གཉའ་བློ་གྲོས་རྒྱལ་མཚན་གྱིས《བོན་གྱི་ཐ་སྙད་རིག་པའི་གཏེར་མཛོད》ལ་གནང་བའི་མགོ་བརྗོད་བསམ་པའི་གངས་རི།
[ཟླ་ཚེས། 2024-11-25 11:33:52][རྩོམ་པ་པོ། གཉའ་བློ་གྲོས་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༄༅། །མགོ་བརྗོད་བསམ་པའི་གངས་རི།
དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བ་ནས་བཟུང་བོད་ཀྱི་སྐད་ཡིག་གི་སློབ་གསོའི་ལས་དོན་འཕེལ་མགོ་བརྩམས་པ་དང་། སྔར་ཡོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་རྨང་གཞིའི་ཐོག་གསར་ཚུགས་ཀྱི་སློབ་གྲྭའང་མི་ཉུང་བ་ཞིག་བྱུང་བས་སློབ་གྲྭ་ཆེན་མོའི་སློབ་མའི་འབྱུང་ཁུངས་ལའང་སེམས་ཁུར་བྱེད་མི་དགོས་པ་ལྟ་བུའི་གནས་ཚུལ་ལེགས་པོ་བྱུང་། དེ་བཞིན་དུ་སློབ་ཆེན་ཁག་གི་བོད་ཡིག་སྡེ་ཚན་རྣམས་ཀྱང་ཇེ་རྒྱས་ཇེ་ལེགས་སུ་སོང་སྟེ་སློབ་མ་མང་བོ་སྐྱེད་སྲིང་བྱས། སྤྱི་ཚོགས་ཐོག་གི་ལས་རིགས་ཁག་ལ་ཤེས་ལྡན་མི་སྣ་ཧ་ཅང་མང་བོ་བསྐྱལ་ནས་མཁོ་བ་བསྐངས། དགོན་སྡེ་ཁག་ཏུའང་ཆོས་དང་ཐུན་མོང་རིག་གནས་ལ་འབུང་བའི་གྲྭ་བ་མང་བས་ཆོས་སྡེ་གྲྭ་ཚང་གིས་ཐ་སྙད་རིག་གནས་ལ་དང་དོད་དེ་འདྲ་མི་བྱེད་པའི་གནས་ཚུལ་འགྱུར་ཏེ་སུམ་རྟགས་དག་གསུམ་དང་ཚིག་རྒྱན་སྙན་ངག་གི་ཆུ་ཚད་མཐོན་པོ་ཅན་ཡང་མང་དུ་བྱུང་ཡོད། ཐ་སྙད་རིག་གནས་དེ་ལྷ་ཆོས་རིག་གནས་ཀྱི་གོ་བ་གཏིང་ནས་ལོན་བྱེད་ལ་ཤིན་ཏུ་སྨན་པའི་གྲོགས་སུ་འགྱུར་བ་ཡིན་ཏེ། ཚིག་གི་བརྗོད་བྱ་རྗོད་བྱེད་རྣམ་པར་དག་པ་ལ་མ་བརྟེན་པར་དེ་གོ་ཐབས་མེད་པའི་ཕྱིར། སྤྱི་ཚོགས་སུ་བོད་ཡིག་གི་ཆུ་ཚད་མཐོན་པོ་ཅན་དེ་འདྲ་མང་བོ་ཞིག་ཡོད་པས་ཕྲེང་རིང་སྒྲིག་ཆོག་གི་དཔེ་ཚོགས་དེ་མང་བོ་བྱུང་བ་དང་། རྒན་དར་གཞོན་གསུམ་གྱིས་གྲུབ་པའི་རིག་གནས་པའི་སྡེ་རུ་མཁས་པ་ཆེན་པོའང་མི་ཉུང་བ་ཞིག་ཡོད་པས་ང་ཚོས་བསྐྲུན་པའི་དཔེ་ཚོགས་རྣམས་སྤུས་དག་ཅིག་འབྱུང་བར་ཁག་ཐེག་ཡོད་པ་ཡིན།
གྲུབ་མཐའ་སོ་སོས་རིག་གནས་བཅུའི་དཔེ་ཚོགས་བསྐྲུན་པ་དང་། མཁས་པ་རྣམས་ཀྱི་གསུང་འབུམ་རྣམས་འཕྲུལ་པར་དུ་བཏབ་པ། སྙན་ངག་གི་དཔེ་ཚོགས་བསྐྲུན་པ། སུམ་རྟགས་དག་གསུམ་གྱི་དཔེ་ཚོགས་བཏོན་པ་བཅས་ནི་དཔེ་ཀློག་ལ་སྟབས་བདེའི་ཆ་རྐྱེན་བསྐྲུན་པ་དང་། སྲོལ་རྒྱུན་རིག་གནས་ཀྱི་གྲུབ་འབྲས་ཁྱབ་གདལ་དུ་གཏོང་བ་དང་། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བྱེད་པ་ཁོ་ན་ཙམ་མ་ཡིན་པར་སྲོལ་རྒྱུན་རིག་གནས་ཀྱི་ཤུལ་བཞག་དེ་རྣམས་དཔེ་སྐྲུན་སྒྱུ་རྩལ་གྱི་སྤུས་དག་གི་རྣམ་པར་གནས་བྱེད་ཀྱི་ཡང་བསྐྱར་འཛུགས་སྐྲུན་བྱས་པ་ཞིག་ཀྱང་ཡིན་པར་འདོད། དེང་གི་སྦྲེལ་རྟ་གསར་བ་ནི་གློག་རྡུལ་སྦྲེལ་རྟ་ཡིན་ལ། དེ་ལ་ཡོན་ཏན་ནམ་ལེགས་ཆ་མང་བོ་ཞིག་ཡོད་པ་སྨོས་མ་དགོས། ཤོང་རྒྱ་ཆེ་བ་དཔེ་མཛོད་ཁང་ཆེན་པོ་ཞིག་གི་ཆ་འཕྲིན་ཡོངས་རྫོགས་མཐེ་བོང་ཙམ་གྱི་འཕྲུལ་སྣོད་གཅིག་གི་ནང་དུ་ཆུད་པ་དང་། དེ་ཡང་རྒྱ་མ་འགའ་རེའི་ལྗིད་ཚད་ཅན་གྱི་རྩིས་འཕྲུལ་ཞིག་ལ་བརྟེན་ནས་གང་སར་ཁྱེར་ཏེ་ལྟ་ཆོག་ལ། དེའི་སྟེང་ནས་དྲ་བར་ཞུགས་རྗེས་བལྟ་བྱ་ཐམས་ཅད་ཕར་སྐུར་ཚུར་ལེན་བྱེད་ཆོག བལྟ་བྱ་མང་བོ་ཞིག་བལྟས་རིན་ཡང་སྤྲོད་མི་དགོས། རྩིས་འཕྲུལ་སྟེང་ནས་རྩོམ་ཡིག་བྲིས་ན་ཤོག་སྣག་སྨྱུག་གསུམ་མི་དགོས་པར་མ་ཟད། སྒོ་སམ་མམ་ནག་པང་ལྟ་བུ་མ་ཡིན་པར་བྲིས་པ་ནོར་ན་སུབ་སྐབས་ཐལ་རྡུལ་མི་ལང་ཞིང་བསུབས་རྗེས་ཤུལ་ཡང་མི་མངོན། ཞན་ཆ་ནི་གློག་མེད་ན་ལྟ་ཐབས་བྲལ་ཅིང་། ཡི་གེ་སོགས་གཟུགས་ཆུང་ན་མིག་གི་དབལ་ཉམས་པ་དང་། བློར་མི་ཤོང་བའི་རྐྱེན་འགའ་རེ་ལ་ཕྲད་ཚེ་གློག་རྡུལ་སྦྲེལ་རྟའི་སྟེང་གི་ཆ་འཕྲིན་རྣམས་མེ་ལོང་ངོས་ལ་བཏབ་པའི་ཧ་བཞིན་ཤུལ་མེད་དུ་ཡལ་ནས་སླར་གསོ་བྱར་མེད་པར་མ་ཟད། སོགས་ཡུན་ཀྱང་ལོ་ཉིས་བརྒྱ་ཙམ་ཡིན་ཟེར། པར་ཤིང་དང་དཔེ་ཆ་ལྟ་བུ་ཡིན་ཚེ་ལོ་ཉིས་སྟོང་ལའང་འཇོག་ཐུབ་པ་འདྲ། བོད་ཀྱི་བན་བོན་བཀའ་བསྟན་ལྟ་བུ་ནི་སྲིད་ན་དཀོན་པའི་ཕུལ་བྱུང་རིག་རྫས་ཡིན་ལ། དེ་དག་ལ་སྔོན་གྱི་པར་ཤིང་དང་པར་གཞི་མང་བོ་ཡོད་ཁར་དེང་སང་ལྷག་པར་འཕྲུལ་ཆས་ཀྱི་པར་འདོན་ལག་རྩལ་ལ་བརྟེན་པས་ཚར་སྟོང་ཕྲག་འགའ་རེ་པར་དུ་བསྐྲུན་ནས་འགྲེམ་སྤེལ་ཞུས་ཡོད་ཙ་ན་སྔོན་མ་ནང་བཞིན་འཇིགས་ཉེན་འབྱུང་བ་མིན་ཏེ། གནས་ག་གེ་མོ་ན་ཡོད་པའི་དཔེ་ཚོགས་ཚར་གཅིག་རྨེག་མེད་དུ་འགྲོ་ཉེན་ཡོད་ཀྱང་། གནས་མང་བོར་བཀྲམ་པའི་དཔེ་ཚོགས་རྣམས་ལ་འཇིགས་ཉེན་ལྷན་དུ་མི་འབྱུང་བའི་ཕྱིར།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་གནའ་བོའི་མཁས་མང་གི་གསུང་འབུམ་མང་བོ་ཞིག་པར་དུ་བསྐྲུན་ཟིན་ལ། རྙིང་མ་དང་། ས་སྐྱ། དགེ་ལུགས། བཀའ་བརྒྱུད་སོགས་ཀྱི་གྲུབ་མཐའ་རང་རང་གིས་བསྒྲིགས་པའི་རིག་གནས་བཅུའི་དཔེ་ཚོགས་དཔེ་སྐྲུན་འགྲེམ་སྤེལ་ཞུས་པར་མ་ཟད། དེང་གི་བརྩམས་ཆོས་ཀྱི་དཔེ་ཚོགས་དང་བསྡུས་དེབ་ཀྱང་རབ་དང་རིམ་པ་བྱས་ནས་མང་དུ་པར་སྐྲུན་འགྲེམ་སྤེལ་བྱས་པས་རིག་གནས་འཛུགས་སྐྲུན་ཐད་གྲུབ་འབྲས་ཕུལ་དུ་བྱུང་བ་བླངས་ཡོད་པ་ཡིན།
སངས་རྒྱས་ཀྱི་བཀའི་གླེགས་བམ་རིན་པོ་ཆེ་ཟེར་བ་གཙོ་བོ་ནང་དོན་དམ་པའི་གསུང་རབ་ཡིན་པས་རིན་ཐང་གཞལ་མེད་དུ་གྱུར་ལ། དེ་འདྲའི་གསུང་རབ་རྣམས་མཐིང་ཤོག་སྤུས་དག་ངོས་སུ་གསེར་དངུལ་ཞུན་མའི་ཡིག་གཟུགས་ཀྱིས་འབྱོན་པར་ཞུས་ནས་གླེགས་ཤིང་ཤོམ་ཆེན་སྒྱུ་རྩལ་མཛེས་རིས་ཀྱིས་མཚན་པ་ཅན་གྱི་བར་དུ་བཞུགས་པ་དག་གཙུག་ལག་གསེར་ཁང་དུ་གདན་འདྲེན་པའང་དད་གསུམ་འདྲེན་བྱེད་ལ་ཤིན་ཏུ་མཁོ་བ་དང་། བཞེང་བྱེད་རྒྱུ་ནོམ་གྱི་གཟི་བརྗིད་དང་དེ་ལ་འགྲོགས་པའི་ངོ་མཚར་སྒྱུ་རྩལ་ཡང་དད་པའི་སྤུ་ལོང་གཡོ་བྱེད་དང་། དང་བའི་མཆི་མ་ལྷུང་བྱེད་དུ་འགྱུར། དེ་ལྟ་ནའང་བསྐྲུན་དེབ་ཐམས་ཅད་གསེར་འོད་འཕྲོ་བ་དང་། དངུལ་མདངས་འཁྱུག་པ་ཁོ་ན་ཡིན་དགོས་པའི་འདོད་ཚུལ་འཛིན་མི་རུང་། དེབ་སྤུས་ལེགས་དང་དེབ་དཀྱུས་མ་གང་ལ་ཅི་མཁོ་བཞིན་དུ་འདོན་དགོས། ཕྱི་གླིང་ཡུལ་ཁམས་དག་ན་རྒྱུན་མཐོང་གི་དེབ་རྣམས་ནི་ཕལ་ཆེར་སྤུས་དག་ཅན་མང་བས་ང་ཚོས་ཀྱང་རྩོམ་སྒྲིག་འདུ་ཤེས་དུས་སྟུན་གྱིས་སྒྱུར་དགོས་པ་དང་། འཆར་འགོད་བསམ་གཞིག་སྔོན་ཐིངས་ཡིན་དགོས་པ། རྩོམ་སྒྲིག་ཐབས་རྩལ་མཐོར་འདེགས་བྱུང་ཡོད་པ། པར་སྐྲུན་སྒྱུ་རྩལ་གྱིས་ཁྱོགས་འདུག་པ་བཅས་ཡོང་བའི་རེ་བ་ཀློག་པ་བོ་ཀུན་གྱིས་འཆང་ངེས་པར་འདོད།
དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་ཚུན་དུ་བོད་ཀྱི་རིག་གནས་པའི་སྡེ་རུ་ཤུགས་རྐྱེན་ཆེ་བའི་མིང་མཛོད་འགའ་རེ་པར་དུ་བསྐྲུན་པ་ནི་མི་རྣམས་ཀྱི་དགའ་བ་དཔེ་མེད་འདྲེན་བྱེད་དུ་གྱུར། དེ་དག་ནི་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གི་ཐ་སྙད་ཁྲི་ལྔ་ལྷག་གི《བོད་རྒྱ་ཚིག་མཛོད་ཆེན་མོ》དང་། ཐ་སྙད་ཁྲི་བརྒྱད་ལྷག་གི《རྒྱ་བོད་ཤན་སྦྱར་ཚིག་མཛོད》། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི《དག་ཡིག་གསར་བསྒྲིགས》བཅས་རེད། གསུམ་པོའི་ནང་གི་སྔ་བ་ལ་དབུ་ཡིག་ཤན་སྦྱར་དུ་བཀོད་མེད་ཀྱང་སྐད་གཉིས་ཀྱི་དོན་འགྲེལ་ཅན་ཡིན་པས་དབུ་ཡིག་གི་ཁ་གཏད་ཀྱི་རྒྱ་ཡིག་ཐ་སྙད་ནི་གཉིས་རེ་བཀོད་ཡོད་པའང་རབ་ཅིག་ཡོད། བར་བ་ནི་སྐད་གཉིས་ཤན་སྦྱར་གྱི་མིང་མཛོད་ཅིག་ལས་དབུ་ཡིག་དུམ་ཚིགས་ལ་ཚང་དགོས་ངེས་ཀྱི་གྲུབ་ཆ་འགའ་ཚང་མེད་དེ། དུམ་ཚིགས་ཀྱི་གྲུབ་ཆ་རྣམས་རིམ་བཞིན་དབུ་ཡིག་དང་། དེའི་ཀློག་གདངས་མཚོན་ཐུབ་ཀྱི་སྒྲ་རྟགས། དེ་མིང་ཚིག་གམ། ཚབ་ཚིག བྱ་ཚིག་སོགས་ཀྱི་གང་ཡིན་གྱི་ཚིག་གཤིས་སམ་ཐ་སྙད་ཀྱི་ངོ་བོ། དེའི་དཔེར་བརྗོད་རྣམས་ནི་དབུ་ཡིག་དུམ་ཚིགས་ཀྱི་མེད་མི་རུང་གི་གྲུབ་ཆ་ཡིན། གཞན་ཡང་དེ་དག་གི་ཟུར་གཏོགས་ཀྱི་རྟགས་ཀྱང་མི་ཉུང་ཞིག་ཡོད་དེ། དཔེར་བརྗོད་ཀྱི་རྟགས་འདི▷མཐོང་བ་ཙམ་གྱིས་དབུ་ཡིག་གི་དཔེར་བརྗོད་ཡིན་པ་གོ རླབས་རིས་རྟགས་འདི~དབུ་ཡིག་གི་ཚབ་རྟགས་ཏེ། དབུ་ཡིག་ཅི་ཙམ་རིང་ཡང་རྟགས་ཐུང་ཐུང་དེ་ཙམ་གྱིས་ཡིག་མལ་མང་བོ་གྲོན་ཆུང་བྱས་ཡོད། ☞འདི་ནི་ཟུར་ལྟ་གྱིས་ཤིག་གི་བརྡ་སྟེ་ཟུར་ལྟའི་རྟགས་ཡིན། རྒྱ་ཡིག་ལ་ཀློག་གདངས་མཚོན་བྱེད་ཀྱི་སྒྲ་རྟགས་ཁ་ཚང་གཉིས་ཡོད་ཀྱང་སྤྱོོད་བཞིན་པ་ནི་ལཱ་ཏིན་ཡིག་གཟུགས་ལ་བརྟེན་ནས་གྲུབ་པའི་དེང་གི་སྒྲ་སྦྱོར་ཡི་གེ་དེ་ཡིན། སྔོན་གྱི་སྒྲ་རྟགས་རྙིང་བ་དེ་རྒྱ་ཡིག་གི་དེང་གི་སྒྲ་སྦྱོར་ཡི་གེའི་རེའུ་མིག་དང་དབྱངས་གསལ་ངོས་འཛིན་གྱི་དབྱེ་བའི་སྐབས་སུ་མ་གཏོགས་སྤྱོད་ཀྱིན་མེེད། བོད་ཡིག་ལ་དེ་འདྲའི་སྒྲ་རྟགས་ཀྱི་མཁོ་བ་ཡོད་ཀྱང་ད་དུང་གསར་སྐྲུན་དང་གཏན་འཁེལ་བྱས་མེད། དེ་ཡང་། ཨ་བྷི་ས་མ་ཡ(མངོན་པར་རྟོགས་པ)། ཨ་ལཾ་ཀ་ར(རྒྱན)། ཨུ་པ་དེ་ཤ(མན་ངག)ལྟ་བུ་ནི་ལེགས་སྦྱར་སྐད་བོད་ཡིག་ཤེས་པ་རྣམས་ཀྱིས་ཀློག་ཐུབ་པའི་དབྱངས་གསལ་མ་ལག་ཁ་ཚང་ཞིག་ཡོད་པ་དེ་ཡིན། དེ་ནི་ལེགས་སྦྱར་སྐད་ཡིན་ཀྱང་དེའི་ཡི་གེ་མ་ཡིན། བོད་ཡིིག་ཡིན་ཀྱང་དེའི་སྐད་མ་ཡིན། དེ་བཞིན་དུ་ཀློག་གདངས་མཚོན་བྱེད་ཀྱི་སྒྲ་རྟགས་དངོས་ཀྱང་མ་ཡིན། དེའི་ཕྱིར་སྒྲ་རྟགས་དངོས་ཤིག་མཁོ་ཚེ་ད་ལྟ་ད་དུང་རྒྱལ་སྤྱིའི་སྒྲ་རྟགས་དེའི་ཚབ་ཏུ་སྤྱོད་པ་ལས་འོས་མེད། དབྱིན་ཡིག་ལ་ཡུལ་སྐད་དག་གི་སྒྲ་གདངས་མཚོན་བྱེད་དུ་རྒྱལ་སྤྱིའི་སྒྲ་རྟགས་ཀྱིས་གོ་ཆོད་ཀྱིན་ཡོད། དེས་དབྱིན་ཇུ་དང་། ཨ་རི། ཨོ་སི་ཏྲོའུ་ལི་ཡ་སོགས་ཀྱི་ཀློག་སྟངས་མི་འདྲ་བ་རྣམས་མཚོན་ཐུབ་ཀྱིན་ཡོད།
དེང་སང་དག་ཡིག་གམ་མིང་མཛོད་ཀྱི་རིགས་བགྲང་ཡས་པ་ཞིག་བསྐྲུན་ཅིང་སྤེལ་ནས་དཔེ་ཆའི་ཚོང་ཁང་རྣམས་བཀང་ཡོད། དེ་དག་ཏུ་འཁོད་པའི་ཐ་སྙད་ཀྱི་གྲངས་ཀ་མང་ཉུང་ཅི་རིགས་ཡིན་ཅིང་། དེ་དག་ལས་སྤུས་ཀ་ཡག་པོ་རྣམས་ལ་ཟུར་ལྟའི་རིན་ཐང་བདོག་པ་སྨོས་ཅི་འཚལ། བོད་ཡིག་གིས་བསྐྲུན་པའི་ཡོ་བྱད་དཔེ་དེབ་ནི་ཕལ་ཆེར་སྐད་ཡིག་ལ་སྤྱོད་པའི་ཡོ་བྱད་དཔེ་དེབ་བམ་འཚོལ་བྱེད་དཔེ་དེབ་ཡིན་ལ། དཔེར་ན་བཀའ་འགྱུར་དཀར་ཆག་ནི་གཞུང་དམིགས་བསལ་པ་རེ་འཚོལ་བྱེད་ཡིན་པ་དང་། གསོ་རིག་མིང་མཛོད་ནི་གསོ་བྱེད་གསོ་ཐབས་སོགས་དམིགས་སུ་བསལ་པ་རེ་འཚོལ་བྱེད་ཀྱི་ཡོ་བྱད་ཡིན་པ་ལྟ་བུས་མཚོན། རྗེས་གྲུབ་ཀྱི་མིང་དེའི་གྲུབ་སྟངས་ནི་ཡོ་བྱད་དུ་གྱུར་པའི་དཔེ་དེབ་སྟེ། དེའི་སྐྱེས་བུའི་སྡུད་པ་ཡིན་ལ། བསྡུས་རྗེས་བདག་ཉིད་གཅིག་པའི་འབྲེལ་བར་གྲུབ་བོ། །སྐད་ཡིག་མིང་མཛོད་ནི་ཡོ་བྱད་དཔེ་དེབ་མང་བོ་ཡོད་པའི་ནང་གི་རིགས་ཤིག་ཡིན། བོད་ཡིག་ལ་མིང་མཛོད་ལེགས་པོ་མང་རབ་ཅིག་བདོག་ཀྱང་དེང་རབས་མིང་མཛོད་རིག་པའི་ཚད་གཞིས་བཅལ་ན་ལོང་དགོས་ཚད་ཕལ་ཆེར་ལོངས་འདུག་པ་ནི《དེང་རབས་བོད་སྐད་ཤན་སྦྱར་མིང་མཛོད》དེ་དམངས་ཁྲོད་དུ་མཁན་པོའི་དག་ཡིག་ཅེས་པ་དེ་ཡིན། དེའི་རྩོམ་སྒྲིག་ཞུ་དག་གི་སྤུས་ཀའང་ལེགས་ཤོས་རྣམས་ཀྱི་ནང་གི་གཅིག་ཡིན་པར་སྙམ།
ཁོར་ཡུག་གི་ཡུལ་ལྗོངས་ངོ་མཚར་ཡང་། ནམ་ཟླ་གནམ་གཤིས་ཤིན་ཏུ་དམིགས་བསལ་ཅན་ཡིན་པ། ཡུལ་གྲུའི་རྒྱ་ཁྱོན་ཡངས་ལ་གཏེར་དངོས་ཕུན་སུམ་ཚོགས་པ་ཡོད་ཀྱང་འབྱོར་ཕྱུག་ལྡན་པར་འཕེལ་མ་ཐུབ་པ། མི་རྣམས་རིག་པ་གསལ་ཞིང་དཔའ་རྩལ་ཆེ་ཡང་མི་ཆོས་རིག་གནས་ཀྱི་འཕེལ་སྟངས་དེ་མི་རིགས་རང་ལ་ཡོད་ཆོག་གི་བཟང་བོའི་གནས་ཚུལ་མ་ཤར་པ་སོགས་ནི་དཔལ་སྤྲུལ་རིན་པོ་ཆེས་གསུངས་པའི་རྩོལ་བ་ཆེན་པོར་མ་བསྟེན་ཀྱང་འཚོ་ཚིས་ལ་སྡུག་མི་དགོས་པ་ནི་རང་བྱུང་ཁོར་ཡུག་བཟང་བོ་ཡུལ་ཁམས་གཞན་གྱི་མི་རྣམས་འགྲམ་ཆུ་ལྡང་འགྲོ་བ་རྐྱང་རྐྱང་ཡོད་པས་ཡིན་ལ། རང་བྱུང་ཁོར་ཡུག་གི་ཆ་རྐྱེན་བཟང་བས་འཚོ་རྟེན་ལས་སླ་མོར་ལོན་ན་འབད་འབུང་གི་དབལ་ཡང་ངང་གིིས་ཉམས་འགྲོ་བ་བྱ་དངོས་རྣམས་ཀྱི་ཆོས་ཉིད་རེད། སའི་དགེ་བཅུ་ཡོངས་སུ་ཚང་ན་སྒྱིད་ལུག་སྟེ་ལེ་ལོའི་དབང་དུ་འགྱུར་བའང་ངང་གཤིས་ལྟ་བུར་མཐོང་། དམ་ཆོས་དགེ་བ་བཅུས་མི་རྣམས་ཡ་རབས་སྤྱོད་བཟང་དང་། འདོད་ཆུང་ཆོག་ཤེས་ཀྱི་ལམ་དུ་དྲངས་པས་ཀྱང་དཔལ་འབྱོར་སྤེལ་བའི་བློ་ཁ་ཅུང་ཙམ་གཉོམ་དུ་བཅུག་པ་ཡིན་སྲིད། ཡིན་ནའང་། བདེ་བའི་མཆོག་ནི་སེམས་སྐྱིད་པ་དང་། །ནོར་གྱི་མཆོག་ནི་སྦྱིན་པའོ། །ཞེས་པ་ལ་སོགས་པའི་ལེགས་བཤད་ཀྱིས་སློབ་གསོའི་རྨང་གཞི་གཏིང་ཚུགས་བྱུང་བས་མི་རྣམས་ཀྱི་བསམ་བློའི་རིག་གནས་ཀྱི་ཆུ་ཚད་ནི་མི་དམན་པ་རེ་ཡོད་པ་ཡིན། གོང་དུ་སྨོས་པ་ནི་སྤྱི་ལོ་གཅིག་དགུ་ཞེ་དགུ་ཡི་ཡར་སྔོན་གྱི་གནས་སྟངས་ཤིག་ཡིན་ལ། བཅིངས་འགྲོལ་རྗེས་ནས་དམངས་ཁྲོད་དུ་ཡིག་རྨོངས་སེལ་བའི་འགུལ་སྐྱོད་བསླངས་ཤིང་། དེ་དང་བསྟུན་ནས་སློབ་ཆུང་མང་བོ་ཚུགས་པས་སློབ་གསོ་ཁྱབ་གདལ་དུ་གཏོང་བའི་མགོ་བརྩམས་པ་དང་། དེ་ནས་རིམ་བཞིན་སློབ་འབྲིང་སློབ་ཆེན་འགྲིམ་པའི་གོ་སྐབས་བྱུང་། དུས་རིམ་གསར་བའི་ཤེས་ཡོན་ཅན་སྐོར་དང་སྐོར་བྱས་ནས་སློབ་མཐར་ཕྱིན་ཏེ་སྤྱི་ཚོགས་སུ་བོད་རྒྱ་སྐད་གཉིས་སྨྲ་བའི་ཡོན་ཏན་པ་མི་ཉུང་བ་ཞིག་བྱུང་། དེར་མཐུད་ནས་རྩིས་དངོས་རྫས་གསུམ་དང་ས་རྒྱུས་ལོ་རྒྱུས་སོགས་ཀྱང་བོད་སྐད་བོད་ཡིག་གིས་འཁྲིད་ཐུབ་པར་གྱུར། བོད་ཡིག་གི་སློབ་གསོའི་དུས་དེབ་ཀྱང་འགའ་རེ་སྤེལ་ཡོད། དེ་ལྟར་འཕེལ་ནས་དུས་རབས་ཉེར་གཅིག་པའི་ལོ་རབས་ཉི་ཤུ་བར་སླེབས་པ་ན་རིག་གནས་སློབ་གསོ་དང་། དམངས་འཚོ་དཔལ་འབྱོར། སྡོད་ཁང་ལེགས་སྐྲུན། གཞུང་ལམ་དྲ་སྦྲེལ། སྒྲིག་གཞི་གསར་སྐྲུན། ཞིང་ཕྱུགས་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན། སྦྲགས་སྲིད་འཕྲིན་སྐྱེལ། དགོན་སྡེའི་འཕེལ་རྒྱས། བཙུན་པའི་འཆད་ཉན་སོགས་ཀྱི་ཐད་དུ་སྔོན་བྱུང་མ་མྱོང་བའི་རྣམ་པ་གསར་བ་ཤར་པ་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོ་ལ་བརྟེན་ནས་བྱུང་བ་ཡིན།
དེང་གི་དུས་སུ་སླེབས་པ་ན་བོད་གངས་ཅན་གྱི་ལྗོངས་སུ་ང་ཚོར་མཇལ་དུ་ཡོད་པ་ནི་རྒྱལ་བའི་གསུང་རབ་དང་། དེ་ལས་གཙོ་བོར་ཐེག་ཆེན་གྱི་ཆོས་དར་བ་དང་། གྲུབ་མཐའ་ནི་དབུ་མ་ཐལ་འགྱུར་བའི་གཞུང་ལྟར་སྨྲ་མཁན་གྱིས་གྲུབ། དེ་བས་ན་བོད་ཀྱི་གྲུབ་མཐའ་སྟེ་བོན་ཐེ་བའི་བརྒྱད་པོ་ནི་དབུ་མ་ཐལ་འགྱུར་བའི་ནང་གི་བྱེ་བྲག་དག་ཏུ་གྱུར་པ་དངོས་ཀྱིས་གྲུབ། གྲུབ་མཐའ་བཞི་ཡི་དབྱེ་བ་དེ་སངས་རྒྱས་ཀྱིས་མཛད་པ་མ་ཡིན་ཅེས་མཁས་གྲུབ་རྗེ་ཡིས་གསུངས་པ་ཐུགས་ཡུས་པར་སེམས། གྲུབ་མཐའ་གོང་མ་གཉིས་ཀྱི་ཤིང་རྟའི་སྲོལ་འབྱེད་ཀླུ་ཐོགས་གཉིས་ཞེས་གྲགས་པའང་ཁོང་རྣམ་པ་གཉིས་ཀྱིས་དེང་ནས་བཟུང་གྲུབ་མཐའ་དེ་དང་དེའི་གཞི་བཙུགས་པ་ཞེས་མི་གསུང་བའི་ཕྱིར། དེ་བཞིན་དུ་གཞུང་ལུགས་རྒྱ་ཆེན་གྱི་བརྒྱུད་ཁུངས་ཆ་ཚང་བ་མཛད་པ་ཡོད་ཀྱང་རྗེ་ཙོང་ཁ་བས་དེང་ནས་བཟུང་དགེ་ལུགས་པའི་གྲུབ་མཐའ་ཚུགས་པ་ཡིན་ཅེས་གསུང་ཨེ་སྲིད། གང་གིས་བཏབ་པའི་དགོན་སྡེ་དག་དང་དེ་དག་ཏུ་བཞུགས་པའི་ཁོང་གི་རྗེས་འབྲང་བ་དག་དང་གྲུབ་མཐའ་གཞན་པའི་གཙོ་མཛད་རྣམས་ཀྱིས་གྲུབ་མཐའ་ག་གེ་མོ་ཞེས་བཏགས་ཏེ་བོས་པའི་མཚན་དེ་ལྟར་ཐོགས་པར་འདོད། དབུ་མ་ཐལ་འགྱུར་བ་ཡིན་ན་དབུ་མ་བ་ཡིན་པས་ཁྱབ་ཀྱང་། དབུ་མ་བ་ཡིན་ན་དབུ་མ་ཐལ་འགྱུར་བ་ཡིན་པས་མ་ཁྱབ། སངས་རྒྱས་པ་ལ་བཞི་བ་དང་། །ལྔ་བ་ཐུབ་པའི་དགོངས་པ་མིན། །ཞེས་འདིའི་དགོངས་པ་ནི་དབུ་མ་བ་ཞེས་གདགས་ཆོག་གི་དོན་ཅན་སངས་རྒྱས་ཀྱི་གསུང་ན་ཡོད་པ་ཙམ་ལས་ཚིག་གསལ་དུ་དབུ་མ་བའི་མཚན་གསུངས་ཡོད་ཅེས་པ་མ་ཡིན། སྐབས་འདིར་འཕྲོད་པའི་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུང་བསྟན་ནང་དུའང་ཡོད་དང་མེད་པའི་ཕྱོགས་འཇིག་ཅེས་པ་དབུ་མའི་ལྟ་བ་གསལ་བར་འགྲེལ་བའི་དོན་ཡིན། རུའུ་ཧྲི་ཏོ་ནི་རྒྱའི་གནའ་རབས་རིག་གནས་འགྲུབ་བྱེད་གལ་ཆེན་གསུམ་ཡིན་ཟེར་ལ། དེའི་སྔ་ཕྱི་གཉིས་ནི་དང་ཐོག་ཆོས་ལུགས་ཀྱི་བསྟན་བཅོས་མ་ཡིན་ཅིང་། ཁུང་ཙི་ལའོ་ཙི་རྣམ་གཉིས་ཀྱང་ཆོས་ལུགས་ཀྱི་སྟོན་པ་མ་རེད། སྔ་བའི་ལུང་དབྱི་ནི་མི་ཆོས་གནས་ལུགས་སྟོན་པའི་གསུང་སྒྲོས་རྐྱང་རྐྱང་ཡིན་པ་དང་། ཕྱི་མའི་གསུང་གྲགས་ཆེན་ཏོ་ཏེའི་བསྟན་བཅོས་ནི་གཞུང་ཤིང་མི་ཆོས་ཡིན་ལ་སྙིང་བོ་མཚན་ཉིད་རིག་པར་གྱུར་ཡོད། སློབ་མའི་མཚན་དགེ་རྒན་གྱི་སྔོན་ལ་བཞུགས་སུ་གསོལ་བ་ནི་ཁུང་ཙི་གཞུང་ཕྱོགས་ཀྱིས་བླ་རུ་བཀུར་པ་དང་དམངས་ཁྲོད་དུའང་གྲགས་ཆེ་བ་དང་། ལའོ་ཙི་ནི་སྲིད་ལ་མི་ཞུགས་དམངས་ལ་མི་འདྲེ་བས་ཡིན་སྲིད། དེའི་ཕྱིར་གྲུབ་མཐའི་མིང་ནི་ཕལ་ཆེར་གཞུང་ལུགས་གྲགས་ཆེན་འགའ་རེའི་རྗེས་འབྲང་བ་དག་གིས་རང་ཉིད་དད་པའི་སློབ་དཔོན་གྱི་གཞུང་ལུགས་འགྲེལ་བ་འགྲེལ་བཤད་ཀྱིས་དར་རྒྱས་སུ་བཏང་བ་ལ་བརྟེན་ནས་ཐོགས་པ་ཡིན་འདུག ཆོས་ཀྱི་བསྟན་བཅོས་མ་ཡིན་བཞིན་དུ་དེ་དག་ལ་བརྟེན་ནས་ཆོས་ལུགས་གྲུབ་མཐའ་རུ་གྲུབ་པ་ནི་རུའུ་ཏོ་གཉི་ག་ཡིན་ལ། གལ་ཏེ་དད་སེམས་འཁོར་ལུགས་མ་འདྲ་བ་དང་ཡིད་རྟོན་བྱེད་སྟངས་མ་མཚུངས་ཚེ་མར་ལེ་རིང་ལུགས་ལ་བརྟེན་པའི་ཆོས་ལུགས་ཤིག་མི་འབྱུང་བའི་ངེས་པའང་མེད་པ་འདྲ། གོང་གི་རུའུ་ཧྲི་ཏོ་ལས་ཧྲི་ནི་ཤཱཀྱ་ཐུབ་པའི་མཚན་ཟུར་ལས་ཐོན་ཅིང་སྐབས་འདིར་ཐུབ་བསྟན་ལ་གོ་དགོས།
གོང་གི་གླེང་སློང་བའི་འཕྲོས་བཤད་དེ་འདྲ་ཞིག་འབྱུང་དགོས་དོན་ནི་ངས་བོད་ན་ཆོས་ལུགས་གཅིག་དང་དེའི་གྲུབ་མཐའ་ཡང་གཅིག་མ་གཏོགས་མེད་ཀྱི་ཞེས་བླ་མ་སྤྲུལ་སྐུ་དང་། མཁན་པོ་སློབ་དཔོན། དགེ་བཤེས་མཁས་པ། ཆོས་དཔོན་རིག་འཛིན་རྣམས་ལ་ཞུས་པ་ལགས་ཤིང་། དེ་ཡང་མཐུན་སྒྲིལ་ལེགས་པོ་ཞིག་འབྱུང་བའི་ཆེད་དུ་ཡིན། ས་ཕྱོགས་འཐེན་ཁྱེར་གྱི་མཐར་མི་བུད་པར་འདུག་པ་ནི་ཕུང་དཀྲུག་ནག་པོའི་གཞི་མར་འགྱུར་བ་དང་། དགོས་འོས་མེད་པའི་གྲུབ་མཐའི་ཕྱོགས་ཞེན་ནི་འཁོན་འགྲས་དེངས་མེད་ཀྱི་རྩ་བར་གྱུར་ནས་ང་ཚོའི་ཐུན་མོང་ལ་ཤིན་ཏུ་གནོད་ཀྱིན་ཡོད་པ་ཧ་གོ་དགོས། སྐབས་འགར་ང་ཚོ་སྐོབས་སུ་ལྷུང་སྟེ་ཕུང་ལ་སྦྱར་པ་རང་ཉིད་ལན་པ་ཁོ་ན་ཡིན། ཕྱོགས་གང་ཐད་ནས་རྗེས་ལུས་ཡིན་པ་ཚོར་གྱིན་མེད་པ་རང་སྐྱོན་རང་གིས་མ་རྟོགས་པའི་འབྲས་བུ་ཡིན། ང་ཚོར་ནང་ཁུལ་དུ་མཐུན་སྒྲིལ་མེད་ན་མི་རིགས་གཞན་ལའང་མཐུན་སྒྲིལ་བྱེད་དཀའ་བ་ཡིན། རང་ཉིད་ཀྱིས་ཅང་ནུས་ཀྱིན་མེད་པའི་གནས་སྐབས་སུ། ཆོལ་གསུམ་ནང་ཁུལ་དུ་ཕན་ཚུན་ཅ་འབྱིད་བྱེད་པ་ནི་ཁ་དཔེར། “གཅེར་བུས་གཅེར་བུ་བདའ(དེད)། གཅེར་བུ་མཐའ(གཡང་ས)ལ་འཕངས”ཞེས་པ་དང་ཡོངས་སུ་མཚུངས།
ད་ལྟའི་བོན་དང་སངས་རྒྱས་ཀྱི་ཆོས་གཉི་གར་ངོ་བོའི་ཆ་ན་ཁྱད་པར་ཅི་ཡང་མི་འདུག ཆོས་ཀྱི་སྡོམ་བཞི་དང་། བདེན་པ་བཞི། བདེན་པ་གཉིས། རྟེན་འབྲེལ་བཅུ་གཉིས། གཞི་ལམ་འབྲས་གསུམ། ཕྱིན་དྲུག་བསྡུ་བཞི། ས་བཅུ་ལམ་ལྔ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལ་སོགས་ཀྱི་བསྟན་བྱ་གཅིག་ཉིད་རེད། རྗོད་བྱེད་ཀྱི་དབང་དུ་བྱས་ན་མི་འདྲ་བ་ཡོད་པ་དཔེར་ན། གཤེན་རབ་ཀྱི་བདེན་པ་བཞི། གཡུང་དྲུང་གི་ས་བཅུ། ཞེས་ཚིག་གི་ཁྱད་ཆོས་མི་འདྲ་ཡང་དེ་དག་གི་ཁྱད་གཞི་ཐད་བན་བོན་གཉིས་ལ་སྐྲ་ཉག་བརྒྱ་གཤགས་ཀྱི་ཆའི་ཁྱད་པར་ཡང་ཡོད་པ་མ་ཡིན། གསེར་དངུལ་ཟངས་ལྕགས་དང་ཅིན་ཡིན་ཐོང་ཐྱེ་ཞེས་སྐོར་སྔ་བའི་ཐ་སྙད་དེ་དག་གིས་རིམ་བཞིན་ཅི་དང་ཅི་བསྟན་པ་སྐོར་ཕྱི་མའི་དེ་དག་གིས་ཀྱང་རིམ་བཞིན་དེ་དང་དེ་བསྟན་པ་ཁོ་ན་སྟེ། ངའི་གསེར་ནི་རིན་ཆེན་དང་བོ་ཡིན་ལ་ཁྱོད་ཀྱི་ཅིན་ནི་དེ་མིན་ཟེར་སྲོལ་ག་ལ་ཡོད། དེ་ནི་མངོན་སུམ་ལ་བསྙོན་འདིང་བ་ལས་ཅང་མ་ཡིན་པའི་ཕྱིར། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་ལ་ཡང་། །ངན་འགྲོར་ལྟུང་བ་མ་ཡིན་ནོ། །ཞེས་པའི་ཤོལ་ག་དེ་ཐད་སྒྱུར་གྱིས་དབྱིན་ཡིག་ཏུ་ཕབ་པ་ཚིག་སྐྱོན་དོན་སྐྱོན་དང་བྲལ་ནའང་དེ་བོད་ཡིག་མིན་པས་ངས་ཁས་མི་ལེན་ཟེར་ན། བོད་ཡིག་གི་བཀའ་བསྟན་གཉིས་ཀྱང་སངས་རྒྱས་ཀྱི་ལུང་རྟོགས་བསྟན་པ་མ་ཡིན་པར་ཐལ། ལེགས་པར་སྦྱར་པ་སཾ་སྐྲྀ་ཏའི་སྐད་དུ་མི་གནས་པའི་ཕྱིར། ད་ནི་ཁོ་ལ་ཆོས་སྤོང་གི་ཉེས་པ་འཁུར་དུ་འཇུག་པ་ལས་ཅི་བྱར་ཡོད། བོད་ཀྱི་མཁས་པ་སྐོར་ཞིག་གིས་བོན་གྱི་གླེགས་བམ་ཤོག་ལྷེ་གཅིག་ཀྱང་བསྒྱུར་མ་མྱོང་བར་བོན་ལ་ཁ་གཏོང་ན་ཆོས་སྤོང་གི་ཉེས་པ་འབྱུང་གིས་དོགས། ༄༅། །གཙང་མ་ཀླུ་འབུམ་དཀར་བོ་གཡུང་དྲུང་ཐེག་པ་ཆེན་པོའི་མདོ་བཞུགས་སོ། །ཞེས་པའི་བོན་གྱི་གསུང་རབ་འདི་གཅིག་པུ་ཙམ་ཞིག་བོད་ཀྱི་གྲུབ་མཐའ་གཞན་གྱི་གཟུར་གནས་མཁས་པ་འགའ་རེས་གཟིགས་ཡོད་པའི་དབང་དུ་བཏང་ནའང་གཏན་ནས་འགོག་མི་རུང་བ་དག་བཀག་འདུག་པ་རྟོགས་ན་ནོངས་འགྱོད་ཀྱིས་ཐུགས་མི་བདེ་བར་གྱུར་ནས་བཞུགས་མི་ཚུགས་པ་ཞིག་འབྱུང་ངེས་སྙམ། “ཐེག་པ་ཆེན་པོའི་མདོ”ཞེས་ཚིག་གི་ནང་དུ་མངོན་གསལ་དུ་འཁོད་ཡོད་པ་དང་། ཐེག་ཆེན་ཞེས་པས《ཤེར་ཕྱིན》ལྟ་བུའི་གསུང་རབ་ཡིན་པ་བསྟན་ཅིང་། 《མདོ》ཞེས་པས《སྔགས》མ་ཡིན་པར་གསལ། འབུམ་དེའི་བརྗོད་བྱའི་སྙིང་བོའང་ཕྱིན་དྲུག་བསྡུ་བཞི་དང་། ས་བཅུ་ལམ་ལྔ་རེད། དེའང་བན་བོན་གཉི་ག་མི་གཅིག་པ་མ་ཡིན་པར་དཔེར་ན་ལྷ་ཁང་གི་གདུང་འདེགས་དང་ས་ཁང་གི་ཀླད་འགྱོགས་ཀྱིས་བསྟན་དོན་མཚུངས་ཏེ་ཀ་བ་མ་གཏོགས་གཞན་དུ་འགྲེལ་མི་འགྲོ་བ་ནང་བཞིན་རེད། གཅིག་ཅིག་ཤོས་ལ་གསལ་ཆ་མེད་པས་གོ་བ་ལོག་པ་མང་སྟེ། དེང་གི་རྒྱ་གར་བ་སྐོར་ཞིག་གི་སྣང་ངོར་ཀྲུང་གོོ་བའི་འཚོ་བའི་ཁོར་ཡུག་དང་དངོས་པོའི་ཆ་རྐྱེན་ལོ་བཞི་བཅུའི་སྔོན་དང་མཚུངས་སོ་སྙམ་གྱིན་ཡོད་པ་རེད། དེ་ནི་ཁོ་ཚོར་དེང་གི་ཀྲུང་གོ་ལ་ཆ་རྒྱུས་རྩ་བ་ནས་མེད་པའི་རྒྱུ་མཚན་ཁོ་ནས་བྱས་པར་གསལ།
སྟོན་པས། ང་ཡི་ཆོས་ཚུལ་རྣམ་གཉིས་ཏེ། །བསྟན་པ་དང་ནི་གྲུབ་མཐའ་འོ། །བྱིས་པ་རྣམས་ལ་བསྟན་པ་བཤད། །རྣལ་འབྱོར་བ་ལ་གྲུབ་མཐའ་འོ། །ཞེས་གསུངས་པས་ཅི་ཡིན་ཧ་ཅང་གསལ། བྱིས་པ་རྣམས་ཀྱིས་གྲུབ་མཐའ་མི་ཤེས་བཞིན་དུ་རྩོད་དོ་ཟེར་ན་མཇུག་འབྲས་ཅི་འབྱུང་ཡང་ཕལ་ཆེར་མི་གོ་བ་མི་འདུག་སྙམ། བདེན་དོན་ཞིག་ཇེ་གསལ་དུ་གཏང་ཆེད་ཚད་ལྡན་ཚུལ་མཐུན་དུ་བརྩད་ན་ལེགས་མོད། རྨོངས་པའི་དབང་གིས་བདེན་བྲལ་ཕྱོགས་ཞེན་དུ་གྱུར་པ་དང་། ཕྱོགས་རིས་སུ་སོང་ནས་ཞེ་སྡང་གིས་དོན་མེད་དུ་རྩོད་པར་གྱུར་ན། ཀུན་མཁྱེན་བུས་གསུངས་པ་ནང་བཞིན། རང་ཉིད་གྲགས་འདོད་ཕ་རོལ་དམའ་འབེབས་འདོད། །གཡོ་སྒྱུའི་རྩོད་པ་ཚིག་རྩུབ་ངན་སེམས་ཅན། །ངག་འཆལ་སྣ་ཚོགས་སྨྲ་བས་གཞན་རྒྱུད་སྲེག །ད་ལྟའི་རྩོད་པ་འདི་ཡང་དམྱལ་བའི་རྒྱུ། །ཞེས་རང་གཞན་གཉི་ག་ཕུང་བྱེད་དུ་འགྱུར་གྱིས་དོགས། མི་སྤྱིར་བཏང་བ་དག་གིས་གྲུབ་མཐའ་རྩོད་ནུས་མ་ཡིན་ཏེ། རྨོངས་པ་དང་ཞེན་ཕྱོགས་ཀྱིས་སྡང་བ་འཕེལ་ནས་རང་ཕུང་གཞན་བརླགས་ཀྱི་གནས་སུ་སྐྱེལ་བའི་ཕྱིར། རྒྱུད་ལ་བྱང་སེམས་གོམས་པ་མེད་ན་བརྩད་འབྲས་ལེགས་པོ་དེ་འབྱུང་དཀའ། དེ་བས་གཤམ་གསལ་གསུང་སྒྲོས་དག་གི་དགོངས་པའི་མཐིལ་རྟོགས་ཤིང་ཡིད་ལ་གཤགས་གཤགས་སུ་ཡོད་པ་ཞིག་བྱུང་ན་འགྲན་སེམས་བརྣག་སེམས་ཞི་སྟེ་རྒྱུ་བཅིལ་པའི་ཕྱིར།
སློབ་དཔོན་པདྨ་འབྱུང་གནས་ཀྱིས། སྔོན་ཚེ་བསྐལ་བཟང་སངས་རྒྱས་ཐམས་ཅད་དང་། །ད་ལྟའི་སྟོན་པའི་སྐུ་གསུང་ཐུགས་ཀྱི་བསྟན། །ཅི་གསུངས་ཐམས་ཅད་འགྲོ་དོན་ཡིན་པའི་ཕྱིར། །བོན་དང་ཆོས་ཞེས་བྱ་བ་ག་ལ་ཡོད། །མཉམ་པར་མི་འཇོག་ཕྲག་དོག་རྩོད་པ་འདི། །མཐར་ཐུག་བོད་ཡུལ་འཕུང་བའི་གཞི་རུ་འགྱུར། །ཞེས་དང་། དཔལ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས། བོན་ཆོས་གཉིས་ཀ་སངས་རྒྱས་བཀའ། །སངས་རྒྱས་བཀའ་ལ་སྨད་པ་དང་། །བདེན་པ་ཁྱད་དུ་བསད་པ་ནི། །ཤན་པ་གྲི་ཐོགས་པས་ཀྱང་ཐུ། །ཞེས་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ཚང་གིས། ཆོས་དང་བོན་ཞེས་བརྗོད་པ་ཐ་དད་ཀྱང་། །གདུལ་བྱ་འདུལ་བའི་ཐབས་སུ་ངོ་བོ་གཅིག །ཐ་དད་ཀླུང་དུ་འབབ་པའི་ཆུ་བོའི་རྒྱུན། །རྒྱ་མཚོ་ཆེན་པོར་དབྱེ་བ་མེད་པ་བཞིན། །ཞེས་དང་། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་ཚང་གིས། བོན་ཆོས་མཁའ་གསལ་ཉི་ཟླ་འདྲ། །ཁྱད་གསོད་བྱེད་པ་སྒྲ་གཅན་འཛིན། །བསྟན་པ་གཉིས་ལྡན་དཔྲལ་བའི་མིག །གཅིག་མེད་གཅིག་ལས་ལྷག་མི་འགྱུར། །ཞེས་དང་། དཔྲ་སྟོན་པཎྜི་ཏས། གང་ན་རྨོངས་པའི་འཁྲི་ཤིང་ཚང་ཚིང་དུ། །ཅི་དགར་ཉལ་བའི་བློ་ཆུང་རི་བོང་ཚོགས། །བོན་ཆོས་འོལ་ཅིའི་ཅལ་སྒྲ་ཐོས་ཙམ་གྱིས། །ཕྱོགས་བཞིར་རྒྱུགས་པ་དམ་པའི་ཚུལ་མ་ཡིན། །ཅེས་གསུངས་པ་སོགས་བན་བོན་ཐད་དུ་སྐད་ཆ་ཅུང་ཙམ་འཆད་འདོད་ཡོད་པའི་མཁས་བླུན་བར་མ་དག་གིས་མཐོང་ཐོས་སུ་གྱུར་ཡོད་ཚེ་གྱེར་ཞི་དྷརྨ་དམ་ཆོས་གསུམ་ག་ངོ་བོ་མི་གཅིག་གོ་སྙམ་ནས་གཞན་དང་གཞན་དུ་འགྲེལ་བར་མི་འགྱུར། གྲུབ་མཐའ་ཁག་ནང་གཙང་ཐུགས་མཐུན་ཡོང་སྟེ་དད་ལྡན་མང་ཚོགས་རྣམས་འཆམ་མཐུན་གྱི་ལམ་དུ་མདུན་སྐྱོད་ཀྱི་གོམ་པ་མཉམ་མྱུར་འབྱུང་བའི་སྨོན་ལམ་རྣམ་དག་བཏབ་པ་ཙམ་ཡིན།
སྤྱིར་བན་བོན་གཉི་ག་སངས་རྒྱས་ཀྱི་བསྟན་པ་ཡིན་ཅེས་པ་ངོ་བོའི་ཆ་ནས་བརྗོད་པ་དང་། བརྗོད་བྱ་རྗོད་བྱེད་ཀྱི་རྣམ་པའི་ཆ་ནས་མི་འདྲ་ས་སྐོར་ཞིག་ཡོད་པ་དང་། བཀའ་བསྟན་དང་བཀའ་བརྟེན་ཞེས་མི་འདྲ་བ་དང་། དེ་གཉིས་ཀྱི་པོད་གྲངས་མང་ཉུང་ལ་ཁྱད་ཆེ་བ་དང་། སྐུ་གསུམ་གྱི་མཚན་མི་འདྲ་སྟེ། བོན་སྐུ་ཀུན་ཏུ་བཟང་བོ། རྫོགས་སྐུ་གཤེན་ལྷ་འོད་དཀར། སྤྲུལ་སྐུ་གཤེན་རབ་མི་བོ་ལྟ་བུ་རེད། དཔང་ལོ་ཆེན་པོའི་གསུང་ལས་གཤམ་ལྟར་འབྱུང་། མཁས་པ་ཉི་མའི་འཕྲིན་ལས་ལ། །སྲིན་བུ་མེ་ཁྱེར་ལྟ་བུ་ཡིས། །མཁས་འདོད་བྱ་བར་མི་རིགས་ཀྱང་། །བསམ་པ་དག་ཕྱིར་སྐྱོན་མེད་སྙམ། །
བོན་གྱི་གྲུབ་མཐའ་འདི་གཞན་དང་བསྡུར་ན་དགོན་པའི་གྲངས་དང་གྲྭ་བའི་གྲངས་ཉུང་ལ། ལྷ་འབངས་སམ་དད་ལྡན་མང་ཚོགས་ཀྱི་གྲངས་ཀའང་ཉུང་བས་གཉོམ་ཆུང་ལྟ་བུར་མཐོང་ཡང་། དེའི་ལོ་རྒྱུས་ཀྱི་ཡུན་རིང་ཞིང་སྔོན་བྱོན་མཁས་པ་དག་གིས་བསྐྲུན་པའི་རིག་གཞུང་གི་བང་མཛོད་རྒྱ་ཆེ་བས་བོད་ཀྱི་རིག་མཛོད་ཀྱི་ནང་དུ་གོ་གནས་གལ་ཆེན་ངང་གིས་ཟིན་ཡོད་དེ། བཀའ་འགྱུར་དང་བརྟེན་འགྱུར་དང་། མཁས་པ་དག་གི་གསུང་འབུམ་མང་བོས་མཚོན། མི་སྟོབས་རྒྱུ་ཤུགས་ཞན་པའི་གྲུབ་མཐའ་གཉོམ་ཆུང་ཞིག་གིས་རིག་གནས་བང་མཛོད་ངོ་མཚར་བ་དེ་འདྲ་ཞིག་བསྐྲུན་པ་ནི་བོད་ཀྱི་རིག་གནས་འཛུགས་སྐྲུན་ཐད་དུ་ཕུལ་པའི་ཧ་ཅང་གལ་ཆེ་བའི་གྲུབ་འབྲས་ཆེན་པོ་ཞིག་ཡིན་པར་འདོད། བང་མཛོད་དེར་བཞུགས་པའི་རིག་གནས་བཅུའི་མ་ལག་ཡོངས་སུ་ཚང་བས་རིག་གནས་འཚོ་བ་ཕུན་སུམ་ཚོགས་བྱེད་ཀྱི་ཤེས་བྱའི་གཏེར་མཛོད་དང་བསམ་བློའི་རྒྱགས་ཕྱེ་ཅི་དགར་སྤྱོད་ཆོག་གི་འཛད་མེད་གན་མཛོད་དུ་གྲུབ་བོ། །དེ་ལྟ་བུའི་རིག་གནས་གལ་ཆེན་ཞིག་སྟོང་སང་དང་རང་རྐྱང་གི་ཁོར་ཡུག་ཏུ་འགྲུབ་ཐབས་མེད་ཅིང་། བོད་ཀྱི་གྲུབ་མཐའ་གཞན་ལ་སློབ་སྦྱོང་རྗེས་ཟློས་བྱས་ནས་ཐོབ་པའི་ཆ་མང་བོ་ཞིག་རང་ཉིད་རྒྱས་པའི་གསོས་སུ་ལོན་ཡོད་པའང་ངེས་ཅན་ཡིན། ལོ་འདི་འགའི་རིང་ལ་རྒྱལ་ཁབ་ཀྱིས་ཆོག་མཆན་གནང་ཞིང་མཐུན་རྐྱེན་སྦྱར་ཏེ་བོན་གྱི་བཀའ་འགྱུར་ཡང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་འཕྲུལ་པར་གྱིས་བཞེངས་ཤིང་འགྲེམ་སྤེལ་ཞུས་ཡོད། དེ་ནི་བོད་ལ་མཚོན་ན་རིག་གནས་བཟོ་སྐྲུན་གལ་ཆེན་ཞིག་བསྒྲུབས་ཏེ་འགྲུབ་པ་དང་། དེ་ནི་སྲོལ་རྒྱུན་རིག་གནས་མཚོན་བྱེད་ཀྱི་གསུང་རབ་དེབ་ཚོགས་ཆེན་པོ་རང་ཡུན་གཏན་དུ་བཞུགས་པར་ཁག་ཐེག་ཡོད་པར་གྱུར་ལ། རྒྱང་རིང་གི་དོན་སྙིང་ཆེན་པོ་དང་ལྡན་པའོ། །
ད་ལྟའི་བར་དུ་བོན་གྱི་མཁས་པའི་གསུང་འབུམ་དང་། རིག་གནས་སྣ་འཛོམས་ཀྱི་དེབ་ཚོགས། རིག་ཚན་གཅིག་གི་རྩོམ་ཡིག་ཕྱོགས་བསྒྲིགས་ཀྱི་དེབ་ཚོགས་སོགས་རབ་ཅིག་བསྐྲུན་ནས་འགྲེལ་སྤེལ་བྱས་ཟིན་ལ། དེས་ཀློག་པ་བོ་རྣམས་ཀྱི་དཔེ་ཀློག་གི་དགོས་མཁོ་ཅི་དགར་བསྐངས་ཡོད་ཅིང་། རིག་གནས་འཚོ་བ་འཁྲུག་པོ་འབྱུང་བར་ཕན་ཆེན་པོ་བཏགས་ཡོད་པར་ཐེ་ཚོམ་མེད། ད་ཐེངས་ཡང་བདག་གིས་བརྩེ་ལྡན་གྱི་ཀློག་པ་བོ་རྣམས་ལ་དེ་འདྲའི་དཔེ་ཚོགས་ཤིག་འོས་སྦྱོར་བྱེད་མོས་པ་གཤམ་གསལ་ལྟར་རོ། །
《བོན་གྱི་ཐ་སྙད་རིག་པའི་གཏེར་མཛོད》ཅེས་པའི་དཔེ་ཚོགས་དེ་ནི་གཙོ་སྒྲིག་པ་བསོད་ལོ་དང་ཁྲི་བསོད་བསྟན་རྣམ་པ་གཉིས་ཀྱིས་གཙོ་སྒྲིག་བྱས་ཤིང་། དེབ་ཕྲེང་དེ་ནི་པོད་བཅུ་གཉིས་ཀྱིས་གྲུབ་ཡོད། དག་ཡིག་ཐད་ཀྱི་རྩོམ་ཡིག་ཉེར་ལྔ་དང་། བརྡ་སྤྲོད་ཀྱི་སོ་བཞི། སྙན་ངག་གི་བཅོ་བརྒྱད། མངོན་བརྗོད་ཀྱི་བདུན། སྒྲ་བསྡེབས(ཞང་བོད་དམ་སཾ་བོད་ཤན་སྦྱར་གྱི་ཐ་སྙད་དང་ཚིག་ཐུང་རྣམས་ཀྱིས་གྲུབ་པའི་རིགས)ཀྱི་བཅུ་གཉིས་བཅས་ཡོད་ཅིང་། རྩོམ་ཡིག་དེ་དག་གི་ཁྲོད་དུ་ཤོག་ངོས་བཅོ་བརྒྱད་ཡས་མས་ཅན་དྲུག་དང་། སུམ་ཅུ་ཡས་མས་ཅན་དྲུག་སྟེ་རྩོམ་ཐུང་ངུ་ཅན་བཅུ་ཁ་ཞིག་ཡོད་པ་དག་ནི་ལག་ཏུ་ཐིངས་དཀའ་བའི་གནའ་དུས་ཀྱི་མཁས་པའི་གསུང་ཡིན་པས་རིན་ཐང་ཤིན་ཏུ་ཆེ་བར་རྟོག དེ་དག་ནི་སྐ་བ་དཔལ་བརྩེགས་དང་། རྔོག་ལོ། ས་པཎ་སོགས་ཀྱི་དག་ཡིག་བཞིན་ཐ་སྙད་ཀྱི་གྲངས་ཀ་ཉུང་ཡང་དེ་དག་ནམ་བྱུང་གི་ལོ་རྒྱུས་ཤེས་བྱེད་དང་། ཕྱི་ཐོག་གི་དག་ཡིག་རྣམས་ལ་ཐེབས་པའི་དཔེ་སྟོན་མཛུབ་ཁྲིད་ཀྱི་ནུས་པ་ཅི་ཐོན་དཔྱོད་བྱེད་ལ་མེད་མི་རུང་བའི་རྒྱུ་ཆར་གྱུར་ཡོད། པོད་དག་ལ་འཁོད་པའི་བསྟན་བཅོས་དག་གི་མཚན་བྱང་དང་ནང་དོན་གནད་བསྡུས་ནི་དཔེ་ཚོགས་འདིའི་སྒྲིག་པ་པོའི་ཞུ་མཆིད་ཅེས་པའི་ནང་དུ་གསལ་བོར་འཁོད་ཡོད་པས་འདིར་བསྐྱར་ཟློས་སུ་འགྲོ་བས་གླེང་བའི་ངལ་བ་མ་བྱས་སོ། །
དཔེ་ཀློག་སློབ་སྦྱོང་གིས་མིག་བསོད་ཅན་དུ་འགྱུར་བ་དང་། བརྟག་དཔྱད་ཞིབ་འཇུག་གིས་བློ་རྒྱ་སྐྱེད་བྱེད་དུ་འགྱུར་བའི་དཔེ་ཚོགས་འདི་འདྲ་རྩོམ་སྒྲིག་འགྲེམ་སྤེལ་བྱ་གྲབས་ཡོད་པ་ནི་ངེད་ཅག་ཀློག་པ་བོ་རྣམས་ལ་གནམ་སྔོན་པོས་ཁ་ངོ་བྱིན་ཏེ་ཀློག་སྐལ་བསྩལ་པ་ཡིན་པར་སེམས། ཅིའི་ཕྱིར་ཞེ་ན་པར་གཞི་དཀོན་པོ་དང་། གཞུང་རྩ་ཆེན་གྱི་དཔེ་དེབ་དེ་འདྲ་མང་བོ་ཞིག་བླུ་བསམས་ཀྱང་ཕྱོགས་ཕྱོགས་སུ་ཐོར་ནས་བཞུགས་པས་དངུལ་མོད་པ་ཙམ་གྱིས་རང་སྒེར་གྱི་དཔེ་སྒྲོམ་དུ་འདྲེན་ཐབས་མེད། བཞུགས་པ་རྩད་ཆོད་དེ་གཡར་དུ་ཕྱིན་ཀྱང་དཔེ་བདག་གི་ས་ན་རང་ཉིད་ལ་ཁ་ངོ་དང་ཡིད་རྟོན་མེད་ཚེ་འཐོབ་པར་མི་འགྱུར་ལ། དབུས་གཙང་ལྟ་བུར་བཞུགས་པ་ཐོས་ཀྱང་གནས་ཀྱིས་བསྐལ་པས་ལག་ཏུ་ཐིངས་པའི་གེགས་ཆེ། དངུལ་ལོར་ཆུས་སོབ་པའི་གནས་སྐབས་སུ་སྒོར་བརྒྱ་ཕྲག་འགས་བླུར་ཡོད་པ་ནི་སོག་མའི་ཕོན་པོས་གསེར་ཆོས་བླུས་པ་དང་ཅིས་མི་མཚུངས། དེས་ན་ངེད་ཅག་ཀློག་པ་བོ་རྣམས་ཀྱིས་བསོད་ལོ་དང་བསོད་བསྟན་ལྟ་བུའི་རྩོམ་སྒྲིག་པ་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་བར་འོས། ཁ་དཔེར“རང་ལ་མེད་ན་གླིང་ན་མེད”ཟེར་བ་དང་། རྒྱའི་ཁ་དཔེར་ཡང“དཔེ་དེབ་སྤྱོད་པར་གཟས་ཚེ་ཉུང་བ་ཚོར”ཟེར་ཏེ། མཁས་པའི་ལེགས་པར་གསུངས་པ་རྣམས་ནི་ཤེས་རྒྱ་སྐྱེད་བྱེད་དང་རིག་པ་འཕེལ་བྱེད་ཀྱི་ནོར་བུ་ལྟ་བུའི་རྒྱན་མཆོག་དམ་པ་ཡིན་ལ། དེས་ནང་སེམས་ཀྱི་ལྡིང་ཁང་རིག་པའི་འོད་ཀྱིས་མཚར་སྡུག་ལྡན་པར་བྱས་པ་གང་ཞིག་ལང་སའི་གནས་ཤིན་ཏུ་མཐོ་བར་གྱུར་ཡོད་པ་དང་གནས་ལུགས་མཐོང་བའི་མིག་རྒྱང་ཡང་ཧ་ཅང་རིང་བར་བྱེད། སྦྲེལ་རྟ་ཤོག་བུར་ཐོད་པའི་ངག་གི་རི་མོ་ནི་འཁྱེར་བདེ་ལྟ་བདེ་ཡིན་པའི་ཁྱད་ཆོས་གོང་དུ་སྨྲས་པ་བཞིན་ནོ། །
བསམ་བློའི་ཚོམས་ཆེན་གྱི་རྒྱ་ཁྱོན་དང་རིག་གནས་ཆུ་ཚད་ཀྱི་མཐོ་དམའ་རང་དང་འདྲ་བའི་རྩོམ་ཡིག་ལ་ཟུར་ལྟའི་རིན་ཐང་ཡོད་ཀྱང་གཙོ་བོར་མཁས་མཆོག་དག་གི་ལེགས་བཤད་འཁོད་པའི་དཔེ་དེབ་སྣ་ཚོགས་ལ་སྤྲོ་སྣང་ཡལ་མེད་ཀྱིས་མཇལ་བར་བྱེད་པ་ཁོ་ན་གལ། དེ་ལྟར་མ་བྱས་ན་ཡར་ཐོན་འབྱུང་དཀའ་བ་ཡིན། སྤྱི་མཁས་ཀྱི་ལྷ་ཁང་མ་བསྐྲུན་ན་སྒོས་མཁས་ཀྱི་གསེར་ཏོག་གཟུགས་ཡུལ་མེད་ཅིང་། དེ་ནི་རྒྱུན་ཤེས་མང་བོའི་བང་མཛོད་ཡོད་དགོས་པ་དང་། དེ་ནས་ཆེད་མཁས་ཀྱི་ཡོན་ཏན་ཡོད་དགོས་ཟེར་བ་ཡིན། བརྡ་སྤྲོད་ཙམ་ཤེས་མཁན་ཞིག་གིས་རིག་གནས་གཞན་ཡང་འཆད་དོ་ཞེས་ན་དེ་ནི་ཅིས་ཀྱང་ནུས་པ་མ་ཡིན་གྱི། རྗེ་ས་པཎ་གྱིས“མཁས་པས་ཐོས་པ་རྒྱ་ཁྱབ་བསགས། །མཐར་ཕྱིན་གཅིག་གིས་འཇིག་རྟེན་གསལ། །”ཞེས་གསུངས་པ་ནི་བདེན་དོན་ནོ། །
དཔེ་ཚོགས་འདིའི་གཙོ་སྒྲིག་པ་བསོད་ལོ་ལགས་ནི་རྩོམ་སྒྲིག་དཔེ་སྐྲུན་ཐད་ཀྱི་ཆེད་མཁས་དང་། དཔེ་སྐྲུན་བྱེད་སྒོའི་སྐོར་ལ་ནང་བྱན་ཆུད་མཁན། བོད་རྒྱ་སྐད་ཡིག་གཉིས་ལ་བྱང་བའི་ལོ་ཙཱ་བ། རྩོམ་སྒྲིག་ལས་ཁུངས་ཀྱི་གཙོ་འགན་ཡུན་རིང་འཁུར་བའི་མགོ་བ་བཅས་ཡིན། ཁོང་གིས་སྔ་རྗེས་སུ《བོན་དང་ཞང་ཞུང་ཤེས་རིག་དཔེ་ཚོགས》དང་། 《བོན་གྱི་ལོ་རྒྱུས་རིག་གནས་དཔེ་ཚོགས》། 《བོན་དང་ཞང་ཞུང་ཞིབ་འཇུག་དཔེ་ཚོགས》། 《གནའ་རབས་བོན་གྱི་དཔེ་དཀོན་བྲིས་མ》སོགས་བོན་དང་ཞང་ཞུང་སྐོར་གྱི་དཔེ་ཚོགས་དང་། 《སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད》། 《འཛམ་གླིང་རྩོམ་རིག་གྲགས་ཅན་བོད་འགྱུར་དཔེ་ཚོགས》། 《དུས་རབས21པའི་བོད་ཀྱི་རྩོམ་པ་བོའི་དེབ་ཕྲེང》། 《བོད་ཀྱི་སྒྲུང་རིང་དཔེ་ཚོགས》སོགས་རྩོམ་རིག་སྐོར་གྱི་དཔེ་ཚོགས། གཞན་ཡང《དམངས་ཕན་རིག་མཛོད》དང་། 《མཚོ་སྔོན་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ནོར་བུའི་བང་མཛོད》། 《འཛམ་གླིང་ལོ་རྒྱུས་ཀུན་གསལ་མེ་ལོང》སོགས་གནའ་དཔེ་དང་རྩོམ་རིག ལོ་རྒྱུས། རིག་གནས། ཚན་རྩལ། གསུང་འབུམ། འགྱུར་མ་ལ་སོགས་པའི་རྒྱལ་ཁབ་རིམ་པའི་པར་སྐྲུན་ལས་གཞི་བཅུ་ཕྲག་འགའ་གཙོ་སྒྲིག་དང་ཇུས་འགོད་པར་སྐྲུན་བྱས་པ་རེད། ཁྲི་བསོད་བསྟན་ལགས་ནི་སྲོལ་རྒྱུན་རིག་གནས་རྣམས་ལ་སློབ་སྦྱོང་གནད་སྨིན་མཛད་ནས་མཁས་པར་གྱུར་ཚེ་རྩོམ་སྒྲིག་དཔེ་སྐྲུན་གྱི་ལས་ཀ་རྒྱུན་རིང་བསྒྲུབས་ཏེ་ཆེད་མཁས་སུ་གྱུར་པ་ཞིག་ཡིན། ཁོང་གིས་རྩོམ་སྒྲིག་ལས་ཀའི་སྐོར་དུ། ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས་ཞེས་ལས་སྒྲུབ་ཁང་ཞིག་རང་གནས་སུ་བཙུགས་ཏེ་ཞང་བོད་ཤེས་རིག་དར་སྤེལ་དང་འབྲེལ་བའི་ཞིབ་འཇུག་གི་བྱ་ཡུལ་ཅི་རིགས་སྔོག་འདོན་གཅེས་སུ་བཟུང་ནས། གཡུང་དྲུང་བོན་གྱི་དཔྱད་བརྗོད་ལོ་དེབ《དཔྱོད་ལྡན་མཆོད་པའི་མེ་ཏོག》གི་གཙོ་སྒྲིག་པ་དང《ཧི་མ་ལ་ཡའི་བོན》དྲ་ཚིགས་ཀྱི་གཙོ་སྒྲུབ་པ་བྱས། དུས་ད་ལྟའི་བར་གཞུང་སྒེར་གྱི་དཔེ་དེབ་མང་པོ་ཞིག་དག་སྒྲིག་དང་བླངས་བྱས་ཏེ《མཁས་དབང་བོན་བརྒྱ་རིན་པོ་ཆེའི་བསྟན་རྩིས་དང་དཔྱད་རྩོམ་ཕྱོགས་བསྒྲིགས》དང་། དཔྱད་རྩོམ་བདམས་བསྒྲིགས《བོན་བཤད་སྤྱི་རྒྱ་རླབས་གཅོད》། བོན་གྱི་ཡིག་ཚང་རྙིང་གྲས《སྲིད་པ་རྒྱུད་ཀྱི་ཁ་བྱང》། 《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ》། 《བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོའི་གསུང་འབུམ》སོགས་ཀན་སུའུ་དང་མཚོ་སྔོན་གྱི་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་གཙོ་འགན་བཞེས། གཞན་མཉམ་འབྲེལ་ལས་ཞུགས་ཀྱི་སྐོར་དུ། 《གངས་ཏི་སེ་བོན་གཞུང་རིག་མཛོད》དཔེ་ཚོགས་ཀྱི་རྩོམ་སྒྲིག་པའི་ལས་ཀ་དང་། སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་གཙོ་འགན་འོག་བསྒྲིགས་པའི《གནའ་རབས་བོན་གྱི་དཔེ་དཀོན་བྲིས་མ》ཞེས་པ་ངོ་བཤུ་དག་སྒྲིག བསོད་ལོ་ལགས་ཀྱིས་གཙོ་འགན་བཞེས་འོག《བོན་གྱི་ལོ་རྒྱུས་རིག་གནས་དཔེ་ཚོགས》དག་སྒྲིག་གི་ལས་ཀར་ཞུགས། ལག་བསྟར་རྩོམ་སྒྲིག་གི་སྐོར་དུ། 《དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས》དང《མ་རྒྱུད་གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་གཟི་ཡི་དོ་ཤལ》བཅས་ལོ་རྒྱུས་དང་ཞིབ་འཇུག་སྐོར་གྱི་ཆེད་དེབ་དང་། དཔེ་ཚོགས། གསུང་འབུམ་སོགས་པར་སྐྲུན་རྩོམ་སྒྲིག་བྱས་ཡོད། དེའི་ཕྱིར་ཁོང་རྣམ་པ་གཉིས་ཀྱིས་གཙོ་སྒྲིག་གིས་བཞེངས་པའི་དཔེ་ཚོགས་འདིའི་རྩོམ་སྒྲིག་ཞུ་དག་གི་སྤུས་ཀ་ལེགས་པོ་བྱུང་ཡོད་པར་ཡིད་ཆེས་བྱས་ཆོག་སྙམ། དེབ་གྲངས་མང་བ་དང་ཁོམ་སྐབས་ཉུང་བ་སོགས་ཀྱི་རྐྱེན་པས་བདག་དཔེ་ཚོགས་འདིའི་ཀློག་པ་བོ་དང་བོར་འགྱུར་མ་ཐུབ་པས་ཀློག་པ་བོ་རྣམས་ལ་བཟོད་སྒོམ་ཡོད་པའི་རེ་བ་ཞུས་སོ། །
དཔེ་སྐྲུན་གླིང་གི་རིག་གནས་པའི་སྡེ་རུ་འཕྱར་ཀའམ་རྩེད་མཚར་གྱི་འཆད་སྟངས་ཤིག་ཡོད་པ་ནི། “འཆུག་སྐྱོན་མེད་པར་དཔེ་དེབ་འབྱུང་ཐབས་བྲལ”ཅེས་པ་དང“སྒྱུ་རྩལ་གྲུབ་འབྲས་ཕངས་པར་ཅིས་ཀྱང་འགྲོགས”ཞེས་པའི་རྗོད་ཚུལ་བྱུང་སྟེ། “མི་སྐྱོན་མེད་འཛམ་བུའི་གླིང་ན་མེད། གསེར་ལྷད་མེད་འཇིག་རྟེན་འདི་ན་མེད”ཟེར་བ་བཞིན་ཤུགས་སྦས་ཀྱི་གནས་ལུགས་ཟབ་པ་ཡིན། དེས་འཆུག་སྐྱོན་འབྱུང་སྲིད་པ་ཁས་བླངས་མོད། འོན་ཀྱང་འཆུགས་པ་ཚད་ལས་འདའ་མི་ཆོག་པ་ནི་རྩ་དོན་རེད། འཆུག་ཚད་ཁྲི་ཆའི་གཅིག་ལས་བརྒལ་ན་འགན་མ་ཐེག་པའི་སྐྱོན་འབབ་ལ། བརྒལ་དྲགས་ནས་ལྕགས་ཐོམ་ཡུ་མེད་ལྟ་བུའི་ཐོན་རྫས་བྱུང་ཚེ་སྤྱོད་ཐབས་མེད་པས་ཆད་པ་ཅི་རིགས་འཕོག་ངེས། དེང་སང་སྤྱོད་ཐབས་བྲལ་པའི་དཔེ་དེབ་ཀྱང་མི་ཉུང་བ་ཞིག་འབྱུང་གིན་ཡོད་པས་ང་ཚོ་སྤྱི་ཚོགས་རིག་གནས་དང་ཀློག་པ་བོ་རྣམས་ལ་ཁག་ཁུར་ལེན་པ་རྣམས་ཀྱིས་གཟབ་པ་གཅེས།
ཞེས་གཉའ་བློ་གྲོས་རྒྱལ་མཚན་གྱིས་ཉིས་སྟོང་ཉེར་གཉིས་ལོའི་བཅུ་བའི་བཅུ་གཉིས་ཉིན་གནམ་གྱིས་བསྐོས་པའི་གཙུག་ལག་བརྒྱ་བའི་ཞིང་གི་རིམ་བརྒལ་གྲོང་ཁྱེར་སྤོས་ཀྱི་ངད་ལྡན་དུ་གུས་པས་ཞུས་པ་དགེ་བར་གྱུར་ཅིག །