང་རྒྱུད་མཐོ་ཐོག་སྤྱི་རྒྱུགས་ནི། སྒོ་བཞི་ཀུན་ལ་ཤེས་པའི་རྒྱུད་སྦྱངས་ནས། སྣང་ལ་རང་བཞིན་མེད་པའི་ལྟ་བ་གཅིག་ལ་འཇོག་པའོ་ཞེས་གསལ་བ་ལྟར་རོ།། འདི་ནི་ཐེག་དགུའི་སྤྱི་དོན་གཅིག་ཏུ་སྤུངས་ཤིང་གོང་མ་ལ་བསྒྲལ་འོག་མ་ཤན་དབྱེ་བའི་ཚུལ་དུ་མཐར་ཐུག་བླ་མེད་རྫོགས་ཆེན་གྱི་ལྟ་བ་ལ་ཁ་དཀྲི་བའི་ཐབས་ལམ་སྟོན་པའི་སེམས་ཕྱོགས་ཀྱི་གཞུང་ཞིག་སྟེ། ཕྱི་ལྟ་བ་སྤྱི་གཅོད་དུ་གྲགས་པ་དེའོ། གཉིས་པ་ནི་ཕྱི་རྒྱུད་མཐོ་ཐོག་སྤྱི་རྒྱུགས་མཛོད་ཀྱི་བོན་ཞེས་པ་དེ་ནི། སྤྱི་ལོའི་དུས་རབས་བཅུ་བཞི་པའི་སྐབས་སྤྲུལ་སྐུ་བློ་ལྡན་སྙིང་པོ་ལ་སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་སྙན་དུ་བརྒྱུད་པའི་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་ཅེས་གླེགས་བམ་བཅུ་གཉིས་ཀྱི་བདག་ཉིད་ཅན་དུ་གྲགས་པ་དེའི་ཁོངས་ནས་བྱུང་བ་ཞིག་ཡིན། དྲི་མེད་གཟི་བརྗིད་བསྟན་པ་རྗེས་བཞག་གི་མདོ་ཤ༽༢༤༥ ལས། སྒོ་བཞི་སྤྱི་ལ་རྒྱུགས་པ་ཡི། མཐོ་མཐོ་སྤྱི་རྒྱུགས་མཛོད་ཀྱི་སྒོ། མདོ་སྡེ་བཞི་རུ་དབྱེ་བ་སྟེ། དུས་གསུམ་གཤེན་རབ་བྱུང་ཁུངས་མདོ། ཁམས་གསུམ་སེམས་ཅན་སྐྱེ་འཆིའི་མདོ། སྣོད་རྟེན་འབྱུང་བ་ཆགས་འཇིག་མདོ། ཁམས་གསུམ་སེམས་ཅན་སྐྱེ་འཆིའི་མདོ། བླ་མེད་གོ་འཕང་སྒྲུབ་ཐབས་དང། མདོ་སྡེ་ཆེན་པོ་ཟུང་བཞི་ལ། སོ་སོར་དབྱེ་བ་བཞི་བཅུ་སྟེ། འདུས་པ་བརྒྱ་དང་དྲུག་ཅུ་སྟེ། མདོ་ཕྲན་སྟོང་དང་རྩ་གཉིས་ནི། མཐོ་ཐོག་མཛོད་ཀྱི་བོན་སྡེའོ། ཞེས་གསུངས་པས་གསལ་ལོ། ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་དང༌། དུས་གསུམ་གཤེན་རབ་བྱུང་ཁུངས་ཀྱི་མདོ་དང༌། ཁམས་གསུམ་སེམས་ཅན་སྐྱེ་འཆིའི་མདོ་དང༌། སྣོད་རྟེན་འབྱུང་བ་ཆགས་འཇིག་གི་མདོ་བཅས་ཕྱི་སྤང་ལམ་མདོ་ཡི་དབང་དུ་བྱས་པའི་མཐོ་ཐོག་མཛོད་ཀྱི་བོན་སྡེ་ཡིན་པར་བསྟན་པ་ཡིན་ནོ། བླ་མེད་གོ་འཕང་བསྒྲུབ་ཐབས་ཀྱི་མདོ་ཞེས་པ་མཐོ་ཐོག་མཛོད་ཀྱི་བོན་ཡིན་ཀྱང་གསང་རྒྱུད་དུ་གཏོགས་པས་འདིར་མ་བཀོད་པ་ཡིན། གཞན་ཡང་རྒྱས་པ་དྲི་མེད་གཟི་བརྗིད་དང༌། འབྲིང་པོ་གཟེར་མིག བསྡུས་པ་མདོ་བསྡུས་ཅེས་པ་དེ་དག་ཐམས་ཅད་ཕུན་ཚོགས་བཀའ་ཡི་དབང་དུ་བྱས་པའི་ཕྱི་རྒྱུད་མཐོ་ཐོག་མཛོད་ཀྱི་བོན་ཤ་སྟག་ཡིན་ནོ། རིམ་པ་གསུམ་པ་ཕྱི་རྒྱུད་མཐོ་ཐོག་མཛོད་ཀྱི་ཁོངས་བྱེད་བྱས་ཀྱི་སྲིད་པའི་ཆགས་རབས་གླེང་བའི་གཞུང་ནི། སྟོན་པས་གསུངས་པའི་བཀའ་ཚད་མ་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་དང༌། ཁམས་གསུམ་སེམས་ཅན་སྐྱེ་འཆིའི་མདོ་དང༌། སྣོད་རྟེན་འབྱུང་བ་ཆགས་འཇིག་གི་མདོ་དང༌། བཀའ་བརྟེན་གྱི་དབང་དུ་བྱས་ན། བདེན་པ་བོན་གྱི་སྒྲ་འགྲེལ་དང་། མཁས་བཞིའི་མཛོད་འགྲེལ། འགྲོ་མགོན་དང་བྲུ་རྒྱལ་སྒ་སྟོན་བཅས་ཀྱི་མཛོད་འགྲེལ་གྱི་གཞུང་དེ་དག་ཡིན་པ་དང༌། བཀའ་གཞུང་ཁོངས་སུ་གཏོགས་པའི་སྣོད་རྟེན་འབྱུང་བ་ཆགས་འཇིག་པའི་མདོ་བཞུགས་པ་ལས། བདེར་གཤེགས་ཀྱི་ཞལ་གྱི་ངད་པ་ལས་སྲིད་པ་ཆགས་ཚུལ་སོགས་བསྟན་པ། དེ་ཡང་གཞུང་ཉིད་ལས། དེ་ཚེ་སྔོན་གྱི་བསྐལ་པ་ཆེན་པོ་བྱུང་བ། དེ་ཡི་ཚེ་དང་པོ་ཅི་ཡང་མེད་པ་ལ། བསྐལ་པ་ཆེན་པོ་ཅི་ཡང་མེད་པ་བར་སྣང་ཧང་པོ་ལྟ་བུ་ཧང་ངེ་ཕྱོད་ཏེ་སྟོང་པ་སལེ་ཅི་ཡང་མེད་ཅིང་སྟོང་པ་ས་ལེར་གནས་པའོ། དེ་བཞིན་དུ་སྟོང་པ་ཉིད་ལ་གནས་པའི་ཚེ། སྟོང་པ་བསྐལ་པ་བདུན་དུ་གནས་པའི་སྟོང་པ་དེ་ལ་ཆགས་པའི་རྟེན་མེད་པའོ། དངོས་པོ་ངོ་བོ་མེད་པ་བར་སྣང་སྟོང་པ་དང་འདྲའོ། སྟོང་པ་དེ་ལ་བརྟགས་པ་མེད་པའོ། སྟོང་པ་དེ་ལ་འབུལ་བའི་རྣམ་པ་ལྔ་མེད་པའོ། སྟོང་པ་དེ་ལ་ཁ་དོག་མེད་པའོ། སྟོང་པ་དེ་ལ་ཚད་གཞི་མེད་པའོ། སྟོང་པ་དེ་ལ་ཡོད་པའི་གཞི་མ། བག་ཙམ་མམ། ཞད་ཙམ་ཡང་མེད་དོ། མེད་པ་བསྐལ་པ་དགུ་ཡི་བར་དུ་དེ་བཞིན་དུ་གནས་པའོ། ཅི་ཡང་མ་སྲིད། ཅི་ཡང་མ་འབུལ། ཅི་ཡང་མ་ཤར། གང་ཡང་མ་གྲོལ་བ་དེ་ཡི་ཚེ། གཟུགས་ཁམས་བཅུ་བདུན་མན་ཆད། སྲིད་པ་ཅི་ཡང་མེད་དོ། གཟུགས་ཁམས་བཅུ་བདུན་ཡན་ཆད་དུ། འོག་མིན་ལྷ་ཡི་ཕོ་བྲང་ན། ལོངས་སྤྱོད་རྫོགས་པའི་སྐུ། ངོ་མཚར་ཆེ་བ། གཟི་བརྗིད་ཆེ་བ། ལྟ་བས་ཆོག་མི་ཤེས་པ། ངོ་མཚར་ཆེན་པོ་ངོ་མཚར་ཆེའོ། དེ་ནི་ཀུན་ཏུ་བཟང་པོ་གཤེན་ལྷ་འོད་དཀར་བྱ་བ་ཡིན་ནོ། གཤེན་ལྷ་དེས་སྲིན་བདུད་འདུལ་བ། ཉེས་པ་འཇོམས་པ། རྟོག་པ་མེད་པ། སྟོན་པ་གཤེན་ལྷ་འོད་དཀར་བྱ་བ་ཡིན་ནོ། དེ་ཡི་དུས་སུ་སྟོན་པ་གཤེན་རབ་མི་བོ་ནི། སྲིད་པའི་རྒྱལ་པོ་ཁྲི་རྒྱལ་ཁུག་པ་བྱ་བ་ཡིན་ནོ། དེ་ཡི་ཚེ་མངོན་པར་རྫོགས་པའི་བ་རབ་གླིང་ཆེན་བྱ་བ་ཡང་སྟོན་པའི་མཚན་ཡིན་ནོ། ཕྱ་ཡོལ་ཁྱབ་པ་ཡང་སྟོན་པའི་མཚན་ཡིན་ནོ། ཁྲི་སངས་དེ་བོ་ཡང་སྟོན་པའི་མཚན་ཡིན་ནོ། མུན་པ་ཡང་དེ་ལྟ་བུར་གནས་ནས་སྟོང་བར་གནས་སོ། དེ་ནས་སེམས་ཅན་དེ་དག་གི་མིང་ཡང་མ་སྲིད་དོ། བྱེ་བྲག་ཀྱང་མ་སྲིད་དོ། དེ་ནས་སྟོན་པ་དེ་ནི་སྲིད་པའི་མེས་པོ་ཁྲི་རྒྱལ་ཁུག་པ་བྱ་བ་དེས། སྲིད་པ་ཆགས་པའི་རྟེན་མེད་པས། དེ་ཅི་ཡི་ཕྱིར་ཞེ་ན། བདེར་གཤེགས་མཆོད་པའི་ཕོ་བྲང་དང༌། གཞལ་ཡས་ཕུབ་པ་དང༌། དཀྱིལ་འཁོར་དང་མཆོད་རྟེན་བཞེངས་པའི་གནས་དང༌། བརྟན་པའི་ཐབས་མི་སྣང་བས། དེར་སྲིད་པ་ཆགས་པའི་རྟེན་ཨེ་ཡོད་སྙམ་དུ་སེམས་སོ། འོད་ཀྱི་ཡི་གེ་ཨ་དཀར་པོ་གཅིག དཔྲལ་བའི་མཛོད་སྤུའི་བར་ནས་བཏོན་ཏེ། འཇིག་རྟེན་ཆགས་པའི་རྒྱུ་ཡོད་ན། འོད་ཀྱི་ཡི་གེ་ཨ་འདི། ངའི་ལག་མཐིལ་དུ་ཕོག་ལ་ཤོག འཇིག་རྟེན་སྣོད་འདི་ཆགས་པའི་རྒྱུ་མེད་ན། ཡི་གེ་ཨ་འདིས་འཇིག་རྟེན་སྟོང་པར་བྱེད་པར་ཤོག ཅེས་སྨོན་ལམ་བཏབ་པས། དེ་འི་ཚེ་ཕྱག་གི་སོར་མོ་ལ། ཡི་གེ་ཨ་དཀར་པོ་བབས་སོ། དེ་ཡི་ཚེ་སྲིད་པའི་རྒྱལ་པོ་ཁྲི་འོད་ལྡན་གྱིས། ཨ་ཨ་ཞེས་བརྗོད་པས། ཞལ་ནས་ཧ་ར་ཧུ་ཡུ་ཞེས་བརྗོད་པས། རླུང་ཆུ་རྡུལ་ཙམ་ཞིག་བྱུང༌། ཤར་ཕྱོགས་སུ་གཤེན་རབ་ཁྲི་རིན་པོ་ཆེ་འོད་ཀྱི་རྒྱལ་པོའི་ཞལ་ནས། ཧ་དང་ཧུ་ཡིས་བཏབ་པས། རླུང་རི་བོང་གི་རྡུལ་ཙམ་ཞིག་བྱུང་ངོ༌། བྱང་ཕྱོགས་སུ་གཤེན་རབ་ཁྲི་རྒྱལ་ཡོངས་རྫོགས་པའི་ཞལ་ནས་ཧ་དང་ཧུ་ཡིས་བཏབ་པས། ལུག་རླུང་རྡུལ་ཐོན་པའི་རླུང་བྱུང་ངོ༌། གཤེན་རབ་གཡུང་དྲུང་སེམས་དཔའ་ཁྲི་རྒྱལ་འོད་ནམ་མཁའ་དབང་བསྒྱུར་གྱིས་བྱང་ཕྱོགས་སུ་ཧ་དང་ཧུ་ཡིས་བཏབ་པས། ལྕགས་རྡུལ་ཐོན་པའི་རླུང་བྱུང་ངོ༌། ནུབ་ཕྱོགས་སུ་གཤེན་རབ་ཁྲི་རྒྱལ་བདེ་བའི་རྒྱལ་པོའི་ཞལ་ནས་ཧ་དང་ཧུ་ཡིས་བཏབ་པས། རླངས་རྡུལ་ཐོན་པའི་རླུང་བྱུང་ངོ༌། ལྷོ་ཕྱོགས་སུ་གཤེན་རབ་གཡུང་དྲུང་སེམས་དཔའ་ཁྲི་རྒྱལ་ལམ་གྱི་རྫོགས་པའི་ཅན་གྱི་ཞལ་ནས་ཧ་དང་ཧུ་ཡིས་བཏབ་པས། རླུང་རྡུལ་ཐོན་པའི་རླུང་བྱུང་ངོ༌། བྱང་ཤར་མཚམས་ནས་གཤེན་རབ་རིན་ཆེན་གླིང་ཆེན་འོད་ཀྱི། ཞལ་ནས་ཧ་དང་ཧུ་ཡིས་བཏབ་པས། བད་དང་ཞད་ཙམ་གྱི་རླུང་ཐོན་ནས། ནུབ་བྱང་མཚམས་ནས་གཤེན་རབ་གཡུང་དྲུང་སེམས་དཔའ་སྤྲེན་ཆ་ཏིང་རུམ་གྱི་ཞལ་ནས་ཧ་དང་ཧུ་ཡིས་བཏབ་པས། ཞལ་མདངས་གཡོས་པའི་རླུང་ཐོན་པའི་རླུང་བྱུང་ངོ༌། ལྷོ་ནུབ་མཚམས་ནས་གཤེན་རབ་ཁྲི་རྒྱལ་ཀུན་དུ་འོད་ཀྱི་ཞལ་ནས་ཧ་དང་ཧུ་ཡིས་བཏབ་པས། ཞལ་ནས་ན་བུན་གྱི་རླུང་འབྱུང་ངོ༌། ལྷོ་ཤར་མཚམས་ནས་གཤེན་རབ་རིན་ཆེན་མྱུ་གུ་འོད་ཀྱི་ཞལ་ནས་ཧ་ཧུ་ཡིས་བཏབ་པས། སེར་དང་སེལ་བྱེད་ཀྱི་རླུང་བྱུང་ངོ༌། སྟེང་གི་ཕྱོགས་ནས་གཤེན་རབ་སེམས་དཔའ་ཆེན་པོ་འཁོར་ལོ་རབ་ཏུ་རྫོགས་པའི་ཞལ་ནས་རླུང་བྱུང་ངོ༌། བག་དང་ཞ་ཙམ་གྱི་རླུང་བྱུང་བས་རླུང་དང་ངད་དོ། འོག་གི་ཕྱོགས་ནས་རིན་པོ་ཆེའི་ཡོན་ཏན་བརྟན་པ་རྒྱལ་བའི་ཞལ་ནས་རླུང་དང་དུ་བྱུང་ངོ༌། རླུང་གི་དེ་དག་གི་མཐུ་བལྟས་བས། རླུང་བསེར་དང་བསེར་བུའི་རླུང་བྱུང་ངོ༌། རླུང་དེ་དང་དེ་ཡི་ངད་ལས་ཕྱོགས་བཅུའི་བདེར་གཤེགས་ཀྱིས་སྤྲུལ་པའི་ཞལ་གྱི་ངད་ལས། ས་ལམ་གྱིས་དྲོ་བ་དང༌། རེག་པ་ཙམ་རླུང་དེ་དག་ལས་ཀྱང་དྲོད་བག་ཙམ་འཁྲིགས་སོ། རླུང་དེ་དག་རྡོ་རྗེ་རྒྱ་གྲམ་འདྲ་བར་བྱུང་ངོ༌། གཡུང་དྲུང་འཁྱིལ་པ་ལྟ་བུར་བྱུང་ངོ༌། དྲ་བར་འདྲ་བར་འཁྲིགས་སོ། དེ་དག་ལས་ཀྱང་རླུང་འཕེལ་བ་ལས། རླུང་དེ་དག་ནི་བསྐལ་པ་དྲུག་ཁྲི་དྲུག་འབུམ་ཕྲག་བརྒྱད་སྟོང་དུ་གནས་ཤིང་བྱུང་ངོ༌།དེར་རླུང་གི་ངད་ལས་དྲོད་མེ་བྱུང་བས། བདེར་གཤེགས་དེ་དག་གིས་ཞལ་གྱི་དྲོད་ཀྱི་མཐུ་བརྟས་པས། དྲོད་མེ་བག་ཙམ་ཞེད་ཙམ་བྱུང་ངོ་། མེ་དང་རླུང་དེ་དག་བསྐལ་པ་ཆེན་པོ་གཅིག་གི་རིང་དུ་གནས་སོ། རླུང་ཆེན་པོ་དེས་བསྐྱོད་ནས་གཡོས་པས། མེ་རླུང་གཉིས་ཀྱི་བསྐལ་པ་ལ་གཡོས་སོ། དེ་ཉིད་ལིད་ཀྱིས་མནན་པའི་དོན་དུ། ལྷ་དེ་བཞིན་བདེར་གཤེགས་ཀྱི་དབུའི་ཐོར་ཏོ་ལ་གསེར་གྱི་ཆ་ལུགས་དང་དབུ་རྒྱན་ལས་འབྱུང་བའི་མེ་གནོན་པའི་གསེར་མར་གཏོར་བས། འབྱུང་བ་ཆེན་པོ་རླུང་གསེར་གྱིས་མནན་ནོ། འབྱུང་བའི་རླུང་གསེར་གྱིས་མནན་པའི་སྟོབས་དེ་དག་ཕྱོགས་བཅུའི་བདེར་གཤེགས་ཀྱི་ཞལ་ནས་བདུད་ཙིའི་ཆུ་ཐིག་འཕུལ་བས། བདུད་ཙིའི་ཟིལ་པ་ཆགས། དེ་ལས་ཆུ་ཡི་དཀྱིལ་འཁོར་ཆགས། དེ་ལས་ཆུའི་རླབས་ཆེན་པོ་ལས། གཡོ་ཞིང་གཡེང་བ་བྱུང་ནས། བདེར་གཤེགས་ཡེ་ཤེས་ལྷའི་སྤྲུལ་པ་བྱས། གསེར་གྱི་མཆོད་རྟེན་དུ་སྤྲུལ་ནས་གསེར་གྱི་ས་གཞི་མནན་ནས། བསྐལ་པ་གཅིག་ཏུ་མནན། སྟོང་གསུམ་སྟོང་གི་འཇིག་རྟེན་ཐམས་ཅད་གསེར་གྱི་མཆོད་རྟེན་གྱིས་མནན་ནོ་ ཞེས་དང་། གོང་སྨོས་བཀའ་གཞུང་གཞན་དག་ལས་ཀྱང་མངོན་རྫོགས་ལྷ་ཡི་རྫུ་འཕྲུལ་ལས་བྱེད་བྱས་ཀྱི་སྲིད་པ་ཆགས་ཚུལ་སྐོར་གསུངས་བར་གསལ་བས་དེ་དག་རྣམས་འདིར་ལུང་དྲངས་ན་ཡིག་ཚོགས་ལ་འཇིག་ནས་མ་བཀོད།
          བཀའ་རྟེན་གྱི་ཁོངས་སུ་ཡོད་པའི་བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་ལས། མཛོད་གནས་བཅུ་བདུན་གྱི་གནས་དང་པོ་སྲིད་པ་གསུམ་བསྟན་པའི་བྱེད་བྱས་ཀྱི་སྲིད་པ་སྟོན་པའི་སྐབས་སུ་མངོན་རྫོགས་ཞལ་གྱི་ངད་པ་ལས་ཞེས་པ་ལ་སོགས་པས་སྟོན་ཏེ། ཡབ་མངོན་རྫོགས་ཀྱི་རྒྱལ་པོ་ཁྲི་ཁུག་གིས། རྒྱུ་ལྔ་སྐུ་ལ་བསྡུས་ཏེ། ཞལ་གྱི་ངད་པ་ཧ་བྱས་པས། རླུང་ཚན་ཏིང་མི་གཏོང་འཛིན་པའི་རང་བཞི་དང༌། ནན་ཏིང་མ་བྱིང་འདེགས་པའི་དངོས་པོ་ཅན་དང༌། སྤྲིན་ནི་དྲོད་ཀྱི་ཡོལ་བ་བ་དན་ཅན་དང་བཞི་ནི། མངོན་རྫོགས་ཀྱི་རྫུ་འཕྲུལ་དང་སེམས་ཅན་གྱི་ལས་དབང་དུ་ཆགས་སོ་ ཞེས་འཁོད་ཡོད་པ་ལྟར་མཁས་བཞི་མཛོད་འགྲེལ་དང༌། འགྲོ་མགོན་མཛོད་འགྲེལ་སོགས་ལས་ཀྱང་སྲིད་པ་གསུམ་དུ་ཕྱེས་པའི་བྱེད་བྱས་ཀྱི་སྲིད་པ་བཤད་པའི་སྐབས་མངོན་རྫོགས་ཀྱི་ཞལ་གྱི་ངད་པ་སོགས་ལས་སྲིད་པ་ཆགས་ཚུལ་སོགས་གསུངས་ཡོད་པས། མདོ་རྒྱུད་ཀྱི་བཀའ་དང་བཀའ་བརྟེན་གྱི་གཞུང་དུ་གྲགས་པ་དེ་དག་གི་ཁོངས་ནས་གསལ་བའི་མངོན་རྫོགས་ཁྲི་ཁུག་གི་ཞལ་ངད་ལས་འཇིག་རྟེན་བྱུང་བའི་བཤད་སྲོལ་ཇི་སྙེད་ཅིག་བྱུང་བ་ཁག་མདོ་ཡི་རང་གཞུང་ཡིན་ནམ་མིན་ཅེ་ན། གུས་མོའི་བསལ་ཚུལ་ལྟར་བྱས་ན། བོན་གྱི་སྟོན་པ་གཤེན་རབ་དང༌། དེའི་བསྒྲགས་པའི་བོན། དེ་དག་བརྒྱུད་འཛིན་གྱི་གནའ་དེང་བོན་ལུགས་འཛིན་པ་ཐམས་ཅད་ཀྱིས། སྔགས་སེམས་གཙོ་བོར་འཛིན་ཞིང་མདོ་ལུགས་ཞོར་འབྱུང་གི་ཚུལ་དུ་འཆད་སྲོལ་བྱུང་བ་ཡིན་པའི་རྒྱུ་མཚན་དང་གཅིག ཕྱི་སོ་སོ་ཐར་པས་རྒྱུད་བསྡམས། ནང་གསང་བ་སྔགས་ཀྱི་ཐེག་པའི་གཞུང་བསྲངས། བློ་ཕུག་བླ་མེད་རྫོགས་པ་ཆེན་པོ་ལ་གཏད་སྲོལ་ཡོད་པའི་རྒྱུ་མཚན་དང་གཉིས། སྔགས་གཞུང་དང་མདོ་གཞུང་གཉིས་ཀྱི་ནང་ནས་སྔགས་གཞུང་ཁོངས་བྱེད་བྱས་ཀྱི་ཆགས་རབས་བཤད་ཕྱོགས་མང་བ་དང་གསུམ། བོན་གྱི་གཞུང་ལུགས་ག་འདྲ་ཞིག་ཡིན་ཀྱང་ཕལ་ཆེར་སྔགས་སེམས་ཀྱི་ལྟ་སྤྱོད་ཟུར་ཙམ་མ་བསྟན་པ་མེད་པའི་རྒྱུ་མཚན་དང་བཞི། སྟོན་པས་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གང་དང་གང་གསུངས་ཡང་དེ་དག་ཐམས་ཅད་སྔགས་སེམས་ཀྱི་ལྟ་བའི་སྙིང་པོ་རྟོགས་པའི་ཐབས་དང་ལམ་སྟེགས་སུ་གསུངས་པ་ཡིན་པའི་རྒྱུ་མཚན་དང་ལྔ། དེ་ལྟར་ཡིན་པའི་དཔེ་མཚོན་ཙམ་བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་ལས་བརྗོད་བྱ་ནང་དོན་གསལ་བ་ལྟར་འདིར་འགོད་པར་བྱ། དེ་ཡང་གཞུང་ཉིད་ལས། སྲིད་པ་དེ་ལྟར་གཅིག་གམ་ཐ་དད་ཞེ་ན། གཅིག་དང་གཅིག་ལ་ཐ་དད་པ་དོན་ལ་འགལ་བས་དབེན་པ་སྟེ། དེ་ཅི་ལྟར་ཞེ་ན། སྲིད་པ་གསུམ་པོ་དེ་རང་བཞིན་ཡེ་སྲིད་ཀྱི་རང་བཞིན་ཙམ་དུ་གཅིག་ལ། བྱེད་རྐྱེན་དང་གནས་སྐབས་ཀྱིས་ཐ་དད་པའོ། སྲིད་པ་གསུམ་སྤང་བླང་གི་དོན་ཅི་ལྟར་བསམ་ཞེ་ན། རང་བཞིན་རྨན་པ་ཡེ་ནས་ཐོབ་པའི་སྲིད་པ། རྒྱུ་རྨན་པ་ལས་བསྐྱེད་པ། བྱེད་རྐྱེན་རྫོབ་པས་བྱས་པའི་ལས་དང་སྤྱོད་པ་ལ་གནས་པ་རྣམས་ནི་སྤོང་བའི་རྒྱུ་སྟེ། རྒུན་གྱི་ཁུ་བྱུག་ལྟར་སྐད་ཅིག་ཆགས་ཀྱིན་སེམས་ཞུམ་པར་བྱའོ། རང་བཞིན་རྒྱུ་རྐྱེན་དག་པ་ལས། གྲུབ་པའི་ལས་སྤྱོད་རྣམས་ལ་སེམས་འཕང་མཐོ་ཞིང་སྤྲོ་བར་བྱ། ཀུན་ལ་སྙན་པར་སྒྲག་པར་བྱའོ། ལྔ་པ་རུས་སྦལ་སྐུམས་ཐབས་ཀྱི་བཤད་པས། རང་རིག་པའི་ཡེ་ཤེས་སྦ་ཞིང་བཙའ་བར་བྱ་སྟེ། དཔེར་ན་རུ་སྦལ་རྒྱ་མཚོར་སྐུམས་པའི་དུས་ན། གཞན་གྱིས་ལྟ་བར་མི་གསལ་ལ་རང་གིས་རང་གསལ་བ་བཞིན་དུ། བོན་ཐམས་ཅད་སྲིད་པ་ལས་བྱུང་བས་མ་སྲིད་པ་མེད། སྲིད་པ་འབྱུང་བ་ལས་བྱུང་བས་མ་བྱུང་བ་མེད། འབྱུང་བ་ནམ་མཁའ་ལས་བྱུང་བས་མི་གསལ་བ་མེད། ནམ་མཁའ་ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པར་གདོད་ནས་དག་པས། གཡུང་དྲུང་སྲིད་པའི་སེམས་ཉིད་ཀྱང་ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པར་གདོད་ནས་དག་པར་སྒོམ་མོ། དེ་ལ་ཡང་ལས་བསྒོམས་ཏེ་ཤེས་པར་བྱ་བ་དང༌། དོན་བསྒོམས་ཏེ་གྲུབ་པར་བྱ་བ་གཉིས་སོ། དེ་ལས་བསྒོམ་སྟེ་ཤེས་པར་བྱ་བ་ནི། སྐྱེ་ཤི་འདུ་འབྲལ་སེམས་ཅན་གྱི་ལས་ཡིན་ཏེ། འབྱུང་བ་ལས་མ་བྱུང་བ་མེད། སྲིད་པས་མ་སྲིད་པ་མེད་པས། སྐྱེ་བ་མེད་ལས་སྐྱེ་བ་བྱུང་བས། མི་སྐྱེ་མི་སྲིད་པར་ཤེས་པ་དང༌། སྐྱེས་པས་མི་འཆི་མི་སྲིད་པར་ཤེས་པ་དང༌། འཁོར་བས་མི་འདུ་མི་སྲིད་པར་ཤེས་པ་དང༌། འདུས་པས་མི་འབྲལ་མི་སྲིད་པར་ཤེས་པ་དང༌། འཁོར་བས་བདེ་བ་མེད་པར་ཤེས་པ་དང་ལྔ་ལ་ཡ་ང་བར་བྱའོ། དོན་སྒོམ་སྟེ་གྲུབ་པར་བྱ་བ་ནི། རང་བཞིན་ཡེ་སྲིད་ནི་མི་གཡོ་མཉམ་གསལ་དུ་ངོ་སྤྲོད། བྱེད་པས་བྱས་པ་རོལ་པ་འགག་མེད་དོན་སྒྲུབ། རྒྱུ་མཐུན་འབྱུང་བ་ནི་སྨྲ་བསམ་བརྗོད་མེད་དུ་དེམས་བཅའ་བར་བྱའོ་ཞེས་དང༌། ཕྱི་རྒྱུད་འཕན་ཡུལ་འབུམ་གྱི་རིག་ཁམས་བསྟན་པའི་སྐབས་སུ་ཡང་རང་རིག་པའི་ཡེ་ཤེས་ཕྱི་ནས་མ་ཤར། ནང་ནས་མ་ཤར། རང་ལ་རང་ཤར ། ཞེས་པའི་སྔགས་སེམས་ཀྱི་ལྟ་བའི་སྙིང་པོ་བསྟན་ཡོད་པ་དེ་དག་མདོ་ཡི་རང་གཞུང་མ་ཡིན་པར་སྔགས་སེམས་སུ་ཁ་ཕྱོགས་དཀྲི་ཐབས་སུ་གསུངས་ཡོད་པའི་གནད་དོན་རྒྱུ་མཚན་དུ་མ་ལ་བརྟེན་ནས། ངོས་རང་ཉིད་ཀྱང་ཕྱི་རྒྱུད་མཐོ་ཐོག་མཛོད་ཀྱི་ཁོངས་སུ་བྱུང་བའི་འཇིག་རྟེན་བྱེད་བྱས་ཀྱི་སྲིད་པའི་ཆགས་རབས་གླེང་བ་དེ་རྣམས་ཀྱང༌། ནང་རྒྱུད་གསང་སྔགས་དང་སྒོ་བསྟུན་པའམ་གོང་མའི་བཤད་སྲོལ་གཡར་བ་ཞིག་ལས་མདོ་ཡི་རང་གཞུང་མིན་ཞེས་གླེང་བའི་སྤོབས་པ་འགོག་མེད་དུ་སྐྱེས།

༥༽མཐོ་ཐོག་མཛོད་ཀྱི་བོན་སྡེར་མ་གཏོགས་པའི་ཆབ་ནག་གི་རྒྱུད་དང་འཕན་ཡུལ་འདོན་མཆོད་ཀྱི་

བོན་སྡེའི་ཁོངས་བྱེད་བྱས་ཀྱི་ཆགས་རབས་གླེང་ཡོད་མེད་སྐོར།

          ཐོག་མར་ཆབ་ནག་དང་འཕན་ཡུལ་གྱི་གོ་དོན་དང༌། དེ་ནས་མངོན་རྫོགས་ཀྱི་ངད་པ་ལས་འཇིག་རྟེན་གྱི་ཆགས་རབས་སྐོར་བཤད་སྲོལ་ཡོད་དམ་མེད་ཅེས་པའི་སྐོར་གླེང་མོལ་བྱ་རྒྱུ་ཡིན། ཆབ་ནག་དང་ཆབ་དཀར་ཞེས་བཤད་སྲོལ་གཉིས་སུ་བྱུང་བ་འདི་ནི། བོན་སྒོ་བཞི་མཛོད་ལྔ་འཆད་པའི་སྐབས་ལས་འཕྲོས་པ་ཞིག་ཡིན། བོན་སྒོ་བཞི་མཛོད་ལྔའི་ནང་ཚན་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་དང༌། ཆབ་དཀར་དྲག་པོ་སྔགས་ཀྱི་བོན་ཞེས་འདུལ་བྱེད་ཀྱི་བོན་སྒོ་རྣམ་གཉིས་སྟོན་པ་གཤེན་རབ་མི་བོས་གསུངས་པ་ཞིག་ཡིན། ཞེ་སྡང་གི་གཉེན་པོར་ཆབ་དཀར་དྲག་པོ་སྔགས་ཀྱི་བོན་སྡེ་དང༌། རུ་ང་དང་ཕྲག་དོག་གི་གཉེན་པོར་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་བསྟན་པ་ཡིན། ཆབ་དཀར་དང་ཆབ་ནག་ཅེས་པའི་ནང་དོན་མཐིལ་ཕྱིན་པ་ཞིག་རྟོགས་པར་འདོད་ན། དེ་ནི་སངས་རྒྱས་ཉིད་ཀྱི་གསུངས་ལ་གཞི་བཅོལ་དགོས་པ་ལས་ཚིག་ཕྱིར་འབྲེང་བའི་རྟོག་བཟོའི་བཤད་ཡམས་ཁག་ལ་ཡིད་བརྟོན་བྱེད་པས་ཕན་པ་ལས་གནོད་འཚབ་ཇེ་ཆེར་མཐོང༌། སྟོན་པ་གཤེན་རབ་མི་བོས་ཆབ་ནག་ཅེས་པའི་ཚིག་འབྲུ་གཉིས་པོའི་འབྲུ་བཤད་བསྐྱོན་པའི་ཚེ། གཟེར་མིག་ལས། ཆབ་ནི་འགྲོ་བ་གསོ་བ་ལ། ནག་ནི་མི་འགྱུར་ཆེན་པོའོ་ ཞེས་གསུངས། དེ་ཡང་ཆབ་ནག་གཞན་གྱི་དོན་ཚིག་དང་ལུས་ཀྱི་མཚན་ཉིད་ལ་སྨྲོས་པའོ་ཞེས་གསུངས། ཕྱྭ་གཤེན་མོ་རྩིས་གཏོ་དཔྱད་ཀྱི་གཞུང་དང༌། སྣང་གཤེན་མཁའ་ཀློང་རབ་འབྱམས་ཀྱི་གཞུང་དང༌། འཕྲུལ་གཤེན་རྫུ་འཕྲུལ་བཅུ་གསུམ་གྱི་གཞུང་དང༌། སྲིད་གཤེན་འདུར་ཐབས་ཀྱི་གཞུང་བཅས་ནི་ཆབ་ནག་ཀྱི་གཞུང་ཆེན་པོ་བཞི་ཡིན། དེ་དག་ལ་ཆབ་ནག་ཅེས་པའི་དོན་ལ། དཔེ་དོན་གཉིས་ཀྱི་སྟེང་ནས་འགྲེལ་སྲོལ་ཡོད་པ་སྟེ། དཔེ་ཡི་ཆབ་སྐོམ་པ་ཅན་གྱི་གང་ཟག་གི་སྐོམ་པའི་སྡུག་བསྔལ་སེལ་ཞིང་ཚེ་སྲོག་གསོ་བ་ལ་ཆུ་དོན་དུ་གཉེར་དགོས་པ་ཡིན་ནོ། དོན་གྱི་ཆབ་ནི་ཚེ་འདི་དང་ཕྱི་མ་གཉིས་ཀྱི་ནང་ནས་ཚེ་འདི་ཡི་ཚེ་སྲོག་ལ་བར་དུ་གཅོད་པའི་འགལ་རྐྱེན་ནད་དང་གདོན་གཉིས་ཡིན། འགལ་རྐྱེན་དེ་གཉིས་བསལ་ཏེ་སྒྲུབ་གཤེན་གྱིས་ཚེ་སྲོག་གསོ་ཞིང་བྱང་ཆུབ་བསྒྲུབ་པའི་རྟེན་དུ་རུང་བར་བྱས་པ་ལ། མོ་རྩིས་གཏོ་དཔྱད་ཀྱི་གཞུང་དེ་དག་མེད་དུ་མི་རུང་བས་དོན་གྱི་ཆབ་ཏུ་བསྔགས་པ་ཡིན། ནག་ནི་མི་འགྱུར་ཆེན་པོའོ་ཞེས་པའི་དོན། ནག་པོ་ནི་འགྱུར་བ་མེད་པའི་དོན་དེ་རང་བཞིན་ནམ་ཆོས་ཉིད་ཡིན་པའི་དོན་ནོ། དཔེར་ན་སྐོམ་པ་ཅན་གྱིས་ཆབ་ལ་རོལ་བས། སྐོམ་པ་སེལ་བ་རང་བཞིན་ནམ་ཆོས་ཉིད་ཡིན། བཀྲེས་པ་ཅན་གྱིས་ཟལ་ལ་རོལ་བས་ལྟོག་ནད་སེལ་བ་ཆོས་ཉིད་ཡིན། ནད་ཀྱིས་གདུང་བའི་གང་ཟག་གིས་སྨན་ལ་རོལ་བས་ཕན་པ་ཆོས་ཉིད་ཡིན། གདོན་གྱི་རློམ་པའི་གང་ཟག་ལ་གཏོ་བཅོས་བྱས་པས་ཕན་པ་ཆོས་ཉིད་ཡིན་པ་བཞིན་ནོ། དེ་ལ་གང་གི་འགྱུར་དུ་མེད་པའོ། དེའི་ཕྱིར་དེ་དག་ལ་ཆབ་ནག་ཅེས་བྱའོ། སྲིད་པ་རྒྱུད་ཀྱི་བོན་ཞེས་པ། གཙོ་བོ་སྲིད་པའམ་འཇིག་རྟེན་གྱི་ཕན་བདེ་བསྒྲུབ་པའི་ཆེད་ཡིན་པས་སྲིད་པ་རྒྱུད་ཀྱི་བོན་ཞེས་བྱ་བ་ཡིན། ཆབ་ནག་གི་གཞུང་དང་པོ་ཕྱྭ་གཤེན་གྱི་གཞུང་དེ་དག་ནི་ཚེ་འདིའི་ནད་གདོན་སེལ་ཐབས་ཆེད་མོ་རྩི་གཏོ་དཔྱད་བཞི་ཡི་རིམ་པ་གཙོ་བོར་བསྟན་པ་ལས། མངོན་རྫོགས་ཀྱི་ཞལ་ངད་ལས་བྱེད་བྱས་ཀྱི་སྲིད་པའི་ཆགས་རབས་བསྟན་མེད། ཆབ་ནག་གི་གཞུང་གསུམ་པ་འཕྲུལ་གཤེན་གྱི་གཞུང་ནང་སངས་རྒྱས་ཀྱི་བསྟན་པའི་སྤྱི་དགྲ་དང༌། སྒྲུབ་གཤེན་གྱི་སྒོས་དགྲ་རྣམས་བསྒྲལ་ཐབས་ཀྱི་རིམ་པ་གཙོ་བོར་བསྟན་པ་ལས། མངོན་རྫོགས་ཀྱིས་ངད་པས་སྲིད་པའི་ཆགས་རབས་གསལ་མེད། ཆབ་ནག་གི་གཞུང་བཞི་པ་སྲིད་གཤེན་གྱི་གཞུང་ནང་ཤི་བ་འདུར་ཐབས་ཀྱི་རིམ་པ་གཙོ་བོར་བསྟན་པ་ལས་འཇིག་རྟེན་ཆགས་རབས་དང་འབྲེལ་བ་མེད་དོ། ད་གཉིས་པ་འཕན་ཡུལ་ཅེས་པའི་གོ་དོན་ནི། མཛད་མདོ་འབྲིང་པོ་ལས། འཕན་ནི་བོན་ཉིད་སྤྲོས་པ་ལ། ཡུལ་ནི་སེམས་ཉིད་བདལ་པའོ་ཞེས་པ་འདི་བྱུང༌། འཕན་ཡུལ་རང་གཞན་གཉིས་ཀའི་དོན་དུ་གསུངས། འཕན་ནི་བོན་ཉིད་སྤྲོས་པ་ལ་ཞེས་པས་བོན་ཉིད་སྟོང་པའི་ཀློང་ནས་བོན་ཅན་མཚན་མའི་དགེ་རྩ་བསོད་ནམས་ཀྱི་ཚོགས་བྱུང་བའི་རིམ་པ་བསྟན་པ་ཡིན་ལ། ཡུལ་ནི་སེམས་ཉིད་བདལ་པའོ་ཞེས་པས་མཐའ་བྲལ་སྟོང་པའི་སེམས་ཉིད་ཀྱི་གནས་ལུགས་དང་ཡེ་ཤེས་ཀྱི་ཚོགས་གཙོ་བོར་གསུངས་པ་ཡིན། སྤྱིར་འཕན་ཡུལ་ལ་ཐེག་ཆེན་དང་ཐེག་དམན་གཉིས་ཀ་ཡོད་ཀྱང༌། སྐབས་འདིར་ཐེག་ཆེན་ལྟར་འཆད་ན། འཕན་ཡུལ་ལ་འདོན་མཆོད་གཉིས་སུ་ཡོད། འདོན་པའི་སྡེ་ལ། རང་གཞན་གཉིས་ཀའི་དོན་དུ་ཤེར་ཕྱིན་གྱི་འབུམ་རྒྱས་འབྲིང་བསྡུས་གསུམ་རྣམས་ཇི་སྲིད་འཚོ་བའི་བར་དུ་ཀློག་པ་དང༌། སིལ་ཀློག་བྱེད་པ་དང༌། དུས་སུ་བཟུང་ནས་ཀློག་པ་དང༌། གྲངས་སུ་བཅད་ནས་ཀླིག་པ་དང༌། དལ་འབྱོར་སྐབས་ཅན་དུ་ཀློག་པ་དང༌། ཆུ་རྒྱུན་སྐབས་མེད་དུ་ཀློག་ཅིང་འདོན་པའོ། མཆོད་པའི་སྡེ་ནི། ཚྭ་ཚྭ་དང་མཆོད་གཏོར་དང་རབ་གནས་དང་མཆོད་སྦྱིན་གྱི་ཚོགས་རྣམས་ཡིན། གཞན་ཡང་འཕན་ཡུལ་གྱི་ནང་ནས། མར་མེ་མདངས་གསལ་གྱི་མཆོད་པ་དང༌། སྦྱར་སྤོས་དྲི་བདའི་མཆོད་པ་དང༌། རྩི་སྨན་རོ་མཆོག་གི་མཆོད་པ་དང༌། ལྷ་སངས་ཞལ་ཟས་ཀྱི་མཆོད་པ་དང༌། མེ་ཏོག་མཛེས་ལྡན་གྱི་མཆོད་པ་བཅས་སོ། གཞུང་དེ་དག་གི་ནང་ཚོགས་རྣམ་པ་གཉིས་ཀྱི་རིམ་པ་གཙོ་བོར་བསྟན་པ་ཡིན། དེ་ཡང་འདོན་པའི་སྡེའི་ནང་དངོས་བསྟན་སྟོང་ཉིད་དང་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཙོ་བོར་བསྟན་པ་དང༌། མཆོད་པའི་སྡེ་ཡི་ཁོངས་བར་ཆོད་སེལ་ཞིང་བསོད་ནམས་ཀྱི་ཚོགས་རྫོགས་པའི་རིམ་པ་གཙོ་བོར་བསྟན་པ་ལས། སྲིད་པ་ཁྲི་རྒྱལ་ཁུག་པའི་ཞལ་གྱི་ངད་པ་ལས་ཕྱི་སྣོད་འཇིག་རྟེན་གྱི་ཆགས་རབས་ཟུར་ཙམ་ཡང་གླེང་མེད་དོ།།

༦༽བོན་ཐེག་པ་རིམ་པ་དགུ་ཡིས་སྣོད་བཅུད་ཇི་ལྟར་རྟོགས་ཚུལ།

         གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས། ཕྱ་གཤེན་ཐེག་པའི་ལྟ་བ་ནི། སེམས་ལ་ཐོག་མཐའ་ད་ལྟ་རུ། བྱ་བ་བྱེད་པ་ཡོད་པ་དང༌། སྣོད་བཅུད་གདོན་དང་བགེགས་སུ་རྟོགས། སྣང་གཤེན་ཐེག་པའི་ལྟ་བ་ནི། སེམས་ལ་ཐོག་མཐའ་སྐྱེ་ཤི་ཡོད། སྣོད་བཅུད་ལྷ་འདྲེ་ཡས་སུ་རྟོགས། འཕྲུལ་གཤེན་ཐེག་པའི་ལྟ་བ་ནི། སེམས་ནི་འཕོས་ནས་ཆད་པར་རྟོགས། སྣོད་བཅུད་དགྲ་བགེགས་གཉན་པར་རྟོགས། སྲིད་གཤེན་རྟོགས་པའི་ལྟ་བ་ནི། སྲིད་པ་ཆགས་དང་འཇིགས་པ་དང༌། སེམས་དང་དུམ་བུ་གསུམ་དུ་རྟོགས། དགེ་བསྙེན་ཐེག་པའི་ལྟ་བ་ནི། སེམས་ནི་ཐོག་མཐའ་སྐྱེ་ཤི་དང༌། ཅིར་སྣང་སྒྱུ་མ་བརྒྱད་དུ་རྟོགས། དྲང་སྲོང་རྟོགས་པའི་ལྟ་བ་ནི། དངོས་མེད་སེམས་ལ་དྲི་མ་གསུམ་སྒོམས་པས། འཕྲ་རབ་རྡུལ་ལས་སྣང་སྲིད་འཇིག་རྟེན་རྟོགས། ཨ་དཀར་རྟོགས་པའི་ལྟ་བ་ནི། སྣོད་བཅུད་ཡོ་བྱད་ལྷ་དང་ལྷ་མོ་སྟེ། སེམས་ནི་ཡབ་ཡུམ་ཟབ་མོའི་སྙོམས་འཇུག་ལས། ལྷག་པའི་བྱང་ཆུབ་སེམས་བསྐྱེད་ལ་ཞེས་ཐེག་པ་རེ་རེས་སྣོད་བཅུད་རྟོགས་ཚུལ་རྣམས་གསལ་བར་བཤད་ཡོད།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།