ཞང་བོད་རྩིས་རིག་གི་ལོ་རྒྱུས་དང་འཕེལ་རིམ་ལ་དཔྱད་པ།

[ཟླ་ཚེས། 2024-10-08 12:51:33][རྩོམ་པ་པོ། ཐེ་བོ་ཀླུ་ཐར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  ནང་དོན་གནད་བསྡུས། འདི་ནས་ཡར་བརྩིས་པའི་མི་ལོ་བཞི་སྟོང་ལྷག་གི་ཡར་ངོ་ན་བསིལ་ལྡན་གངས་རིས་བསྐོར་བའི་ལྗོངས་སུ་ཞང་ཞུང་དང་བོད་སོགས་རྒྱལ་ཕྲན་སོ་སོར་ཆགས་པའི་དུས་ནས་བོན་གྱི་རིག་གནས་རྒྱ་ཆེར་དར་ཡོད་པ་དང་། སྐབས་དེར་ཞང་ཞུང་རྒྱལ་ཕྲན་དུ་ངག་རྒྱུད་དུ་ཆགས་པའི་རྩིས་གཞི་ཤིག་ཡོད་པ་དེ་ལ་ཞང་ཞུང་རྒན་པོའི་ངག་རྩིས་ཞེས་འབོད་པ་དང་། རིག་གཞུང་ལ་འཁོད་པའི་རྩིས་རིག་ནི་སྟོན་པ་གཤེན་རབ་ཀྱི་དུས་འཁོར་རྒྱུད་དང་། ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་རང་འབྱུང་ཁམས་ལ་གསོལ་བའི་ས་བདག་གི་གཞུང་ལ་བརྟེན་པའི་རྩིས་རིག་སོགས་ཞང་བོད་ཀུན་ལ་དར་ཡོད། དུས་རབས་བཅུ་གཅིག་པའི་རྗེས་ནས་བོད་དང་རྒྱ་གར་ནག་གི་རྩིས་རིག་མཉམ་འབྲེལ་གྱིས་ལྔ་བསྡུས་རི་མོ་སོགས་རིག་པ་ཞིབ་ཕྲ་ཅན་དུ་དར་ཡོད་དོ།།
  བརྡ་ཆད་གཙོ་བོ། ཞང་ཞུང་རྒན་པོ་ངག་རྩིས། དམངས་ཁྲོད་ཀྱི་ངག་རྩིས། མཛོད་སྒྲ་འགྲེལ་ལུགས། སྨན་འབུམ་དཀར་པོའི་ལུགས། རྒྱུད་བཞི་དང་ནག་རྩིས་ལུགས། གནའ་བོའི་འབྱུང་རྩིས་ལུགས་བསྐལ་ལི། བསྟན་པ་ཕྱི་དར་སྐབས་ཀྱི་ལྔ་བསྡུས་སོ།།

  ཉི་ཟླ་གཟའ་སྐར་གྱི་འགྲོས་གཞི་ཇི་ལྟར་རྩོམ་པའི་ཚུལ་དང་། ས་ལ་དུས་བཞིའི་འགྱུར་ལྡོག་སོགས་གསལ་བར་སྟོན་པ་སྐར་རྩིས་རིག་པ་དང་། འབྱུང་ལྔའི་གྲངས་འདྲེན་གྱི་ལམ་ནས་སྲོག་ལུས་དབང་རླུང་ཇི་ལྟར་བསྐྱེད་པའི་ཁྱད་བོན་གསལ་བར་སྟོན་བྱེད་ཀྱི་འབྱུང་རྩིས་རིག་པ་ནི། བོད་ཀྱི་ཆེས་གནའ་བོ་རིག་གནས་རྙིང་ཤོག་དེ་ཡིན་ལ། འཇིག་རྟེན་གྱི་ཁམས་འདིར་རྐང་གཉིས་འགྲོ་བ་མི་གྲུབ་པ་ནས་བཟུང་། རིམ་གྱིས་ཀླད་པའི་ངལ་རྩོལ་འཕེལ་རྒྱས་བྱུང་བ་ལ་བརྟེན་ནས། ལས་ལ་བརྩོན་ཞིང་ཤེས་རབ་ལྡན་པ་རེ་ཟུང་གིས་གནམ་གྱི་གཟའ་སྐར་ལ་བརྟག་པ་དང་། བར་སྣང་གི་སྤྲིན་དང་རླུང་ལ་བརྟག་པ། བྱ་དང་ཤིང་ལ་བརྟག་པ་སོགས་དུས་ཀྱི་གཟེར་བུར་བརྟག་པའི་དམངས་ཁྲོད་ཀྱི་འཚོ་བའི་ཉམས་མྱོང་རྣམས་ཕྱོགས་བསྡུས་བྱས་པའི་བོད་རང་གི་ས་གནས་ཀྱི་འཚོ་བ་དང་འབྲེལ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རིག་གནས་ཞིག་ཀྱང་ཡིན་པར་མ་ཟད། གནམ་བོ་རང་བྱུང་ཚན་རིག་གི་རྨང་གཞི་ལྟ་བུའི་རིག་གནས་ཞིག་ཀྱང་ཡིན། རིག་པ་འདི་ནི་གནའ་བོ་ཞང་བོད་ཀྱི་རིག་གནས་ཡིན་པ་ཡང་བོན་གྱི་ཡིག་ཆ་དུ་མར་གསལ་བཤད་ཡོད། གསལ་བཤད་འདིའི་ལོ་རྒྱུས་ཁུངས་གཏུག་ས་ནི། ཁོ་བོས་རྟོག་བཟོ་དང་རྗེས་དཔག་གི་བློ་ལས་བྱུང་བ་དེ་ཙམ་མིན་ལ། འབྱུང་རྩིས་ཀྱི་བྱུང་ཁུངས་ནི་བོན་ལ་ཐུག་ཡོད་པ་དང་། བོན་གྱི་རིག་གནས་ཡིན་པར་སྒྲུབ་བྱེད་ནི། གཡུང་དྲུང་བོན་གྱི་ཤིང་རྟའི་སྲོལ་འབྱེད་ཆེན་མོ་གཤེན་རབ་མི་བོ་ཆེར་མཛད་རྣམ་གྲངས་ཚུལ་ཇི་སྙེད་ཅིག་ཡོད་པ་ལས། གཙོ་བོ་མཛད་ཆེན་བཅུ་གཉིས་དང་། མཛད་པ་དྲུག་ཅུ། མཛད་པ་བརྒྱ་དང་རྩ་བརྒྱད་ཅེས་གསལ་བ་ལྟར། ཐོག་མ་མཛད་ཆེན་བཅུ་གཉིས་ལས་མཛད་པ་གཉིས་པ་བསྟན་པ་སྤེལ་བའི་སྐབས་དང་། བཀའ་འཁོར་གྱི་དབང་དུ་བྱས་ན། ཀུན་རྫོབ་ཀྱི་བོན་རྣམས་བརྗོད་བྱའི་གཅོ་བོར་སྟོན་པ་བཀའ་འཁོར་ཐོག་མའི་ཁོངས་སུ་ཞང་བོད་རིག་གནས་ལྔ་ཞེས་ཡོངས་སུ་གྲགས་པ་དེ་ལེགས་པར་གསུངས་པ་སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་གནད་ཡོད་ལོ་རྒྱུས་ཡིག་ཆ་ཁག་གི་དགོངས་དོན་གཅིག་ཏུ་གྲུབ། འབྱུང་རྩིས་དང་སྐར་རྩིས་ཀྱི་རིག་པ་ནི་ཕྱི་རིག་པའི་ཁུངས་སུ་གཏོགས་ལ། ཕྱི་རིག་པའི་ལོ་རྒྱུས་འཆད་པ་ལ། སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲིའི་ཐུགས་རྗེའི་བྱིན་རླབས་དང་། འགྲོ་བ་རང་མཐུན་གྱི་ལས་དང་སྨོན་ལམ་ཟུང་དུ་འབྲེལ་བ་ལས། ཕྱི་སྣོད་ཀྱི་ཐོག་མ་ཕྲ་རབ་རྡུལ་ལས་འགོ་བརྩམས་ཤིང་། སྟོན་པ་དེ་ཉིད་ཀྱིས་སྤྲུལ་བའི་འོད་ཟེར་ཡེ་དབང་ས་ཡི་རྒྱལ་པོས་འབྱུང་བ་ཕྱི་སྣོད་ཀྱིས་བསྡུས་པའི་འཇིག་རྟེན་གྱི་བཀོད་པ་ཡོངས་སུ་གྲུབ་པའི་ཐ་སྙད་དང་བཅས་གཏན་ལ་ཕབ།

  སླར་ཡང་ཀུན་འབུམ་གོ་འབྱེད་ས་ཡི་ལྷ་དང་། ཀུན་གྲོལ་དྲག་པོ་རླུང་གི་ལྷ། ཀུན་རིག་རྒྱལ་པོ་མེ་ཡི་ལྷ། ཀུན་འདུས་ཆེན་པོ་ལྕགས་ཀྱི་ལྷ། ཀུན་འཇོམས་ཆེན་པོ་ཆུ་ཡི་ལྷ་བཅས་ཀྱིས་འབྱུང་བཞིར་དབང་བསྒྱུར་ཚུལ་གཡུང་དྲུང་བོན་གྱི་བཀའ་འགྱུར་ཀུན་སྒྲོལ་རླུང་ལྷའི་རྒྱུད་དུ་གསལ་བར་ལྟར་ཡིན་ཞིང་། གཙོ་བོ་འབྱུང་བ་ལྔ་ཡི་འགྱུར་འགྲོས་དང་། ཉི་ཟླ་གཟའ་སྐར་གྱི་འཁོར་སྐྱོད་བཅས་གསལ་བར་བསྟན་པའི་ཆ་ནས། གཙུག་ལག་རྩིས་ཀྱི་རིག་པའི་རྣམ་བཞག་འདི་ཉིད་ཞང་བོད་རིག་གནས་ཆེན་པོ་ལྔ་ལས་ཕྱི་རིག་པའི་ཁོངས་སུ་གཏོགས།

  དེ་ལ་ཞང་ཞུང་རྒན་པོའི་ངག་རྩིས་ཞེས་པའི་བརྩི་ཚུལ་ནི། ལོ་གཅིག་ལ་ཉིན་ཞག་སུམ་བརྒྱ་རེ་ལྔར་བགྲངས་ནས་ལྡོག་གཉིས་དང་མཉམ་གཉིས་གཏན་འཁེལ་བྱེད་པའི་ཉིན་ཞག་མའི་རྩིས་གཞི་རགས་པ་ཞིག་ཡིན་ལ། དེ་ནི་བྱ་རྒྱལ་ཁྱུང་ཆེན་གྱི་ལུས་དང་དཔེ་སྦྱར་ནས་བཤད་སྲོལ་ཆགས་པ་ཞིག་ཡིན། འདིའི་རྩིས་འགོ་དགུན་ཉི་ལྡོག་ནས་འཛིན་པ་ཡིན་ཏེ། 《དཔྱད་གསུམ་དག་རྩིས》ལས་དགུན་ཉི་ལྡོག་ནས་ཉི་གཟའ་སོ་ལྔ་བགྲངས། བྱ་གཟའ་སོ་བརྒྱད་སྨལ་ཞག་སོ་བདུན་དང་། ནུར་ཞག་གཉིས་དང་དབྱུག་ཞག་བཅོ་ལྔ་དང་། སོན་མཇུག་ཞག་ལྔ་ཁུ་བྱུག་སླེབས་ཞག་བཞི། དེ་ནས་བཅུ་དྲུག་གནའ་རེའུ་སྔ་ཤོས་སྐྱེ། དེ་ནས་བཅོ་ལྔ་ཉི་ཁྱིམ་ཟུག་ཅེས་དྲན། དེ་ནས་བཅུ་དྲུག་དབྱར་ཉི་ལྷོ་རུ་ལྡོག དེ་ཡིས་ཕྱི་ཉིན་དབྱར་གྱི་ཆུང་གསུམ་མམ། ལོག་ཞག་ཉེར་གཅིག་སྨལ་ཞག་བཅོ་ལྔ་དང་། ནམ་བར་གསུམ་དང་སྲིན་མོའི་གདོང་ཆར་གསུམ། ཕག་བདུན་ནམ་གསུམ་ཝ་ཞག་བཅོ་ལྔ་དང་། གཞུང་ཞག་ཉེར་གཅིག་དབྱར་ཤུལ་ཞག་སོ་ལྔ། ལྷོ་སྒོའི་གནམ་སྐས་ཤ་རུས་སུམ་ཅུ་བདུན། མཆེ་ཞག་ཉེར་གཉིས་སྣ་རུའི་འོད་ཞག་བརྒྱད། གཉན་གྱི་རུ་འཕྲག་ཞག་ནི་བཅོ་ལྔ་དང་། དགུན་ཉི་ཁྱིམ་ཞུགས་ཞག་བདུན་དེ་རྫོགས་མཚམས། དགུན་ཉི་ལྷོ་ནས་བྱང་ལྡོག་བྱ་གཟའ་རྫོགས། གོང་ལྟར་བགྲངས་བས་ལོ་གཅིག་ཉིན་ཞག་བགྲངས། སུམ་བརྒྱ་རེ་ལྔ་ཡོད་པ་དེ་གྲངས་འགྲིགས། ཞེས་གསུངས་ལྟར་དགུན་ཉི་ལྡོག་ནས་ལོ་འཕོ་བར་འཛིན་ཅིང་། ཉི་མས་སྐར་ཁྱིམ་གོ་ལར་བསྐོར་བ་ཧྲིལ་བོ་གཅིག་འཁོར་བའི་བར་དུ་ཡིན། དེང་རབས་ལྟར་ན་གོ་ལས་ཉི་མར་བསྐོར་བ་གཅིག་བྱས་པའི་ལོ་གཅིག་གི་ཡུན་ཡིན། སྔོན་དུས་ཞང་ཞུང་ཡུལ་དུ་དགུན་ཉི་ལྡོག་གི་སྔ་ཕྱི་གང་རུང་དུ་འཁེལ་བའི་བོད་ཟླ༡༡པའི་ཚེས༡འདི་ལོ་འགོར་འཛིན་སྲོལ་ཡོད་པ་ཡིན། ལོ་གསར་གྱི་དུས་སྟོན་ཀྱང་འདི་དུས་བྱེད་པ་ཡིན་པས་དམངས་ཁྲོད་ཀྱི་འཚོ་བ་ནས་མགོ་རྩོམ་པའི་རིག་གནས་འདི་ནི་ལོ་རྒྱུས་ཀྱི་མགོ་ཁུངས་ལྟ་བུར་ཆགས་ཡོད།

  ཉི་མ་ཟློག་པའི་སྐབས་སུ་གནམ་གཤིས་བརྟག་པའི་ཚུལ་ནི། 《དཔྱད་གསུམ་དག་རྩིས》ལས། སྲིད་གསུམ་རྒྱལ་མོའི་ཞལ་ངད་ལྷོ་ནས་བྱང་། འཕེན་སྐབས་འཛམ་གླིང་དགུ་ཉི་བྱང་དུ་ལྡོག བྱང་གླིང་དབྱར་ལྡོག་ནུབ་གླིང་སྟོན་ཉིན་མཉམ། ཤར་གླིང་དཔྱིད་མཉམ་དེ་བཞིན་གཞན་རིགས་འདྲེ། དེ་ཉིན་ཡུལ་དྲོ་ནམ་མཁའ་སྐྱ་ཧུད་ཆགས། རྟ་གླང་སྐད་འདོན་དེ་ཚེ་ཆར་བ་ཆེ། དེ་ཉིན་གང་མིན་ཆར་སོགས་འབྲིང་དུ་བཤད། ཞེས་པ་འདིས་ལྡོག་གཉིས་ཀྱི་སྐབས་སུ་གནམ་གཤིས་ཇི་ལྟར་འབྱུང་བ་གསལ་བར་བསྟན་ཡོད། ཁྱད་པར་རྒུན་ཉི་ལྡོག་པའི་ཉིན་ལ་བརྟག་པ་ནི། སྔ་མ་ལས། དགུན་ཉི་ལྡོག་པའི་ཉིན་མོ་དེར། སྲོད་ལ་ཝ་རྒྱལ་བྱུང་ཚེ་ནད་རིམས་འཕེལ། གནམ་ལ་ཉི་ཟླ་སྐར་གསུམ་ས་གཞི་རུ། གླུ་གཞས་རྩེ་ན་མི་ཕྱུགས་ནད་མེད་བདེ། ས་འབིར་སྒྲ་འོད་འབྱིན་ཅིང་ཐལ་འཚུབས་ལངས། མི་ཆེན་གཙོར་ངན་ཞེས་སོགས་མང་དུ་འབྱུང་བ་འདིར་མ་སྤྲོས། ཞེས་པ་ལྟར་རོ། དགུན་ཉི་ལྡོག་ནས་བཟུང་དུས་ཚིགས་ཉེར་བཞི་ཡོད་དེ། ༡ ཉི་གཟའ་སོ་ལྔ། ༢ བྱ་གཟའ་སོ་བརྒྱད། ༣ སྨལ་ཞག་སོ་བདུན། ༤ནུར་ཞག་གཉིས། ༥ དབྱུག་ཞག་བཅོ་ལྔ། ༦ སོན་མཇུག་ཞག་ལྔ། ༧ ཁུ་བྱུག་སླེབས་ཞག་བཞི། ༨ དེ་ནས་བཅུ་དྲུག་གནའ་རེའུ་ལྔ་ཤོས་སྐྱེ། ༩ དེ་ནས་བཅོ་སྔ་ཉི་ཁྱིམ་ཟུག ༡༠ དེ་ནས་བཅུ་དྲུག་དབྱར་ཉི་ལྡོག ༡༨༣ དེ་ཡི་ཕྱི་ཉིན་དབྱར་གྱི་ཆུང་གསུམ་མམ། ༡༡ ལོག་ཞག་ཉེར་གཅིག སྨལ་ཞག་བཅོ་ལྔ། ༡༢ ནམ་བར་གསུམ། ༡༣ སྲིན་མོའི་གདོང་ཆར་གསུམ། ༡༤ ཕུག་བདུན། ༢༥ ནམ་གསུམ། ༡༦ ཝ་ཞག་བཅོ་ལྔ། ༡༧ གཞུང་ཞག་ཉེར་གཅིག ༡༨ དབྱར་ཤུལ་ཞག་སོ་ལྔ། ༡༩ ལྷོ་སྒོའི་གནམ་སྐས་ཤ་རུས་སུམ་ཅུ་བདུན། ༢༠ མཆེ་ཞག་ཉེར་གཉིས། ༢༡ སྣ་རུའི་འོད་ཞག་བརྒྱད། ༢༢ གཉན་གྱི་རུ་འཕྲག་ཞག་ནི་བཅོ་ལྔ། ༡༣ དགུན་ཉི་ཁྱིམ་ཞུགས་ཞག་བདུན་བཅས། ༣༦༥ དེ་ལས་གཉིས་བྱ་སོ་བརྒྱད་ལ་དམིགས་གསལ་ཀྱི་བརྩི་སྲོལ་ཞིག་ཡོད་དེ། 《དཔྱད་གསུམ་དག་རྩིས》ལས་དེ་ནས་བྱ་གཟའ་སོ་བརྒྱད་འདྲེན་པའི་ཚུལ། ལྷོ་གཤོག་བྱ་གཤོག་བྱ་བར་དག་དང་གསུམ། དང་པོ་ལྷོ་གཤོག་ཞག་ནི་བཅུ་གཅིག་ལ། དེ་ཡི་དང་པོ་དྲུག་གཤོག་ཞག་གསུམ་ཚེ། དྲུག་གཤོག་འཐབ་ཅེས་ཁ་རླུང་འཚུབས་ཉེས་ཡོད། དེ་ནས་གཤོག་ངོས་ཞག་བཞིར་གྲང་བའི་སྒང་། དཔུང་ཞག་གཅིག་དང་ཁ་གདོང་ཞག་པོ་གསུམ། ཁ་གདངས་དཀྱིལ་ན་དགུན་གྱི་སྙིང་པོ་ཞེས། མཇིང་ཐུང་དག་ལ་ཁ་བ་བབས་པ་ན། བྱ་སྐྱུག་ཟེར་བས་ཁ་བ་ཆུར་བར་འདོད། དེ་ནས་བྱ་མགོ་ཞག་གསུམ་ཞྭ་མོ་བཞི། ཁྲག་འཛག་རྣག་འཛགཞེས་བྱ་ཤིན་ཏུ་གྲང་། རྐང་ཕྲན་ཕྱི་ཕྲ་གཅིག་འདི་ཁ་དུས་ཡིན། བྱང་གཤོག་འདིའི་སྐབས་བྱང་གི་སྤུ་བལ་སོགས། རླུང་གིས་བསྐྱོད་ནས་ལྷོ་རོང་འབྱོར་ཞེས་སྨྲ། གསུམ་པ་བྱ་བར་ཟླ་ཕྱེད་འདྲེན་ལུགས་ཀྱང་། བྲེ་རྐང་གཡུ་རྐང་ནམ་བར་ཆུ་སོ་དང་། བྱ་ཕྲུག་དང་ལྔ་རེ་རེར་ཞག་གསུམ་རེ། བཅོ་ལྔ་དག་ལ་གཡུ་རྐང་ཚུགས་པ་ནས། མངའ་རིས་ཕྱོགས་སུ་རྟ་ལ་བྱི་ཆུ་བསྲུངས། ནམ་བར་གསུམ་ལ་ཤིན་ཏུ་གྲང་བའི་ངོ་། བྱ་ཕྲུག་གསུམ་ལ་ཁ་བ་བབས་དུས་ཡིན། དེ་ཡི་བྱ་གཟའ་སོ་བརྒྱད་རྫོགས་པ་སྟེ། ནམ་བྱ་མ་བུ་གྲོལ་རྟགས་དྲོད་ཀྱི་དུས། རྟ་ཆུང་འཆར་རོ། ཞེས་གསུངས་སོ། དེའང་དགུན་ཉི་ལྡོག་ནས་ཉི་གཟའ་ཞག་སོ་ལྔ་སོང་པའི་རྗེས་ནས། བྱ་ཡི་ལྷོ་གཤོག་ལ་སྦྱར་བའི་ཞག་བཅུ་གཅིག་རྩིས་དགོས། (བོད་ཟླ་བཅུ་གཉིས་ནང་འཁེལ)དེའི་དང་པོ་ཞག་གསུམ་ལ་དྲུག་གཤོག་འཐབ་ཅེས་ཟེར་ཏེ། ཁ་བ་བུ་ཡུག་འཚུབ་ཉེས་ཆེ། དེ་ནས་བྱ་ཡི་གཤོག་ངོས་ལ་སྦྱར་བའི་ཞག་བཞིར་གྲང་དར་ཆེ། དེ་ནས་དཔུང་པའི་ཞག་གཅིག་དང་ཁ་གདོང་གི་ཞག་གསུམ་འདི་ལ། ཁ་གདངས་དཀྱིལ་ནས་དགུན་གྱི་སྙིང་པོ་ཞེས་ཟེར་ཏེ། ཉི་མ་ལྡོག་ནས་ཞག་ཞེ་ལྔ་སོང་ཡོད་པས་དྲོ་ཡང་ཁ་བ་ཡོང་ཉེས་ཆེ། ལྷོ་གཤོག་བཅུ་གཅིག་སྐབས་འདིར་རོང་གི་ཤིང་བལ་བྲུལ་བ་དང་ཀྱོ་ག་བྱང་དུ་སླེབས་སྲིད། དེ་ནས་ཞག་གཅིག་ལ་ལྷོ་བྱང་གཤོག་པ་ཨ་ནུ་ཀུ་ཞེས་ཟེར་ཏེ་ས་གཏོར་རྡོ་གཏོར་གྱི་རླུང་ཆེན་ལྡང་། དེ་ནས་བྱ་གཤོག་ཞག་བཅུ་གཉིས་བརྩི་དགོས་ཏེ། དང་པོ་མཇིང་རིང་ཞག་གསུམ་དང་མཇིང་ཐུང་ཞག་གཅིག་ལ་དྲོ་ཞེས་ཟེར་ཡང་ཁ་བ་འབབ་ན་བྱ་སྐྱུགས་ཟེར་བའི་ཁ་བ་ཆུང་ཙམ་ཡིན། དེ་ནས་བྱ་མགོ་ཞག་གསུམ་དང་ཞྭ་མོ་ཞག་བཞི་འདིའི་རིང་ཁྲག་འཛགས་སྣག་འཛགས་ཞེས་བྱ་བ་ཤིན་ཏུ་གྲང་ངར་ཆེ། རྐང་ཕྲན་ཕྱི་འཕྲ་ཡང་ཟེར་ཏེ་ཁ་བ་བབས་པའི་དུས་ཡིན། བྱང་གཤོག་བཅུ་གསུམ་སྐབས་འདིར་བྱང་གི་སྤུ་བལ་སོགས་རླུང་གིས་འཁྱེར་ནས་ལྷོ་རོང་འབྱོར་ཞེས་སྨྲ། གསུམ་པ་བྱ་ཡི་བར་ལ་ཟླ་ཕྱེད་འདྲེན་དགོས་ཏེ། བྱ་རྐང་དང་གཡུ་རྐང་གཉིས། ནམ་བར་དང་ཆུ་སོ་གཉིས། བྱ་ཕྲུག་དང་ལྔ་ལ་ཞག་གསུམ་རེ་སྟེ་ཞག་བཅོ་ལྔ་ཡིན། གཡུ་རྐང་ཚུགས་པ་ནས་མངའ་རིས་ཕྱོགས་སུ་རྟ་ལ་བྱི་ཆུ་བསྲུངས་ཟེར། ནམ་བར་གསུམ་ལ་ཤིན་ཏུ་གྲང་བའི་ངོ་ཡིན། བྱ་ཕྲུག་གསུམ་ལ་ཁ་བ་འབབས་པའི་དུས་ཡིན་ཟེར། དེ་ཡིས་བྱ་གཟའ་སོ་བརྒྱད་རྫོགས་པ་སྟེ། ནམ་བྱ་མ་བུ་གྲོལ་བ་ཞེས་ཐོ་རངས་སྐར་མ་རྟ་ཆུང་འཆར་བར་འགྱུར་ཞེས་བཤད་དོ།། དེ་ནས་སྨལ་ཞག་སོ་བདུན་སོགས་རིམ་བཞིན་བགྲང་བ་ཡིན།

  སྐབས་དེར་དཔྱིད་ཉིན་མཚན་མཉམ་པར་འོང་སྟེ། སྔ་མ་ལས། སྙིང་ཞག་གཅིག་གི་སྐབས་དཔྱིད་ཉིན་མཚན་མཉམ།། འོལ་བ་དག་ཀྱང་བོད་དུ་སླེབས་པའི་དུས།། ཞེས་གསུངས་སོ།། དེའང་ལོ་སྐོར་བཅུ་གཉིས་ལ་སྲོག་ཆགས་བཅུ་གཉིས་བྱུང་བ་དེའི་ཁུངས་ནི་སྟོན་པ་གཤེན་རབ་དགུང་ལོ་གཅིག་ནས་བཅུ་གཉིས་བར་དུ་སྲོལ་ཕྱེས་ཏེ་བོན་གྱི་དུས་འཁོར་རྒྱུད་ལས་རྒྱས་པར་གསུངས་ཡོད་ཅིང་། ལོ་སྐོར་བཅུ་གཉིས་ཀྱི་འགོ་ནི་བྱི་བ་ནས་འཛིན་པ་ཡིན་ཏེ། གཤེན་རབ་དགུང་ལོ་གཅིག་གི་དུས་སུ་གཏན་ལ་ཕབས་པ་ཡིན་པའི་ཕྱིར། དེ་འབྱུང་ལྔས་སྤེལ་བའི་ལོ་རྒན་དྲུག་ཅུའི་འགོ་ཤིང་བྱི་ནས་འཛིན་པ་འདི་འབྱུང་རྩིས་རིག་པའི་སྤྱི་ལུགས་ཡིན་ལ། འབྱུང་རྩིས་ཀྱི་ཁུངས་ནི་བོན་གྱི་དུས་འཁོར་ལ་ཐུག་ཡོད། དེ་ཕྱིར་ལོ་འགོ་བྱི་བ་ནས་འཛིན་དགོས་པའི་གཏན་ཚིགས་འདི་བོན་གྱི་རིང་ལུགས་ཐུན་མོང་མ་ཡིན་པ་ཞིག་རེད། གོང་གི་དགུན་ཉི་ལྡོག་ནས་ལོ་འགོ་འཛིག་སྲོལ་ཡོད་པ་དང་བྱི་བའི་ཟླ་བ་ལོ་འགོར་འདོད་པ་འདི་གཉིས་གནད་གཅིག་ཏུ་འབབས་ཀྱིན་ཡོད་དེ། དེའང་ལོ་ཡི་ཐོག་མ་ཤིང་བྱི་ནས་བཟུང་བ་ལྟར་ཟླ་བའི་ཐོག་མ་ཡང་བྱི་བ་ནས་འཛིན་དགོས་པ་ཡིན། དེ་ནས་རྩིས་ཟླ་བ་གསུམ་པ་དེ་སྟག་ཡིན་པ་དང་འགྲིག་ཡོད་པས། དེ་ནི་དཔྱིད་ཟླ་ར་བ་ཡིན་པར་འདོད་པ་རེད། བྱི་བའི་ཟླ་བ་ནི་དིང་དུས་ཀྱི་བོད་ཟླ་ཟེར་ནའང་འདྲ་ཧོར་ཟླ་བཅུ་གཅིག་པ་དེ་ཡིན།

  དེ་ནི་དགུན་ཟླ་འབྲིང་པོ་རེད། དགུན་ཉི་ལྡོག་དང་བོད་ཟླ་བཅུ་གཅིག་པ་གཉིས་ལྟོ་སྦྱར་ན་རགས་རྩིས་ཀྱིས་འགྲིག་ཡོད་ལ། ཞིབ་རྩིས་བྱས་ནས་དགུན་ཉི་ལྡོག་གི་ཉིན་མོ་དེ་བོད་ཟླ༡༡པའི་ཚེས༡ལ་མཐའ་གཅིག་ཏུ་འཁེལ་པའི་ངེས་གཏན་མེད་ཀྱང་། དེའི་གོང་འོག་གི་ཉིན་ཞག་སྐོར་ཞིག་ལ་འབབ་ངེས་ཡིན་པས། ལོ་འགོ་བོད་ཟླ༡༡པའི་ཚེས༡ལ་འདོད་པ་དེ་དགུན་ཉི་ལྡོག་ལ་ལྟོས་ནས་སྔོན་དུས་ཞང་ཞུང་གི་ཡུལ་དུ་ལོ་གསར་གྱི་དུས་སྟོན་ཡང་འདིའི་ཉིན་ལ་བྱེད་པ་བཞེད་དོ།། མངའ་རིས་སྤུ་ཧྲེང་དང་རྩ་མདའི་ལོ་གསར་ཞེས་ཀྱང་འབོད་དོ།། རྒྱ་ནག་ཀྲུའུ་(朱)རྒྱལ་རབས་སྐབས་སུ་འདི་ལྟར་དུ་བརྩི་བར་བཤད་པས་གནའ་སྔ་མོ་ཞང་ཞུང་རྒྱལ་ཁབ་ཀྱི་དུས་ནས་རྒྱ་བོད་ཀྱི་རིག་གནས་འབྲེལ་བ་ཡོད་པར་ཤེས་ཐུབ་བོ།།

  འདིའི་ལོ་རྒྱུས་ལ་དཔྱད་ན་ཉིན་ཞག་སུམ་བརྒྱ་རེ་ལྔ་བགྲང་བ་དང་དེ་ལ་ལྡོག་གཉིས་དང་མཉམ་གཉིས་དུས་བཞི་ངོས་འཛིན་པའི་ལུགས་འདི་ལོ་ངོ་བཞི་སྟོང་གི་གོང་ནས་ཞང་ཞུང་དུ་དར་ཡོད་པར་ཤེས་རྟོགས་བྱེད་ཐུབ་པ་དང་། རྒྱ་ནག་ཏུ་ལོ་བཞི་སྟོང་གོང་གི་ཞྭ་(夏)རྒྱལ་རབས་ཀྱི་དུས་སུ་ཉིན་ཞག་མའི་བརྩི་ཚུལ་ཡོད་པའི་ལོ་རྒྱུས་ཡོད་པས་དེ་དག་བསྒྲིགས་ཏེ་བརྟག་ན། གནའ་བོའི་ཞང་ཞུང་གི་ཤེས་རིག་དང་གནའ་བོའི་རྒྱ་ནག་གི་ཤེས་རིག་གཉིས་ལ་འབྲེལ་ཟམ་ཞིག་ཡོད་པ་རྟོགས་ཐུབ། བྱི་བ་སོགས་ལོ་སྐོར་བཅུ་གཉིས་ཀྱི་བཤད་པ་ཕྱོགས་གཉིས་ཀར་ཡོད་པ་འདིའང་བདེན་རྟགས་ཤིག་ཡིན། རྒྱ་ནག་ཏུ་གནའ་སྔ་མོའི་དུས་ནས་འབྲུག་(青龙)ལ་བརྩི་མཐོང་ཆེན་པོ་བྱེད་པ་ཡིན་ལ། བོན་གྱིས་ཀྱང་ནམ་མཁའི་གཡུ་འབྲུག་ཞེས་པའི་སྲོག་ཆགས་ཤིག་ཡོད་པར་མཛོད་འགྲེལ་ལས་བཤད་ཡོད། དེ་ཡིས་ཤེས་རིག་ལ་འབྲེལ་བ་ཡོད་པའི་གྲུབ་ཆ་ཞིག་མངོན་པ་དེ་ཡིན། རྒྱ་གར་དུ་འབྲུག་སོགས་ལོ་སྐོར་བཅུ་གཉིས་ཀྱི་སྲོག་ཆགས་ཀྱི་བཤད་སྲོལ་འདི་དར་མ་མྱོང་བ་ཞིག་ཡིན་ནོ།།

  གདོད་མའི་བོད་ཀྱི་རྒྱལ་ཕྲན་བཅུ་གཉིས་ཀྱི་དུས་རབས་ནང་དུ་བོད་ཡར་ཀླུང་གི་རྒྱལ་ཁབ་ནང་ལ་དམངས་ཁྲོད་དུ་རྒན་མོ་བལ་མའི་ཐག་རྩིས་ཞེས་པ་ཞིག་དར་བར་གྲགས་ཏེ། པུ་དེ་གོང་རྒྱལ་གྱི་སྐབས་སུ་རྒན་མོ་ཞིག་གིས་ཐགས་འཐག་པའི་ཞོར་དུ་ཟླ་བ་ཡར་ངོ་དང་མར་ངོའི་ཆ་བཅོ་ལྔ་རེ་དང་། ཉིན་ཞག་བསྡུར་ནས་ལོ་གཅིག་ལ་ཉིན་ཞག་སུམ་བརྒྱ་རེ་ལྔ་དང་ཟླ་བ་བཅུ་གཉིས་འགྲོ་བ་ཤེས་ཤིང་། ཉི་ཐིག་ལ་བརྟེན་ནས་ལྡོག་གཉིས་དང་མཉམ་གཉིས་རྣམས་ཤེས་པ་རེད། ཞང་ཞུང་གི་སྟོན་པ་གཤེན་རབ་མི་བོ་དང་རྒྱའི་རྒྱལ་པོ་ཀོང་ཙེ་འཕྲུལ་རྒྱལ་གཉིས་ཀྱི་འབྲེལ་བའི་ཐོག་ནས་གདོད་མའི་ཡིག་ཐོག་ལ་བཀོད་པའི་འབྱུང་རྩིས་རིག་པའི་རྩིས་གཞི་ཆགས་ཡོད་རེད།

  དེ་ལ་སྟོན་པ་གཤེན་རབ་ཀྱིས་དགུང་ལོ་བཅུ་གཉིས་དུས་སུ་ཡེ་དབང་ས་ཡི་སྙིང་པོའི་དགོངས་པ་བཞིན་ཕྱི་རིག་པ་འབུམ་གསུམ་གསུངས་ཡོད་དེ། སྣང་སྲིད་ཀྱི་གཏོ་འབུམ་ནག་པོ། རིན་ཆེན་ཀུན་འབུམ་ཁྲ་བོ། གཙུག་ལག་དཔལ་འབུམ་དཀར་པོ། དེ་ལས་རྒྱས་པ་འབྱུང་བ་ལྔའི་དུས་འཁོར་གྱི་རྒྱུད་ལྔ་གསུངས་པ་ནི། སྡོང་པོ་དགུ་འདུས་ཤིང་གི་རྒྱུད། ཀུན་འབུམ་གོ་འབྱེད་ཁྲ་བོ་དང་། ཀུན་འདུས་ཆེན་པོ་ལྕགས་ཀྱི་ལྷ། ཀུན་སྒྲོལ་དབྱིངས་ཕྱུག་རླུང་ལྷ། ཀུན་འཇོམས་རྒྱལ་པོ་ཆུ་ལྷའི་རྒྱུད་རྣམས་སོ། ད་དུང་སྟོང་གསུམ་སྲིད་པ་བཅོས་འབུམ་བཅས་ཡོད་རེད།

  ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་སྔ་མ་ལ་རྣམ་རྒྱལ་སྒྲུབ་སྐོར་སོགས་ཡོད་པ་རྩིས་རིག་ལ་མི་གཏོགས་པ་ཡིན་ལ། རྒྱའི་རྒྱལ་པོ་ཀོང་ཙེ་འཕྲུལ་རྒྱལ་གྱི་ཕྱི་མ་ལ་ས་བདག་བསྒྱུར་བཅོས་ཀྱི་འབུམ་དང་རྒྱ་ནག་ཀེག་ཟློག་སོགས་དཔེ་ཆ་མང་པོ་ཡོད། ད་དུང་ཀོང་ཙེའི་རྩིས་ཡིག་སྐོར་ཡང་གདོད་མའི་བོན་གྱི་གྲས་སུ་ཐོན་གི་ཡོད་དོ། དཔེ་ཆ་དེ་རྣམས་ནི་གནའ་བོའི་ངག་རྒྱུན་གྱི་རྩིས་སྲོལ་རྣམས་ཡིག་ཐོག་ཏུ་བཀོད་པའི་ཐོག་མའི་ཡིག་ཆ་ཡིན་པས་རྩིས་རིག་གི་ཡིག་ཚང་རྙིང་བ་རྣམས་ཡིན་པར་ངོས་འཛིན་ནོ།།

  རྒྱ་ནག་ཀྲུའུ་(朱)རྒྱལ་རབས་ཀྱི་ཧན་ནུབ་མའི་སྐབས་སུ་བོད་དུ་གཉའ་ཁྲི་བཙན་པོ་བྱོན་པ་དང་དུས་མཉམ་ཞིང་། སྐབས་དེར་རྒྱུའི་བོན་ཤེས་པ་ཅན་བཅུ་གཉིས་སོགས་བྱོན་ལས་སྐོས་ཤེས་རྩིས་མཁན་ཞེས་པ་ལོ་རྒྱུས་ཀྱི་ཟིན་ཐོ་ཡོད་ལ། གདོད་མའི་བོན་པོ་རྣམས་ལ་སྐར་མའི་མིང་བརྡ་རྙིང་བ་ཡོད་པ་ནི། བྲ་ཉེ་ཞེས་པ་གནའ་བོའི་བོན་གྱི་མིང་རྙིང་བ་ད་ལྟའང་གནས་ཡོད། སྨིན་དྲུག་ལ་ཉ་དྲུག སྣར་མ་ལ་བི་རྫི། མགོ་ལ་སྨལ་པོ། ལག་ནི་དབྱིབས་ལ་བཏགས་པའི་གནའ་མིང་། རྒྱལ་ལ་རྒྱལ་སྨད། སྐག་ལ་ཝ། མཆུ་ལ་རྟ་ཆེན། གྲེ་ལ་རྟ་ཆུང་། དབོ་ལ་ཕྲ། མེ་བཞི་ལ་བྱ་མ། ནག་པ་ལ་བྱའུ། ས་རི་ལ་གནམ་གོང་། ས་ག་ལ་ནམ་འོག ལྷ་མཚམས་ལ་ལག་སོར། སྣྲོན་ལ་ལྡེའུ། སྣུབས་ལ་སོག་པ། ཆུ་སྟོད་ལ་བྲེ། ཆུ་སྨད་ལ་ཕུལ། གྲོ་བཞིན་ལ་བྱ་སྤོ། བྱི་བཞིན་ལ་བྱ་གཞུག མོན་གྲེ་ལ་སྒྲོག་སྟོད། མོན་གྲུ་ལ་སྒྲོག་སྨད། ཁྲུམས་སྟོད་ལ་བྱ་མཆུ། ཁྲུམས་སྨད་ལ་ཟེའུ། ནམ་གྲུ་ལ་ཤེ་ས། ཐ་སྐར་ལ་དབྱུག་པ་བཅས་བཏགས་ཡོད། དེ་ལ་གནའ་མིའི་བརྟགས་སྲོལ་ཞིག་ལ་སྨར་པའི་ཆར་བརྟག་པ་ཞེས་པ་ནི། བོད་ཟླ་ལྔ་བའི་ནང་སྐར་མ་སྨར་པོ་(མགོ)ཤར་བའི་རྗེས་ཀྱི་ཞག་ཉི་ཤུའི་ནང་ཆར་བབས་དང་མ་བབས་ལ་བརྟེན་ནས་སད་སེར་དང་ཞོར་སྐྱོན་ཡོད་མེད་བརྟག་པ། སྐྱོར་ཁ་བརྟག་པ་ཞེས་པ་ནི། བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་དང་། བཅུ་གཉིས་པའི་ཚེས་ཉེར་ལྔ། བོད་ཟླ་དང་པའི་ཉི་ཤུ་གསུམ་བཅས་ལ་དགོང་མོའི་ཟླ་བ་དང་མཉམ་དུ་ཤར་ལྷོའི་ཕྱོགས་ནས་སྐར་མ་ལག་སོར་(ལྷ་མཚམས)ཞེས་པ་མའི་ལག་བའི་བཟོ་དབྱིབས་དང་འདྲ་བ་ཞིག་ཤར་ཡོང་བ་དེའི་གནས་གང་དུ་ཟླ་བ་མཉམ་དུ་འགྲོགས་ནས་ནམ་ཚོད་འཛིན་གྱི་ཡོད་པས་ཚེས་བཅོ་ལྔའི་དགོང་མོ་སྐར་མ་སྨིན་དྲུག་དེ། ཟླ་བའི་མདུན་རྒྱབ་གཡས་གཡོན་གང་དུ་ཡོད་མེད་ལ་བལྟས་ཏེ་ལོ་རྗེས་མའི་ལོ་ཏོག་ལེགས་ཉེས་བརྟག་པ་སོགས་གནའ་རབས་བོན་དང་ཞིང་འབྲོག་རྒན་པའི་ཉམས་མྱོང་ཡིན་ནོ།།

  བླ་ཆེན་དྲན་པ་ནམ་མཁའི་མཛོད་སྒྲ་འགྲེལ་ལས་བསྟན་པའི་བརྩི་ཚུལ་ནི།དམངས་སྲོལ་དང་ཐག་ཉེ་བར་ཡོད་པའི་སྐོར་ནི། གནའ་བོའི་ཞང་ཞུང་གི་གཤེན་པོ་བླ་ཆེན་དྲན་པས་མཛད་པའི་མཛོད་སྒྲ་འགྲེལ་ལས། དཔྱིད་ར་བ་གང་ཞེ་ན། སྙིང་པོ་སྟག་གིས་འཛིན་ནོ། སྐྲ་མ་རྒྱལ་ལ་ཚེས་སོ། ནམ་ཟླ་དཔྱིད་ར་བའོ། དེ་བཞིན་དུ་འབྲིང་པོ་ཡོས་བུ་སྟ་ཡིས་ཚེས། ཐ་ཆུང་འབྲུག་ཏེ་བྱ་ཡིས་ཚེས་སོ།། སླུངས་མལ་དབྱར་གང་ཞེ་ན། མུར་ཏི་ཝིང་ཞེས་བྱ་སྟེ་སྙིང་པོ་སྦྲུལ་གྱིས་འཛིན་ནོ།། སྐར་མ་ནམ་ཐོངས་ཀྱིས་ཚེས་སོ། ནམ་ཟླ་དབྱར་ར་བའོ།། དེ་བཞིན་དུ་འབྲིང་པོ་རྟ་ལག་སོར་གྱིས་ཚེས། ཐ་ཆུང་ལུག་བྲེ་ལ་ཚེས་སོ།། ཞེས་དང་། སྟོན་དང་ཞེས་གང་ཞེ་ན། ཧ་ནུ་ཝིང་ཞེས་བྱ་སྟེ་སྙིང་པོ་སྤྲེའུ་ཡིས་འཛིན་ནོ།། དེ་སྐར་མ་བྱ་གསུམ་གྱིས་ཚེས་སོ།། ནམ་ཟླ་སྟོན་ར་བ་ཡིན་ནོ།། དེ་བཞིན་དུ་འབྲིང་པོ་བྱ་སྒྲོག ཐ་ཆུང་ཁྱི་ཁྲུམས་སོ། ཞེས་དང་། དགུན་གྱི་ཞེས་པ་དུ་རེ་ཝིང་ཞེས་བྱ་སྟེ། སྙིང་པོ་ཕག་གིས་འཛིན་ནོ།། སྐར་མ་དབྱུག་གིས་ཚེས། ནམ་ཟླ་དགུན་ར་བའོ།། འབྲིང་པོ་བྱི་བ་སྨིན་དྲུག ཐ་ཆུང་སྨལ་པོ་གླང་པོ། ཞེས་གསུངས་པ་འདིས་ཐོག་མར་ལོ་སྙིང་བཅུ་གཉིས་དེ་ཟླ་བ་གང་དང་སྦྱར་བའི་ངེས་པ་གསལ་བར་བསྟན་ཡོད་པ་ནི།

  འདི་ནི་ཟླ་བ་སོ་སོའི་ཚེས༡ལ་སྐར་མ་གང་གིས་ཚེས་པ་དེ་ཉིད་ངོས་བཟུང་བ་ཡིན། ཁ་ཅིག་གིས་ཉ་སྐར་ཡིན་པར་འཛིན་མཁན་ཡོད་ཀྱང་དེ་ནི་འཁྲུལ་བ་རེད། ངོ་མཚར་བ་ཞིག་ལ་འདི་ནི་དམངས་ཁྲོད་དུ་བརྩི་ཚུལ་དང་གཅིག་མཚུངས་བབས་ཡོད།

  བོད་ཀྱི་གདོད་མའི་དམངས་སྲོལ་ནས་བརྒྱུད་ཡོང་བའི་ཟླ་བ་དང་སྐར་མ་བརྩི་ཚུལ་ནི། དིང་སང་ད་དུང་དམངས་ཁྲོད་དུ་བརྩི་སྲོལ་དར་ཡོད་པས་ངོ་སྤྲོད་ཞུ་ན། ལོ་གསར་གྱི་ཟླ་བ་དང་པོ་ལ་བྱ་ཟླ་ཡིན་པར་བརྩི་བ་འདི་དམངས་ཁྲོད་ན་ཁྱབ་རྒྱ་ཧ་ཅང་ཆེ་བས་དིང་སང་ད་དུང་བརྩི་བ་ཡིན་ཡང་ཡིག་ཐོག་ལ་བཀོད་པ་མེད་པས་ངག་རྒྱུན་ཙམ་ལ་བརྟེན་དགོས་པར་ཆགས་ཡོད། སྐར་མ་གང་གིས་ཚེས་ཚུལ་འདིའང་ཁོ་བོས་དམངས་མིའི་ངག་ནས་དངོས་སུ་ཐོས་པ་ལྟར་དུ་བྲིས་པ་ཡིན་ནོ།། 《སྐར་རྩིས་ཉེར་མཁོ་བུམ་བཟང》ལས། དེ་ཡང་ནག་རྩིས་རྙིང་མ་དང་། གསར་མ་བཅོས་སླད་མེད་རྣམས་ལ། དཔྱིད་ཟླ་ར་བ་མ་ནོར་ན། མོན་གྲེ་ཟངས་ཀྱི་སྒོ་མོས་ཚེས། རྟ་པ་གསེར་གྱི་སྒོ་མོས་ཉ། ཞེས་བའི་གནད་འདིར་བལྟས་ན་དཔྱིད་ར་བ་ནི་ཧོར་ཟླ་དང་པོ་ཡིན་པ་དེ་རེད། སྐར་མའི་ཚེས་ཚུལ་འདི་སྒྲ་འགྲེལ་དང་ཡང་འགྲིག་འདུག་གོ། འོན་ཀྱང་དུས་བཞི་ལ་སྦྱར་ཚུལ་འདི་དང་མི་མཐུན་པ་ཞིག་ཡིན་པས་བློ་ལྡན་རྣམས་ཀྱིས་དཔྱད་དགོས་སོ།།

   སྟོན་པ་གཤེན་རབ་ཀྱི་དུས་འཁོར་གྱི་རྒྱུད་དང་གསོ་རིག་སྨན་འབུམ། ཀོང་ཙེ་འཕྲུལ་རྒྱལ་གྱི་ས་བདག་བསྒྱུར་བཅོས་སོགས་ལས། རུས་སྦལ་གྱི་ཕྱོགས་བཞི་མཚམས་ལྔའི་འབྱུང་བ་ལྔ་ལ་གནས་པའི་གཟའ་དང་སྐར་མ་ལོ་སྙིང་སྤར་སྨེ་སོགས་ཀྱིས་དབང་བསྒྱུར་བའི་བཤད་པ་རྒྱ་ཆེར་བྱུང་ཡོད་ལ། སྐབས་དེ་ནས་བཟུང་ཉིན་ཞག་དང་ཚེས་ཞག་སྦྲག་མའི་རྩིས་གཞི་ཆགས་ཡོད། དེ་ནི་ལོ་གཅིག་ལ་དུས་བཞི་དང་ཟླ་བ་བཅུ་གཉིས་ཀྱིས་གཏན་ཁེལ་བྱས་ཡོད་དེ། 《སྨན་འབུམ་དཀར་པོ》ལས། དཔྱིད་དང་དབྱར་སྟོན་དགུན་དུས་བཞི་དང་མཚམས། ཤིང་རྩི་ཁ་འབུས་དུས་ནི་དཔྱིད་ཟླ་གསུམ། བྱ་དང་ས་ག་ལག་སོར་ནམ་ཚོད་འཛིན། བྱེལ་ཆུང་ཐེ་བས་དུས་ཚོད་འཛིན་པའི་དུས། བདུན་ཅུ་རྩ་གཉིས་ཤིང་ཁམས་མཆིན་རྩ་རྒྱུ། འཕྲ་ལ་འཁྲང་སྟེ་ཐེ་བའི་སྐད་ལྟར་འཕར། དབྱར་ཟླ་གསུམ་ནི་ཤིང་ལོ་འདབ་རྒྱས་ཆར་འབབས་དུས། བྲེ་དང་བོན་དང་གྲོག་གིས་ནམ་སྐྱེལ་སྟེ། ཁུ་བྱུག་གསུངས་སྒྲོགས་དུས་ཚོད་འཛིན་པའི་དུས། བདུན་ཅུ་རྩ་གཉིས་སྙིང་ཁམས་མེ་རྩ་རྒྱུ། སྦོལ་ལ་རིང་བ་ཁུ་བྱུག་སྐད་ལྟར་འཕར། སྟོན་ཟླ་གསུམ་ནི་རྩི་ཐོག་སྨིན་པའི་དུས། ཁྲུམས་སྟོད་དབྱུག་པ་སྨིན་དྲུག་ནམ་ཚོད་འཛིན། བྱེལ་ཆུང་ལྕོ་གས་དུས་ཚོད་འཛིན་པའི་དུས། བདུན་ཅུ་དོན་གཉིས་ལྕགས་ཁམས་གློ་རྩ་རྒྱུ། ལྕོ་གའི་སྐད་ལྟར་ཐུང་ལ་རྩུབ་པར་འཕར། རྒུན་ཟླ་གསུམ་ནི་ས་འཁྱགས་ཆུ་འཁྱགས་དུས། མགོ་རྒྱལ་རྟ་དང་གསུམ་གྱིས་ནམ་བསྐྱེལ་དུས། ཤ་བས་ངུ་སྐད་འབྱིན་བའི་དུས་ཚོད་འཛིན། བདུན་ཅུ་དོན་གཉིས་ཆུ་ཁམས་མཁས་རྩ་རྒྱུ། འཇམ་ལ་འཁྲང་བ་མཐིང་རིལ་སྐད་ལྟར་འཕར། ཐ་ཆུང་བཞི་ཡི་ཟླ་མཐའ་བཅུ་གཉིས་མན། ཞག་ནི་བཅོ་བརྒྱད་བཞི་སྡོམ་རྩ་གཉིས་ལ། ས་ཁམས་འཕོ་འཆེར་གཉིས་ཀྱི་རྩ་དར་ཏེ། འཆིལ་བའི་སྐད་ལྟར་འཐུང་ས་འཇལ་པར་འཕར། དེ་ལྟར་དུས་ཚོད་བཞི་ལ་ཁམས་ལྔར་ཕྱེ། ཤིང་མེ་ས་ལྕགས་ཆུ་དང་ལྔ་ཡིན་ཏེ། ཞེས་གསུངས་སོ།། དེ་ལྟར་དབྱར་རྒུན་སྟོན་དཔྱིད་བཞི་ལ་ཟླ་བ་གསུམ་རེ་བྱས་པའི་ཟླ་བ་བཅུ་གཉིས་ནི་ལོ་གཅིག་ཡིན་པ་དང་། དེའི་ཟླ་མགོ་འཛིན་ཚུལ་ནི་དཔྱིད་ར་བ་ནི་སྨན་འབུམ་ལས་ཧོར་ཟླ་གཉིས་པར་འཁེལ་ཡོད་ལ། དེ་ཉིད་དུས་རབས་བཅུ་གཉིས་རྗེས་སུ་རྒྱུད་བཞི་ལས་ཧོར་ཟླ་དང་པོར་བཅོས་ཡོད། དེར་འཁེལ་བའི་ཤེས་བྱེད་ལ་ཤིང་རྩི་ཁ་འབུས་པ་དང་བྱེལ་ཆུང་ཐེ་བས་ནམ་ཚོད་འཛིན་པ་སོགས་ཕྱིའི་རབ་བྱུང་ཁམས་ཀྱི་འགྱུར་བ་དང་བྱ་རྟགས་སོགས་ཀྱིས་བསྟན་ཡོད་པ་དེ་ཡིན། ཟླ་བ་སོ་སོའི་ཉ་སྐར་བསྟན་ཡོད་ཀྱང་སྨན་འབུམ་དཀར་པོ་ལས་གསུངས་པ་ནི་གནའ་བོའི་ཞང་ཞུང་གི་བརྩི་ཚུལ་རྙིང་བ་ཞིག་ཡིན་པ་རྒྱུད་བཞི་ལས་གསར་བཅོས་མཛད་ཡོད་དོ།།

  སྨན་འབུམ་དཀར་པོ་ལས་བསྟན་པའི་ཉ་སྐར་གྱི་མིང་ནི། སྨན་འབུམ་དཀར་པོའི་སྐར་མིང་བརྡ་རྙིང་ཡིན་པ་དེ་དཀྲལ་ན། བྱ་ཞེས་པ་ནི། བྱའུ་དང་བྱ་རོག་ཞེས་ཀྱང་ཡོད་དེ་ནག་པ་ཡིན། ས་ག་དངོས་མིང་ཡིན། ལག་སོར་ནི་ལྷ་མཚམས་ཡིན། བྲེ་ནི་ཆུ་སྟོད་ཡིན། བོན་ནི་གྲོ་བཞིན་ཡིན། སྒྲོགས་ནི་མོན་གྲུ་ཡིན། ཁྲུམས་སྟོད་དབྱུག་པ་སྨིན་དྲུག་མགོ་རྒྱལ་རྣམས་ཀྱི་བརྡ་རྙིང་འདིར་མེད། རྟ་ནི་རྟ་ཆེན་ཏེ་མཆུ་ཡིན་ནོ།། སྨན་འབུམ་དཀར་པོའི་སྐར་མ་ལྟར་འཁོར་བའི་བརྩི་ཚུལ་དིང་སང་མེད་ཆེས་གནའ་བོའི་དུས་ཀྱི་སྲོལ་ཞིག་ཡིན་པར་ངེས་སོ།། འདི་རྣམས་ཉ་སྐར་ཡིན་པས་ནག་པ་ཟླ་བ་ནི་དིང་གི་ཧོར་ཟླ་གཉིས་པ་ཡིན། དེ་ཕྱིར་དཔྱིད་ར་བ་ནི་ཧོར་ཟླ་གཉིས་པ་ནས་བརྩི་བ་རེད།

  སྨན་འབུམ་ནང་གི་ཚེས་ཞག་འཁོར་སྟངས་ནི། སྨན་འབུམ་དཀར་པོའི་ལས་གནའ་བོའི་བོན་ལུགས་རང་སོར་བཞག་ཡོད་པ་དང་། ཕྱི་རྒྱུད་ལས་དེ་བཅོས་ནས་རྒྱ་ནག་རྩིས་ལྟར་བཀོད་ཡོད་པ་ལྷང་ངེར་ཤེས་ཡོད། བོན་གྱི་མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་ནག་རྩིས་ལས་དེ་དང་ཆ་བསྟུན་ནས་བྲིས་ཡོད་ལ། ནག་རྩིས་གཞན་ལས་དཔྱིད་ར་བ་ནི་བོད་ཟླ་བཅུ་གཉིས་པར་འདོད་པ་ཡོད་དོ།།

   རྒྱ་རྩིས་དངོས་དང་བསྡུར་ན་ཟླ་བ་འཕེལ་འགྲིབ་ཀྱི་བགྲོད་པ་གཅིག་ལ་ཞག་ཉེར་དགུ་དང་། ཆུ་ཚོད་བཅུ་གཉིས། ཧྥེང་ཞེ་བཞི་ཡིན་པས། དེ་ལ་ཟླ་བ་གཅིག་ཏུ་བརྩི། ལོ་རེར་ཞག་སུམ་བརྒྱ་ང་བཞིའམ་ཞག་སུམ་བརྒྱ་ང་ལྔ་འབྱུང་བས་ཆེ་ཟླ་ཡིན་ཚེས་སུམ་ཅུ་དང་། ཆུང་ཟླ་ཡིན་ཚེ་ཉེར་དགུ་ཡིན། ལོ་གསུམ་གྱི་བར་ནས་ཤོལ་ཟླ་གཅིག་དོར་ནས་ཟླ་ལྷག་ཕུད་པ་ཡིན། གནའ་བོའི་ཞང་ཞུང་གི་རྩིས་གཞི་དང་རྒྱ་ནག་གི་རྩིས་གཞི་གཉིས་ཐག་ཉེར་བར་ཡོད་པས་ཞང་བོད་རང་སའི་རིག་གནས་འདིའང་ཆུ་ཚོད་མཐོན་པོ་ཆགས་ཡོད་པར་ཤེས་སོ།། འདི་རྒྱ་ནག་ཞྭ་རྒྱལ་རབས་ཀྱི་ལོ་མགོ་འཛིན་ཚུལ་དང་གཅིག་ཏུ་བབས་ཡོད་པས་རྒྱ་རྩིས་ལུགས་ཡིན་ཞེས་ཀྱང་ཟེར་མཁན་ཡོད་དོ།། དེ་ལྟར་གདོད་མའི་དུས་ཀྱི་རགས་རྩིས་ནས་རིམ་བཞིན་དར་རྒྱས་གོང་འཕེལ་དུ་སོང་ནས་རྗེས་སུ་ལྔ་བསྡུས་ཀྱི་རི་མོའི་ལམ་ནས་རིག་པ་ཕྲ་ཞིབ་རྙེད་པ་ཡིན་ནོ།།

  བོད་ཟླ་བཅུ་གཉིས་པའི་ཚེས༡ལ་ལོ་གསར་གཏོང་བ་ནི། གཙང་གི་སོ་ནམ་ལོ་གསར་ཞེས་ཟེར་ཏེ། རྒྱ་ནག་ཧྲང་(商)རྒྱལ་རབས་ཀྱིས་འདི་ལྟར་འདོད་པར་བཤད་ཡོད། འདི་ཉིད་རྒྱ་རྩིས་རྙིང་མའི་ལུགས་ཀྱི་དཔྱིད་ར་བ་སྟག་གི་ཟླ་བ་འདོད་པ་ཡིན། རྒྱ་རྩིས་རྙིང་མ་ནི། རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་ལུགས་སྲོལ་ཡིན་ལ་བོད་དུ་སྤེལ་བ་པོ་ནི། རྒྱ་ནག་ལེགས་ཏང་རྨང་པོ་ཡིན། གནའ་བོའི་དཔྱིད་ར་བ་ཡང་འདི་ལ་ངོས་འཛིན་བྱེད་པ་ཡིན་ཏེ། གསོ་རིག་རྒྱུད་བཞི་བོད་དཔེ་ཡིན་པའི་སྒྲུབ་བྱེད་ནང་དུ། ལོ་འགོ་རྒྱལ་ལ་བྱེད་པའི་ཕྱིར། བོད་ཀྱི་སོ་ནམ་པ་ཡི་ལུགས་དང་མཐུན། ཞེས་བཤད་ཡོད་པས་རྒྱལ་ཟླ་ནི་འདི་ཡིན་པ་རེད། བོད་དུ་དུས་རབས་བཅུ་གཅིག་པའི་སྔོན་དུ་ལོ་མགོ་འདི་ལ་འཛིན་པ་དང་། སྟོན་པ་གཤེན་རབ་ཀྱི་འཁྲུངས་ཟླའང་འདི་ཉིད་ཡིན་པར་མཛད་མདོ་སོགས་ལས་བསྟན་ཡོད་དོ།། ཝུན་ཤུན་ཀོང་ཇོའི་ཞལ་ནས། ལོ་སར་ཟླ་བ་གང་ཡིན་པ། ང་ལ་མ་འདྲི་རྒྱལ་ལ་དྲིས། ཞེས་ཀྱང་གསུངས་པར་གྲགས། འདི་ཉིད་ཅུང་ས་བབས་དམའ་བའི་གནས་སུ་དཔྱིད་ཟླ་ར་བའི་བརྩི་བ་དང་འགྲིགས་ཏེ། ཕལ་ཆེར་མཚོ་ངོས་ལས་མཐོ་ཚད་སྨི་ཉིས་སྟོང་ཡན་མན་དང་འགྲིག་འདུག

  ཧོར་ཟླ་དང་པོའི་ཚེས༡ལ་ལོ་མགོར་འདོད་པ་ནི།དུས་རབས་བཅུ་གཅིག་པའི་ལོ་རབས་ཉེར་བདུན་ལ་ཧོར་ཇིང་གིར་རྒྱལ་པོ་ཆིང་གེ་སེས་མི་ཉག་གི་ལག་ནས་རྒྱལ་ས་ཐོབ་པའི་ཟླ་བར་བཀྲ་ཤིས་པའི་དགའ་སྟོན་བྱས་པ་རེད། རྗེས་སུ་དེ་ཉིད་ལོ་གསར་གྱི་ཟླ་བར་བཟུང་ནས་མཆུ་ཟླ་བ་དེ་ཟླ་བ་དང་པོར་བྱེད་པའི་སྲོལ་རྒྱ་བོད་ཧོར་གསུམ་དུ་དར་བར་གྱུར་བ་ཡིན་ཏེ། 《སྐར་རྩིས་ཉེར་མཁོ་བུམ་བཟང》ལས། ཁྱད་པར་རྒྱ་ནག་མི་ཉག་རྒྱལ་རབས་དུས། དཔལ་ལྡན་དུས་ཀྱི་འཁོར་ལོའི་ལུགས་བཟང་ལ། མཁས་པའི་པཎྚི་ཏ་ཞིག་རྒྱ་ནག་བྱོན། དེ་ཡི་ལེགས་བཤད་ངོ་མཚར་དཔལ་མང་ལ། མི་ཉག་རྒྱལ་བློན་མངོན་པར་དད་པའི་མཐུས། ཟླ་བའི་ར་འབྲིང་རྣམས་ཀྱང་དུས་འཁོར་ལུགས། རྩིས་མཁན་རྣམས་ལ་བཀའ་ཡི་བསྒོ་བ་བྱས། རྒྱལ་པོའི་ལུང་ལ་འགོང་བ་མ་ནུས་ནས། དཔྱིད་ར་ཡིན་ན་སྟག་ཟླ་ཡིན་པར་བསམ། དེ་ནས་ད་ལྟའི་བར་གྱི་རྒྱ་རྩིས་པས། མཆུ་ཡི་ཟླ་བ་དཔྱིད་ར་སྟག་ཟླ་བྱེད། ཅེས་གསུངས་པས་ལུགས་དེ་ནི་མི་ཉག་རྒྱལ་པོས་བཀས་བཅད་པ་ལས་བྱུང་བ་གསལ་བར་བཤད་པ་དེ་ཡིན།

  དེ་དང་བསྟུན་ནས་དུས་རབས་བཅུ་གཉིས་པའི་ནང་གི་གཡུ་ཐོག་ཡོན་ཏན་མགོན་པོས་སྨན་འབུམ་དཀར་པོའི་ནང་གི་དུས་ཚིགས་དེ་སྔ་བསྣུར་བྱས་ཏེ་ཕྱི་མ་རྒྱུད་ལ་བསྒྱུར་བཅོས་བྱས་ཤིང་དཔྱིད་ཟླ་ར་བ་ཡང་ཧོར་ཟླ་དང་པོ་དེ་ཡིན་པར་གཏན་འཁེལ་མཛད་པས། དིང་སང་ལྷ་སའི་ལོ་ཐོ་ལས་ཧོར་ལུགས་དང་གསོ་དཔྱད་པའི་ལོ་མགོ་ཞེས་བཤད་ཡོད། བོན་གྱི་མཁས་གྲུབ་ལུང་རྟོགས་རྒྱ་མཚོས་ཀྱང་། དཔྱིད་ར་ཧོར་ཟླ་དང་པོ་ནི། སྟག་གི་ཟླ་བ་རྩོད་བྲལ་ལོ། ཞེས་གསུངས་ཡོད། དིང་སང་ལྷ་ས་གཙོ་བོར་བྱས་པའི་ལོ་གསར་དུ་འདོད་པ་ཡིན། མཚོ་ངོས་ལས་མཐོ་ཚད་སྨི་ཉིས་སྟོང་ལྔ་བརྒྱའི་ཡན་མན་དུ་སྐབས་འདིར་ས་དྲོས་པ་དང་ཤིང་རྩི་ཁ་འབུས་འདུག་པས་བོད་ཡུལ་མང་ཆེ་བ་འོས་མཚམས་རེད། ནག་རྩིས་སྣང་སྲིད་མེ་ལོང་ལས། ཟླ་མགོ་འཛིན་ཚུལ་མང་ན་ཡང་། དཔྱིད་ཟླ་ཧོར་ཟླ་དང་པོ་ནི། སྟག་གི་ཟླ་བ་རྩོད་བྲལ་ལོ། གསུངས་པ་ལྟར་དུ་བརྩི་བ་ཡིན།

  གནའ་བོའི་བོད་ཀྱི་འབྱུང་རྩིས་ལུགས་དང་ནག་རྩིས་གསོ་རིག་རྒྱུད་བཞི་སོགས་ཀྱི་ཟླ་འགོ་འཛིན་ཚུལ་ནི། ཀོང་ཙེའི་ལོ་གསར་ཞེས་པ་ནི་བོད་ཟླ་བཅུ་བའི་ཚེས༡ལ་ཡིན་པ་རེད། རྒྱ་ནག་ཆིང་རྒྱལ་རབས་ཀྱིས་ལོ་མགོར་འཛིན་པར་བཤད་དོ།།

    དུས་རབས་བཅུ་གཅིག་པའི་སྐབས་སུ་བོན་གྱི་དུས་འཁོར་སོགས་ཀྱི་དཔེ་ཆ་གཏེར་ནས་དྲངས་པ་དང་བན་དེའི་དུས་འཁོར་རྒྱ་གར་ནས་བསྒྱུར་བ་ཡིན། དུས་རབས་བཅུ་གཅིག་པའི་ནང་ཧོར་ཇིང་གིར་རྒྱལ་པོས་བོད་ཁམས་དབང་དུ་བསྒྱུར། དུས་རབས་བཅུ་བཞི་བའི་ནང་དུ་ལྔ་བསྡུས་ཀྱི་རི་མོའི་ལག་ལེན་གཏན་ལ་ཕབ་ཅིང་ལོ་རེར་བརྗེ་བའི་ལི་ཐོ་ཞེས་པ་སོགས་བཟོས་པ་ཡིན།

  འདིར་བོན་ལུགས་ལོ་ཐོ་རྙིང་བ་ཞིག་ཡོད་པ་ལ་དཔྱད་ན། ལི་ཐོ་འདིའི་ལོ་མགོ་བོད་ཟླ་དང་པོ་མཆུ་ཟླ་བ་ནས་བཟུང་བ་དང་དེ་ཉིད་དཔྱིད་ར་བ་ཡིན་པ་དེ་ལ་དུས་འཁོར་ལུགས་ཞེས་བཏགས་ཡོད། ཧོར་ཟླ་ཞེས་པའི་ཐ་སྙད་གཅིག་ཀྱང་མེད་། ཚེས་ཁོངས་རེའི་ནང་དུ་འབྱུང་རྩིས་ལུགས་ཀྱི་ལོ་སྐོར་བཅུ་གཉིས་དང་གཟའ་བདུན་རྒྱུ་སྐར་ཉེར་བརྒྱད་རྟེན་འབྲེལ་བཅུ་གཉིས་དང་། སྡེ་བརྒྱད་རྒྱུ་ཚུལ་རི་མོས་མཚོན་པ་སོགས་ཡོད། དུས་འཁོར་དང་འབྲེལ་བ་ཡོད་ཅིང་ལྔ་བསྡུས་རི་མོ་མ་དར་བའི་གོང་གི་ལི་ཐོ་ཞིག་ཡིན་པ་རེད། ཟླ་བ་དང་པོའི་ཚེས་གཅིག་སྟག་གི་ཉི་མ་དང་། གཟའ་སྤེན་པ། སྐར་མ་སྒྲོམ་ཞེས་པ་མོན་གྲེ་ཡིན། གཟའ་ཡི་ཚེས་ཚུལ་ནི་ནག་རྩིས་ལུགས་ལྟར་ཡིན།

  དེའི་རྒྱུ་སྐར་ཉེར་བརྒྱད་ཀྱི་བརྡ་རྙིང་ནི། སྒྲོམ། སྒྲོགས། སེ་སྟོད། སེ་སྨད། ནམ་གྲུ། མཐའ་སྐར། བྲ་ཉེ། སྨིན་དྲུག སྣར་མ། གྷོ། ལག ནམ་སོ། རྒྱལ། སྐག མཆུ། ལྦོ། ཁྲ། བྱ་རོག སྒོང་ང་། སྒོང་སྒྲོགས། ལྷ་མཚམས། སྣོལ། སྣུམ། ཆུ་སྟོད། ཆུ་སྨད། བྱི་ཞོན། གྲོ་ཞུན་བཅས་པའི་ཐ་སྙད་རྙིང་བ་མང་པོ་དང་མཚོན་རྟགས་གཟུགས་རིས་མང་པོ་ཡོད་དོ། ལི་ཐོ་འདི་ནི་གནའ་བའི་བོན་གྱི་འབྱུང་རྩིས་ལ་རྨང་གཞི་བྱས་པའི་གཏན་འཁེལ་ཞིག་ཡིན་ནོ།།

  ལི་ཐོ་དེ་ནི་ལོ་གཅིག་ལ་ཟླ་བ་བཅུ་གཉིས་དང་ཟླ་རེར་ཞག་མ་སུམ་ཅུ་གཏན་འཁེལ་དུ་བྱས་ནས་ཞག་མ་སུམ་བརྒྱ་དྲུག་ཅུ་རེ་ལྔ་ཡོད། འདི་ལ་ཉ་སྐར་གཏན་འཁེལ་དུ་ཡོད་པས་ཉིན་ཞག་དང་ཚེས་ཞག་སྦྲག་མའི་ལུགས་ཡིན་ཀྱང་། ཉིན་མཚན་བར་ནས་ཆ་ཤས་བསགས་པ་ཕུད་པའི་རིག་པ་ཕྲ་ཞིབ་མེད་པས་ཚེས་ཆད་ལྷག་དང་ཟླ་ལྷག་ཕུད་པ་རྣམས་བྱུང་མེད་པས། གདོད་མའི་ངག་རྩིས་ལ་རྨང་གཞི་བྱས་ཡོད་པ་གསལ་བོ་རེད། ཁྱིམ་ཞག་གི་མིང་ཡང་མེད་པས་རྣམ་བཤད་དེ་ནི་རྗེས་སུ་རྒྱ་གར་ལུགས་ལས་བྱུང་བར་ངེས། བོན་ལུགས་ཡིན་པའི་མཚོན་རྟགས་གསལ་བོ་ཞིག་ནི་དུས་འགྱུར་བཤད་པ་ལས་སྟོན་པ་གཤེན་རབ་ཀྱི་སྲས་རྣམས་འཁྲུངས་པ་དང་། སྟོང་རྒྱུང་མཐུ་ཆེན་གྱི་འདས་སྐར་སོགས་གསལ་བོ་ཡོད་དོ། ད་དུང་དཔྱད་གཞི་ཧ་ཅང་མང་བས་འདིར་དེ་ཙམ་གྱིས་འཐུས་བར་བྱས་ཏེ་ཤེས་འདོད་ན་དཔེ་དངོས་ལ་གཟིགས་པར་ཞུ།

  ཡུལ་དངོས་རྟོག་ཞིབ་ཐོག་ནས་དཔྱད་ན། ལོ་སྐོར་ཟླ་བ་བཅུ་གཉིས་རེ་རེར་རྒྱུ་སྐར་ཉེར་བརྒྱད་ཀྱི་ལོངས་སུ་སྤྱོད་པའི་ཉ་སྐར་བཅུ་གཉིས་དེ་ཉིད་གཏན་འཁེལ་གྱི་རང་བཞིན་ཡིན་ཏེ། གདོད་མའི་མི་ཡིས་ནམ་མཁར་ཅེ་རེར་བལྟས་ནས་དངོས་སུ་ངོས་འཛིན་མཛད་དེ་གཏན་ལ་ཕབས་པ་ཡིན། དབྱར་རྒུན་སྟོན་དཔྱིད་ཀྱི་དུས་བཞི་ལ་ངོས་འཛིན་ཚུལ་མི་འདྲ་བ་ཡོད་དེ། དེ་ནི་ས་བབས་མཐོ་དམན་གྱིས་འབྱུང་གི་ཡོད་དེ། བོད་མདོ་དབུས་མཐོ་སྒང་ལ་ཆ་བཞག་ན། རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་ཉིས་སྟོང་ན་གནས་པའི་ས་ལ་ཧོར་ཟླ་བཅུ་གཉིས་པའི་ནང་ས་དྲོས་པ་དང་ཁམ་བུའི་མེ་ཏོག་བཞད་པས། བོད་ཀྱི་སོ་ནམ་ཟླ་བ་ཞེས་ཟེར་ཏེ་གནའ་བོའི་བོན་གྱི་འབྱུང་རྩིས་རིག་ལུགས་ཀྱི་དཔྱིད་ཟླ་ར་བ་ཡིན། ཉ་སྐར་རྒྱལ་ཡིན་པས་སྟོན་པ་གཤེན་རབ་ཀྱི་འཁྲུངས་སྐར་ཡིན་པར་འདོད་དོ།། རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་ཉིས་སྟོང་ལྔ་བརྒྱའི་ས་ན་གནས་པ་རྣམས་ཀྱིས་ཧོར་ཟླ་དང་པོའི་ནང་དུ་ས་འདེབས་མགོ་ཚུགས་པས་དེ་ནི་བོད་ཡོངས་ཁྱབ་ཀྱི་དཔྱིད་ཟླ་ར་བ་ལ་འདོད་པས། ཧོར་ལུགས་དང་གསོ་དཔྱད་པ་སོགས་ཀྱིས་བཞེད་དོ།། རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་སུམ་སྟོང་ལྔ་བརྒྱའི་ཡན་ན་གནས་པའི་ཡུལ་ལ་ཧོར་ཟླ་གཉིས་པའི་ནང་དུ་ཤིང་རྩི་ཁ་འབུས་མགོ་རྩོམ་པས་དེ་ཉིད་དཔྱིད་ཟླ་ར་བ་ལ་བཞེད་དེ། མཐོ་སྒང་ཞང་ཞུང་གི་སྨན་འབུམ་དཀར་པོའི་ལུགས་ཡིན་ནོ།། སྨི་བཞི་སྟོང་དང་ལྔ་སྟོང་གི་ས་ན་སོ་ནམ་བྱེད་མི་ནུས་པས་འབྲོག་ཡུལ་རྩ་ཐང་འབའ་ཞིག་གོ། དེ་ལྟར་དཔྱིད་ར་བ་ལ་ངོས་འཛིན་ཚུལ་མི་འདྲ་བ་གསུམ་ཡོད་པས་སྐབས་འགར་འཁྲུལ་གཞི་འབྱུང་གི་ཡོད་པ་རེད། ད་དུང་ཞིབ་རྩིས་ཀྱི་སྐབས་སུ་ལོ་གསུམ་རེའི་ནང་དུ་ཟླ་ལྷག་རེ་འབྱུང་གི་ཡོད་པས་ཀྱང་ལོ་གསར་ཟླ་བ་ལ་སྔ་ཕྱིའི་ཁྱད་པར་འབྱུང་གི་ཡོད་པ་རེད། དེ་རྣམས་དིང་དུས་ལོ་བསྟར་ཕུད་པའི་ལི་ཐོ་ལ་གཟིགས་ན་མ་གཏོགས་རགས་རྩིས་ཀྱིས་ཧ་གོ་མ་རེད།

  ལོ་སྐོར་བཅུ་གཉིས་བྱུང་ཚུལ་ནི། ལོ་སྐོར་ཟླ་བ་བཅུ་གཉིས་ལ་སྲོག་ཆགས་བཅུ་གཉིས་ཀྱིས་མཚོན་པ་འདི་ནི་རྒྱ་གར་ལུགས་ལ་མ་གྲགས་པ་ཞིག་ཡིན་ནའང་། བོད་དང་རྒྱ་ནག་ལ་ལོ་རྒྱུས་ཡུན་རིང་ཡོད་པའི་སྐད་ཆ་ཡོངས་གྲགས་ཤིག་ཡིན། རྒྱ་ནག་ཞྭ་(夏)རྒྱལ་རབས་སྐབས་སུ་ལོ་རྩིས་བརྩི་སྲོལ་ཡོད་པར་བཤད་པ་དེའང་རྨང་གཞི་འདི་ལ་བཟུང་ཡོད་པས་དེ་ལྟར་ན་ལོ་ངོ་བཞི་སྟོང་སྔོན་དུ་འཁེལ་བ་ཡིན། ཞང་ཞུང་སྟོན་པ་གཤེན་རབ་ཀྱི་དགུང་ལོ་གཅིག་ནས་བཅུ་གཉིས་བར་དུ་སྲོག་ཆགས་བཅུ་གཉིས་ཀྱི་མཚོན་རྟགས་དེ་སྲོལ་གཏོད་པར་བཤད་ཡོད་པས་ཞང་བོད་ལ་གྲགས་ཡོད་པ་ཡིན།

  གཤེན་རབ་དགུང་ལོ་བཅུ་གཉིས་དུས་སུ་དུས་འཁོར་གྱི་རྒྱུད་གསུངས་པའི་སྐབས་སུ་ཤིང་མེ་ས་ལྕགས་ཆུའི་འབྱུང་བ་ལྔ་དང་ལོ་སྐོར་བཅུ་གཉིས་ལ་རྨང་གཞི་མཛད་ནས་གསུངས་ཡོད་པས། སྐབས་དེར་ལོ་རྒན་དྲུག་ཅུའི་རྩིས་གཞི་ཆགས་ཡོད་པར་ཤེས་སོ།། དེ་ཕྱིར་འབྱུར་རྩིས་རིག་པ་ནི། སྟོན་པ་གཤེན་རབ་ཀྱིས་ཐོག་མར་སྲོལ་ཕྱེས་ཡོད་ལ། དེ་རྗེས་རྒྱ་ནག་ཏུ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་རྩིས་རིག་གསུངས་པའི་ལོ་རྒྱུས་དང་རིག་གཞུང་མང་པོ་ཡོད་དོ།། ལོ་ཡི་ཐོག་མ་ཤིང་བྱི་ནས་བཟུང་བའི་སྲོལ་ཆགས་པ་ཡིན་ལ། ཟླ་བའི་ཐོག་མ་ཡང་བྱི་བ་ནས་བཟུང་སྟེ་དགུན་ཉི་ཟློག་གི་ཟླ་བ་སྟེ་བཅུ་གཅིག་པ་ལ་ལོ་མགོ་འཛིན་པའི་སྲོལ་འདི་རྒྱ་ནག་ཏུ་རྨང་གཞི་བརྟན་པོ་ཆགས་ཡོད་དོ།། ལེགས་ཏང་རྨང་པོ་རྒྱ་རྩིས་བོད་དུ་བསྒྱུར་བས་རྒྱ་ནག་གི་ཤུགས་རྐྱེན་བོད་ལ་བྱུང་སྟེ། ཧོར་ཟླ་དང་པོ་སྟག་ལ་ངོས་འཛིན་པ་འདི་བྱུང་བ་ཡིན་ནོ།། ཚེས་ཚུལ་ནི་ཕོ་ཟླ་དྲུག་པོ་སྟག་གི་ཚེས། མོ་ཟླ་དྲུག་པོ་སྤྲེལ་གྱི་ཚེས་ཞེས་པ་འདི་ཡིན་ནོ།།

  སྟོན་པ་གཤེན་རབ་ཀྱི་འཁྲུངས་ཟླ་ལ་ངོས་ཚུལ་ལ་དཔྱད་པ་ནི། མདོ་གཟེར་མིག་ལས། དེ་བས་ན་བདག་འབྱུང་བའི་དུས་ཀྱང་འདི་ལགས་སོ།། གཤེགས་པའི་དུས་ཚོད་ཀྱང་འདི་ལགས་སོ།། ལོའི་མགོ་བོ་བྱི་བ་ལ་དགོངས་ནས་གཤེགས་པ་ནི། ནན་ཏན་གྱིས་སེམས་ཅད་འདུལ་ཞིང་། ཞིབ་ཏིག་གིས་བསྟན་པ་སྤེལ་བ་ལགས་སོ།། ཟླ་བའི་འགོ་བོ་དཔྱིད་ཟླ་ར་བ་ལ་དགོངས་ནས་གཤེགས་པ་ནི། འཇིག་རྟེན་གྱི་ཁམས་སུ་མཛད་བཅུ་གཉིས་ཀྱི་དོན་མཐར་ཕྱིན་པས། ཟླ་བཅུ་གཉིས་ཀྱི་འགོ་དཔྱིད་ཟླ་ར་བ་ལ་དགོངས་ནས་བྱིན་པ་ལེགས་སོ།། ཞག་གི་སྙིང་པོ་ཚེས་བཅོ་ལྔ་ལ་དགོངས་ནས་གཤེགས་པ་ནི། སྔོན་གྱི་སྟོན་པ་རྣམས་གཤེགས་པའི་དུས་ཁྱད་པར་ཅན་གྱི་རྗེས་དང་། ཟླ་གསང་ཐིག་ལེའི་དངོས་གྲུབ་ནོད་པས་གཤེགས་པའོ།། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་དུ་གཤེགས་པ་ནི། བདུད་ལྔ་དབང་དུ་བསྡུས་ཏེ་རྒྱལ་བ་དང་། འཇིག་རྟེན་ཟིལ་གྱིས་གནོན་ཏེ་རྒྱལ་བའི་ཕྱིར་རོ།། དུས་ཚོད་ཀྱི་དང་པོ་ནམ་ལངས་པ་ལ་དགོངས་ནས་གཤེགས་པ་ནི། ནམ་ལངས་པའི་གཏིང་ལ་ཉི་མ་ཤར་འོང་བ་དང་འདྲ་སྟེ། བདག་གཤེགས་པའི་རྟིང་ལ་སྐུ་ལས་སྤྲུལ་སྐུ་འབུམ་ཕྲག་མང་པོ་ཕྱུང་ནས་འགྲོ་བ་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ།། ཞེས་གསུངས་པ་འདི་དིང་སང་གི་བརྩི་ཚུལ་ལྟར་དུ་དཔྱིད་ཟླ་ར་བ་ནི་ཧོར་ཟླ་དང་པོར་བཟུང་ན་ཉ་སྐར་རྒྱལ་དང་མ་འགྲིག་པའི་དབང་གིས་མགོ་འཁྲུགས་པ་ཞིག་ཡོང་གི་ཡོད་ཀྱང་། དངོས་ཡོད་ཀྱི་བདེན་པ་གཙོ་ཆེ་བའི་དབང་དུ་བྱས་ན་བོད་ཟླ་བཅུ་གཉིས་པའི་ཉ་སྐར་རྒྱལ་ཡིན་པས་དེ་ལ་ངོས་འཛིན་གནང་མཁན་ཡོད། དིང་སང་གི་ཟླ་འགོ་འཛིན་ཚུལ་འདི་རྒྱ་ནག་ལུགས་དང་བོད་ཀྱི་འབྱུང་རྩིས་ལུགས་དང་སྨན་རྒྱུད་ཀྱི་བྱ་རྟགས་སོགས་དང་བསྡུར་ནས་ཐག་གཅོད་གནང་བཞག་པ་ཞིག་ཡིན་པས། གནའ་བོའི་བོན་གྱིས་བོད་ཟླ་བཅུ་གཉིས་པ་དེ་དཔྱིད་ཟླ་ར་བ་ལ་ངོས་འཛིན་བྱེད་སྲོལ་ཡོད་ཆོག་པ་རེད། གསང་སྔགས་རྫོང་འཕྲང་ཞེས་པའི་དཔེ་རྙིང་ལས་ཀྱང་གསལ་བར་གསུངས་ཡོད་དོ།།

  དེ་ལྟར་དུ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་བླ་ཆེན་དྲན་པ་ནམ་མཁའ་སོགས་སྔོན་བྱོན་གྱི་པན་གྲུབ་ཀུན་གྱིས་མགྲིན་གཅིག་ཏུ་སྨྲ་བ་དང་། རྗེས་སུ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་དང་ཡོངས་འཛིན་ཚུལ་རྒྱན་སོགས་ཀུན་གྱིས་འདོད་བཞིན་ཡོད། གཤེན་རབ་ཀྱི་འཁྲུངས་ཟླ་དེ་སྟག་ཟླ་ཡིན་པ་ནི་མདོ་གཟེར་མིག་ལས་ཀྱང་བྱུང་མི་འདུག རྒྱ་ནག་གི་ལུགས་ལའང་ལོ་འགོ་འཛིན་ཚུལ་མང་པོ་བྱུང་མྱོང་ཡང་དགུན་ཉི་ཟློག་གི་ཟླ་བ་ལ་བྱི་ཟླར་ངོས་འཛིན་པ་ལ་མི་མཐུན་པ་ཅི་ཡང་མེད་ཅེས་བཤད་སྲོག་བྱུང་ཡོད། དེ་ལྟར་ན་དིང་སང་གི་བོད་ཟླ་དང་པོ་ནི་སྟག་ཟླ་ཡིན་པ་ལ་རྒྱ་བོད་ཀུན་འགྲིག་ཡོད་དོ།།

སླར་སྨྲས་པ། འབྱུང་རྩིས་སྐར་རྩིས་རིག་པའི་རྣམ་བཞག་འདི།། ཞང་ཞུང་ཁྱུང་ལུང་ཡུལ་ནས་དར་བ་སྟེ།།

ཤིང་རྟའི་སྲོལ་འབྱེད་དམུ་ར་སྤུངས་སོ་དང་།། རྒྱ་ནག་ཀོང་ཙེ་འཕྲུལ་རྒྱལ་རིག་གཞུང་ཡིན།།

བོན་གྱི་རྩིས་ཀྱི་རིག་པའི་ནོར་བུ་འདི།། ཕ་ནོར་བུ་ལ་བཞག་པའི་སྤྱི་ནོར་ཡིན།།

བོན་པོར་ཕྱོགས་རིས་སྡང་བར་མི་བྱེད་པར།། གངས་ཅན་བོད་པའི་རིག་གཞུང་དར་སྤེལ་མཛོད།།

  ཅེས་པ་འདི་ནི་ཕྲན་རང་ཉིད་མི་ལོ་ཁ་ཤས་སྔོན་ན་རྩིས་རིགས་ཀྱི་དཔེ་ཁྲིད་འགྲོ་སྐབས་སུ་བརྗེད་བྱང་གི་ཚུལ་དུ་བྲིས་ཏེ་སླར༢༠༢༣ལོའི་ཟླ༡༡པའི་ཚེས༤ཉིན་ཁ་སྣོན་དང་གསར་བཅོས་ཅུང་བྱས་ནས་གྱི་ན་བ་ཐེ་བོ་ཀླུ་ཐར་གྱིས་སྤོས་ལྡན་གྲོང་ཁྱེར་དུ་རྫོགས་པར་བྲིས་ཏེ་སྤེལ་བའོ།། དགེའོ།། བཀྲ་ཤིས་སོ།། །།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།