བསྟན་སྲུང་སྐྱེས་བུ་ཆེན་པོ་གནམ་ལྷ་དཀར་པོའི་སྐོར་ཐོག་མར་རགས་ཙམ་གླེང་བ།
[ཟླ་ཚེས། 2025-10-29 11:03:31][རྩོམ་པ་པོ། ཁྱུང་ཚང་འབྲུག་ལྷ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ནང་དོན་གནད་བསྡུས། ཕ་ཆོས་གཡུང་དྲུང་བོན་ནི་བོད་ཀྱི་ཕ་མེས་ཀྱི་ཆོས་ལུགས་ཡིན་ཞིང་། བོད་ཀྱི་བོན་ལུགས་འཛིན་པ་དག་གི་བཀའ་དྲིན་ལས་ད་ལྟའི་ཆར་ཡང་གནའ་བོའི་ཆོས་ལུགས་འདིའི་ཁྲག་རྒྱུན་གནས་ཤིང་འཕེལ་རྒྱས་བྱུང་ཡོད་པ་རེད། དེ་ནི་སྟོན་པ་གཤེན་བ་ཀྱི་ཐུགས་བསྐྱེད་དང་བསྟན་པ་སྲུང་བར་ཞལ་གྱིས་བཞེས་པའི་ལྷ་སྲུང་དག་གི་འཕྲིན་ལས་ཡང་ཡིན་པར་བརྗོད། དེས་ན་བོན་གྱི་བསྟན་སྲུང་རྒྱ་མཚོ་ལྟ་བུ་ལས་ད་སྔ་ཞིབ་འཇུག་བྱས་པ་མཁས་དབང་མཁར་རྨེའུ་བསམ་གཏན་གྱིས་རྒྱལ་ཆེན་གྲགས་པ་སེང་གེའི་སྐོར་དང་། ·ཨ་ཀྲོང་རིན་ཆེན་རྒྱལ་མཚན་གྱིས་རྒྱལ་ཆེན་ཉི་པང་སད་དང་བོནད་སྐྱོང་སྤྱིའི་ལོ་རྒྱུས་མདོར་བསྡུས། ཉི་ཧོང་ཅིན་ཏུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁཱོ་ཉིའི་ཞིས་ཁེས་ཨ་ཀོ་འམ་བོད་མིང་ལ་དཀོན་མཆོག་ལྷ་དགའ་ཞུ་བའི་འབྲུག་ཡུལ་གྱི་ཆར་གཏོགས་སུ་མ་མཆོག་སྲིད་པ་རྒྱལ་མོའི་བསྟེན་སྲོལ་བྱུང་འཕེལ་གྱི་སྐོར་ལ་ཞིབ་འཇུག་བྱེད་ཀྱིན་པ་སོགས་ལས་མང་པོ་མ་མཐོང་། ཁྱད་པར་བོན་གྱི་སྲུང་མ་སྐྱེས་བུ་ཆེན་པོའི་སྐོར་ལ་ཞིབ་འཇུག་དང་གླེང་བརྗོད་བྱས་པ་ད་སྔ་མེད། སྤྱིར་ལྷ་ཚོགས་ཀྱི་ཞིབ་འཇུག་ནི་བདག་ལྟ་བུར་དཀའ་གནད་ཅིག་ཏུ་ཁུམས་ཀྱང་། འབྲེལ་ཡོད་ཡིག་ཆ་དག་ལ་ཞིབ་བསྡུར་དང་གཞན་དུ་འཁོད་པའི་ཟུར་འདྲ་བའི་ལུང་ཚིག་ལ་རྒྱབ་རྟེན་བྱས་ཏེ། བོནད་གྱི་བསྟན་སྲུང་སྐྱེས་བུ་ཆེན་པོའི་བྱུང་ཁུངས་དང་མཚན་གྱི་རྣམ་གྲངས་སྐུའི་ཆ་ལུགས། འཁོར་ཚོགས་ཀྱི་སྐོར་ལ་ཐང་སྐུ་རྙིང་ཤོས་དང་བན་བོནད་གྱི་ཡིག་ཆ་ཁག་གཞིར་བཞག་གིས་ཐོག་མར་དཔྱད་པ་བྱས་ཏེ། བོནད་སྐྱོང་འདི་ནི་རང་རེའི་བོད་ཀྱི་གནའ་བོའི་ལྷ་སྲུང་ཞིག་ཡིན་པ་དང་བོནད་བསྟན་དར་རྒུད་དང་འགྲོགས་ནས་བསྟེན་གསོལ་ལ་ཡང་འགྱུར་ལྡོག་ཅུང་ཟད་བྱུང་ཚོད་ཡོད་པའི་སྐོར་རགས་ཙམ་བརྗོད་ཡོད།
བརྡ་ཆད་གཙོ་བོ། བསྟན་སྲུང་། སྐྱེས་བུ་ཆེན་པོ། གནམ་ལྷ་དཀར་པོ།
གླེང་གཞི།
རང་རེའི་བོད་པ་རྣམས་ཀྱང་མི་རིགས་གཞན་དང་འདྲ་བར་ལྷ་ཡི་དད་མོས་སྔ་མོ་ནས་ཡོད་ལ། ཐོག་མར་ཕྱིའི་ཁོར་ཡུག་བར་དུ་མི་རྒྱུད་གྲོལ་ཚུལ་ཐ་མར་བོན་ཆོས་སྤེལ་བ་ལ་སོགས་པར་ཡང་ལྷ་ཚོགས་དང་ཁ་བྲལ་ཐབས་མེད་པ་རེད། དེ་བས་ལྷ་ཚོགས་ལ་ཤས་ནི་ཞང་ཞུང་གི་ཤེས་རིག་དང་འགྲོགས་ནས་བོད་ཀྱི་གདོད་མའི་ལྷ་རུ་ཆགས་ཡོད། ཡང་ལ་ཤས་ནི་ནང་ཆོས་དང་འགྲོགས་ནས་རྒྱ་གར་ནས་ཡོང་བ་བཤད། དེ་དག་ལས་ཀྱང་ཆོས་སྲུང་མང་ཆེ་ཤོས་བོད་ཀྱི་གདོད་མའི་ལྷ་སྲུང་ལ་སློབ་དཔོན་ཆེན་པོས་བཀའ་བཞག་གིས་བསྒྱུར་བསྣན་བྱས་ཡོད་པ་བསྟན་སྲུང་གི་བྱུང་རབས་དང་བོད་མིའི་ཁ་དཔེ་སོགས་སུ་མངོན་གསལ་ཆེན་པོ་ཡིན་པས་རྒྱབ་རྟེན་དང་ཡིད་ཆེས་ཀྱི་ལུང་འདྲེན་པའི་དགོས་པ་མ་མཆིས། དེའི་རྗེས་ཤུལ་ད་ལྟའང་ཆ་བྱད་དང་མཚན་མིང་སོགས་སུ་ཧ་ཅང་མངོན་ཆེ་བས་ཀུན་གྱིས་ཚོར་ནུས་པ་ཡིན་ལ་གཏེར་སྟོན་དང་མཁས་གྲུབ་མང་པོས་ངོ་བོ་གཅིག་མཚུངས་སུ་གཟིགས་པའི་ཚུལ་ཡང་ཧ་ཅང་མང་། འོ་ན་རང་རེའི་བོནད་གྱི་ལྷ་སྲུང་དེ་དག་གི་བྱུང་ཁུངས་ཐད་ཀྱང་ཕལ་ཆེ་བར་སྟོན་པ་གཤེན་རབ་ཀྱིས་བཀའ་བཞག་སྔོན་ནས་བྱས་ཡོད་རབས་རྒྱུད་ན་གསུངས་གྱིན་ཡོད་ཀྱང་། ལོགས་སུ་བསྟན་སྲུང་གི་བྱུང་རབས་བརྗོད་པའི་བསྟན་བཅོས་རྙེད་དཀའ་དེ་དག་ལས་སྐྱེས་བུ་ཆེན་པོ་ཞེས་པའི་སྲུང་མ་འདི་གཡུང་དྲུང་བོན་གྱི་ཀློང་དགུའི་ཡི་དམ་དགུ་ལས་དབལ་ཆེན་རམ་པ་དུག་འདུལ། ཁྲོ་རྒྱལ་དབང་ཆེན་འབུམ་པ། ཆེ་མཆོག་ཁྲག་འཐུང་རོལ་བ་གསུམ་གཅིག་ཆོག་གི་བཀའ་སྡོད་ཀྱི་བོནད་སྐྱོང་དུ་བཞེད་སྲོལ་འདུག་ལ་ཁྱད་པར་ཡི་དམ་སྐུ་ལྔའི་བཀའ་སྲུང་ཡིན། འདི་སྔོན་ཆད་བསྟེན་སྲོལ་དར་བར་ངེས་ཀྱང་ད་ལྟ་རེབ་གོང་བོན་མང་ནི་དབལ་རམ་འབུམ་གསུམ་གྱི་སྒྲུབ་པའི་བཀའ་བབས་ཆེན་པོ་ཡིན་པས་བོནད་སྐྱོང་འདི་ཕ་མེས་བརྒྱུད་པའི་རུས་ལྷ་ལྟ་བུར་བསྟེན་གསོལ་བྱེད་ལ། གཞན་ཆབ་ཆའི་བོན་སྡེ་ཁག་ཏུ་ཡང་བསྟེན་གསོལ་བྱེད་པ་ལས་བོན་པོ་སྤྱིའི་བསྟེན་གསོལ་བྱེད་ཉམས་སུ་སོང་བ་དང་ཁྱད་པར་གཡུང་དྲུང་བོན་གྱི་ལྷ་ཚོགས་ཆེན་མོ་ཞེས་པར་ལྷ་སྲུང་འདི་རྩིས་མེད་ལྟ་བུའི་གཏན་བོར་དུ་བཏང་འདུག་ཁར། དྲང་མོར་བརྗོད་ཆོག་པ་ཡིན་ན་རེབ་གོང་བོན་མང་གི་སྒྲུབ་སྡེ་རེ་འགའི་བརྩན་ཁང་དུ་གཙོ་སྐུ་བརྗེས་པའི་གནས་ཚུལ་ཞིག་ཀྱང་ཚོར་བྱུང་བས་འདིའི་སྐོར་ལ་རང་བཞིན་གྱིས་དོ་གལ་ཆེན་པོར་མཐོང་གཤིས་བརྗོད་པ་འདི་སྤེལ་བའི་རྟེན་འབྲེལ་གྱི་སྒོ་གླེགས་དང་པོ་བཙན་ཐབས་སུ་ཕྱེས།

(དབལ་ཆེན་ཁྲག་འཐུང་རོལ་བ། ཁྲོ་རྒྱལ་དབང་ཆེན་འབུམ་པ། རམ་པ་དུག་འདུལ།)
གཅིག བོནད་སྐྱོང་སྤྱི་མདོ་ཙམ་བཤད་པ།
བོད་ཁམས་སྤྱི་སྐྱོང་བའི་འཇིག་རྟེན་གྱི་བརྟན་མ་བཅུ་གཉིས་དང་སྲིད་པ་ཆགས་པའི་ལྷ་དགུ། རྗེའི་འགུར་ལྷ་བཅུ་གསུམ་སོགས་ཡོད་ལ། སྤྱིར་རང་རེའི་བོད་ཀྱི་སྲུང་མ་རྣམས་མང་ཆེ་ཤོས་ཡི་དམ་གང་རུང་གི་འཕྲིན་ལས་ཆོ་གའི་གོ་རིམ་ཁྲོད་དུ་དེའི་ངེས་གཏན་གྱི་བཀའ་སྡོད་ལྷ་སྲུང་རེ་གཉིས་ཕོ་ཉ་ལྟར་ལས་ལ་རྒྱུགས་པ་དང་བཀའ་དེའི་གཉེར་བདག་གཙོ་བོར་ཡོད་པ་ཡིན་ཏེ། དབལ་གསས་སོགས་སྐུ་གསུང་ཐུགས་ཀྱི་ལྷ་ལ་སྲིད་རྒྱལ་དང་བཙན། དམུ་བདུད། གེ་ཁོད་ལ་ནག་མོ་དང་ཉི་པང་སད། གཙོ་མཆོག་ལ་སྲིད་རྒྱལ་དྲེའུ་དམར། འབུམ་པར་སྐྱེས་བུ་ཆེན་པོ། སྤྱི་འདུལ་ལ་གཤིན་རྗེ་སོགས། སྟག་ལར་གནམ་ཐེའུ་དཀར་པོར་བཞེད། སྐབས་བབས་གཏེར་དུ་སྦས་པ་རྣམས་ལ་གཏེར་བདག་ཡུམ་སྲས་སྡེ་ལྔ་སོགས་ཡོད་པ་རེད། སྔ་འགྱུར་རྙིང་མར་འཇམ་དཔལ་ལ་གཤིན་རྗེ་དང་རྟ་འགྲིན་ལ་ཙིའུ་དམར་པོ་སོགས། དུས་འཁོར་ལ་གཙོ་ཆེར་རྡོ་རྗེའི་ཤུགས་དང་འཇིགས་བྱེད་ལ་ཆོས་རྒྱལ་ལྟ་བུའི་མཚོན་ནོ།། དེ་དག་ལས་ཆོས་བརྒྱུད་ཁག་ཏུ་ཐུན་མོང་མ་ཡིན་པར་འདོད་པའི་ཆོས་སྲུང་གཙོ་བོར་བསྟེན་པ་ལ། བོན་གྱིས་ཡོངས་གྲགས་མ་བདུད་བཙན་གསུམ། སྔ་འགྱུར་རྙིང་མར་མ་གཟའ་དམ་གསུམ། དགེ་ལུགས་པར་ཡང་སྐྱེས་བུ་གསུམ་གྱི་སྲུང་མ་མ་མགོན་སྲས་གསུམ། བཀའ་བརྒྱུད་པའི་ཚེ་རིང་མཆེད་ལྔ་དང་མ་ཧ་ཀ་ལ། དུལ་སོལ་མ། ས་སྐྱའི་གུར་གྱི་མགོན་པོ་དང་མགོན་པོ་བྲན་ཟེ། གཞུང་ས་ལ་སྲུང་མ་དམར་ནག་གཉིས་ཡོད་པ་རེད། ཡང་ཁ་ཤས་ཆོས་བརྒྱུད་ངེས་གཏན་གྱིས་གཅིག་ལ་མགོན་སྲུང་བྱེད་པ་འབྲི་གུང་བཀའ་རྒྱུད་ཀྱི་ཨ་ཕྱི་ཆོས་སྒྲོན་ལྟ་བུ་རེད། གཞན་ཡང་མགོན་པོ་བྲག་ནག སྲིད་རྒྱལ་བླ་རི། ལྷ་མོའི་བླ་མཚོ། ཞྭ་ལྷ་ཁང་དུ་དམ་ཅན་རྡོར་ལེགས། བསམ་ཡས་སུ་རྒྱལ་པོ་སྐུ་ལྔ། དགའ་ལྡན་དུ་དམ་ཅན་ཆོས་རྒྱལ། དཔལ་ལྡན་སྨན་རིར་སྲིད་རྒྱལ་དང་ཤེལ་ཁྲབ་ཅན། རེབ་གོང་འགར་རྩེར་ཤ་ཟ་ཧོར་མོ། ཞི་བྱེད་གཅོད་ཀྱི་ཆོས་སྲུང་ལ་གནོད་སྦྱིན་ཙིའུ་དམར། ཚེ་དབང་བོད་ཡུལ་མའི་སྒྲུབ་སྐོར་ཀྱི་སྲུང་མ་སྲིད་རྒྱལ་མི་དྲེད་མ། བདུད་འཇོམས་ཁྲོས་ནག་གི་ཆོས་སྐོར་ལ་བདུད་བཙན་ཀླུ་གསུམ་དང་ཁྱད་པར་གཟའ་རྒོད་ཡིན་པ་སོགས་ཀྱིས་མཚོན་གཏེར་ཆོས་དང་དགོན་པ་གནས་རི་སོགས་རེ་རེར་ཡང་བླ་མ་རྣམས་གྱིས་གཉེར་གཏད་ཀྱི་སྲུང་མ་མི་འདྲ་བ་རེ་ཡོད། མི་སྒེར་བའི་ངོས་ནས་ཀྱང་བསྟེན་སྲོལ་ཡོད་པ། རང་རེའི་བོད་ཀྱི་ལོ་རྒྱུས་སུ་བྱང་བདག་དང་སྡེ་བ་ཚེ་བརྟན་མ་མཐུན་པར་བྱང་བ་རྣམ་རྒྱམ་གྱིས། སྟོབས་ཞེས་བྱ་བའི་སྟོབས་མེད་འཁྱམས་པོ་ཁྱོད།། ཁོ་བོས་པྲེ་ཏ་པུ་རེའི་འགྲན་དུ་བསྐྲད།། ཅེས་དང་། ཞིང་ཞེས་བྱ་བའི་ཞིང་བཅུ་ཚང་བ་ཁྱོད།། བདག་གིས་ར་ཧུ་ལ་ཡི་ཞལ་དུ་གདབ།། ཅེས་གཤིན་རྗེ་དང་གཟའ་གཉིས་མངགས་རྦད་བྱས་ཚུལ་ཐུའུ་བཀྭན་གྲུབ་མཐའ་ལས་གསུངས་པ་ལྟར་དང་། རྭ་ལོ་ཙཱ་བའི་རྣམ་ཐར་ལས་ཀྱང་འདི་འདྲ་བའི་གནས་ཚུལ་མང་པོ་བྱུང་གིན་ཡོད་པས་རང་རེའི་བོད་དུ་སྐྱེས་བུ་རང་རང་གིས་ཀྱང་སྒེར་གྱིས་ཆོས་སྲུང་ལ་བསྟེན་སྲོལ་བྱེད་པའི་དཔེ་ཞིག་ཡོད་འདུག་པ་བཞིན་དུ། མི་ལ་རས་པའི་ཚེ་རིང་མཆེད་ལྔ། གཤེན་ཉི་མས་དམ་ཅན་དང་། རྗེ་དགེ་འདུན་གྲུབ་པས་དཔལ་ལྡན་ལྷ་མོ། པཎ་ཆེན་བློ་བཟང་ཆོས་རྒྱན་དང་ལྕང་སྐྱས་ལྕམ་སྲིང་། བོན་བརྒྱ་བས་རྨ་རྒྱལ་བསྟེན་སྲོལ་ཡོད་པ་རྣམ་ཐར་ཁག་ལྟར་རོ།། ཡང་ལྷ་སྲུང་མཐུ་བོ་ཆེ་དེ་དག་དམ་ལ་འདོགས་པའི་གོང་མནོན་དུ་གྱུར་པའི་ཡི་དམ་རེ་རེ་ཡོད་པར་གསུངས་པས། བོནད་དུ་སྲུང་མ་སྤྱན་འདྲེན་གྱི་སྐབས་ཀྱང་ཐོག་མར་ཡི་དམ་གང་ཡིན་ངེས་བརྗོད་ཡིན་པ་དཔེར་ན། སྒྲ་བླ་མོའི་བསྐང་གསོལ་དབུ་རུ“བདག་ཉིད་དབང་རྒྱལ་གེ་ཁོད་དུ་བསྒོམ་ལ། སྐུ་ལ་ནག་མོ་སྤྱན་དྲངས་བྱིན་གྱིས་བརླབས་ནས”ཞེས་སོགས་འབྱུང་བ་དང་། རྗེ་སྨན་རི་བ་མཉམ་མེད་ཆེན་པོས་མཛད་པའི་རྒྱལ་ཆེན་ཉི་པང་སད་ཀྱི་བསྐང་བའི་དབུ་རུ“དབལ་ཆེན་གེ་ཁོད་གནོད་སྦྱིན་འདུལ་ལ་ཕྱག་འཚལ་ལོ”ཞེས་དང་། “དབལ་ཆེན་གེ་ཁོད་བཀའ་ཉན་ལས་བྱེད་པ།། བསྟན་པའི་བཀའ་སྐྱོང་ཝེར་རོ་ཉི་པང་སད།།” ཅེས་འབྱུང་བ་ལྟར་ཉི་པང་སད་ཀྱང་གེ་ཁོད་ཀྱི་བཀའ་ཉན་ཆོས་སྲུང་ཡིན་པར་ཡི་དམ་གེ་ཁོད་དབུ་རུ་ཐོག་མར་བཀོད་པ་རེད་ལ། སྐྱེས་བུ་ཆེན་པོ་ལ་མཚོན་ན“རང་ཉིད་ཡི་དམ་དབལ་ཚོགས་སུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ནས། སྲུང་མ་འཁོར་བཅས་སྤྱན་དྲངས་མདུན་དུ་བཞུགས་པར་བསམ་ལ།”ཞེས་ཡི་དམ་སྐུ་ལྔའི་བཀའ་འཁོར་དུ་བཞེད་པ་རེད། དེ་ཡང་ཡི་དམ་སྐུ་ལྔ་ནི་དབུས་སུ་གཤེན་རབ་རྫོགས་པ། ཤར་ན་མགོན་ལྷ་དཀར་པོ། བྱང་ན་དབལ་ཚོགས་གཏུམ་པ། ནུབ་ན་དབང་ཆེན་འབུམ་པ། ལྷོ་གསས་རྗེ་ཨུ་མ་བཅས་ལ་ཟེར། གཞན་ཐང་སྐུ་ངོས་སུ་ཡང་གཙོ་སྐུའི་མདུན་དུ་ཆོས་སྲུང་འགོད་པ་ལས་ཡི་དམ་ལྷའི་གོང་དུ་ཆོས་སྲུང་བྲི་མི་ཆོག་པ། བསྙེན་སྒྲུབ་ཀྱི་སྐབས་ཀྱང་ཡི་དམ་མ་སྒྲུབ་པར་སྲུང་མ་མི་འགྲུབ་ལ་ཡི་དམ་འགྲུབ་ན་ལྷའི་གཟི་བྱིན་གྱིས་སྲུང་མ་མ་སྒྲུབ་པར་རང་འཁོར་བྱེད་པར་ཉམས་ལེན་པ་རྣམས་ཀྱིས་གཅིག་མཐུན་གྱིས་བཤད་པས་ཡི་དམ་དང་བོནད་སྲུང་དེ་དག་གི་འབྲེལ་བ་ནི་དེང་དུས་ལྟར་ན་གོང་རིམ་དང་འོག་རིམ་གྱི་འབྲེལ་བའམ་དཔོན་གཡོག་ལྟ་བུའི་འབྲེལ་བ་ཞིག་ཡིན་པར་འདོད།

གཉིས། སྐྱེས་བུ་ཆེན་པོའི་མཚན་གྱི་རྣམ་གྲངས།
གང་བརྗོད་བྱར་འདྲེན་པའི་ལྷ་སྲུང་འདི་ལ་དམངས་ཁྲོད་ནས་ཡོངས་གྲགས་སུ“གནམ་ལྷ་དཀར་པོ”འམ“སྐྱེས་བུ་གནམ་ལྷ” ཡང་ན“གནམ་ལྷ”ཞེས་འབོད་སྲོལ་ཡོད། སྐྱེས་བུ་ཆེན་པོའི་སྐོར་ལ་བརྗོད་པ་ཀུན་གྱི་ཕྱི་མོ་གཏེར་དུ་ཡང་མ་སོང་བར་བཞེད་པའི་དབང་ཆེན་འབུམ་པའི་སྒྲུབ་གཞུང་དེ་ཉིད་དུ་བསྐྱེད་པའི་སྐབས་སུ་སྲུང་མ་འདི་ལ“སྐྱེས་བུ་ཆེན་པོ”ཞེས་འབྱུང་ལ། བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱིས་ཀྱང“བཀའ་སྡོད་གཡུང་དྲུང་བསྟན་པའི་སྲུང་མ་ཆེ།། ཕོ་ཉ་སྐྱེས་བུ་ཆེན་པོ་གནམ་གྱི་ལྷ།།”ཞེས་གསུངས་ལ། སྲུང་མ་འདི་རྒྱ་ཡུལ་དུ་ཕེབས་སྐབས་མིང་ལ“རྒྱ་ལྷ་མགྲོན་ལམ”དང་། ཞང་ཞུང་དུ་ཕེབས་སྐབས་མིང་ལ“རྩང་ལྷ་བྱ་རྐང”ཧོར་གྱི་ཡུལ་དུ་བྱོན་པའི་ཚེ“རྩང་ལྷ་སྐྱིད་འཁོར”བོད་ཀྱི་ཡུལ་དུ་བྱོན་པའི་ཚེ་མིང་ལ“བཙད་པའི་སྒྲ་བླ”ཞེས་བཏགས་པར་བསྐུལ་བའི་ཁྲོད་ཀྱི་གཤེགས་རབས་སྐབས་སུ་གསུངས། སྔགས་བཙུན་གཡུང་དྲུང་རྒྱལ་མཚན་གྱིས་ཚོགས་མཆོད་ཡིད་བཞིན་ནོར་བུར་བསྐྱེད་པའི་སྐབས་སུ“དམ་ཅན་སྐྱེས་བུ་གནམ་ལྷ་དཀར་བོ”ཞེས་དང་། སྤྱན་འདྲེན་སྐབས་སུ“མེ་རླུང་དམར་ནག་འཁྲིགས་པའི་ཀློང་དཀྱིལ་ན།། སྐྱེ་བུ་གནམ་ལྷ་དཀར་པོ་གཤེགས་སུ་གསོལ།།”ཞེས“སྐྱེ་བུ་གནམ་ལྷ་དཀར་པོ” “དམ་ཅན་སྐྱེས་བུ་ཆེན་པོ”ཞེས་འཛབ་བསྟོད་སྐབས་སུ“དམ་ཅན་སྐྱེས་བུ་ཆེན་པོ་འཁོར་བཅས་ལ།། རང་སྔགས་སྙིང་བོ་འཛབ་ཀྱི་མཆོད་པ་འབུལ།།”གསུངས། གཞན་མཇུག་གི་བཀྲ་ཤིས་སྐབས་སུ“དམ་ཅན་བཀྲ་ཤིས་མཐུ་རྩལ་སྟོབས་དང་ལྡན”ཞེས“དམ་ཅན”དང“སྟོབས་ལྡན་དྲེགས་པ་སྐྱེས་བུ་འཁོར་བཅས་རྣམས”ཞེས“སྐྱེས་བུ”། འབུམ་པའི་སྒྲུབ་གཞུང་གི་བསྐུལ་བའི་སྐབས་ཀྱི་ཤོག་དྲིལ་ཤོག་གྲངས་རྒྱབ་པ་དེ་དག་ལ་ཡང“སྐྱེས་བུ”ཞེས་བཀོད་ཡོད་ལ། སྔགས་འཆང་ལྕགས་པོ་རྒྱལ་གྱིས་མཛད་པའི་ཀླུང་རྟར“སྔ་འགྱུར་བོན་གྱི་བཀའ་སྲུང་མཐུ་རྩལ་ཅན།། ལྷ་མཆོག་སྐྱེས་བུ་གནམ་ལྷ་མཐུ་བོ་ཆེ།།”ཞེས་འབྱུང་། དམ་ཅན་རྒྱ་མཚོའི་བསྐང་བ་མཁའ་ཀླུང་ཡངས་པར་ཕོ་རྒྱུད་བཀའ་ཉན་ལས་བྱེད་སྡེ་བརྒྱད་བརྩི་སྐབས“སྐྱེས་བུ་དམུ་བཙན་མྱུར་མགྱོགས་ཅན”ཞེས་གསུངས་པ་དེ་ཡིན། གཞན་ད་དུང“གཤེན་ལྷ་མྱུར་མགྱོགས” “སྐྱེས་མཆོག་གནམ་ལྷ” “སྐྱེས་བུ་གནམ་ལྷ་རྒྱལ་པོ” “སྒྲ་བླ་སྐྱེས་མཆོག” “གཤེན་ཆེན་གྱེར་བ” སོགས་མཚན་གྱི་རྣམ་གྲངས་ཤིན་ཏུ་མང་ངོ་།།
མ་གཞིར་གནམ་ལྷ་ཞེས་པའི་ཡིག་འབྲུ་འདི་གཉིས་ཏུན་ཧོང་ཡིག་རྙིང་ལས་རྒྱལ་པོའི་བྱུང་ཁུངས་སྐབས་སུ་གནམ་ལྷ་བབས་ཀྱི་རྒྱལ་པོ་ཞེས་འབྱུང་གིན་ཡོད། དེ་མ་ཟད། མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་ལས་དྭགས་ལྷ་སྒམ་པོ་དེ་ཕྱ་ཡི་གཞི་འཚོལ་དུ་འགྲོ་སྐབས།དུང་ཤ་ཤེལ་རུ་ཅན་དེའི་ཕ་སུ་ཡིན་འདྲི་སྐབས།ཕ་ནི་གནམ་ཤ་རུ་རིང་ཡིན།།གནམ་ཤ་རུ་རིང་བྱ་བ་དེ།།གནམ་ལྷ་དཀར་པོའི་སྤྲུལ་བ་ཡིན།།མ་ནི་དམུ་ཤ་ཡུ་མོ་ཡིན།།དམུ་ཤ་ཡུ་མོ་བྱ་བ་དེ།།དམུ་བཙན་རྒྱལ་མོའི་སྤྲུལ་བ་ཡིན།།གསུངས་པར་གནམ་ཤ་རུ་རིང་ནི་གནམ་ལྷ་དཀར་པོའི་སྤྲུལ་བ་ཡིན་པར་བརྗོད་པ་དང་། དགེ་ལུགས་པའི་བརྒྱ་བཞིའི་ཆོ་ག་བཀླགས་པས་དོན་གྲུབ་པ་ཞེས་བྱ་བར།ཉི་མ་ཤར་གྱི་ཕྱོགས་བཞི་ན།།གནམ་ལྷ་དཀར་པོ་འཁོར་དང་བཅས།།གནས་འདིར་བཤའ་བཞིན་གླུད་ལོངས་ཤིག། ཅེས་ཤར་གྱི་ཕྱོགས་ནས་གླུད་ལེན་དུ་གནམ་ལྷ་དཀར་པོ་བོས་ཡོད་པ་དང་།རྒྱལ་དབང་ལྔ་བའི་དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ་གྱི་གསང་བའི་སྤྱན་གཟིགས་དང་བཅས་པ་ཟབ་གསོལ་བགྱིས་པའི་ཐོག་ཕུལ་བའི་སྙན་དར་ཞལ་བྱང་དངོས་གྲུབ་འདོད་པ་འཇོ་བའི་བུམ་བཟང་དུ།མི་སྲུན་སྡེ་བརྒྱད་འདུལ་བའི་གཉེན་པོ་རུ།།བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་གང་།།ཤེལ་གིང་གནམ་ལྷ་དཀར་པོའི་སྐུར་བསྟན་པ།།ཟུར་ཕུད་ལྔ་བ་རྡོ་རྗེ་འབར་བ་རྩལ།།གསང་ཡུམ་རྡོ་རྗེ་གཡུ་སྒྲོན་གནམ་མཚོའི་རྒྱལ།།མཆེད་འཁོར་གཙང་མའི་རིགས་ཀྱི་ཚོགས་རྣམས་ཀུན།།ཞེས་དང་། རྒྱལ་དབང་ལྔ་བའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་དུ།གནམ་ལྷ་དཀར་པོའི་ཆས་གོས་དགེ་བསྙེན་དཀར་པོར་བསྒྱུར་སྐོར་ཅི་ཡིན་དང་།ལ་རྒྱའི་རྒྱུ་མཚན་རྒྱས་པ།སླད་ཆར་སྔར་རྒྱུན་བཞིན་དགོས་ཚུལ་བཅས་དགེ་སློང་འཇམ་དབྱངས་གྲགས་པ་ཚེས་བཅུ་གཅིག་ལ་གནོད་སྦྱིན་ཆེན་པོ་སྐུ་ཕེབས་ཞུ་བར་བཏང་བ་ཞེས་དང་།གཞན་ས་སྐྱའི་དམག་ཟོར་རྒྱལ་མོའི་མདོས་བསྐང་རྒྱས་པའི་ངག་འདོན་ལས།གནམ་ལྷ་དཀར་པོ་མན་ཆད་ནས།།རྒྱལ་འགོང་ཐེའུ་རང་ཡན་ཆད་ཀྱིས།།བསྐོར་གྱིན་བསྐོར་གྱིན་ཕྱག་བྱས་ཀྱང་།།ཞེས་དཔེ་ཆ་མང་དག་ཅིག་ཏུ་གནམ་ལྷ་དཀར་པོ་ཞེས་པའི་ཚིག་འདི་འབྱུང་གིན་ཡོད་པ་རེད།


གསུམ། སྐྱེས་བུ་ཆེན་པོའི་ཆ་བྱད་དང་བཅིབས་པའི་སྐོར།
སྐྱེས་བུ་ཆེན་པོའི་ཐོག་མའི་ཆ་བྱད་དེ་གཤམ་དུ་རིམ་པར་འབྱུང་ལ། འདིར་ནི་གཙོ་བོ་བོནད་སྐྱོང་གི་ངོ་བོར་བཞེངས་པའི་སྐྱེས་བུ་ཆེན་པོའི་ཆ་བྱད་དང་བཅིབས་པའི་སྐོར་བཤད་པ་ལ་སྔོན་གྱི་ཐང་ཀ་ཤིན་ཏུ་རྙིང་བ་རེ་གཉིས་མཇལ་སྐལ་བྱུང་བ་དག་ཚོན་ཡལ་ནས་མཐོང་རྒྱུ་མི་འདུག སྐྱིད་ཚང་དང་ཁྱུང་བོའི་གསས་ཁང་དུ་ཡོད་པའི་གནའ་ཐང་ལ་མཇལ་དབང་མ་བྱུང་། ཅུང་ཟད་རྙིང་བ་རེབ་གོང་ཁྱུང་བོ་ཁྱུང་དཀར་རིག་འཛིན་སྨིན་གྲོལ་གླིང་གི་འབུམ་པ་སྐུ་ལྔའི་གྱན་ཐང་དུ་གོ་ཁྲབ་གསོལ་ཞིང་གཡས་སུ་ཕྱག་གསུམ་བརྐྱངས་ནས་རིམ་བཞིན་མདའ་གཞུ་ལྕགས་ཀྱུ་འཛིན་ཞིང་མཐའ་མར་གཡུང་དྲུང་ཆགས་ཤིང་མིན་པར་ཆག་ཤིང་ལྟ་བུའི་དབྱུག་ཏོ་བཟུང་འདུག་པ་འདི་ནི་སྔོན་གྱི་བཞེངས་སྟེང་ཡིན་ངེས་ཏེ། རྒྱལ་བོ་སྐྱིད་ཚང་གདོང་མགོ་ཚང་ཐེག་ཆེན་སྨིན་གྲོལ་རྒྱ་མཚོ་གླིང་གི་ཡི་དམ་སྐུ་ལྔའི་གྱན་ཐང་དང་གླིང་བརྒྱ་སོགས་སུ་ཡང་གཡོན་དུ་ཕྱག་གཉིས་བརྐྱངས་ཤིང་གཅིག་བསྐུམས་པ། གཡས་སུ་ཕྱག་གསུམ་བརྐྱངས་ནས་ཐ་མར་ཆག་ཤིང་ལྟ་བུའི་དབྱུག་ཏོ་བཟུང་བ་དེ་ལྟར་རེད་འདུག གཞན་སྐྱིད་ཚང་གད་པ་སྐྱ་བོ་གསང་སྔགས་རིག་འཛིན་དར་རྒྱས་གླིང་གི་བརྩན་ཁང་གི་གྱན་ཐང་དུ་ཕྱག་བཞི་བརྐྱངས་ནས་གཡས་སུ་མདའ་གཞུ། ཞགས་པ། གཡོན་ན་ལྕགས་ཀྱུ་དང་གྲི་གུག་བྱས་པ་གཅིག་ཡིན། དཀྱིལ་ཕྱག་གཉིས་བསྐུམས་ནས་ཕྱག་གཡས་སུ་ཆག་ཤིང་གི་ཏོག་ལ་གཡུང་དྲུང་ཡོད་པ་ཞིག་ཕྲག་པར་ཁུར་བ། དཀྱིལ་གྱི་ཕྱག་གཡོན་དུ་ཕྲེང་བ་འདྲེན་པ་ཞིག་རེད་ལ། འདི་དག་ལ་བལྟས་ན་སྔོན་གྱི་སྐབས་སུ་ཆག་ཤིང་བྲིས་ཤིང་། ད་ལྟ་ནི་གཡུང་དྲུང་ཆགས་ཤིང་ལ་བཅོས་པ་མིན་ནམ་སྙམ། བོན་བརྒྱ་དགོན་པ་ལ་སྐྱེས་བུ་ཆེན་པོའི་ནག་ཐང་བཞེངས་པར་ཞལ་གསུམ་ཕྱག་དྲུག་ལ་གཡས་སུ་ཕྱག་གཉིས་བརྐྱངས་པར་རལ་གྲི་དང་སྟ་རེ། གཡོན་དུ་ཕྱག་གཉིས་བརྐྱངས་པར་མདའ་གཞུ་དང་ལྕགས་ཀྱུ། དཀྱིལ་ཕྱག་གཉིས་བསྐུམས་པའི་གཡས་སུ་གཡུང་དྲུང་ཆགས་ཤིང་དང་གཡོན་དུ་དགྲ་སྙིང་མཉམ་པོར་ཕྲེང་བ་བསྣམས་པ་ཞིག་ཡོད་ལ་བོན་བརྒྱ་དགོན་པའི་བོན་སྐྱོང་ཀུན་འདུས་ལྗང་ནག་དབུ་བརྒྱའི་ཞལ་ཐང་དུ། ཕྱག་གཡས་གཉིས་བརྐྱངས་ཤིང་མདའ་གཞུ། ཞགས་པ་བཟུང་བ། གཡོན་གཉིས་བརྐྱངས་ནས་གོང་མར་རྒྱལ་མཚན། འོག་ཏུ་སྟ་རེ། དཀྱིལ་ཕྱག་གཉིས་བསྐུམས་ནས་གཡས་སུ་གཡུང་དྲུང་ཆགས་ཤིང་། གཡོན་དུ་ཕྲེང་བ་དང་དགྲ་སྙིང་མཉམ་ཏུ་འཛིན་པ་ཞིག་བཞེངས་ཡོད། གཞན་སྐྱིད་ཚང་གདོང་མགོ་ཚང་ཐེག་ཆེན་སྨིན་གྲོལ་རྒྱ་མཚོ་གླིང་གི་སྐྱབས་འགྲོའི་ཚོགས་ཞིང་དུ་ཕྱག་མཚན་གཡས་གོང་འོག་ཏུ་མདའ་གཞུ། ཞགས་པ། གཡོན་དུ་སྟ་རེ། ཆག་ཤིང་། དཀྱིལ་གཡས་གཡོན་དུ་སོ་སོར་ལྕགས་ཀྱུ་དང་ཕྲེང་བ་བཟུང་ཡོད། གྱང་རི་རིག་འཛིན་ཐུགས་རྗེའི་བྱང་ཆུབ་གླིང་གི་ཁྲག་འཐུང་རོལ་བའི་གྱན་ཐང་རྙིང་བ་དེར་གཡས་གཡོན་དུ་ཕྱག་བཞི་བརྐྱངས་ཤིང་། གཡས་གཉིས་སུ་མདའ་དང་ཞགས་པ། གཡོན་དུ་གཞུ་དང་གཡུང་དྲུང་ཆགས་ཤིང་། དཀྱིལ་ཕྱག་གཉིས་བསྐུམས་པར་གཡས་སུ་ལྕགས་ཀྱུ་ཡུ་བ་རིང་བོར་ཡོད་པ། གཡོན་དུ་ཕྲེང་བ་འདྲེན་པ་ཞིག་ཡིན་པ་བཅས་སྤྱི་བསྡོམས་པའི་ཆ་བྱད་མི་འདྲ་བ་བཅུ་གྲངས་ཙམ་བྱུང་ཡོད། སྤྱིར་ཁུངས་ལྡན་གསང་སྔགས་གབ་པ་དགུ་འགྲེལ་ལས་སྐུ་ལྔ་དྲིལ་སྒྲུབ་ཀྱི་ཁྲོ་རྒྱལ་དབང་ཆེན་འབུམ་པའི་གཞུང་ལྟར་ན་བསྐྱེད་པའི་རིམ་པ་ལྔ་ལས་ལྷ་གསས་དྲུག་བཅུ་བསྐྱེད་པའི་རྗེས་སུ་སྐྱེས་བུ་ཆེན་པོ་བསྐྱེད་པའི་སྐབས་སུ“སྐྱེས་བུ་ཆེན་པོ་ཞལ་གསུམ་ཕྱག་དྲུག་པ། གཡས་ཞལ་དཀར་བ། གཡོན་ཞལ་དམར་བ། དབུས་ཞལ་མཐིང་ལ་ནག་པ། ཕྱག་ན་མདའ་གཞུ་ཞགས་པ་དགྲ་སྟ་ལྕགས་ཀྱུ་ཆགས་ཤིང་བསྣམས་ཤིང་། ཐུགས་དམ་བྷོ་དྷི་ཙི་ཡི་ཕྲེང་བ་འདྲེན་པ། གནམ་རྟ་དཀར་པོ་ཤ་ཞུར་ལ་བཅིབས་པ། ཉི་མ་དང་ཟླ་བའི་སྒ་བསྟད་པ། མི་རོ་ལ་རྒྱན་བཀལ་བྱས་པ།”ཞེས་དང་སྐྱེས་བུ་ཆེན་པོའི་ཚོགས་མཆོད་ཡིད་བཞིན་ནོར་བུ་འདོད་དགུའི་གཏེར་ཆེན་དུ“ཞལ་གསུམ་ཕྱག་དྲུག གཡས་ཞལ་དཀར་བ། གཡོན་ཞལ་དམར་བ། དབུས་ཞལ་མཐིང་བ། རལ་བ་དམར་སེར་གྱེན་ལ་འཁྱིལ་བ། ཕྱག་ན་མདའ་གཞུ། ཞགས་པ་དགྲ་སྟ། ལྕགས་ཀྱུ། ཆགས་ཤིང་བསྣམས་པ། ཐུགས་དམ་བོ་དེ་ཙེ་ཡི་འཕྲེང་བ་འདྲེན་པ། གནམ་རྟ་དཀར་པོ་ཤ་ཞུར་བཅིབས་པ། ”ཞེས་སོགས་གསུངས་པ། བྲིས་ཐང་དག་ལ་རྟ་དཀར་པོའི་སྟེང་དུ་ཁྲོ་བོ་མཐིང་ནག་དབུ་གསུམ་ཡོད་པ་དང་ཕྱག་དྲུག་ཡོད་པར་རིམ་བཞིན་གཡས་ཀྱི་དང་པོར་མདའ་གཞུ་ལ་མ་འཐེན་པ་ཞིག་དང་། གཡོན་གྱི་གོང་མར་ཞགས་པ། གཡས་ཀྱི་གཉིས་པར་སྟ་རེ། གཡོན་གྱི་འོག་མར་ལྕགས་ཀྱུ། དེ་བཞིན་དཀྱིལ་གྱི་གཡས་པར་གཡུང་དྲུང་ཆགས་ཤིང་། གཡོན་པར་ཕྲེང་བ་འཛིན་པ་བཞེངས་སྲོལ་ཡོད་པ་འདི་བསམ་དགོས་པ་ཞིག་ཡིན་ཏེ། དེ་བློར་མི་བདེ་བ་ཞིག་ནི་བོནད་སྐྱོང་གི་ལས་དྲག་པོ་རྒོལ་བའི་ཚུལ་ཡིན་པས། དཔེར་ན་གཡུལ་ལ་ཆས་སྐབས་མདའ་གཞུ་ལ་མ་སྤད་པར་མདའ་གཞུ་མངོན་པ་ལྟར་འཛིན་པ་བོནད་སྐྱོང་སྤྱིའི་ཕྱག་མཚོན་སྐབས་སུ་མདའ་གཞུ་བྱུང་ན་ཚང་མས་གཞུ་ལ་མདའ་ཁ་འགེངས་བར་བྱས་ནས་ཡོད་པ་བཞིན་ཡིན་དགོས་རྒྱུ་རེད་སྙམ། ཁོ་བོས་ཐོག་མར་འདི་ལྟར་བཤད་པར་བློ་མི་བདེ་ཞིང་འཇིགས་དགོས་མི་འདུག་སྟེ། འདི་ནི་དོན་དམ་པར་ཕྱག་མཚན་རྣམས་གོང་ལྟར་མདའ་གཞུ། ཞགས་པ་དགྲ་སྟ། ལྕགས་ཀྱུ། ཆགས་ཤིང་། ཐུགས་དམ་བོ་དེ་ཙེ་ཡི་འཕྲེང་བ་འདྲེན་པ་ཞེས་རིམ་པ་ལྟར་གསུངས་པས་འདི་དག་རིམ་པ་ལྟར་འཇོག་པར་ཕྱག་དྲུག་ལས་དང་པོ་གཡས་གཡོན་བྱའམ་དཀྱིལ་ཕྱག་བྱེད་པའི་དོན་དག་ཅིག་ཡིན། དེ་ནི་འུད་ཚོད་བྱས་ཆོག་པ་ཞིག་གཏན་ནས་མིན་པར་བསམ་སྟེ། གསས་མཁར་མཆོག་ལྔའི་གཙོ་བོ་ཡི་དམ་དབལ་གསས་རྔམ་པ་ནི་དབུ་ཕྱག་མང་པོའི་ལྷ་ཡིན་པས་དེའི་ཕྱག་མཚན་རིམ་པ་ལ་ཇི་ལྟར་བྱས་ཡོད་པ་བལྟ་དུས་འདི་ལྟར་གསུངས་འདུག་སྟེ། དབལ་གསས་སྔགས་སྒྲུབ་ལས། “བཅོ་བརྒྱད་ཕྱག་གི་དང་པོ་གཉིས།། དུག་ལྔར་འདེབས་པའི་དབལ་ཕུར་བསྣམས།།”ཞེས་གསུངས་ཡོད་པས་ཕྱག་དང་པོའི་མཚོན་ཆ་དཀྱིལ་ནས་བྱས་ཡོད་པ་དང་། དབལ་གསས་ལས་སྲིད་པའི་རྒྱལ་མོའི་སྐུ་བསྐྱེད་ལས་ཀྱང་། ཕྱག་དྲུག་གཡས་ཀྱི་དང་པོ་ན་དར་ནག་གི་རུ་མཚོན། གཡོན་གྱི་དང་པོ་ན་སྣང་སྲིད་གསལ་བའི་མེ་ལོང་བསྣམས་པ་ཞེས་བརྗོད་པའི་སྐབས་སུ་ཡང་ཕྱག་གཉིས་དཀྱིལ་དུ་བསྐུམས་པར་རུ་མཚོན་དང་མེ་ལོང་བཞེངས་ཏེ་བྱས་ཡོད་པ་སོགས་ལ་བལྟས་ན། སྐྱེས་བུ་ཆེན་པོའི་ཕྱག་མཚོན་ལས་མདའ་གཞུ་དང་པོར་གསུངས་པ་དེ་ཕྱག་དྲུག་ཕྱག་གི་དང་པོ་སྟེ་དཀྱིལ་གཉིས་སུ་འཐེན་པའི་ཚུལ་དུ་འཛིན་དགོས་པར་འདོད་ལ། དེ་ལྟར་གཡས་སུ་རིམ་པ་ལྟར་ཚོགས་མཆོད་དུ་ཞགས་པ་དང་དགྲ་སྟ་གཉིས་ལ་ཤད་མ་བཞག་པར་མཉམ་དུ་གསུངས་པ་ལྟར་གཡས་ཀྱི་དང་པོར་སྟ་རེ་དང་ཞགས་པ་མཉམ་དུ་བཟུང་ཞིང་ཕྱར་ཏེ། རིམ་བཞིན་གཡོན་གྱི་དང་པོར་ལྕགས་ཀྱུ་འཛིན་པ། གཡས་ཀྱི་གཉིས་པར་ཆག་ཤིང་ཁྱེར་བ། གཡོན་གྱི་གཉིས་པར་ཕྲེང་བ་འདྲེན་པ་ཞིག་ཨེ་ཡིན་སྙམ་ལ་འདི་ལྟར་བསྟན་སྲུང་ལ་ཉམས་སྔར་བས་ཁྱད་པར་འཕགས་པ་ཞིག་ཡོད་བར་བསམ། རྟ་ཐོག་ནས་མདའ་འཕེན་པའི་སྐོར་གྱི་སྔོན་གྱི་ལྡེབས་རིས་རྙིང་བ་སོགས་སུའང་གཞུ་བཀང་བར་འཐེན་ཡོད་པ་ཤིན་ཏུ་མང་ལ། གླིང་གི་དཔའ་རྟུལ་ཁྲ་ཞང་འདན་མའི་སྐུ་བརྙན་དང་བྲིས་མ་སོགས་ཡང་མདའ་གཞུ་འཐེན་ནས་བྲིས་ཡོད། དེ་བཞིན་གནས་ཆུང་ཆོས་རྒྱལ་དང་གཟའ་མཆོག་གཉིས་ལ་ཡང་མདའ་གཞུའི་སྐབས་དེ་ལྟར་བྲིས་ཡོད། རེད་དེ་ཕྱག་གཉིས་དཀྱིལ་དུ་མ་བསྐུམ་པར་གཅིག་བརྐྱངས་ནས་ཡོད་པ་ཡང་གླིང་རྒྱ་མདོ་སྔགས་ཕུན་ཚོགས་དར་རྒྱས་གླིང་གི་སྐུ་ལྔའི་གྱན་ཐང་དང་ཁྱུང་བོའི་གྱན་ཐང་གི་འཁོར་གྱི་སྐུ་ཆུང་བར་བཞེངས་དུས་གཡས་སུ་ཕྱག་གསུམ་བརྐྱངས་ནས་གཡོན་ཏུ་གཉིས་བརྐྱངས་ཡོད། གོང་ཞུས་བཞིན་སྤྱིར་ན་ཆ་ལུགས་སོགས་ནི་སོ་སྐྱེས་ཀྱི་བློ་ལས་འགོངས་པ་ཡིན་ངེས་ཀྱང་དེའི་ཁུངས་མཁས་གྲུབ་མང་པོས་གཞུང་ན་གསུངས་ཀྱིན་པའི་དགོངས་པ་དང་ངེས་པར་བསྟུན་ཐབས་བྱེད་དགོས་པ་ནི་གལ་གནད་ཞིག་ཏུ་འདོད། ད་དུང་ཐང་སྐུ་གསར་བ་བྲིས་པ་དག་ན་ཁྲོ་བོ་སྐུ་ལུས་སྔོ་ནག་ཞལ་གསུམ་ཕྱག་དྲུག་བཅིབས་པ་རྟར་མི་རོ་ལ་རྒྱན་བཀལ་བྱས་ནས་སྒ་ལ་གཙོ་བོའི་གཞོགས་གཡས་གཡོན་དུ་ཉི་མ་དང་ཟླ་བ་གཉིས་བྲིས་ཡོད་པར། འདི་ནི་སྒ་ལ་ཉི་ཟླ་བྱེད་པ་མིན་པར་ཁ་དཔེ་ཡང”སྒ་འོད་ཆེན་ཉི་ཟླ་ཁ་སྤྲོད།། ཡོབ་གོར་མོ་གཡུ་འབྲུག་རང་འཁྱིལ།།”ཞེས་གསུངས་པ་ལྟར་སྒའི་ཆེ་བ་བརྗོད་ཀྱིན་ཡོད་པས་སྒ་ཆེ་ལེགས་ཅིག་ལ་གསུངས་ཀྱིན་ཡོད་པར་འདོད། ད་དུང་གཞན་དུ་བཞེངས་པའི་སྐུ་ཐང་མང་ཆེ་བར་རྟ་ལ་རྭ་ཆུང་ངུ་ཞིག་ཡོད་པར་བཟོས་པ་འདི་དངོས་ནས་གོ་རྒྱུ་ཡོད་པ་ཡིན་ཏེ། རྒན་པས་བཤད་ན་དེ་གནམ་རྟ་ཞེས་པའི་ཁྱད་རྟགས་སུ་བཤད། ཕྱི་གླིང་གི་ལྷ་སྒྲུང་ལ་ཡང་རྟ་ལ་རྭ་ཅོ་ཡོད་པར་མང་ཆེ་ཤོས་རྟ་དཀར་པོ་ཡིན་ཞིང་། དེའི་རྭ་ནི་དྭངས་གཙང་དང་དཀོན་པ་མཚོན་ཐབས་སུ་བཤད། གཞན་རྒྱའི་ཧྲན་ཧེའི་ཅིན་དུ་གནམ་རྟ་ཞེས་པ་དེ་རྟ་དཀར་པོའི་ཕུང་བོ་ལ་སྤྱང་མགོ་ནག་པོ་ཡིན་པར་མིའི་སྐད་གོ་ན་སྐྲག་ནས་འཕུར་འགྲོ་བ་ཞིག་ཡིན་པར་བརྗོད་ལ། དེ་རི་བོ་རྟ་འགྲུབ་ཅེས་པར་རྡོ་ལ་རི་མོ་མང་དུ་ཆགས་པ་དེའི་བྱང་ཕྱོགས་སུ་གསེར་དང་གཡང་ཊི་མང་སར་ལྷའི་སྒོ་ཟོག་དེ་ཡོད་པར་བཤད། རང་རེའི་བོད་དུ་ཁྲི་སྲོང་གི་སྐབས་སུ་རྟའི་དབྱེ་བ་དྲུག་ཏུ་བཞེད་པར་འཇག་རྟ་དང་། རུ་རྔ། གྱམ་ཤིང་། མུ་ཆེན། འདོ་བ། གྱི་ལིང་བཅས་ཡོད། རྟ་བཤད་མཁས་པ་འཛུམ་ཤོར་ལ་ནང་གསེས་བཅུ་གཉིས་ཡོད་པར་བཤད་པར་འཇག་རྟ་ལ་དཀར་ནག་གཉིས། འདོ་བ་ལའང་འདོ་ཆེན་འདོ་ཆུང་། གྱི་ལིང་ལ་ས་རྟ་དང་གནམ་རྟ་གཉིས་དབྱེ་ཡོད་པར་བཤད་པ་སོགས་ལས། གནམ་རྟ་ནི་གཟུགས་དབྱིབས་སེང་གེ་གནམ་ལ་མཆོངས་པ་དང་འདྲ་བར་སྟོད་བཟང་བ་དང་། ལག་རིང་བ། མགོ་འཕང་མཐོ་ཞིང་སྣ་བུག་ཆེ་བ། སྒལ་བ་རྣོ་ཞིང་ལམ་དུ་བསྐྱོད་ཁ་མགྱོགས་པས་གནམ་རྟའི་རྒྱུད་ནི་རྟ་མཆོག་ཏུ་བཤད་དོ།། མགོ་དཔང་མཐོ་ཞིང་སྤོ་ཐག་རིང་ལ་ཟེ་དང་རྔོག་མའང་བཟང་བ། གདོང་རིས་བྱ་རོག་གདོང་དང་འདྲ་ལ་དཔྲལ་བ་ལྡེམ་པ། སྦལ་མིག་ཅན་ཞིག་ལ་ཟེར་བས་བོནད་སྲུང་གི་བཅིབས་རྟ་འདིའི་ཡོན་ཏན་ཐམས་ཅད་དང་ལྡན་ཤོས་ཆེ། ངག་རྒྱུན་གྱི་ཁྲ་མོ་གླིང་གི་རྟའི་དབྱེ་བའི་ངོས་ནས་ཀྱང་ས་རྟ་དང་གནམ་རྟ་གཉིས་སུ་ཡོད་པར་གླིང་གི་རྟ་གནམ་རྟར་གཏོགས་གསུངས་ཤིང་། གླིང་སྒྲུང་ལས་སྟག་གཟིག་རྒྱལ་པོའི་རྟ་ལ་གནམ་རྟ་གཡུ་སྔོན་ཟེར་ཞིང་། དར་འཕེན་དུག་གི་སྡོང་བོའི་རྟ་ལ་གནམ་རྟ་མཆོང་དཀར་ནོར་བུ་ཟེར། འོ་ན་སྐྱེས་བུ་ཆེན་པོའི་བཅིབས་པ་ལ་གནམ་རྟ་ཤ་ཞུར་ཟེར་གི་ཡོད། མིང་འདི་ནི་གོང་ལྟར་འདོད་རྒྱལ་དུ་བཏགས་པར་འདོད། ཡང་ཞིབ་ཏུ་བསམ་དུས་ཤ་ཞུར་ཟེར་བ་ནི་རྟའི་གདོང་གི་སྤུ་མདོག་ལ་ལྟོས་ཏེ་བཏགས་པར་འདྲ་སྟེ། རྟའི་ལུས་པོ་གནམ་རྟ་ཞེས་པས་ཇི་འདྲ་ཡིན་པར་གོང་ཞུས་བཞིན་ཧ་ཅང་གསལ་ཡང་གདོང་གི་ཁྱད་ཆོས་ཤ་ཞུར་ཞེས་པས་མཚོན་ཐུབ་པ་ནི། རྟའི་ཐོད་པར་དཀར་ཐིག་ཡོད་ན་འཛི་ཟེར་ལ་རྟའི་མགོ་ཡི་ལྟག་པ་ནས་སྨིན་མའི་བར་དཀྱིལ་དུ་སོར་གསུམ་བཞི་ཙམ་གྱིས་དཀར་ཤ་ཡོད་པ་ལ་ཞུར་ཟེར་ཞིང་། ཞུར་ནི་འཛི་ལས་ཆེ་ཞིང་རིང་བ་ཡིན། དེས་ན་གནམ་རྟ་དཀར་པོའི་ཐོད་པར་ནག་ཤའི་ཞུར་ཡོད་པར་ཡང་ཤ་ཞུར་ཞེས་བརྗོད་ཆོག་པས་རྒན་པ་རྣམས་བསྟན་སྲུང་སྐྱེས་བུ་ཆེན་པོའི་རྟ་ལ་རྭ་ཅོ་ཡོད་པར་བཤད་པ་དེ་ནག་ཤའི་ཞུར་ལ་ངེས་བཟུང་ཡོད་དམ་སྙམ། ཡང་སྐྱེས་བུ་ཆེན་པོའི་བཅིབས་པ་གཞན་དུ་སེང་བཞོན་དང་ར་བཞོན་གཉིས་ཀྱང་ཡོད་དེ། “རྫུ་འཕྲུལ་མྱུར་མགྱོགས་ར་ལ་ཞོན།།”ཞེས་འབུམ་པའི་གཞུང་གི་བསྐུལ་བའི་སྐབས་ཀྱི་སྤྱན་འདྲེན་དུ་གསུངས་པ་ལྟར་དང་། སྐྱེས་བུ་འཁོར་བཅས་བསྟེན་པར་གཞུང་ལས་བྱུང་བའི་རྟེན་རྫས་རྣམས་འཚོགས་པར་བྱས་ནས་གསུར་དང་གཏོར་མ་ལ་ར་ཁྲག་གིས་བརྒྱན་པ་བྱ་ཞེས་བསྐུལ་བའི་སྐབས་ཀྱི་ཡིག་ཆུང་དུ་གསུངས་པ་ལྟར། སྐྱེས་བུ་ཆེན་པོ་ནི་ར་ལ་ཤིན་ཏུ་དགྱེས་པར་བཤད་དེ། ཚོགས་མཆོད་ཡིད་བཞིན་ནོར་བུར་ཕྱི་ནང་གསང་བའི་རྟེན་འཛུགས་ཀྱི་སྐབས་སུ་གསུངས་དོན། “ཕྱི་རྟེན་ར་དཀར་ནང་རྟེན་རིན་ཆེན་དང་།།”ཞེས་ཕྱི་ཡི་རྟེན་འཛུགས་ལ་ར་དཀར་པོ་བྱེད་དགོས་པར་གསུངས་ལ། བསྐུལ་བའི་སྐབས་ཀྱི་སྤྱན་འདྲེན་དུ་ཡང་འདི་ལྟར་འབྱུང་སྟེ“ང་ཡི་རྟེན་ས་ཁྱེད་ལ་བཅས།། ཁྱེད་ཀྱི་རྟེན་ས་ར་ལ་ཆོས།།”ཞེས་པའི་ཚིག་འདི་ཡང་ཡང་འབྱུང་ལ། “བདག་ཅག་སྒྲུབ་གཤེན་འཁོར་བཅས་ཀྱིས།། ཐུགས་དམ་ར་སྐྱེས་འདི་འབུལ་གྱིས།། གཤེན་ཆེན་གྱེར་བ་མགྱོགས་བྱེད་ཁྱོད།། ང་ལ་དགྲ་སྙིང་ཁྱེར་ལ་ཤོག། ”ཅེས་པ་ལྟ་བུའི་མཚོན་མཆོད་པའི་སྐབས་སུ་ཡང་ར་སྐྱེས་དགོས་ཀྱིན་ཡོད་པ་རེད། དེ་བས་སྐྱེས་བུ་ཆེན་པོ་རྫུ་འཕྲུལ་མྱུར་མགྱོགས་ཀྱི་སྐུ་རུ་བཞེངས་ཚེ་ར་ཞིག་ལ་བཅིབས་ཡོད་པ“རྫུ་འཕྲུལ་མྱུར་མགྱོགས་ར་ལ་ཞོན།།”ཞེས་ཡང་ཡང་འབྱུང་བས་མཚོན་ཐུབ་སྟེ། སྐྱེས་བུ་ཆེན་པོར་རྒྱ་ཡི་རྒྱལ་པོས་རྒྱ་ར་རོག་པོ་དང་མོན་གྱིས་མོན་ར་རོག་པོ། སུམ་པས་ར་སྐྱེས་ཁམ་པ། ཧོར་གྱིས་བསྭེ་ཡི་ར་སྐྱེས། བོད་ཀྱི་རྒྱལ་པོས་ར་དཀར་པོ་དང་ཁམ་པ། མགོ་སྐྱ། རོག་པོ། རྟ་ཞུར་པོ་དང་ངང་བ་གསེར་མིག་སོགས་ཕུལ་བ་བསྐུལ་བ་ལས་གསུངས་པར་དཔྱད་ན་ཡང་ཅིག་བཅིབས་པ་ར་དཀར་རམ་ར་སྐྱེས་ཁམ་པ་ཡང་བཅིབས་པ་རེད། ཐང་ཀ་ཕལ་ཆེ་བར་བཀའ་བློན་ནེ་ལེ་ཆེན་པོ་དང་ཕྱག་མཚན་འབྲེང་བུས་ར་སྐྱེས་ཁམ་པར་བཅིབས་ཡོད་ལ། ལ་ཤས་ཀྱིས་ར་དཀར་བཅིབས་ཡོད་དོ།། རྩེ་ཞིག་ཆོས་རྗེའི་ཞལ་ནས་སྐྱེས་བུ་སེང་ཞོན་གྱི་བསྐང་གསོལ་དུ། “དུང་སེང་དཀར་མོའི་གདན་སྟེང་ན།། སྐྱེས་བུ་གནམ་ལྷ་མཐུ་བོ་ཆེ།།”ཞེས་གསུངས་པ་ལྟར། སྐྱེས་བུ་སེང་བཞོན་སྐུ་མདོག་ཤེལ་གྱི་སྙིང་བོ་འདྲ་བ་ལ་དུང་གི་རྨོག་གསོལ་བ་ཕྱག་ན་རལ་གྲི་དང་ནོར་བུ་འཛིན་པ་ཞིག་ཡིན་འདུག་ལ་དེ་ནི་ནོར་ལྷ་དང་གནོད་སྤྱིན་གྱི་ཚུལ་ཡིན་པ་རེད། དེ་ལ་བསྐུལ་བ་ལས“གནོད་སྦྱིན་དུང་གི་ཆ་ཀ་ཅན།།”གསུངས་པ་དང་། སྔགས་བཙུན་གཡུང་དྲུང་གི་ཚོགས་མཆོད་དུ“ཁྲོ་འཛུམ་བཞད་ཞལ་ནོར་ལྷའི་གཟུགས།།”གསུངས་པ་ལྟར་ཡིན་ནོ།།

བཞི། སྐྱེས་བུ་ཆེན་པོའི་འཁོར་དང་ཡུམ་ཆེན་གྱི་སྐོར།
བོནད་སྐྱོང་ལ་སྐུ་འཁོར་ཕོ་ཉ་དང་བཅས་ཡོད་ཚུལ་བསྐང་གསོལ་སོགས་སུ་ཡོངས་གྲགས་ལྟར་ཡིན་པས་གསལ་བཤད་ཀྱི་དཔེ་ཞིག་བཀོད་ན་གཤེན་ཉི་མས་མཛད་པའི་བསྐང་བསྡུས་རྟ་ཐོག་མ་ལས། བསྭོ་བོན་ཉིད་དབྱིངས་ཀྱི་དཀྱིལ་འཁོར་གྱི།། དྲེའུ་ནག་མོའི་གདན་སྟེང་ན།།མ་གཅིག་བདེ་འགྲོ་གསང་ཡུམ་ལ།། གཟེར་གྱད་སྤར་མའི་འཁོར་གྱིས་སྐོར།། ཞེས་སྲིད་རྒྱལ་མའི་འཁོར་དུ་གཟེར་གྱར་སྤར་མ་གསུམ་ཡོད་པ་བསྟན་ཡོད། རྒྱལ་བོ་ཆེན་པོ་ཤེལ་ཁྲབ་ལ་རྒྱལ་ཆེན་བཞིའི་འཁོར་བ། བསྟན་སྲུང་ཨ་གསས་རྒྱལ་བ་ལ་མོན་པ་མཆེད་གསུམ་གྱིས་བསྐོར་བ། སྒྲ་བླའི་རྒྱལ་མོར་མ་མོ་དགུ་ཁྲིའི་སྐོར། གཟའ་ལ་གཟའ་བརྒྱད་གདོང་བཞིས་འཁོར་བ། གཤིན་རྗེ་ལ་ཕྱོགས་སྐྱོང་སྡེ་བརྒྱད་ཀྱིས་བསྐོར་བ། རྨ་རྒྱལ་པོམ་རར་ཡུལ་ས་གཞི་བདག་གིས་འཁོར་བ་སོགས་བསང་བསྐང་དུ་བཞེད། སྐྱེས་བུ་ཆེན་པོར་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱིས་བསྐང་བསྡུས་སུ་སྤྲུལ་བ་ཡང་སྤྲུལ་གྱི་འཁོར་གྱིས་སྐོར་བར་གསུངས་པ། “སྐྱེས་བུ་གནམ་ལྷ་རྒྱལ་པོ་ལ།། སྤྲུལ་བ་ཡང་སྤྲུལ་གྱིས་འཁོར་གྱིས་སྐོར།།”ཞེས་སོ། ཡོངས་གྲགས་སུ་དམུ་བཙན་རོལ་བ་མཆེད་བདུན་ལ་སོགས་མཆེད་འཁོར་སུམ་བརྒྱ་དྲུག་བཅུ་ཡོད་པར་གསུངས་ལ། དེ་དག་ནི་སྤྲུལ་བ་ཡང་སྤྲུལ་གྱི་སྡེ་ཚོགས་སུ་ཡིན། གཞན་དུ་སྐྱེས་བུ་གནམ་ལྷ་དཀར་པོ་སྲོག་བདག་སྒྲ་བླ་སྐྱེས་མཆོག་ཡུམ་ཆེན་སྐྱིན་འཐིང་གཡུ་སྒྲོན་ཕོ་ཉ་ཀེང་ཆེན་བཅོ་བརྒྱད་མཆེད་འཁོར་སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་མ་ཧ་མ་ས་རཀྟ་ཀེང་ནི་རི་ཏི་ལ་ཁ་ཁ་ཁ་ཧི་ཞེས་ཡུམ་ཆེན་སྐྱིན་འཐིང་ཆེན་མོ་དང་གངས་དཀར་གཡུ་སྒྲོན་གཉིས་དང་འཁོར་གྱི་ཕོ་ཉ་ཀེང་ཆེན་བཅོ་བརྒྱད་ཡོད་པར་གསུངས། གཞན་དུ་འཁོར་ཆེན་བརྒྱད་དུ་བཞེད་དེ་བསྐང་གཏོར་སྐབས་སུ་གཙོ་བོར་འཁོར་བརྒྱད་དུ་བཅའ་བ་རེད། དེ་ནི་ནག་མོར་མ་མོ་ཕུང་བྱེད་དགུ་ཡི་འཁོར་ཡོད་པས་འཁོར་དགུ་བཅའ་བ་དང་མཚུངས་པར་བསམ། ད་དུང་དབང་ཆེན་འབུམ་པའི་བསྐྱེད་རིམ་ལས། བློན་པོ་ནེ་ལེའུ་བཅིབས་ཁ་ཁྲིད་པ། ཕྱག་མཚན་འབྲོང་བུའི་ཁྲག་ཞལ་བུ་གང་གསོལ་ཅིག་ཟེར་བའི་སྒྲ་འདོན་ཅིང་གུས་པའི་ཚུལ་གྱིས་འབུལ་བ། ཞེས་བཀའ་བློན་ཆེན་པོ་གཉིས་ཡོད་པར་གསུངས་ལ་དེ་མཚུངས་ཚོགས་བསྐང་ལས་བློན་པོ་ནེའུ་ལེ་ཆེན་པོ་ལ་སོགས་ཏེ།། བཀའ་བློན་ཕོ་ཉའི་སྡེ་ཚོགས་གཤེགས་སུ་གསོལ།། ཞེས་འབྱུང་། འོན་ཀྱང་། སྐྱེས་བུ་ཆེན་པོའི་འཁོར་དེ་རེ་རེ་བཞིན་དུ་བགྲང་དཀའ་ཚོད་དུ་འདུག་སྟེ་གྲངས་ཚད་ལྟར་བགྲང་མི་ནུས་པའི་ཕྱིར། བསྐུལ་བ་ལས“ཡི་དམ་སྐུ་ལྔའི་བཀའ་སྲུང་རྗེ། སེམས་དཔའ་ལྷ་ཆེན་དཀར་པོ་དང་། དམ་ཅན་སྒྲ་བླ་སྐྱེས་མཆོག་དང་། ཡུམ་ཆེན་སྐྱིན་འཐིང་གཡུ་སྒྲོན་སོགས།བེ་ཧར་ཤིང་བྱ་འཁོར་བཅས་དང་། གཙོ་འཁོར་ཐམས་ཅད་བསྟེན་འདོད་པས།།”ཞེས་ཡུམ་ཆེན་ཡང་རྩིས་པས་བཞི་གསུངས་བྱུང་བ་ལྟར་གོང་ཞུས་འདི་དག་ཡི་དམ་སྐུ་ལྔའི་བཀའ་སྲུང་དུ་བཞེད་པ་རེད།གཞན་དུ། བློན་པོ་ནེ་ལེ། ཕྱག་མཚན་འབྲོང་བུ། གངས་དཀར་གཡུ་སྒྲོན། སྐྱིན་འཐིང་ཆེན་མོ། ཡ་བཙན་དཀར་པོ། བེ་དཀར་ཤིང་བྱ། ཨ་ཇོ་རྒྱལ་བོ། གནམ་ལྷ་མདྲོན་པོ། དམུ་བཙན་ཆེན་པོ་ལ་སོགས་པ་འདིར་མཚན་བྱུང་བའི་ཡུམ་ཆེན་གཉིས་འཕྲི་བའི་བདུན་པོ་ལ་ཟེར་བར་འདོད་པས་འཁོར་དུ་རོལ་བ་མཆེད་བདུན་དང་གཏོར་མའི་སྐབས་སུ་འཁོར་བརྒྱད་བཅའ་བ། གནམ་ལྷ་དཀར་པོ་ཕུབ་དམར་མི་སྲུན་པ།། རྒྱལ་བཞི་བློན་བརྒྱད་ཡུམ་ཆེན་བསྟན་སྲུང་ཚོགས།། ཞེས་དང་། ཡང་འཁོར་དུ་སྐྱེས་བུ་ཆེན་པོ་བརྒྱད་ཀྱིས་སྐོར།། ཆ་ལུགས་གཙོ་བོ་དག་དང་མཐུན།།གསུངས་པ་པོས་བློན་པོ་བརྒྱད་ལ་བཅའ་བ་ཡིན་ནམ་སྙམ་ལ་དེ་མིན་ན་རོལ་བ་མཆེད་བདུན་དང་ཡུམ་ཆེན་ལྔ་ལ་གཏོར་སྐལ་གཅིག་གིས་འཐུས་པར་བཅོས་པ་མིན་ནམ་སྙམ། འདི་དག་རེ་རེའི་སྐུ་བརྙན་ཆ་ལུགས་ཐང་སྐུ་ངོས་སུ་གསལ་བོར་ཡོད་ཚོད་འདུག་སྟེ་རེ་གཉིས་ལས་མ་རྙེད། རྒྱུ་མཚན་ཁྱུང་བོའི་བཙན་ཁང་དུ་བཞུགས་པའི་གྱན་ཐང་ལ་གཞིགས་ན་འཁོར་༢༤བྲིས་འདུག་པར། སེམས་དཔའ་ཧ་ལ་རོལ་བའམ་སེམས་དཔའ་ལྷ་ཆེན་དཀར་པོ། བེ་ཧར་ཤིང་བྱ། དགྲ་བླ་སྐྱེས་མཆོག གནམ་ལྷ་དཀར་པོ། སྙན་ངག་ལྷ་མཆོག་དབྱངས་ཅན། འཛམ་ལྷ། འཛམ་སྔོན་ཀུ་བེ་ར། ཡུམ་ཆེན་གཉིས། བཀའ་བློན་ནེ་ལེ་ཆེན་པོ། ལས་མཁན་ཕྱག་མཚན་འབྲོང་བུ་སོགས་མིང་ཐོགས་པ་རེ་གཉིས་ལས་མི་འདུག འོན་ཀྱང་ཞལ་ཐང་དུ་དམུ་བཙན་ཆེན་པོ་དང་གཟའ་བདུད་ཆེན་པོ། དམ་ཅན་ར་ཞོན་གསུམ་འཁོར་དུ་བྲིས་པ་མང་། ཡུམ་ཆེན་ལ་ཡང་གངས་དཀར་གཡུ་སྒྲོན་དང་སྐྱིན་མཐིང་ཆེན་མོ་གཉིས་དྲངས་ཡོད། འོན་ཀྱང་དེས་མི་ཚད་པ་འདོད་དགུའི་གཏེར་ཆེན་དུ། དགྱེས་སྡེ་ཡུམ་ཆེན་སྡེ་ལྔ་གཤེགས་སུ་གསོལ།། ཞེས་དང་། བསྐུལ་བ་ལས།ཁྱེད་ནི་དགྱེས་པའི་ཡུམ་ཆེན་ལྔ།། ཞེས་གསུངས་པ་ལ་གཞིགས་པའི་ཤེས་ཐུབ་པ་ཡིན། དེ་དག་ནི་གངས་དཀར་གཡུ་སྒྲོན། སྐྱིན་མཐིང་ཡ་སྐྱོང་མ། ཁ་རག་སྔོན་མོ། སྟེ་གསུམ་བཙལ་དུ་བཏུབ་པ་འདི་སྐུལ་བ་ལས། རྫུ་འཕྲུལ་མྱུར་མགྱོགས་ར་ལ་ཞོན།། སྐྱིན་མཐིང་ཆེན་མོ་འདི་ན་ཡོད།། གངས་དཀར་གཡུ་སྒྲོན་འདི་ན་ཡོད།། ཁ་རག་སྔོན་མོ་འདི་ན་ཡོད།། ཞེས་གསུངས་པ་ལས་ཤེས་གསལ་ཡིན་ལ་དེ་ལས་ཀྱང་སྙོམ་དུ་མེད་པ་ཞིག་ནི་ཡུམ་ཆེན་འདི་གསུམ་ཚང་མ་འཇིག་རྟེན་བརྟན་མ་བཅུམགཉིས་ཀྱི་གྲས་ཡིན་པས་གཞན་གཉིས་ཀྱང་དེའི་ནང་ནས་ཡིན་ངེས་པས། འབྲེལ་ཡོད་ཀྱི་རྒྱུ་ཆ་ཐམས་ཅད་ལ་བཙལ་ཡང་བསྐང་བ་ལས། གངས་དཀར་གཡུ་སྒྲོན་སྐྱིན་མཐིང་ཆེན་མོ་ཡུམ།། ཞེས་གསུངས་པ་འདི་ལས་རྟོག་དཔྱོད་རུང་བའི་གསུངས་ཤིག་མ་རྙེད་པས། འདི་ལས་བྱུང་བའི་མཚན་འབྲུ་བརྟག་པ་ལས་འོས་མེད་པས། བརྟན་མ་བཅུ་གཉིས་ནི། ཀོང་བཙུན་དེ་མོ། གསེར་མོ་ཐང་། ལྷ་རི་གཡའ་མ་སྐྱོལ། སྐྱིན་མཐིང་གཡའ་མ་སྐྱོངས། གངས་དཀར་ཤ་མེད་མ། ཁ་རག་ཁྱུང་བཙུན་སྔོན་མོ། སྐྱིན་མཐིང་ཤག་རོལ་སྨན། འབྲོག་ཆེན་འཁོར་འདུས་མ། རྨ་ཏིང་ཤག་འཕྲུལ་མ། བདའ་བཙུན་བོད་ཁམས་སྐྱོང་མ། གངས་གཅིག་གཡུ་སྒྲོན་མ། རྨ་རི་རབ་འབྱམས་དྲག་མོ། བཅས་སུ་གསུངས་པ་དེ་དག་ལས། གངས་དཀར་གཡུ་སྒྲོན་སྐྱིན་མཐིང་ཆེན་མོ་གསུངས་པ་ལྟར་གྱི་གངས་དཀར་གྱི་མཚན་དོད་པའི་བརྟན་མ་གཉིས་ཡོད་པ་ལས་གཞན་དེ་གངས་དཀར་ཤ་མེད་ཡིན་པས་དེ་གཅིག་དང་། སྐྱི་མཐིང་ཆེན་མོ་གསུངས་པ་དེ་སྔོན་མ་སྐྱི་མཐིང་གཡའ་མ་སྐྱོལ་ཡིན་ན་གཞན་དེ་སྐྱིན་མཐིང་ན་ཤག་རོལ་སྨན་ཡིན་སྲིད་པས་ལྔ་རུ་ཨེ་ཡིན་བསམ། གཞན་ཀོང་བཙུན་དེ་མོ་སོགས་ཀྱང་ཡིན་མི་སྲིད་པ་མེད་པས་ཁ་ཚོན་གཅོད་དཀའ་བའི་གནས་སུ་ངེས།
ལྔ་བ། སྐྱེས་བུ་ཆེན་པོའི་བྱུང་ཁུངས་ཀྱི་སྐོར།
ད་བར་དུ་ལྷ་སྲུང་འདིའི་བྱུང་རབས་ཀྱི་སྐོར་ལ་ཆེད་བརྗོད་དཔེ་ཆ་མ་མཆིས་ལ། ཁྱད་པར་བོནད་ཀྱི་ཁྲོད་དུ་རེབ་གོང་དང་ཆབ་ཆར་བསྟེན་སྲོལ་ཡོད་པ་མ་གཏོགས་ཕལ་ཆེར་ཉམས་ཏེ་མི་འདུག་པས། འདིའི་སྐོར་ནས་རྒྱུ་ཆ་ཤིན་ཏུ་ཉག་ཕྲ་བར་གྱུར། འོན་ཀྱང་བོན་གྱི་གནའ་དཔེ་དག་ལས་བོནད་སྐྱོང་འདིའི་མཚན་མང་དུ་འབྱུང་བ་གཞིར་བཞག་དང་བན་གྱི་ཡིག་ཆ་ལ་ཤས་ལ་དཔྱད་པ་བྱས་ནས་སྐྱེས་བུ་གནམ་ལྷ་དཀར་པོའི་བྱུང་ཁུངས་ལ་དཔྱད་པ་བྱས་ན། བོནད་གྱི་སྐྱེས་བུ་ཆེན་པོའི་བསྐུལ་བ་ལས། བཙད་པོས་གསོལ་མཆོད་ཁྱེད་ལ་བྱས།། ཁྱེད་ཀྱིས་སྡོང་གྲོགས་རྗེ་ལ་མཛོད།། མིང་ཡང་བཙད་པོའི་སྒྲ་ལྷ་སྟེ།། རྗེ་ཡི་འགུར་ལྷ་ད་ཚུར་བྱོན།། ཞེས་སྐྱེས་བུ་ཆེན་པོ་ནི་བཙན་པོའི་སྒྲ་བླ་ཡིན་པ་དང་རྗེ་བོའི་གདུང་རྒྱུད་ལ་འགོ་ཞིང་མགོན་པའི་ལྷ་ཡིན་པར་གསུངས་ཡོད་པས་ཐོག་མར་ལྷ་འདི་བཙད་པོ་དང་འབྲེལ་བ་ངེས་ཅན་ཡོད་ལ་བཙད་པོའི་གསོལ་མཆོད་བྱས་པའི་ལྷ་སྲུང་དུ་ཆགས་ཡོད་པ་ཤེས་ཐུབ་པ་ཡིན། བསམ་བློ་བྱ་འོས་པ་ཞིག་ལ་སྔོན་གྱི་ཚེ་ཡུལ་ལྷ་མཐུ་ཆེན་མང་དག་ཅིག་རང་རེའི་མེས་པོ་དང་བཙན་པོ་རྒྱལ་བློན་ཡིན་འདུག་ཅིང་རྒྱལ་པོའི་དབང་བསྒྱུར་གྱི་ཐབས་སུ་རང་གི་རིགས་རྒྱུད་ཕུན་སུམ་ཚོགས་པར་གཏོང་ཆེད་མེས་པོ་དང་ཐ་ན་རང་ཉིད་ལྷ་ཡིས་མངགས་པར་བཤད་པ་རེད། འོ་ན་དེ་མུར་བཙན་པོའི་མེས་པོའི་སྐོར་ལ་བསམ་བློ་བཏང་ན་ཏུན་ཧོང་ཡིག་རྙིང་ལས་གཉའ་ཁྲི་བཙན་པོའི་བྱུང་རབས་བརྗོད་སྐབས་གནམ་ལྷ་བབས་ཀྱི་རྒྱལ་པོ་ཞེས་གནམ་གྱི་ལྷ་ས་ལ་བབས་པར་བཤད་ཚུལ་འདི་ལ་འགྲེལ་བ་རྒྱག་སྟངས་ལྟར་ན་གནམ་གྱི་ལྷ་བབས་པའི་རྒྱལ་པོ་ཞེས་འབྱུང་ན་འགྲིག་པ་དང་།ངས་ནི་འདི་ལ་གནམ་ལྷ་ས་ལ་བབས་པའི་རྒྱལ་པོ་ཞེས་འགྲེལ་དགོས་པར་བསམ་སྟེ། བོད་ཀྱི་རྒྱལ་པོ་ནི་གནམ་ལྷ་སར་བབས་པའི་སྤྲུལ་བ་ཡིན་པར་བརྗོད་པའི་བོན་ལུགས་སྨྲ་བ་འདིའོ།། དེ་ལ་བསྒྲགས་པ་རིན་པོ་ཆེའི་གླིང་སྒྲགས་ལས་བོད་ཀྱི་རྒྱལ་པོའི་བྱུང་ཁུངས་གླེང་སྐབས། ཡབ་སངས་པོ་འབུམ་ཁྲི་དང་ཡུམ་ཆུ་ལྕམ་རྒྱལ་མོ་གཉིས་འཚོས་པ་ལས་སྲས་མིང་སྲིང་དགུ་རེ་བཅོ་བརྒྱད་བྱུང་པ་ལས་ཆེ་བ་སྲིད་རྗེ་འབྲང་དཀར་དང་ལྷ་ཟ་གངས་བྲག་མ་གཉིས་ལ་སྲས་སྲས་མོ་བཅོ་བརྒྱད་རེ་སྟེ་སུམ་ཅུ་རྩ་དྲུག་བལྟམས་པའི་ཆེ་བ་ལྷ་རབས་གཉེན་རུམ་རྗེ་དང་སྲིད་ལྕམ་ལི་དུར་འཚོས་པ་ལས་ལྷ་སྲས་གནམ་ལྷ་དཀར་པོ་བྱུང་། དེ་ནས་ཡབ་རེ་སྲས་རེ་གཅིག་རྒྱུད་དུ་སྐྱེས་པ་ལས་རྗེ་འཐེན་དགུ་བྱུང་། འདི་རྗེས་སུ་གྲགས་པའི་ཐེའུ་རང་སྤུན་དགུ་ཞེས་པ་དེ་དང་འབྲེལ་བ་ཡོད་པར་སྙམ་ལ།སྐྱེས་བུ་ཆེན་པོ་གནམ་ལྷའི་བསྐུལ་བའི་སྐབས་སུ་ཐེའུ་རང་སྤུན་དགུ་མངགས་པར་བྱེད་གསུངས་པ་ལྟར་སྐྱེས་བུ་གནམ་ལྷས་དྲག་པོའི་ལས་འགྱེད་སྐབས་ཐེའུ་རང་སྤུན་དགུ་ཡང་མངགས་པར་གསུངས་པ་དང་ཤིན་ཏུ་མཐུན། དེ་ནས་འཐེན་དགུའི་རྗེས་མ་མང་འཐེན་རྗེ་དང་དམུ་དུང་རལ་མོ་གཉིས་ལ་སྲས་གསུམ་བྱུང་བ་ལས། འཕྲུལ་ཆ་འལ་འོལ་གྱི་རྒྱུད་ལྷ་རབས་འབུམ་དུ་གྲོལ་ཞིང་ཕལ་ཆེར་གནམ་གྱི་གཟའ་སྐར་དུ་སོང་། ཁྲི་ཆ་འལ་འོལ་ལྷ་རབས་བྱེ་བར་གྲོལ་ཏེ་གཡེན་ཁམས་ཀྱི་ལྷ་མ་ཡིན་དུ་གྲོལ། སྟག་ཆ་དང་འཚམས་ཟ་ཁྱུད་ཁྱུད་འཚོས་པའི་སྲས་ཡབ་བླ་བདལ་དྲུག་ཅེས་བྱ། ལྷ་ཡི་དབང་པོ་བརྒྱ་བྱིན་ཞེས་ཀྱང་བྱ། དེ་ལ་བཙུན་མོ་སུམ་ཅུ་རྩ་གསུམ་ཡོད་པ་ལས་མཛེས་ལྡན་མ་ལ་སྲས་བདུན་འཁྲུངས་ཏེ་ཡར་གྱི་གཅེན་པོ་གསུམ་ནི་བསམ་གཏན་གོང་མར་གཤེགས། མར་གྱི་གཅུང་གསུམ་སྲིད་པའི་ཡུལ་ལྷར་གྲོལ། གངས་རི་དང་གཡའ་རི་བྲག་མཚོ་ཆུ་ཤིང་དང་ཉིན་སྲིབ་ཀྱི་བདག་པོ་བྱེད། བར་བ་ནི་ཁྲི་སད་བེར་འདུན་ཚིགས་ཞེས་བྱ། ལྷ་གཉེན་རུམ་རྗེ་ཞེས་ཀྱང་བྱ། ཞེས་བསྒྲགས་པ་གླིང་གྲགས་ལས་བཙན་པོའི་གདུང་ཁུངས་གསུངས་པ་འདི་ཏུན་ཧོང་ཡིག་རྙིང་ལས་བཙན་པོ་ཁྲི་བདུན་ཚིགས་ཀྱི་བུ་ཡིན་པར་གསུངས་པ་དང་ཤིན་ཏུ་མཐུན་ཞིང་། འདིར་གཉེན་རུམ་རྗེ་དང་ཁྲི་བདུན་ཚིགས་གཉིས་གཅིག་ཡིན་པར་གསུངས་པར་གཉེན་རུམ་རྗེའི་སྤྲུལ་བ་ཁྲི་བདུན་ཚིགས་དང་། གཉེན་རུམ་རྗེའི་བུ་གནམ་ལྷ་དཀར་པོ་ཡིན་པ་ནི་གནམ་གྱི་ལྷ་མིའི་རྗེ་བོར་བབས་ཚུལ་དང་རྗེ་གཉའ་ཁྲི་ནི་གནམ་ལྷའི་སྤྲུལ་བ་ཡིན་པའི་རྒྱུ་མཚན་དུ་འདོད་ལ། བོད་རྒྱལ་གཉའ་ཁྲི་ནི་གནམ་རིམ་པ་བཅུ་གསུམ་གྱི་སྟེང་ནས་འོང་བར་བཤད་པ་ནི་ཁོང་གི་རིགས་བརྒྱུད་ལ་འབྲེལ་བ་ཡོད་པར་འདོད་དེ། ཁྲི་བདུན་ཚིགས་གནམ་རིམ་པ་གཅིག་དང་། དེའི་གོང་དུ་མར་གྱི་གཅུང་གསུམ་སྲིད་པའི་ཡུལ་ལྷར་གྲོལ་བས་བར་སྣང་དུ་རིམ་པ་གཅིག དེའི་གོང་དུ་ཡར་གྱི་གཅེན་གསུམ་ནི་མཉམ་དུ་བསམ་གཏན་གོང་མར་གཤེགས་པས་རིམ་པ་གཅིག་བྱས་ན་གོང་དང་སྡོམ་པས་རིམ་པ་གསུམ། དེའི་སྟེང་ལ་འཐེན་དགུ་བསྣན་ན་བཅུ་གཉིས་ཡིན། དེས་ཀྱང་གོང་དུ་རྩིས་པའི་བཅུ་གསུམ་པ་ནི་བཙན་པོའི་མེས་པོ་གནམ་ལྷ་དཀར་པོ་ཡིན་པ་རེད། དེ་ནི་གནམ་གྱི་ལྷ་ས་རིམ་པ་བཅུ་གསུམ་ལས་བབས་པའི་བརྗོད་ཚུལ་དང་ཤིན་ཏུ་ཆ་འཕྲོད་པ་ཡིན་ལ། བཙན་པོའི་གདུང་ཁུངས་ལ་གསང་བ་ཐེའུ་བྲང་གི་རིགས་ཡིན་པར་གསུངས་པ་ལ་ཡང་བཙན་པོའི་ཡབ་མེས་གནམ་ལྷ་དཀར་པོའི་བུ་འཐེན་དགུ་ལ་ས་སྐྱའི་ལོ་གླུད་ཆ་ཚང་བཞུགས་སོ་ཞེས་པར། རྒྱལ་པོ་གནམ་ལྷ་མན་ཆད་ནས༔ སྲས་ཀུན་ཐེ་རངས་ཡན་ཆད་ཀྱི༔ རྒྱལ་པོའི་རིགས་སུ་གཏོགས་རྣམས་ལ༔ ལོ་གླུད་མཆོད་གཏོར་འདི་འབུལ་གྱིས༔ ཐོག་སེར་ཀི་ཀང་ཞི་བར་མཛོད༔ཅེས་གཞན་དུ་ཐེའུ་དགུ་དང་ཐེའུ་རང་དགུར་བྲིས་པ་དང་ཤིན་ཏུ་མཐུན། མདོར་ན། སྔོན་གྱི་ཡིག་ཆ་ཁུངས་ལྡན་དག་དང་ལྷ་རབས་ལས་གནམ་ལྷ་དཀར་པོ་ནི་བཙན་པོའི་མེས་པོ་ཞིག་ཡིན་པ་ལ། བོད་མི་རྣམས་ཀྱིས་རང་གི་རྗེ་བོ་མཆོག་ཏུ་འདོད་པས་བཙན་པོ་ནི་གནམ་ལྷ་དཀར་པོའི་སྤྲུལ་བ་ཡིན་པར་འདོད་ཞིང་བསྐུལ་བ་ལས་ཀྱང་། རེས་འགའ་རྒྱལ་བོ་ཆེན་པོར་རྫུས།། རྒྱལ་ཁམས་འབང་དུ་ཁ་ལོ་བསྒྱུར།།གསུངས་པ་ལྟར་ལགས་ལ། གཞན་སེ་ཁྱུང་དབྲ་ཡི་རིགས་རྒྱུད་ཀྱི་ཕ་མཚུན་གྱི་སྒྲ་བླ་ཡང་གནམ་ལྷ་དཀར་པོ་སོགས་ཡིན་པར་གསུངས།
ཡང་བསྐུལ་བ་ལས། སྔོན་གྱི་ལྷ་རབས་དེ་དག་ངོ་བོ་འཕེལ་འགྱུར་གྱིས་ཡབ་བླ་བདལ་དྲུག་གི་བུ་འོད་དེ་གུང་རྒྱལ་དང་དེའི་བུ་དགུ་ནི་སྲིད་པ་ཆགས་པའི་ལྷ་དགུ་ཡིན་ལ། གནམ་ལྷ་དཀར་པོ་ཡང་སྲིད་པའི་ལྷ་ཆེན་ཞིག་ཡིན་པ་དང་། ཡང་བསམ་ཡས་ཆིམས་ཕུར་ཆོས་སྐྱོང་གནམ་ལྷ་བྱང་ཆུབ་ཟེར་བ་ཞིག་ཡོད་སྐད་དེའི་མདོས་བཅོས་གོང་ས་ལྔ་བས་མཛད་ཡོད་ལ། ཆོས་སྐྱོང་སྐུ་ཕེབས་སྲོལ་ཡང་བྱུང་ནས་རྒྱལ་དབང་སྐུ་ཕྲེང་ལྔ་བ་བདུན་པ། བཅུ་བ། བཅུ་གཅིག་སོགས་ལ་ལུང་བསྟན་བྱེད་ཀྱིན་ཡོད་པ་རེད། རྒྱལ་དབང་བརྒྱད་པའི་ཞལ་ནས། སྣང་སྲིད་དྲེགས་པ་ཀུན་གྱི་སྡེ་དཔོན་དུ། ཡོངས་བཞེངས་གནམ་ལྷ་བྱང་ཆུབ་དཀར་པོ་སོགས། ཞེས་དང་གཉན་ཆེན་ཐང་ལྷའི་ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས་ལས་ལོ་རྒྱུས་བཞུགས་སོ་ཞེས་པར། སྔོན་ཚེ་ཀ་དག་རྡོ་རྗེ་དབྱངས།། ནང་གསལ་འོད་ཀྱི་གཞལ་ཡས་ཁང་།། འོག་མིན་འཕྲུལ་གྱི་ཞིང་ཁམས་སུ།། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར།། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་།། སྤྲུལ་པ་ལྷ་ཆེན་འབར་བ་རྩལ།། མི་མཇེད་ཀུན་ལ་དབང་བསྒྱུར་བའི།། ཚངས་པའི་རྒྱལ་པོ་མཐུ་བོ་ཆེ།། དྲེགས་པའི་སྡེ་དཔོན་ཀུན་གྱི་རྗེ།། ཤེལ་གིང་གནམ་ལྷ་དཀར་པོར་གྲགས།། གསང་ཡུམ་རྡོ་རྗེ་གཡུ་སྒྲོན་མ།། བྱང་ཐང་གནམ་མཚོའི་བདག་མོ་སྟེ།། མཆེད་འཁོར་གཙང་རིགས་ལྷ་ཡི་ཚོགས།། བཀའ་སྡོད་དྲེགས་ལྡན་དུ་མས་བསྐོར།། ལྷ་ཆེན་དཔལ་འབར་དྲག་ཤུལ་ཅན།། རྫུ་འཕྲུལ་སྟོབས་ཀྱིས་སྐུ་སྐྱོད་ཚེ།། ས་གཞི་རི་བྲག་ཐམས་ཅད་ཀྱང་།། མཐོ་དམའ་མེད་པར་ཞོངས་སེ་ཞོང་།། དཔུང་ཚོགས་ཆར་སྤྲིན་འཐིབས་པ་བཞིན།། དགྱེས་པའི་གད་རྒྱངས་དི་རི་རི།། སྦྱན་འདྲེན་དང་བའི་གནས་འདིར་གཤེགས།། ཉི་ཟླ་པདྨ་རིན་ཆེན་ཁྲིར།། ཡེ་ཤེས་གསང་བའི་ལྷ་མཆོག་ཁྱེད།། བསྟན་སྲུང་རྒྱལ་པོར་མངའ་གསོལ་ཚེ།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ།། གཟི་བརྗིད་ཉི་མ་འབུམ་བཞིན་རྒྱས།། ནག་ཕྱོགས་བདུད་དཔུང་ཟིལ་གྱིས་གནོན།། དཔའ་བོ་སྟོབས་ལྡན་སྙིང་རྗེ་ཅན།། དེད་དཔོན་ཆེན་པོའི་སྤྱན་སྔ་རུ།། བདག་གིས་ཁས་བླངས་དམ་བཅའ་གཡེལ།། དམ་ཚིག་ཉམས་ཆག་མཐོལ་ལོ་བཤགས།། ཞེས་གསུངས་པ་ལྟར་གནམ་ལྷ་དཀར་པོ་དང་གནམ་ལྷ་བྱང་ཆུབ་རྡོ་རྗེ་འབར་བ་རྩལ་གཉིས་གཅིག་ཏུ་ལུང་བསྟན་ཡོད་པ་འདིས་ནི་བཙན་པོའི་མེས་པོ་ལས་སྲིད་པ་ཆགས་པའི་ལྷ་ཆེན་དུ་གྱུར་བ་ཤེས་ཐུབ་པ་ཡིན། བོན་ཆོས་སོ་སོ་བོད་དུ་དར་བ་དང་སྟོན་པ་གཤེན་རབ་ཀྱི་བོན་གྱིས་གནས་ག་གེ་མོ་ལ་ཤུགས་རྐྱེན་ཐེབས་དུས་དེས་སྣོད་བཅུད་ཀུན་གྱི་སྟོབས་ཤུགས་ལ་ཚོད་འཛིན་བྱས་པར་འདོད་ནས་སྲིད་པའི་ཡུལ་ལྷ་མང་དག་གསང་སྔགས་ཀྱི་བོན་གྱིས་ཟིལ་གྱིས་མནན་ནས་བོན་དེའི་གཉེར་བདག་ལ་བཀོད་པར་སྣོད་བཅུད་ཀྱི་ཆགས་འཇིག་སོགས་ཀྱི་རྐྱེན་གྱིས་སྲིད་པའི་ཡུལ་ལྷ་ལ་མ་ཚིམས་པའམ་ཡང་ན་བློ་མ་བདེ་བས་རྐྱེན་གྱིས་དོན་དམ་པར་གནས་སྐབས་གཞན་དག་ཏུ་རིའི་ཡན་ན་རི་དང་སྟག་གི་ཡན་རྒང་གི་དཔེ་ལྟར། སྲིད་པའི་ལྷ་ཆེན་མཐུ་བོ་ཅན་དག་རང་གི་འདོད་མོས་ལྟར་བཅིངས་བ་དང་ཡང་ན་ཚོད་འཛིན་བྱས་ནས་མངགས་གཏོང་བྱེད་པར་དེའི་ཡན་གྱི་ལྷ་ཞིག་བཟོས་པར་གསང་སྔགས་རྒྱུད་སྡེ་ལས་བྱུང་བའི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྤྲུལ་བ་འགྱེད་པའི་ལྷ་ཚོགས་རྣམས་བཞག་གསོལ་བྱས་ནས་དེ་ལ་བཀའ་ཉན་གྱི་ཚུལ་དུ་བོན་སྐྱོང་གི་ངོ་བོ་འཕེལ་འགྱུར་བྱུང་བར་འདོད་ལ། སྟོན་མཆོག་ཤེས་རབ་ལྷ་འབུམ་གྱིས་བོན་ཡུལ་སྣང་མཐའ་གསས་མཁར་འབར་བ་རུ་ལྷ་མཆོག་གནམ་ལྷ་དཀར་པོ་དམ་བཏགས་བཀའ་བཞག་མཛད་པར་གསུངས་པས། བརྒྱུད་ཁུངས་ཀྱི་བླ་མ་དང་པོར་བགྲང་ངོ་།།
འོན་ཀྱང་ཧོར་དང་རྒྱ་ནག་སོགས་ནས་ཀྱང་བསྟེན་གསོལ་བགྱིས་ཡོད་པའི་ཚུལ་ནི། སྐྱེས་བུ་ཆེན་པོའི་བསྐུལ་བ་ལས།ཁྱེད་དང་པོ་རྒྱལ་ཁམས་ཉུལ་བའི་ཚེ།། མོན་གྱིས་མོན་ར་རོག་པོ་ཕུལ།། སུམ་པའི་ར་སྐྱེས་ཁམ་པ་ཕུལ།། ཨ་ཞས་རོག་པོ་ལྡན་དཀར་ཕུལ།། ཞང་ཞུང་ཡུལ་དུ་བྱོན་པའི་ཚེ།། ཞང་ཞུང་ལི་དང་སྙན་ཆས་གསོལ།། དམར་རྒྱ་རོག་པོ་ཁྱེད་ལ་ཕུལ།། མིང་ཡང་རྩང་ལྷ་བྱ་རྐང་ཡིན།། བྱང་ཕྱོགས་ཧོར་གྱི་ཡུལ་དུ་བྱོན་པའི་ཚེ།། བསྭེ་ཡི་ར་སྐྱེས་ཁམ་ཏིལ་ཙམ་ཕུལ།། མིང་ཡང་རྩང་ལྷ་སྐྱིད་འཁོར་བཏགས།། ཞེས་གསུངས་པ་བོད་ཀྱི་ཡུལ་དུ་མངའ་བདག་བཙན་པོ་ཡིས། རྟ་དཀར་དང་ར་དཀར། ཁམ་པ། ལག་དཀར། སྤྱི་དཀར། ངང་བ། སོགས་སྐྱེས་བུ་འཁོར་བཅས་ལ་ཕུལ་བར་བརྗོད་ཡོད་ལ། བོནད་ཀྱི་ལུགས་སུ་སྐྱེས་བུ་ཆེན་པོ་ལ་རྟ་དཀར་བཅིབས་པ་ལུང་ཚིག་འདིར་ཡང་འབྲེལ་བ་ཡོད་པར་བསམ་མོ།།
དྲུག་པ། བོནད་སྐྱོང་སྐྱེས་བུ་གནམ་ལྷ་དང་ཆོས་སྲུང་གཞན་གྱི་གཤིབ་སྡུར།
དེ་ཡང་དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ལས་བྱེད་པུ་ཏྲ་མིང་སྲིང་གསུམ་གྱི་གཏོར་ཆོག་རྗེས་གནང་དང་བཅས་པ་གློག་གི་སྤུ་གྲི་ཞེས་བྱ་བར།བོད་ཡུལ་དུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་གཙུག་ལག་ལྷ་ཁང་ཀུན་གྱི་དཀོར་སྲུང་དུ་བསྐོས་པ་ཚངས་པ་ལྷའི་གིང་ཆེན་ནམ།ཤེལ་གིང་གནམ་ལྷ་དཀར་པོའི་སྐུའི་རྣམ་འགྱུར་གནོད་སྦྱིན་ཆེན་པོ་མོན་བུ་མིང་སྲིང་འདི་དག་ཅེས་གནམ་ལྷའི་མིང་འབྱུང་བ་འདི་ནི།བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བསམ་ཡས་གཙུག་ལག་ཁང་གི་དཀོར་སྲུང་སྒྲ་བླར་ཆེད་དུ་གནས་ཆུང་ཆོས་རྒྱལ་བཀོད་པར་དོགས་གཅོད་ཅིག་བསླངས་པ་ཡིན་ཏེ། སྲིད་གཞུང་གི་ཆེད་བསྐོས་སྒྲ་བླར་གནས་ཆུང་བསྐོས་པ་དོན་དུ་མེས་པོ་རྣམས་ཀྱིས་རང་གི་རྒྱལ་སྲིད་ཀྱི་དོན་ཆེན་ཐད་ལ་མགོན་སྐྱབས་ངེས་པར་གཞན་ལས་ལྷག་པར་བྱེད་པར་འདོད་པ་ཡིན་ཏེ། གནམ་ལྷ་དཀར་པོ་དང་གནས་ཆུང་གཉིས་ཀྱི་ཕྱིའི་ཆ་ལུགས་ལ། ཕྱག་མཚན་ལ་མདའ་གཞུ། ཞགས་པ། ལྕགས་ཀྱུ། ཆགས་ཤིང་། འཛིན་པ་དང་། ཞལ་གསུམ་ཕྱག་དྲུག་ཡིན་པ། ཞལ་མདོག་དཀར་དམར་སྔོ་བ་སོགས་ཀྱིས་མཚོན་ཤིན་ཏུ་མཐུན་ཞིང་། སྐྱེས་བུ་གནམ་ལྷ་དཀར་པོས་གནམ་རྟ་བཅིབས་པ། དེ་ཡང་གནམ་རྟ་ནི་གཟུགས་དབྱིབས་སེང་གེ་གནམ་ལ་མཆོངས་པ་དང་འདྲ་བར་བཤད་པས་གནས་ཆུང་གིས་སེང་གེ་བཅིབས་པ། སྐུ་མདོག་གི་ཆ་ནས་སྐྱེས་བུ་ཆེན་པོར་གནམ་ལྷ་དཀར་པོ་ཟེར་ཡང་སྐུ་མདོག་མཐིང་ནག་ཡིན། དེ་ལས་གནས་ཆུང་རྒྱལ་པོ་སྐུ་མདོག་དཀར་པོ་ཡིན་པའི་ཁྱད་འདུག གཞན་བོན་གྱི་སྐྱེས་བུ་ཆེན་པོའི་བསྐང་གསོལ་དགུང་སྔོན་གནམ་རིམ་དུ། ཡ་བཙན་དཀར་པོ་བེ་དཀར་ཤིང་བྱ་དང་།། དམུ་བཙན་ཆེན་པོ་རོལ་བ་མཆེད་བདུན་སོགས།། སུམ་བརྒྱ་དྲུག་ཅུའི་འཁོར་ཚོགས་བཅས་པ་རྣམས།།ཞེས་དང་། བསྐུལ་བ་ལས། པེ་དཀར་རྒྱལ་པོ་ཤིང་བྱ་དང་།། ཡ་ཆོ་གནམ་ལྷ་མགྲོན་པོས་སྐོར།། འཁོར་འདས་ལས་བྱེད་ཁྱེད་ལ་བསྟོད།། ཅེས་སོགས་པེ་ཧར་གྱི་མཚན་ཟུར་མང་དུ་བྱུང་འདུག གཞན་དུ་ཚངས་པ་དུང་གི་ཐོར་ཚུགས་ཅན་དེ་ལྷ་ཡུལ་ནས་ཕེབས་དུས་ཤིང་གི་བྱ་ཞིག་ལ་སྤྲུལ་བས་ཤིང་བྱ་ཅན་དང་པེ་ཧར་གཅིག་ཡིན་པར་བཤད་ཀྱང་རྒྱལ་ཆེན་སྐུ་ལྔ་ལྟར་ན་ཤིང་བྱ་ཅན་དང་པེ་ཧར་གཉིས་མི་གཅིག རང་རེའི་བོནད་ཀྱིས་འདིར་ནི་ངོ་བོ་གཅིག་ལྟ་བུར་གསུངས་ཡོད་ཁར་རྒྱལ་བོ་པེ་ཧར་སྐྱེས་བུ་གནམ་ལྷའི་འཁོར་དུ་ཡོད་པས་སྐྱེས་བུ་ཆེན་པོ་གནམ་ལྷ་དཀར་པོ་དང་པེ་ཧར་གཉིས་གཙོ་འཁོར་ལྟ་བུའི་འབྲེལ་བ་ཡིན་པར་གསུངས་འདུག བོནད་ཀྱི་ཐང་ཀ་རྙིང་པ་ལ་གཞོལ་ན་ཐོག་མའི་བེར་དཀར་གྱི་སྐུ་མདོག་དཀར་པོ་སག་ཞུ་དང་བེར་ཆེན་གྱི་མནའ་བཟའ་དཀར་པོ་གསོལ་ཡོད་ལ། དེའི་སྐོར་བན་དེའི་ཡིག་ཆ་བཙལ་སྐབས་ཀྱང་ཞལ་གཅིག་ཕྱག་གཉིས་ཅན་ཞིག་ཡིན་འདུག་པ་ཡིན།གནམ་ལྷ་དཀར་པོའི་སྔོན་གྱི་རྣམ་པ་ཡང་། ཞལ་གཅིག་ཕྱག་གཉིས་ཞི་བའི་སྐུ། སྐུ་མདོག་དཀར་པོ་ལ་འོད་ཟེར་འབར། འཇའ་ཚོན་སྣ་ལྔའི་གོས་གྱོན་པ་ཞིག་ཡིན་འདུག་པ་བསྐང་བ་ལས། སྐུ་ལ་ཤེལ་བེར་སྔོན་པོ་གསོལ།། འཇའ་ཚོན་སྣ་ལྔའི་རྒྱན་གྱིས་བརྒྱན།། ཉི་མ་ཟླ་བའི་ཐོང་ཀ་ཅན།། ཐུགས་དམ་བྷོ་ཏི་ཙི་ཡིས་ཕྲེང་བ་འདྲེན།། དཀར་པོ་ཤ་ཞུར་གདན་ལ་བདེ་བར་བཞུགས།། ཞེས་དང་གནམ་ལྷ་དཀར་པོ་མཐུ་བོ་ཆེ།། ཁྱེད་ནི་གཤེན་ལྷ་དཀར་པོ་འཚལ།། སྲོག་བདག་ཆེན་པོ་མི་སྲུན་པ།། སྐུ་ལ་གསོལ་བའི་ན་བཟའ་ལ།། འཇའ་ཚོན་སྣ་ལྔའི་རྒྱན་གྱིས་བརྒྱན།། ཉི་མ་ཟླ་བའི་གོང་ལགས་ཅན།། སེང་གེ་དཀར་པོའི་གཡང་གཞི་མནམས།། སྤྱང་དཀར་སླག་པའི་སྟོད་གཡོག་ཅན།། ཟ་བྱེད་སྟག་གི་ཤམ་ཐབས་ཅན།། ཕྱག་ན་སྦ་ཡི་བེར་ཀ་བསྣམས།། རྫུ་འཕྲུལ་མྱུར་མགྱོགས་གློག་དང་འདྲ།། ཞེས་གསུངས་པས་ཤིན་ཏུ་གསལ་ཏེ། སྔོན་གྱི་སྐྱེས་བུ་ཆེན་པོ་གནམ་ལྷ་དཀར་པོའི་རྣམ་པ་ནི་སྐུ་མདོག་དཀར་པོ། བེར་དཀར་གསོལ་ཞིང་། རྟ་དཀར་ལ་བཅིབས་པ། ཕྱག་ན་སྦ་ལྕག་དང་ཕྲེང་བ་འདྲེན་པ་ཞིག་ཡིན་འདུག བོནད་དཔེ་རྙིང་ལ་གཞོལ་ན། པེ་ཧར་ལ་བེར་དཀར་ཞེས་འབོད་པ་དག་པར་བསམ་སྟེ། བེར་ལ་རིམ་གྱིས་པེར་སྒྲ་ཐོན་པ་བོད་ལ་པོད་སྒྲ་ཐོན་པ་དང་ག་བུར་ལ་ག་པུར།བིས་བ་ལ་པིས་པ་ཟེར་བ་ལྟར་མིང་གཞི་བ་དེ་པ་རུ་བཀླགས་སྲོལ་ཡོད་པ་དང་མཚུངས།ས་དཀར་ལ་སག་ཧར་དང་ཞབས་དཀར་ལུང་ལ་ཞག་ཧར་ལུང་ཟེར་བ། ཉོག་དཀར་ལ་ཉོག་ཧར་ཟེར་བ་བཞིན་དུ་དཀར་ལ་ཧར་གྱི་སྒྲ་ཐོན་པས་པེ་ཧར་ཞེས་པའི་མིང་འདི་ཆགས་པར་གོར་མ་ཆག་ལ། བོནད་ཀྱི་སྐྱེས་བུ་གནམ་ལྷའི་བསྐུལ་བ་ལས། དཀོར་ནོར་སྲུང་བར་ཁས་བླངས་པའི།། དཀོར་སྲུང་པེ་དཀར་རྒྱལ་བོ་ཉིད།། ཅེས་གསུངས་པ་འདི་ཤིན་ཏུ་མད་དེ། འདིས་ནི་གནམ་ལྷ་དཀར་པོ་དང་བེ་དཀར་གཉིས་གཅིག་ཏུ་བརྗོད་ཡོད་པ་མ་ཟད་བན་གྱི་ཡིག་ཆ་སྲོག་བདག་རྒྱལ་བོ་དཀར་པོ་དྲུག་མདོས་རཀ་ཤག་གཏེར་བྱོན་གྱི་ངག་འདོན་ཁྲིགས་སུ་བསྡེབས་པ་ལས། ཀྱེ ༔ རྒྱལ་བོ་ཆེན་པོའི་ཡབ་ཀྱི་མཚན༔ ཡབ་ནི་གནམ་གྱི་དཀར་པོ་ཆེ༔ མ་དང་དེ་ནི་ཡུམ་གྱི་མཚན༔ མ་ནི་ཤུག་ལྕམ་རྒྱལ་མོ་མཚན༔ དེ་གཉིས་སྲིད་ཅིང་སྦྲུམ་པ་ལས༔ བུ་ནི་བརྒྱ་བྱིན་དཀར་པོ་བྱུང་༔ ཤར་ཕྱོགས་ཧོར་གྱི་ཡུལ་དུ་བྱོན༔ གནམ་ལྷ་དཀར་པོ་ཞེས་ཀྱང་བྱ༔ དགེ་ལྷ་བྱང་ཆུབ་ཅེས་ཀྱང་བྱ༔ བྷ་ཏ་ཧོར་གྱི་སྒོམ་གྲྭར་བསྐོས༔ སྲོག་བདག་དཀར་པོ་ཞེས་ཀྱང་བྱ༔ དེ་ནས་བསྐལ་པ་ཐ་མ་ལ༔ བྲག་དམར་དཔལ་གྱི་བསམ་ཡས་སུ༔ བཙད་པོ་ཁྲི་སྲོང་ལྡེའུ་བཙན་དང་༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ དབུ་རྩེ་རིམ་གསུམ་ལ་སོགས་པའི༔ གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད༔ ལྷ་ཁང་མང་དུ་བཞེངས༔ དཀོར་བདག་སྲུང་མར་བཀའ་བསྩལ་གཏད༔ཞེས་དང་། སྤྲུལ་བ་སུམ་བརྒྱ་དྲུག་ཅུ་འགྱེད༔ཅེས་པ་ལ་གཞིགས་ན་གནམ་ལྷ་དཀར་པོ་དང་དཀོར་བདག་དགྲ་ལྷ་པེ་ཧར་གཉིས་ངོ་བོ་གཅིག་ཡིན་པར་གསུངས་པས་བོད་བཙན་པོ་མཁན་སློབ་ཀྱིས་ཆོས་སྐྱོང་དེ་འདྲའི་མང་པོའི་ནང་ནས་ཅིའི་ཕྱིར་དཀོར་བདག་དགྲ་བླར་པེ་ཧར་ལ་དགོངས་པ་གཟིགས་པའི་རྒྱུ་མཚན་གསལ་ཏེ། སྲིད་གཞུང་གིས་ཆེད་དུ་བཞེངས་པའི་སངས་རྒྱས་ཆོས་ལུགས་ཀྱི་བསྟན་པའི་གནས་གཞི་ཆེན་པོ་འདི་ལ་ངེས་པར་རྒྱལ་པོ་རང་ཉིད་ལ་ཆ་རྒྱུས་ཡོད་ཅིང་འབངས་སྡེར་འཁོར་ཞིང་སྡོངས་གྲོགས་ཆེ་བའི་ལྷ་ཞིག་གསོལ་སྲིད་པས་གནམ་ལྷ་དཀར་པོ་དང་ངོ་བོ་གཅིག་ལ་མཚན་ཟུར་མི་འདྲ་བའི་སྲུང་མ་པེ་ཧར་འདི་གསོལ་པ་མིན་ནམ་སྙམ་ལ། རྗེས་སུ་རིམ་བཞིན་གཞུང་ས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱིས་གཞུང་བསྟེན་དགྲ་བླའི་སྲུང་མ་དམར་ནག་གཉིས་ཞེས་པར་ཡང་གནམ་ལྷ་རྒྱལ་བོའམ་པེ་ཧར་རྒྱལ་པོ་བསྟེན་གསོལ་བྱེད་པ་རེད། འོན་ཀྱང་བོད་པ་རྣམས་ཀྱིས་ད་བར་དུ་དེ་ནི་མི་རིགས་གཞན་ཞིག་གི་སྲུང་མ་ཡིན་པར་སྒྲུབ་གང་ཐུབ་བྱེད་ཀྱིན་འདུག
དེ་ལ་ས་སྐྱ་བའི་ལོ་གླུད་ཆ་ཚང་བཞུགས་སོ་ཞེས་པར། སྲོག་བདག་གཡུའི་སྨིན་མ་ཅན༔ ཚངས་པ་དུང་གི་ཐོར་བཙུགས་ཅན༔ གནམ་ལྷ་དཀར་པོ་འཁོར་དང་བཅས༔ སྤེ་དཀར་རྒྱལ་བོ་སྐྱེས་ཅིག་པོ༔ ཕོ་ཉ་རྒྱལ་པོ་ཤིང་བྱ་ཅན༔ མོན་བུ་པུ་ཏྲ་ལ་སོགས་པའི༔ གཙུག་ལག་ཁང་གི་སྲུང་མ་སྟེ༔ ཞེས་གསུངས་པས་ཀྱང་ཤེས་ནུས་པ་ཡིན་ལ། བོད་སྐྱོང་སྲུང་མ་ཁག་གི་ལོ་རྒྱུས་ལས། སློབ་དཔོན་ཆེན་པོ་བསམ་ཡས་ཤེལ་གྱི་བྲག་ཕུག་ཏུ་བཞུགས་པའི་ཞག་གསུམ་སོང་བའི་ཐོ་རངས་ལ་པེ་ཧར་སེང་གེ་དཀར་མོ་ཞིག་ལ་བྱོན་ནས་ཉམས་སད་ནས་རྡོ་ལུག་རོ་ཙམ་ཞིག་འཕངས་པས་སློབ་དཔོན་དྲན་མེད་དུ་བརྒྱལ། དཀྱིལ་འཁོར་གྱི་ཐིག་རྩ་དང་ཡོ་བྱད་གང་སར་གཏོར། དེ་ནས་དྲག་འདུལ་བྱས་སྐབས་གཞོན་ནུ་ལག་ན་ཤེལ་ཕྲེང་འཛིན་པ་ཞིག་གི་ཆ་ལུགས་སུ་གྱུར་ཞེས་བརྗོད་ཡོད་པ་འདིའི་ཀྱང་། པེ་ཧར་ནི་བོད་རང་གི་ས་ཆའི་ལྷ་ཞིག་ཡིན་པ་སློབ་དཔོན་ཀྱིས་ཆོས་སུ་བསྒྱུར་བསྣན་བྱས་པ་ཤུགས་ནས་གོ་ཐུབ་པ་ཡིན། མ་གཞིར་བོད་པའི་ས་ཁུལ་ལ་ལར་མི་ཡོན་ཏན་ཅན་བསད་ན་དགེ་བར་རྩི་ཞིང་། མཁས་གྲུབ་གཉིས་ལྡན་གྱི་མིའི་ན་བཟའ་དང་དབུ་སྐྲ།མགོ་རུས་སོགས་དད་རྟེན་དུ་བྱེད་པ་ཡོད་ལ།བསྟན་སྲིད་ཀྱི་དགྲ་བོ་དང་ཡང་ན་མི་དཔའ་བོའི་སྙིང་སོགས་ཡུལ་ལྷ་ཆོས་སྐྱོང་གི་རྟེན་འཛུགས་དང་མངའ་གསོལ་ལ་སྤྱོད་པ་མང་བ་བོནད་སྐྱོང་མངའ་གསོལ་ལས།རྒྱུན་དུ་མཆོད་ཅིང་བསྟེན་པའི་ཕྱིར།། རྟེན་གཏོར་འདི་ཡིས་མངའ་གསོལ་ལོ།། དར་མའི་སྙིང་གིས་མངའ་གསོལ་ལོ།།གསུངས་པ་བཞིན་དང་བཙན་པོས་བསམ་ཡས་གཙུག་ལག་ཁང་བཞེངས་སྐབས་ངེས་པར་བླ་མ་མེ་ཏྲི་བའི་མགོ་འཁྱེར་དགོས་བྱུང་བ་བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་ལས་གསུངས་པ་དང་།བླ་མ་མེ་ཏྲི་བ་ནི་སྐྱེས་བུ་གནམ་ལྷའི་བརྒྱུད་བསྐང་དུ་མེ་ཏྲི་ཤེར་གྲགས་གླིང་སྟོན་གཡུ་འཕེན་གྱིས།། རང་རང་སྒྲུབ་གནས་དྲག་པོའི་གསས་མཁར་དུ།། དམ་ཅན་སྐྱེས་བུ་གནམ་ལྷ་དཀར་པོ་ཁྱེད།། ཅེས་གསུངས་པའི་བླ་མ་མེ་ཏྲི་ཤེས་རབ་གྲགས་པ་དེ་ཡིན། དབང་འབུམ་ལུང་གི་བརྒྱུད་པའི་བླ་མ་མང་པོ་ནི་བཙན་པོའི་སྐུ་གཤེན་ཡིན་པ་མཚེ། གཙོ། སོགས་ལྟ་བུ་ཡིན་པ་འདིས་ཀྱང་སྐུ་གཤེན་དེ་རྣམས་ཀྱིས་དབང་ཆེན་འབུམ་པའི་རྒྱུད་འདི་ཉམས་བཞེས་མཛད་ཡོད་པ་མ་ཟད། དེའི་བསྟན་པའི་གཉེར་དཔོན་དུ་གྱུར་པས་བླ་བརྒྱུད་དུ་འཁོད་ཡོད་པ་རེད། དེས་ན་དབང་ཆེན་འབུམ་པའི་བཀའ་སྡོད་སྲུང་མ་སྐྱེས་བུ་གནམ་ལྷ་དཀར་པོ་ཡིན་པས། ཁྲི་སྲོང་གི་སྐབས་སུ་དབལ་རམ་འབུམ་པའི་གཉེར་དཔོན་བླ་མ་མེ་ཏྲི་བ་ཤེས་རབ་གྲགས་པ་ཡིན་པས། ཁོང་གི་དབུ་རང་གིས་བྱམས་པ་ཆེན་པོས་བྲེག་སྟེ་དམག་ལ་ཕུལ་ཏེ་བསམ་ཡས་སུ་བྱས་པ་དོན་དུ་དཀོར་བདག་མངའ་གསོལ་གྱི་ཆེད་དུ་བོནད་སྐྱོང་ལ་རྟེན་འཛུགས་བྱས་ནས་གནས་དེར་འཁོར་ཞིང་གཉེར་མཛད་བྱེད་པའི་ཆེད་དུ་ཡིན་པར་བསམ། དེང་དུས་ཀྱང་བླ་མ་ཆེན་པོའི་དབུ་གཡང་འདུ་ཁང་གི་རྟེན་དུ་འཇོག་པ། བརྩན་ཁང་སོགས་སུ་མིའི་དོན་སྙིང་གིས་རྟེན་འཛུགས་བྱེད་པ་སོགས་མཐོང་དུ་ཡོད་ལ། ད་དུང་ལྷའི་དབུ་བརྙན་ཡང་བརྩན་ཁང་དུ་འཇོག་གསོལ་ཡོད་པས་མཚོན། བླ་མ་དེའི་དབུ་ཡང་བོནད་སྐྱོང་ཆེན་པོ་ལ་རྟེན་འཛུགས་ཀྱི་ཆེད་དུ་བླངས་པར་ཡིན་ཤོས་ཆེ། ཡང་ཅིག་བཤད་ན་དོན་རྐྱེན་དེས་དབང་གིས་བོནད་ཁྲོད་དུ་བོནད་སྐྱོང་ཆེན་པོ་འདི་བསྟེན་གསོལ་བྱེད་མི་ཉུང་དུ་ཕྱིན་པ་མིན་ནམ་སྙམ་ཡང་དེ་ནི་རྒྱུ་རྐྱེན་ཡང་དག་ཅིག་ཏུ་མི་འགྲོ་ཡང་། མདོར་ན། གནམ་ལྷ་དཀར་པོ་ནི་བཙན་པོའི་མེས་པོ་ལྷ་རུ་བཀུར་བ་ལས་བྱུང་ལ། བོནད་སྐྱོང་འདི་ནི་རང་རེའི་བོད་བཙན་པོའི་མེས་པོ་གནམ་ལྷ་དཀར་པོ་དུས་ཡུན་རིང་པོར་བོད་པའི་རིག་གནས་གར་སྟེགས་ནས་རུས་ལྷ་ནས་ཡུལ་ལྷ།དེ་ནས་བོནད་སྐྱོང་གི་ངོ་བོར་འཕེལ་ཚར་རྗེས་བསྟན་པའི་གོད་ཆག་དང་འགྲོགས་ནས་ཆོས་སུ་བཙན་ཐབས་སུ་བསྒྱུར་བ་ཡིན་མོད།ཧོར་སོགས་ནས་ཡིན་པར་གསུངས་པ་ལྷ་སྒྲུང་ཙམ་ལས་ཡིད་ཆེས་པའི་ངེས་པ་མི་རྙེད་དོ།།

ཡང་དམ་ཅན་སྐྱེས་བུ་ཆེན་པོ་ཞེས་པ་བོན་ལ་གསལ་བྱེད་ཆོས་ལ་སྲུང་མ་ཡིན་པའི་རྡོ་རྗེ་ལེགས་པ་ཞེས་པ་དེ་བོན་ལ་གསལ་བྱེད་དུ་གསུངས་པ་དང་། དམ་ཅན་རྡོར་ལེགས་ལ་སྐྱེས་བུ་ཆེན་པོའི་མཚན་ཡོད་པ་སྐྱེས་བུ་གནམ་ལྷ་དང་འདྲ་བ། གསང་ཡུམ་རྡོ་རྗེ་གཡུ་སྒྲོན་མ་དེའི་མཚན་ཟུར་སྐྱེས་བུ་ཆེན་པོའི་མཚན་དོད་དང་འདྲ་བ། བསྟན་སྲུང་སྐྱེས་བུ་གནམ་ལྷའི་བསྐྱེད་པར་ཉི་མ་ནུབ་ཕྱོགས་ཧོས་ཁང་ཆེན་པོ་ཞེས་ཕྱོགས་བཞི་ལས་ནུབ་ཕྱོགས་གསུངས་པ་དང་དམ་ཅན་རྡོར་ལེགས་ཀྱང་ནུབ་ཕྱོགས་ཕ་བོང་ཆེན་པོའི་མཁར་ནང་ན་ཞེས་ཕྱོགས་འཚམས་ནུབ་ཏུ་བསྟན་པར་བཞེད་པ། མ་ཟད་ཐང་རྙིང་སོགས་སུ་བོནད་ཀྱི་སྐྱེས་བུ་ཆེན་པོའི་འཁོར་དུ་དམ་ཅན་ར་བཞོན་བྲིས་ཡོད་ལ། དམ་ཅན་ར་ཞོན་ནི་གཤེན་ཉི་མ་རྒྱལ་མཚན་དང་དམིགས་གསལ་གྱི་འབྲེལ་བ་ཡོད་པ་ཞིག་ཡིན་འདུག་ལ། སྐྱེས་བུ་ཆེན་པོ་ལ་ཡང་རེ་འགར་ར་ལ་ཞོན་པའི་ཚུལ་མཆིས་པ་བསྐུལ་བ་ལས། རྫུ་འཕྲུལ་ཆེ་བ་ར་ལ་ཆིབས།། མགྱོགས་པ་ར་ཞོན་རྫུ་འཕྲུལ་ཅན།། ཅིར་ཡང་རྫུ་འཕྲུལ་ར་ལ་དགྱེས།། ཞེས་དང་། བདག་ཅག་སྒྲུབ་གཤེན་འཁོར་བཅས་གྱིས།། ཐུགས་དམ་ར་སྐྱེས་འདི་འབུལ་གྱིས།། གཤེན་ཆེན་གྱེར་བ་མགྱོགས་བྱེད་ཁྱོད།། ང་ལ་དགྲ་སྙིང་ཁྱེར་ལ་ཤོག། གསུངས་པ་ལྟར་ལགས་པས་དམ་ཅན་དང་ཡང་འབྲེལ་བ་ཡོད་པར་སྙམ་པས་དཔྱོད་ལྡན་རྣམས་གཞན་དུ་དཔྱད་པར་ཞུ་ལ། དེ་ལྟར་སྐྱེས་བུ་ཆེན་པོའི་སྐུ་ནི་སྔོན་གྱི་ཚེ་གཤེན་ཆེན་པོའི་ཚུལ་ཡིན་པ་དང་འཕྲིན་ལས་ཤིན་ཏུ་མྱུར་མགྱོགས་རྫུ་འཕྲུལ་བསྟན་པའི་ཚེ།རེས་འགའ་མེ་དཔུང་དམར་པོ། རེས་འགའ་རླུང་ནག་འཚུབ་མ། རེས་འགའ་རྒྱལ་བོ་ཆེན་པོ། རེས་འགའ་བློན་པོ་ཆེན་པོ། རེས་འགའ་སྔགས་པ་ཆེན་པོ། ཡང་སྤྲུལ་བ་མཛད་པའི་ཚེ། ཚོང་དཔོན་ཆེན་པོར་བརྫུས་ནས་ཇ་དར་འབྲས་ཀྱི་དབུས་སུ་ཁེ་དང་འབྲས་ལ་ལོངས་སྤྱོད་ཅིང་། རང་གི་དངོས་གྲུབ་གཞན་དུ་མི་གཏོང་བར་དགྲ་བོའི་ཚེ་བཅུད་བསྡུད་ཅིང་དངོས་གྲུབ་ཐམས་ཅད་ལེན་པས་ནོར་ལྷའི་ཚུལ་གྱིས་བསྟེན་གསོལ་བྱས་ན་རྒྱུ་འབྱོར་འཕེལ། སྔགས་བཙུན་གཡུང་དྲུང་གི་ཚོགས་མཆོད་དུའང“ཁྲོ་འཛུམ་བཞད་ཞལ་ནོར་ལྷའི་གཟུགས་།།”གསུངས་པ་ལྟར་དང་། ཡང་ཅིག་སྤྲུལ་བར་ཇག་དཔོན་ཆེན་པོར་རྫུས་ནས་སྐྱ་མི་འབུམ་གྱི་དབུས་སུ་བཞུགས་ནས་དགྲ་ལ་ཇག་ཤོམ་སྣ་ཚོགས་འགྱེད། ཕྱེས་སུ་འགྲོ་ན་ལམ་ལྷ་གཉེན་པོ་ཡིན་ལ། ཡང་སྤྲུལ་བ་གཞན་ཞིག་ནི་དམག་དཔོན་ཆེན་པོར་ཡིན་མདུང་དང་དར་གྱི་དབུས་སུ་བཞུགས་ལ་དགྲ་ལ་དམག་ཤོམ་སྣ་ཚོགས་འགྱེད་པར་གསུངས་པས། ཡུལ་སྡེ་གཞན་དུ་རྩོད་ཉོག་གིས་དམག་ལ་འགྲོ་ན་མདུང་དར་ལ་བསྟན་སྲུང་གི་སྐུ་ཐང་བཀལ་ཏེ་འགྲོ་དགོས་སྲོལ་ཡོད་པ་རྒན་པ་རྣམས་ཀྱི་ངག་ལས་ཐོས་སོ།། གཞན། སྐྱེས་བུ་ཆེན་པོ་དང་འབྲེལ་བའི་སྲུང་བ་དང་། སྤྱན་གཟིགས། རྟེན་འཁོར། སྲོག་ཡིག་སོགས་ཀྱང་མཆིས་ལ། བོནད་སྐྱོང་དང་འབྲེལ་བའི་གར་འཆམ་ཡང་ཡོད་དོ།།
བདུན་པ། ཞར་བྱུང་ བརྒྱུད་པའི་རིག་འཛིན་བླ་མ་རྣམས་ཀྱི་མཚན་འགོད་པ།
བསྟན་སྲུང་སྐྱེས་བུ་ཆེན་པོའི་བསྟེན་ཞིང་སྒྲུབ་པའི་བླ་བརྒྱུད་ཀྱི་སྐོར་ནི་དབང་འབུམ་ལུང་གི་བརྒྱུད་པའི་བླ་མ་རྣམས་གཙོ་བོ་ཡིན་ཏེ། དེ་རྣམས་ཀྱི་སྐུ་ཚེ་ལོ་རྒྱུས་བསྡུས་པ་རེ་བོན་བརྒྱ་རིན་པོ་ཆེས་བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་ལྟར་དང་། འདིར་མཚན་བྱང་ཙམ་འགོད་པ་ལ། སྟོན་མཆོག་ཤེས་རབ་ལྷ་འབུམ། སློབ་དཔོན་ཆེན་པོ་དེ་ཡི་བརྒྱུད་འཛིན་པ་མཚེ་གཙོ་རྔོག་གསུམ་སོགས་བཙན་པོའི་སྐུ་གཤེན། པྲ་བོན་རེ་རྒན། བྰེ་ཐང་ཟླ་མིག། གྲུབ་ཆེན་སྐར་མིག བསེ་བོན་ཤེལ་སྤྱན། སྦས་བོན་དགུ་རྒྱུད་ལོག་པའི་རྒོལ་བ་འཇོམས་ཤིང་བསྟན་སྲིད་སྲུང་བའི་མཐུ་བོ་ཆེ་མི་དགུ་འེ་ཡིན་བསམ། སློབ་དཔོན་རྒྱལ་འབར། བླ་མ་མེ་ཏྲི་བ་ཤེས་རབ་གྲགས་པ། གླིང་སྟོན་གཡུ་འཕེན། རྒྱལ་བ་གཡུང་དྲུང་། སྤ་སྟོན་ཨ་མཆོག། གྲོལ་འཕགས་ཆེན་པོ། འབྲོམ་སྟོན་སྔགས་ཆེན། སྟོན་སྒོན་ལྷ་གསས། དམ་པ་ཁྱུང་སྒོམ། བ་ཟི་བསྒོམ་རིང་། ཤེས་རབ་གྲགས་པ། ཤེས་རབ་རྣམ་རྒྱལ། ཀུན་བཟང་རྒྱལ་མཚོ། རྒྱལ་བ་ཚུལ་ཁྲིམས། ནམ་མཁའ་དབང་ཕྱུག གཡུང་དྲུང་ཕུན་ཚོགས། ནམ་མཁའ་རྒྱལ་མཚན། བོན་བརྒྱ་ཐམས་ཅད་མཁྱེན་པ། ད་ལྟ་བོན་བརྒྱ་ནམ་མཁའ་དྲི་མེད་ཉི་མ་དང་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་སོགས་ལ་ཐུག་གི་བར་དུ་བརྒྱུད་དོ། གཞན་སྤྱིའི་སྤྱི་རྟིང་འཁོར་ལོ། ཁྱུང་བོ་ཁྱུང་དཀར་ཚངས་པ། ངོ་མོ་ཡེ་ཤེས་མཚོ་རྒྱལ་ཏེ་ཡབ་མེས་གྲུབ་ཐོབ་རྣམ་གསུམ་དང་ཐུགས་སྦྲུལ་རྣམ་གསུམ། དེ་དག་གི་བརྒྱུད་འཛིན་གཤེན་པོ་རྣམས་དང་ཁྱད་པར་གྱང་རིའི་ཐུགས་རྗེ་དབང་ཆེན་འབུམ་པ་རྩལ། སྤྱི་བཏང་བྱ་བཏང་བ་རིག་འཛིན་རྣམ་གྲོལ། ངོ་མོ་སྔགས་འཆང་དབང་ཆེན་བདུད་འདུལ་འདུས་པ་རྩལ། ཁྱུང་བོའི་རྣལ་འབྱོར་དབང་ཆེན་ལས་རབ་རྩལ་སོགས་རིག་འཛིན་གོང་མ་རྣམས་དང་ད་ལྟར་བཞུགས་པའི་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱ་ཡིན་ནོ།།


མཇུག་བསྡུ་བ།
མི་རིགས་མི་འདྲ་བ་དང་ཆོས་ལུགས་མི་འདྲ་བར་རང་རང་གི་ལྷ་རབས་རེ་ཡོད་འདུག་ལ། དེ་ཡང་ཆོས་ལུགས་དེའི་འཕེལ་རྒྱས་དང་དགོས་མཁོ་ལས་རང་རང་གི་ལྷ་ལ་ཡང་འཕེལ་རྒྱས་བཏང་ཡོད་པ་རེད། རང་རེའི་བོད་སྤྱིའི་གནའ་ནས་གསོལ་མཆོད་བྱེད་པའི་ལྷ་སྟེ་སྲིད་པ་ཆགས་པའི་ལྷ་དགུ་དང་བརྟན་མ་བཅུ་གཉིས་སོགས་ནི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་གངས་རི་གཙོས་པའི་གནས་རི་ལ་རྟེན་བཞུགས་བྱས་ཡོད་པར་བཤད། རང་རེའི་བོད་དུ་ཡང་གནའ་བོའི་དད་མོས་ཀྱི་རིག་གནས་ཕུན་སུན་ཚོགས་པས་ལྷ་དེ་དག་ནི་གནའ་བོའི་རི་ཆུའི་དད་མོས་ལ་བརྟེན་ནས་བྱུང་བ་གདོན་མི་ཟ། ལྷ་དེ་དག་གིས་བོད་སྤྱི་ལ་མགོན་སྐྱབས་བྱེད་པ་མ་ཟད། བོད་མི་སྒེར་སོ་སོར་ལུས་སྲོག་རླུང་རྟ་འཕེལ་བ་དང་། འབྱོར་ཕྱུག་གྲགས་སྙན་རྒྱས་པ། ཅི་མཛད་དོན་ལ་རོགས་དན་གནང་པར་བཤད།རང་རེའི་བོད་ཡུལ་དུ་གྲུབ་མཐའ་སྣ་མང་དར་བ་དང་བསྟུན་ནས་ལྷ་སྲུང་ཡང་མང་པོ་བྱུང་ཡོད་ལ། ཕ་ཆོས་གཡུང་དྲུང་བོན་ནི་བོད་ཀྱི་ཕ་མེས་ཀྱི་ཆོས་ལུགས་ཡིན་ཞིང་། བོད་ཀྱི་བོན་ལུགས་འཛིན་པ་དག་གི་བཀའ་དྲིན་ལས་ད་ལྟའི་ཆར་ཡང་རང་གནའ་བོའི་ཆོས་ལུགས་འདིའི་ཁྲག་རྒྱུན་གནས་ཤིང་འཕེལ་རྒྱས་བྱུང་ཡོད་པ་རེད་ལ། དཔྱད་རྩོམ་འདིས་ནི་བན་ལ་བོན་འདྲེས་ཤིང་བོན་ལ་ཆོས་འདྲེས་པའི་དཔེ་མཚོན་ལྟ་བུར་གྱུར་ལ། འདིར་ལུང་ཚིག་རྣམས་གཅིག་ཏུ་བསྡུས་ན་སེམས་ལ་རགས་བསྡུས་ཤིག་ཤར་རྒྱུ་བྱུང་བས་འདིར་ངས་ཅིག་ཤེས་ཡོད་ཅེས་པའི་ཀླད་ཆུང་མགུ་སླའི་ཡིན་འདོག་མིན་པར་ཚུལ་འདིར་རིགས་པའི་རྗེས་སུ་འབྲངས་ཏེ་ཡིད་ཆེས་འཕེལ་བའི་རྒྱུ་རུ་ཡང་ཇི་ལྟ་བུར་རགས་ཙམ་བརྗོད་པ་འགལ་འཁྲུལ་ཅི་མཆིས་དམ་ཅན་ལྷ་ལ་མནོང་འགྱོད་ཆེན་པོས་བཤགས་སོ།། རྩོམ་འདི་༢༠༢༤ལོ་ནས་འགོ་བརྩམས་ཡང་ཡུལ་དངོས་རྟོག་ཞིབ་ཏུ་འགྲོ་མ་ཐུབ་པས་ད་ལོའི་བར་དུ་ལུས། འདི་ལོར་གྲོགས་ཁྱུང་ཚང་པ་ང་བ་དང་མཉམ་དུ་རེབ་གོང་བོན་མང་གི་གདན་ས་གསུམ་གཙོ་བྱས་སྒྲུབ་སྡེ་ཁག་ཏུ་མཉམ་བསྐྱོད་བྱས་པས་བར་བཅུག་པར་རིས་དག་གི་དགེ་མཚན་བྱུང་ཞིང་། བོན་བརྒྱ་དགོན་པའི་ཨ་ཁུ་བླ་མ་དང་། ཀུན་ཁྱབ་དགོན་པའི་རིག་འཛིན་རྒན་པ་ཀུན་བཟང་། སྤྱི་རྟིང་འཁོར་ལོའི་གདན་སའི་དཀོར་གཉེར་བཀྲ་བྷེ། ངོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་གདན་སའི་དཀོར་གཉེར། རང་སྡེའི་ཁྱུང་དཀར་ཚངས་པའི་དཀོར་གཉེར་རྣམས་དང་ཁྱད་པར་སྐྱིད་ཚང་གད་པ་སྐྱ་བོའི་དཀོར་གཉེར་རྣམ་རྒྱལ་ལགས་ཀྱིས་རྒྱབ་སྐྱོར་གྱིས་བརྩན་ཁང་དུ་མཇལ་དབང་བྱུང་བ་བཅས་གོ་སྐབས་འདི་བརྒྱུད་ནས་བཀའ་དྲིན་ཆེ་དང་ཐུགས་རྗེ་ལགས་གསོལ་འབུལ་རྒྱུ་ཡིན།
