གསས་འཕེན་མཁས་དབང་གཡུང་དྲུང་ཚུལ་ཁྲིམས་མཆོག་གི་བྱུང་བ་བརྗོད་པ་སྨན་མཆོག་ཙན་དན་ལྗོན་པ།

[ཟླ་ཚེས། 2024-09-29 10:32:32][རྩོམ་པ་པོ། གསས་འཕེན་ཚང་དགེ་བཤེས་ཤེས་རབ་མཐར་ཐུག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྦྲ་ཆེན་རྫོང་སྨན་རྩིས་ཁང་གི་ཡོན་ཀྲང་གསས་འཕེན་མཁས་དབང་གཡུང་དྲུང་ཚུལ་ཁྲིམས་མཆོག་གི་བྱུང་བ་བརྗོད་པ་སྨན་མཆོག་ཙན་དན་ལྗོན་པ།

  [ནང་དོན་གནད་བསྡུས] རྩོམ་ཡིག་འདིར་སྦྲ་ཆེན་རྫོང་སྨན་རྩིས་ཁང་གི་ཡོན་ཀྲང་གནམ་རིག་སྐར་རྩིས་ཆེད་ལས་རབ་འབྱམས་པ་གསས་འཕེན་༧གཡུང་དྲུང་ཚུལ་ཁྲིམས་ཁོང་ཉིད་ཀྱིས་བྲིས་པའི་རང་རྣམ་ཤོག་དྲིལ་དང་། ལུང་དཀར་དགོན་པའི་ལོ་རྒྱུས་དེབ་ཐེར་ཐོག་ཏུ་འཁོད་པ་གཞིར་བཟུང་ནས་འབྲེལ་ཡོད་སློབ་མ་འགའ་ཡི་ངག་སྒྲོས་ལྷན་ཐབས་སུ་བཀོལ་ཏེ་དངོས་བྱུང་གཤའ་མར་བརྗོད་པ་དང་། རྣམ་ཐར་གཞན་དང་མི་འདྲ་བར་བརྗོད་བྱའི་སྙིང་དོན་དང་ལོ་ཚིགས་བཅས་ཁོང་ཉིད་ཀྱིས་བྲིས་པ་ལས་ཇི་ལྟར་གསལ་བ་བཞིན་དུ་ཟང་མར་བཀོད་པ་མ་ཟད། བྱམས་པ་ཡོན་ཀྲང་དང་ཁུ་བོ་དམ་པ་གཉིས་ཀྱི་ལོ་ཐོའི་བགྲོ་གླེང་སྐོར་སྨན་པ་“རིག་གསལ”བཅར་འདྲི་ཞུས་པ་ལྟར་མ་བཅོས་དྲང་པོར་བཀོད་ཡོད་པས། དོན་དངོས་མཐུན་ཞིང་གསོན་ཉམས་དོད་པའི་ཁྱད་ཆོས་དམིགས་བསལ་ཡོད་ཅེས་ལབ་ཆོག

  [གནད་ཚིག] གསས་འཕེན། རང་རྣམ་ཤོག་དྲིལ། སྦྲ་ཆེན་ལེའུ་ཐོ། བྱམས་པ་ཡོན་ཀྲང་།

སྔོན་གླེང་ཕྱིར་མིག་འཕེན་པ།

  དེ་ཡང་། དྲན་དབང་དགེ་ཆོས་ཞབས་ཀྱིས“སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདིར། །ཤི་ཡང་ཕྱིར་མིག་བལྟ་བའི་རེ་བ་ཡིས། །”ཞེས་ཚིག་རྐང་ཞིག་གིས་གླེང་སློང་ཏེ་བསྙད་ན། ལར་བོད་ཀྱི་འཁོར་ཡུག་གང་དང་གང་ཞིག་ཡིན་རུང་བླ་དཔོན་ཁ་ཤས་ཀྱི་བྱུང་རབས་ཏོག་ཙམ་མ་གཏོགས། དམངས་ཁྲོད་ཀྱི་གལ་ཆེའི་མི་སྣ་མང་པོ་ཞིག་གིས་རིག་གནས་རྒྱུན་འཛིན་དང་དར་སྤེལ། སྨན་རྩིས་སོགས་ཀྱིས་ཁོར་ཡུག་ལ་བཞག་པའི་བག་ཆགས་ཅི་འདྲའི་ཆེ་བ་ཡོད་ནའང་། དེ་དག་གི་ལོ་རྒྱུས་སམ་བྱུང་བ་ཁ་ཐོག་ནས་ངག་རྒྱུན་འདེད་པ་ལས། དངོས་བྲིས་ཀྱི་ལོ་རྒྱུས་ཡི་གེ་འབྲུ་གཅིག་བསྟན་དུ་མེད་པར་མེས་པོ་དྲིན་ཅན་དུ་མ་མེ་ཤི་ནས་ཐལ་བ་རླུང་གིས་སྤུར་བ་ལྟར་གྲངས་ལས་འདས། ད་ཆར་རང་ས་ཁོངས་ཀྱི་མེས་པོ་དུ་མ་ལོ་རྒྱུས་བཙལ་འཚོལ་བྱེད་ཆེད་གསེར་གྱི་སྨྱུག་སོ་གཏད་ནའང་། ཅི་བྱ་གཏོལ་མེད་ལྐུགས་པའི་བརྟུལ་ཞུགས་ལས་ཐབས་བྱུས་གཞན་དུ་ཟད། འདས་སོང་གི་མེས་པོ་གང་དག་བསྐྱར་ལོག་བྱ་རུ་མེད་སྟབས་འཁོར་ཡུག་ལ་གྱོང་གུད་དང་ཕམ་ཁ་ཚད་ལས་འདས་པར་ཕོག དེར་བརྟེན་སྔར་སོང་གི་ཕམ་ཁ་བསྐྱུར་མོ་མྱངས་བ་ལས། ད་ཆར་ལེགས་ཆ་མངར་མོ་ལག་ཏུ་གདམ་པའི་གོ་སྐབས་རང་ཕྲག་ཡོད་པར་བསྟུན། ཁུ་བོ་དམ་པའི་བྱུང་བ་གཤའ་མ་ཡི་གེར་འགོད་འདོད་པ་དེ་ཙམ་མ་ཚད། 《བྱང་ཐང་ངོ་མཚར་ལྡན་པའི་སྣོད་བཅུད》ཅེས་པའི་དེབ་ཕྲེང་དུ་སོག་རུ་ཀརྨ་ཀུན་ཁྱབ་ཀྱིས་བྲིས་པའི་“བོད་ལུགས་གསོ་རིག”ཅེས་པའི་དཔེ་དེབ་དང་། མཉམ་ཉིད་བྱམས་མས་བྲིས་པའི“གནམ་རིག་སྐར་རྩིས་སྐོར”ཞེས་པའི་དཔེ་དེབ་གཉིས་ཆར་ནང་དུ་སྦྲ་ཆེན་ས་ཁུལ་གྱི་སྨན་དང་རྩིས་ཀྱི་རྒྱུན་འཛིན་མཁས་དབང་དུ་མའི་མཚན་བྱང་རེའུ་མིག་བཀོད་སྣང་ནའང་། ཁོང་གི་མཚན་ཙམ་ཨ་ཅང་ད་དུང་སྦྲ་ཆེན་རྫོང་སྨན་རྩིས་ཁང་ལོ་ཐོ་བསྒྲིགས་ཞེས་གཞན་མིང་གཡར་ནས་བྲིས་པའི་ངན་ངོན་ནག་འབྱམས་སུ་མི་འགྲོ་བའི་གསལ་བཤད་དང་། སྦྲ་ཆེན་ལོ་ཐོ་སྒྲིག་མཁན་ཐོག་དང་པོ་སུ་ཡིན་ནོར་འཛོལ་མེད་པར་ད་ལྟ་སྲིད་གཞུང་ཉར་ཚགས་བྱས་པའི་མ་ཡིག་ཐོག་ཏུ་ལྷམ་མེར་མཇལ་དུ་ཡོད། བསམས་ཤིང་བསམས་ན་གསས་འཕེན་གཡུང་དྲུང་ཚུལ་ཁྲིམས་གཅིག་པུའི་ལོ་རྒྱུས་ཀྱི་དོན་གནད་ཙམ་མ་ཡིན་པར། དུས་ཀྱི་གཉན་འཕྲང་ཆེན་པོ་ཞིག་དང་། ཀྱག་ཀྱོག་གི་འགག་མཚམས་དོག་པོ་ཞིག་ནས་བརྒྱུད་ཡོང་བའི་སྦྲ་ཆེན་འཁོར་ཡུག་གི་ལོ་རྒྱུས་དང་འཕེལ་འགྱུར་ལ་འབྲེལ་བ་ངེས་ཅན་ཡོད་པའི་དགེ་མཚན་སྣ་ཚོགས་ལྡན་པར་བརྟེན། ཕྱི་རབས་གཞོན་སྐྱེས་དག་ལ་མིག་ལྟོས་ཆུང་ངུ་ཞིག་གི་སྐྱེས་བཟང་དབུལ་འདོད་པ་ལས། དོན་མེད་ཀྱི་ཁ་བཤད་སྟོང་པ་རླུང་ལ་བསྐུར་བའི་འཕྲིན་ཡིག་ཅིག་ག་ལ་ཡིན་སྲིད། དེས་ན་མེས་པོ་དམ་པའི་ཕྱག་རྗེས་ཀྱི་རི་མོ་འཇའ་ལྟར་ཡལ་བར་མི་བྲ་ནས་བསྐལ་པ་ཇི་སྲིད་བར་དུ་བརྟན་པའི་སྨོན་འདུན་བཟང་པོས་སྤྲེངས་སོ། །སྔོན་བྱུང་མེས་པོའི་མཛད་རྣམ་ཀེ་ཏ་ཀ །འཁྲུལ་བྲལ་རང་རྣམ་རེའུ་མིག་གཞི་བཅོལ་ནས། །བདེན་པས་ཕྱིས་པའི་ནོར་གྱི་མཆོག་གྱུར་འདི། །དྲང་གཏམ་རྒས་པོས་གཙུག་ཏུ་བཀུར་བར་བྱ། །ཞེས་མེས་པོ་གཙུག་ཏུ་བཀུར་བའི་ཚིགས་སུ་བཅད་པའོ། །

དང་པོ། རིགས་རུས་དང་ཁྱིམ་གཞིས་སྐོར།

  སྔོན་ལ་ཁོང་གི་རུས་རྒྱུད་མིང་ལ་འབྲི་ཚུལ་འགའ་ཞིག་ཡོད་པ་སྟེ། སྟེང་ཆེན་དགོན་པའི་བཀའ་འགྱུར་གློག་རྡུལ་ཅན《ཀུན་སྣང་ཁྱབ་པ》དྲ་བའི་ནང་དུ《དྲི་མེད་རྩ་མདོའི་བརྒྱུད་རིམ》དང་། 《དཔལ་ཚུལ་བསྟན་འབྱུང》《ཀོ་བོ་དགོན་པའི་ལོ་རྒྱུས་བྱུང་བ་བརྗོད་པ་གཟུར་གནས་བགྱེས་པའི་གཏམ》ཞེས་ཡིག་ཆ་གསུམ་ལས་“གསས་འཕེན”ཞེས་ཡིག་འབྲུ་དང་པོའི་རྗེས་འཇུག་ས་ཡིག་ཞུགས་པ་ཅན་གསལ་ཡོད་ལ། སྨན་རིའི་ཡོངས་འཛིན་རིན་པོ་ཆེས་མཛད་པའི《ཀོང་པོ་བོན་རི་དང་རྩ་རིའི་སྐོར》ཞེས་པ་“གསལ་འཕེལ”ལམ་“གསལ་འཕེན”ཞེས་རིགས་མི་འདྲ་ཁག་གཉིས་གསལ། ལུང་དཀར་དགོན་པའི་འདུ་ཁང་རྙིང་པའི་གྱང་ལྷ་མ་ཏྲི་རིན་ཆེན་སྒྲོན་མ་ཐང་སྐུ་བཞེངས་པའི་བསྔོ་ཡིག་ཁུ་བོ་དམ་པའི་རུས་མིང་བཀོད་པ་ལས《གསལ་འཕེན》ཞེས་འདི་ལྟར་བྲིས་འདུག ཡིན་ནའང་ཁུ་བོ་དམ་པ་ཉིད་ཀྱིས་ཕྱག་བྲིས་ཕྱག་བསྟར་མ་“སྦྲ་ཆེན་བར་ཏ《གསས་འཕེན་ཚང》གི་རིག་གསར་རྗེས་ཀྱི་དཔེ་ཆ་ཕྲན་ཙམ་ཡོད་པའི་ཐོ་དེབ་གཤམ་གསལ”ཞེས་པའི་ཟིན་ཤོག་ལས《གསས་འཕེན》བྲི་སྟངས་འདི་འདྲ་འདུག་པས་ཡིག་ཆ་གོང་དེ་གསུམ་དང་ནམ་རྒྱུན་སྟེང་ཆེན་དམངས་ཁྲོད་འབོད་བཞིན་པའི་ཁ་སྐད་དང་མཐུན་པའི་གཏན་ཚིགས་ཆེ་སྟབས། རྗེས་སོར་དབོན་པོ་བདག་རང་ཁུ་བོ་དམ་པས་འབྲི་སྟངས《གསས་འཕེན》ཞེས་འདི་ལྟར་བྲི་རྒྱུ་ཡིན་པའི་ཁ་གསལ་སྔོན་དུ་གླེང་བར་འདོད། དེ་ཡང་དམ་པ་ཉིད་ཀྱི་ཁྱིམ་གཞིས་ནི་ད་ལྟ་སྲིད་འཛིན་ས་ཁོངས་དབང་དུ་བྱས་ན་སྦྲ་ཆེན་རྫོང་བྱ་མང་ཤང་གྲོང་ཚོ་༡༠པ། འཚིང་ཚང་ཁ་ནས་འབྲོག་ཁྱིམ་དཀྱུས་མ་ཞིག་ཡིན། འོན་ཀྱང་ཁོང་གི་རིགས་རུས་མཆེད་ཁུངས་སྔ་མ་ཁྱུང་པོ་སྟེང་ཆེན་ནས་ཡིན་ཞིང་། ཕ་ཁྱིམ་ངོ་མ་མི་རྗེ་ཁྱུང་དཀར་རྒྱལ་པོའི་རྫོང་ངམ་ཁྱུང་རྫོང་མགོ་ཞེས་སྟེང་ཆེན་རྫོང་ཞེ་གཞུང་ཤང་ཙུག་དང་པོ་སྟེང་ཆེན་དགོན་པའི་དབུ་མཛད་ཆེན་མོ་གསས་འཕེན་ཚེ་བརྟན་ནོར་བུ་མཆོག་གི་འཁྲུངས་གཞིས་“གསས་འཕེན་ཚང”ཞེས་ད་ལམ་གསས་འཕེན་ཚེ་དབང་བདུད་འདུལ་ཚང་ཡིན། གསས་འཕེན་རུས་རྒྱུད་བྱུང་ཚུལ་རྒྱས་པ་ཡི་གེར་བཀོད་པ་མཇལ་ཡུལ་མེད་ནའང་། འབྲེལ་ཡོད་ཡིག་ཆ་མང་པོའི་གསེབ་ནས་ཟུར་བལྟས་ལེབ་མཐོང་ངོས་ནས་ཞིབ་འཇུག་བྱ་བ་ལ་རྒྱུ་ཆ་ཅུང་ཟད་ལག་སོང་བྱུང་བས་ཉུང་བསྡུས་ཙམ་ཞིག་བཤད་པའི་རྒྱུ་རྐྱེན་འདང་ངེས་བྱུང་། དེར་བརྟེན་“གསས་འཕེན”རུས་རིགས་ཀྱི་མི་རྒྱུད་ཡིག་ཐོག་ཏུ་འཁོད་པ་ཐོག་མ་ནི་༧ཀོ་སྟོན་ཡེ་ཤེས་རྒྱལ་མཚན་མཆོག་ཁྱུང་པོ་ཁོག་ཏུ་ཞབས་ཀྱིས་བཅགས་ཏེ། མི་རྗེ་ཁྱུང་དཀར་རྒྱལ་པོའི་མངའ་རིས་སུ་བྱང་གཞུང་བྱ་བའི་ལུང་པར་རྨད་འབྱུང་ས་ཡི་ཐིག་ལེ་རུ་སྤྱི་ལོ(༡༤༠༨)ལོར་ཀོ་རྒྱལ་དགོན་བདེ་ཆེན་ཀུན་གྲགས་གླིང་ཕྱག་བཏབ་སྟེ་ཕྱི་སོ་སོ་ཐར་པའི་རྒྱུད་བཙུན་ཞིང་། ནང་བླ་མེད་རྫོགས་པ་ཆེན་པོའི་ཉམས་རྟོགས་མངོན་དུ་གྱུར་པའི་གལ་ཆེའི་སློབ་མ་བཅུ་གསུམ་བྱུང་ཡོད་པའི་ནང་ནས་‘བ་རྫི་རྟོགས་ལྡན་དང་“གསས་འཕེན་བསོད་ནམས་རྒྱལ་མཚན”ཞེས་སྟེང་ཆེན་“གསས་འཕེན”མི་རྒྱུད་ཀྱི་མིང་དངོས་སུ་གསལ་ཡོད། 《དཔལ་གཤེན་བསྟན་ཀོ་རྒྱལ་དགོན་བདེ་ཆེན་ཀུན་གྲགས་གླིང་གི་བྱུང་བ་བརྗོད་པ་གཟུར་གནས་བགྱེས་པའི་འབེལ་གཏམ》 ཀོ་བོ་དགོན་འདུས་སྤྱི་ནས་སྤེལ་བའི་ངོས་ཤོག་༡༡ལས་གསལ། ཁོང་གི་འཁྲུངས་འདས་ལོ་ཚིགས་ད་བར་མ་མཐོང་རུང་རོབ་རྩིས་བྱས་ན། དུས་རབས་བཅུ་བཞི་པའི་དུས་འགོར་ཡོད་པའི་ཁྱུང་པོ་དཀར་རུའི་མི་ཞིག་ཡིན་པར་ཀོ་སྟོན་ཡེ་ཤེས་རྒྱལ་མཚན་རྣམ་ཐར་ལས་ཤེས་ཐུབ། དེར་མ་ཚད་སྟེང་ཆེན་དགོན་པའི་བཀའ་འགྱུར་ནང་དུ་སྟོན་པའི་མཛད་རྣམ་བསྡུས་པ《དྲི་མེད་རྩ་མདོ》སྟོང་ཆེན་དམུ་ཚ་གྱེར་མེད་ཀྱིས་སྤྲུལ་སྐུ་བློ་ལྡན་སྙིང་པོར་སྙན་དུ་བརྒྱུད་ཅིང་། དེ་ནས་ཀོ་སྟོན་ནས་རིམ་པས་མཁས་གྲུབ་ནམ་མཁའ་རིན་ཆེན་གྱིས་“གསས་འཕེན་བསམ་གཏན་རྒྱལ་མཚན་ལ་བརྒྱུད་ཅེས་དྲི་མེད་རྩ་མདོའི་གདམས་རྒྱུད་འཛིན་པའི་ཚུལ་གསལ་ཡོད། ད་དུང《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》 དཔལ་ལྡན་ཚུལ་ཁྲིམས། ༢༠༡༧《ཞང་བོད་དཔེ་ཁང་ཆེན་མོའི་བོན་གྱི་འཕྲུལ་དེབ》 ལེའུ་བཅོ་བརྒྱད་པ་ལས། 《གསང་བ་གྲོལ་ལམ་སེམས་ཕྱོགས་བརྒྱུད་པའི་ཞང་ཞུང་སྙན་རྒྱུད་བཀའ་སྐོར་གྱི་བླ་མ་རྣམས》 ཞེས་པ་ངོས་ཤོག་༤༤༥ལས། མངའ་རིས་བསོད་ནམས་རྒྱལ་མཚན་མདུན་ནས། །གསས་འཕེན་བསོད་ནམས་རྒྱལ་མཚན་དང་། །ཕྱུག་ཚང་བསྟན་རྒྱལ་སོགས་ཀྱིས་རྫོགས་ཆེན་ཟབ་ཁྲིད་ཞུས། ཞེས་གསལ་བ་ལ་གཞིགས་ན། རྗེ་མཉམ་མེད་ཡབ་སྲས་ནང་ཚན་"མངའ་རིས་བསོད་ནམས་རྒྱལ་མཚན་དྲུང་ནས་རྫོགས་པ་ཆེན་པོ་གྲོལ་ལམ་སེམས་ཕྱོགས་བརྒྱུད་པའི་ཞང་ཞུང་སྙན་རྒྱུད་བོན་སྐོར་གྱི་གདམས་པ་ཟབ་མོ་ཞུས་ནས་རྫོགས་པ་ཆེན་པོ《ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི》རྒྱུད་རིམ་ནང་ན་འཁོད་པ་མ་ཟད། 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ལྡན་ཚུལ་ཁྲིམས། ༢༠༡༧《ཞང་བོད་དཔེ་ཁང་ཆེན་མོའི་བོན་གྱི་འཕྲུལ་དེབ》 ལེའུ་བཅུ་དགུ་པ། 《བསྒྲགས་གསུམ་དང་ཡེ་ཁྲི་སོགས་རྫོགས་ཆེན་གདམས་རིགས་བརྒྱུད་པའི་བླ་མ་རྣམས》ཞེས་པའི་ངོས་ཤོག་༤༦༤ལས། “ཀོ་བོ་ཡེ་ཤེས་རྒྱལ་མཚན་ནི། །འཁྲུངས་ཡུལ་མདོ་ཁམས་དབུས་གཙང་དུ་བྱོན་ཏེ། །སྐྱེས་བུ་དམ་པ་དུ་མའི་དྲུང་བསྟེན་ཅིང་། །སྔགས་སེམས་གདམས་ནོད་དབེན་པའི་གནས་སུ་བསྒྲུབས། །སྒོམ་རྟོགས་ཕུལ་ཕྱིན་ཞང་ཞུང་སྙན་རྫོགས་ཀྱི། །གདམས་པ་འཛིན་སྐྱོང་སྐྱེས་བུའི་མཆོག་ཅིག་ཡིན། །དེ་ལ་གསས་འཕེན་བསོད་ནམས་རྒྱལ་མཚན་གྱིས། །ཞུས་ཏེ་དེ་ཡང་དེ་བཞིན་ཉམས་རྟོགས་ཀྱིས། །བརྒྱན་པའི་བྱ་བྲལ་རྣལ་འབྱོར་ཆེ་གཅིག་གོ །”ཞེས་གསས་འཕེན་བསོད་ནམས་རྒྱལ་མཚན་གྱིས་ཀོ་སྟོན་ཡེ་ཤེས་རྒྱལ་མཚན་དྲུང་ནས་“བསྒྲགས་གསུམ་དང་ཡེ་ཁྲི་མཐའ་སེལ་”སོགས་རྫོགས་པ་ཆེན་པོའི་ཟབ་མོ་གནད་ཀྱི་གདམས་པ་ཞུས་ནས་ཐོས་དོན་ཉམས་སུ་བཞེས་ཤིང་། ཀུན་ཏུ་བཟང་པོའི་དགོངས་པ་མངོན་ཏུ་གྱུར་བའི་བྱ་བྲལ་རྣལ་འབྱོར་ཆེན་པོ་ཞིག་ཏུ་གྱུར་བའི་ཚུལ། “མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་ཞལ་གསལ་གསུངས་ཡོད། ལྷག་ཏུ་ཡུལ་མིའི་ངག་སྒྲོས་དང་མཐུན་ཞིང་ཡིད་རྟོན་ཐུབ་པ་ཞིག་ལ་༧སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་གིས་བརྩམས་གནང་བའི《ཀོང་པོ་བོན་རི་དང་རྩ་རིའི་སྐོར་བཤད་པ》冬尕让平台2020-10-13དྲྭ་ལམ་དུ་གསལ་བ་ལྟར་ན། མདོ་གཟེར་མིག་༼ཁ༦༧༣༽ལས། “བདུད་ཀྱི་ངུ་མོ་རྒྱུན་གཅད་པའི་ཕྱིར། །ཚེམས་ཀྱི་མཆེ་བ་གཡས་གཡོན་ལས། །འཕར་པོ་འཕར་ཆུང་དུ་སྤྲུལ་ནས། །ཕྱག་གིས་བླངས་ནས་ཞལ་གྱིས་བུས། །སྟོང་གསུམ་གྲགས་པའི་སྒྲ་ཆེན་བྱུང༌། །ཞེས་གསུངས་པའི་ཕྱིར། དེ་ནས་ཚེམས་དུང་དེ། དེང་སང་ཀུན་བཟང་ཐུགས་ཁ་ཞེས་པར་སྦས་པའི་རྟགས་བཅས་ཡོད།” ཅེས་གསང་གསུམ་བོན་གྱི་མཛོད་འཛིན་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ནས་མདོ《གཟེར་མིག》དུ་གསལ་བ་བཞིན་སྔོན་གཤེན་རབ་མི་བོ་ཆེ་ཀོང་ཡུལ་ཕེབས་སྐབས་བདུད་ཀྱི་བར་ཆོད་ཞི་ཕྱིར། ཚེམས་ཀྱི་མཆེ་བ་དུང་དཀར་འཕར་ཆེན་སྤྲུལ་ཞིང་སྒྲ་ཆེན་སྟོང་གསུམ་འགེངས་པ་བསྒྲགས་ཏེ་བདུད་ཀྱི་ངུ་འབོད་བཅོམ་པར་མ་ཟད། དུང་འཕར་ཆེན་དེ་ཉིད་གནས་ཆེན་ཀོང་པོ་བོན་རི་ཀུན་ཏུ་བཟང་པོའི་ཐུགས་ཀ་ན་གཏེར་དུ་སྦས་ཞིང་། སྦས་པའི་རྟགས་དང་མཚན་མ་མཐོང་སར་ཡོད་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལུང་ཁུངས་བཙན་པོར་བཀོད་ཡོད། དེ་ནི་ད་ལྟ་ཀོ་རྒྱལ་དགོན་པའི་ནང་རྟེན་རྩ་ཆེན་སྟོན་པའི་ཚེམས་དུང་འཕར་ཆེན་དེ“དོ་ཁོང་། གསལ་འཕེན། བསྲུབ་མདོང”ཞེས་མི་སྣ་གསུམ་གྱིས་ཀོང་པོ་བོན་རི་ཀུན་ཏུ་བཟང་པོའི་ཐུགས་ཀ་ནས་བརྐུས་པའི་ཚུལ་གྱིས་གཏེར་དྲངས”ཤེས་གསུངས་ཡོད། གཞན་དམངས་ཁྲོད་ཀྱི་གཏམ་རྒྱུད་འགའ་ཞིག་ལབ་སྲོལ་ཡོད་ཀྱང་ངེས་བརྟན་མེད་པས་འདིར་མ་བྲིས། དུས་ཕྱིན་སྟོན་པའི་ཚེམས་དུང་འཕར་ཆེན་ཁྱུང་པོ་ཁོག་ཏུ་གདན་དྲངས་པ་ནས་སྟེང་ཆེན་ཁ་དོ་ཁོང་བླ་རབས་བཅོ་བརྒྱད་རིང་དུ་བདག་སྐྱོང་གནང་། དེ་ནས་རིག་གསར་གོང་མི་རབས་གསུམ་གྱི་སྔོན་དུ་དོ་ཁོང་ཚང་བུ་མེད་པར་བརྟེན། ཕ་རྒན་གྱིས་དུང་འཕར་ཆེན་དེ་ཉིད་ཀོ་བོ་དགོན་༧སེམས་པ་ཟླ་གྲགས་མཆོག་ལ་ཕུལ་ནས་ད་ལྟའི་བར་ཁྱུང་པོ་ཁོག་ཏུ་རྟེན་གསུམ་བླ་ན་མེད་པ་གྲགས་པའི་སྙན་པ་འབར་བ་འགྲོ་དོན་རྒྱ་ལག་ཕྱད་པར་གྱུར། འཕར་ཆེན་ཁྱུང་པོ་ཁོག་ཏུ་གདན་དྲངས་ནས་རིག་གསར་མ་ཕྱེས་བར་མི་རབས་ཉི་ཤུ་ཙམ་སོང་ཡོད་པས་བོད་ལ་མཚོན་ན་མི་རབས་རེ་རེའི་དབར་མི་ལོ་ཉི་ཤུའི་གཡས་གཡོན་རྒྱུགས་པའི་ཆ་འཇོག་ཆོག་པས་ན། ཡིག་ཐོག་ནས་གསལ་བ་ལ་“གསས་འཕེན་བསོད་ནམས་རྒྱལ་མཚན་”དང་། འཕར་ཆེན་ཀོང་པོ་ནས་གཏེར་དྲངས་པའི་སྐོར་ལ་གཞི་སྐྱོར་ཏེ་བསྙད་ན། ད་བར་སྟེང་ཆེན་གསས་འཕེན་རུས་རིགས་མི་ལོ་དྲུག་བརྒྱའི་གོང་ནས་ཡོད་པའི་ངེས་ཤེས་དྲངས་ནུས་སོ། །ཁྱུང་པོ་སྟེང་ཆེན་དཀར་རུ་སྨད་མ་ཁྱུང་རྫོང་མགོ་“གསས་འཕེན་ཚང་”མི་རྒྱུད་ཕྱི་མ་སྦྲ་ཆེན་ལ་མཆེད་ཁུངས་ཀྱི་ལོ་རྒྱུས་རོབ་ཙམ་བཤད་ན། མིང་ལ་“ནག་རུ”ཞེས་འབོད་པའི་མི་ཞིག་དུས་རབས་ཉི་ཤུའི་ལོ་རབས་ཉི་ཤུའི་ནང་སྦྲ་ཆེན་ཡེ་ཐ་སྡེ་ཤོག་ཕྱེད་བརྒྱད་ནང་ནས་བར་ཐ་ཤོག་པ་ལུང་དཀར་དགོན་འདབས་སུ་སླེབས་ཡོད། མིང་དེ་འདྲ་འབོད་དོན་གཙོ་བོར་གོང་གསལ་ལྟར་སྟེང་ཆེན་དཀར་རུ་སྨད་མ་ཁྱུང་རྫོང་མགོ་གསས་འཕེན་ཚང་ཡིན་ཞིང་། གསས་འཕེན་ཚང་ནི་“དཀར་རུ་དཔོན་ཚང་ཞེས་གསེར་སྒོ་དོད་ནས་གསས་འཕེན་ཚང་”ཞེས་ཤིང་སྒོ་དོད་པའི་མི་རྗེ་ཁྱུང་དཀར་རྒྱལ་པོའི་མ་སྡེ་དྲི་ནག་ཅན་དང་། ལུ་གུ་བཙག་ཐིག་ཅན་གྱི་ཁྲལ་སྡེ་ཡིན་གཤིས། སྟབས་མ་ལེགས་པ་ལོ་ཞིག་གི་སྟོན་ཁར་ནས་འབྲུ་རྡུང་སྐབས་དཀར་དཔོན་གྱི་འབྲུ་ཁྲལ་སྡུད་མཁན་ཡིན་ཟེར་བའི་དཔོན་ཚབ་མི་ཞིག་གིས་འབྲུ་ཁྲལ་བྲེ་སྲང་ལ་མི་འཇལ་ནས་ཡོད་ཚད་བསྡུ་རུབ་བྱ་རྒྱུའི་བཙན་པོ་དབང་ཡོད་བཤད་པར་བརྟེན། འཁྲུགས་རྩོད་ཤོར་ནས་ཟོར་བ་བྲང་ཁར་བསྣུན་པས་མི་དེ་ས་ལ་འགྱེལ་ནས་དྲན་མེད་བརྒྱལ། དེ་མ་ཐག་ནས་དཔོན་ཚབ་ལག་ཉེས་ཤོར་སོང་སྙམ་སྟེ་དོགས་སྐྲག་ངང་ལམ་སེང་བྲོས་བྱོལ་དུ་ག་ཐ་ནས་བརྒྱུད་གྲས་ལ་བརྒྱབ་སྟེ་རིམ་པས་རྐང་ཐང་དུ་ལུང་དཀར་དགོན་པར་ཉི་ནུབ་དུས་སུ་འབྱོར། དེ་ནུབ་དགོན་པའི་འཁོར་ཁང་ནང་དུ་མལ་ས་བཟུང་། གཏམ་རྒྱུད་གཞན་ཞིག་ཡོད་པ་སྟེ། “མཚན་མོར་རྨི་ལམ་དུ་མི་རྒན་རྒྱ་བོ་གཟུགས་བྱད་ལེགས་པ་རྟ་དཀར་པོ་ཞོན་པ་ཟུར་དུ་ཁྱི་དཀར་པོ་འཁྲིད་མཁན་ཞིག་དགོན་པའི་རྒྱ་རའི་སྒོ་ཆེན་ནས་འཛུལ་ཏེ་ཡར་སྒྲུབ་ཁང་དུ་ཕྱིན་པར་རྨིས། ཕྱི་ཉིན་ནངས་པར་ཉི་མ་ཤར་མཚམས་སྐུ་གཞོགས་༧རྒྱལ་བ་ཚུལ་ཁྲིམས་རིན་པོ་ཆེ་མཇལ་ཁ་ཞུས་ཏེ་རྨི་ལམ་དང་གནས་ཚུལ་སྙན་གསན་ཕུལ་འབྲས། ”སྐུ་གཞོགས”ཞེས་པ་རྒན་རབས་ཚང་མས་མགྲིན་གཅིག་ཏུ་ལབ་སྲོལ་ལྟར་བྲིས་ཡིན། རིན་པོ་ཆེ་མཆོག་ནས་རྨི་ལམ་དེ་རྒྱལ་པོ་ཤེལ་ཁྲབ་ཀྱིས་ཁྱོད་ལ་མགོན་སྐྱོབས་ཆེ་བའི་རྨིས་ལྟས་བཟང་། དས་ཁྱོད་རང་ཡང་ས་གནས་གཞན་པར་མི་འགྲོ་ནས་གནས་གཞི་འདི་བར་འཚོལ་དང་འབྱུང་གྱུར་བྱ་གཞག་ལེགས་ལམ་ཡོང་བའི་ཐུགས་རྟགས་བཟང་ངོ་གསུངས། ཞེས“ཁྱུང་པོ་ཉི་མ་དབང་བསྟན”གྱིས་ལབ་སྲོལ་ལྟར་འདིར་བཀོད། དེར་བརྟེན་ཁོ་རང་ཤིང་བཟོའི་ལག་རྩལ་ཡག་པོ་ཡོད་གཤིས་ལག་རྩལ་བེད་སྤྱད་དེ་དགོན་པ་དང་ཡུལ་སྡེ་བཅས་ལ་སྐབས་འཕྲལ་ཟས་གོས་འཚོ་ཐབས་བཙལ། རེ་ཞིག་རྐང་ཆེན་འགར་ར་ཚང་གི་བུ་མོ་འགར་བཟའ་“གུང་སྤུག་”ཟེར་བ་ཟླ་རོགས་བླངས་ཏེ་ལུང་དཀར་ཡར་ཁ་“ཤིང་མཁན་ཚང”ཞེས་འབོད་པའི་ཁྱིམ་ཚང་བཟུང་། རྩིག་ཤུལ་གོག་པོའང་ད་དུང་ལྷག་ཡོད་ལ་ཤིང་མཁན་འདུག་སའི་གདོང་ཟེར་ནས་ཉེ་འདབས་ཡུལ་མི་ཚོས་ད་ལྟར་འབོད་ཀྱིན་ཡོད། དོན་ངོ་མ་ཕ་ཡུལ་ཁྱུང་པོ་དཀར་རུ་ནས་ཡིན་པས། ཅིའི་ཕྱིར་འདི་ལྟར་འབོད་ཅེ་ན། དེ་ནི་མི་བསད་པའི་རྗེས་ཤུལ་ར་མདའ་ཡོང་བར་དོགས་སྐྲག་ཀྱིས་མིང་དངོས་སུ་ལའང་བཤད་མ་ཕོད་པར་གསང་རྒྱ་བསྡམས་ཤིང་ཕ་ཡུལ་ཡང་ནག་རུ་ནས་ཡིན་པར་རྫུན་དུ་སྨྲ་དགོས་ཁེལ། དེའི་ཕྱིར་དུད་མིང་ལའང་“ཤིང་མཁན་ཚང”དང་། མི་དེའི་མིང་ལ་“ནག་རུ་”ཟེར་བའི་འབོད་སྲོལ་རྒྱུན་གཏན་ཆགས། ད་ཆར་ཡུལ་མི་བགྲེས་སོང་མང་པོར་འདྲི་རྟོག་བྱས་ཀྱང་མིང་དངོས་ཤེས་མཁན་སུ་ཡང་མེད་པའི་རྒྱུ་མཚན་ཡང་དེ་ལྟར་དུ་སེམས། གཞན་གསས་འཕེན་རུས་རྒྱུད་ཀྱི་“བླ་རྟགས”ནི་གཡག་ལ་བྱེད་པའི་སྲོལ་སྦྲ་ཆེན་དང་སྟེང་ཆེན་གཉིས་ཆར་གནའ་དེང་ཟུང་དུ་ལག་བསྟར་བྱས་དང་བྱེད་མུས་ཡིན། མི་རྒྱུད་དེ་ལ་རིག་གནས་ཡོང་རབས་སྟེང་ཆེན་གཙོས་པའི་ཁ་ཡག་ཡུལ་མིའི་ངག་ནས་བཤད་སྒྲོས་མང་ལ་བདེན་ལྷ་ཆོས་གཉིས་ལ་ཕུགས་བཅོལ། སྡུག་རྐུ་རྫུན་གཉིས་ལ་རྒྱབ་ཏུ་སྟོན་པའི་རུས་རྒྱུད་ཅིག་ཡིན། དེང་སང་རུས་ཕྲན་དུ་མ་ཞིག་བོད་ཀྱི་རུས་ཆེན་སྡེ་བཞི་གང་རུང་ཁུངས་བཙལ་ཏེ་བླ་མའི་གདུང་རྒྱུད་ཅིག་ལ་འགོ་ཁུངས་གཏུགས་གང་ཐུབ་བྱེད་པ་མང་མོད་ཀྱང་། ཁོ་བོས་དེ་མཚུངས་སྐད་པའི་སྤོབས་པ་མེད་ལ་རེ་བའང་དེ་བས་མེད་པས་རེ་ཞིག་མ་བྲིས་སོ། །གསས་འཕེན་མི་རབས་ཚ་རྒྱུད་གྲོལ་བའི་ཁུངས། །ལོ་རྒྱུས་དཔེ་རྙིང་གསེབ་ནས་གསལ་བའི་གཏམ། །ངོ་གནོང་མེད་པར་བདེན་པའི་རྒྱབ་རྟེན་དུ། །འབྲུ་ཕྲེང་བསྟར་བའི་སྤོབས་པ་བདག་ཡིད་ཆེས། །ཞེས་བར་སྐབས་ཡིད་ཆེས་ཀྱི་ཚིགས་སུ་བཅད་པའོ། །

གཉིས་པ། འཁྲུངས་ལོའི་སྐོར།

  ཁ་བ་གངས་ཅན་པའི་ཕ་ནོར་ཤེས་རིག་གི་བང་མཛོད་ཆོལ་གསུམ་འཛིན་མའི་ཏོག་ཏུ་ཀ་ཁ་ག་ངའི་དབྱངས་རྟ་ཐོག་མར་ངག་ནས་གྱེར་བའི་༧རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་འཁྲུངས་པའི་གནས་མཆོག་དམ་པ་འོལ་མོ་ལུང་རིང་ངམ། སྲིད་པའི་གངས་རྒན་བླ་རི་གངས་དཀར་ཏི་སེའི་འདབས། བླ་མཚོ་མ་ཕམ་གཡུ་མཚོའི་འཁྲིས། ཁ་འབབ་རྣམ་བཞིའི་བཞུར་སྒྲ་ལྷུང་ལྷུང་སྒྲོག་པའི་ལྟེ་བ་སྟེ། ས་ཆེན་པོ་བྷ་དྷ་ཧོར་གྱི་རྒྱལ་ཁམས། ཡེ་སྟོད་ས་ཡི་ཐིག་ལེ། འབུ་རྫ་བེ་སྨུག་རྩ་ཆེའི་སྨན་རྫས་མང་པོའི་བཅུད་ཀྱིས་གཏམས་ཤིང་སྐུ་གསུམ་ཁྲོ་རྒྱལ་གནས་མཆོག་ལུང་དཀར་གསང་བྲག་ནོར་བུ་ལྷ་རྩེའི་གཡོན་ཞོལ་དུ་“གསས་འཕེན་ཚང”ཕ་ནག་རུ་དང་། མ་འགར་ཟ་འམ་ལ་བཟའ་གུང་སྤུག་གཉིས་ལ་སྤྱི་ལོ་༡༩༢༧་མེ་ཡོས་ལོར་ཁྱེའུ་མཚན་དང་ལྡན་པ་ཞིག་ཏུ་བཙས། མིང་སྲིང་ལྕམ་དྲལ་ལྔ་ཡི་ཆེ་འོག་ཡིན་ཞིང་ཆུང་དུས་ཕ་མས་གཅེས་མིང་ཅི་ཞིག་བཏགས་པ་ད་བར་མ་ངེས་རུང་། རྒྱུན་སྲོལ་འབོད་བཞིན་པའི་གཡུང་དྲུང་ཚུལ་ཁྲིམས་ཞེས་པ་ནི་གྲྭ་མིང་ཡིན་པ་ལས་ཕ་མས་བཏགས་པ་མ་ཡིན་སྙམ། རིམ་བཞིན་ནར་སོན་པ་དང་བསྟུན་བྱིས་དུས་ཀྱི་འཚོ་བར་རྒྱག་གྲངས་ལས་ལྟོགས་གྲངས་མང་ཞིང་ཀློག་མི་གཟོད་པའི་སྒྲུང་རྩོམ་ཞིག་དང་ཀུན་ནས་མཚུངས། དུས་བབ་ཀྱི་མནོན་ཤུགས་ལྕི་ཞིང་ཁྱིམ་ཚང་འཁོས་ཀ་ཞན་པའི་སྟབས་ཀྱིས་སྐྱིད་སྡུག་འགག་འཕྲང་རིང་མོའི་འོག་ནས་གཉོམ་ལག་རྒྱས་པའི་ཁོང་གི་མི་ཚེ་དང་། ཁོང་གི་སློབ་སྦྱོང་གི་ལམ་ཀ་འདི་ནས་མུན་པའི་བག་རྒྱ་སྟུག་པོ་ཞིག་ལ་གདོང་གཏུགས་ཐུབ་པའི་སྙིང་སྟོབས་དེའང་བྱིས་དུས་ནས་སྡུག་ངན་མང་པོར་མྱངས་བའི་རྒྱུ་རྐྱེན་ལ་ཏན་ཏན་འབྲེལ་བ་ཡོད་ངེས་སོ། །སྦྲ་ཆེན་ཡེ་སྟོད་ས་ཡི་ཐིག་ལེ་རུ། །ནག་འགར་ཁྱོ་ཤུག་གཤོས་པའི་མི་ཕོ་དེ། །དཀའ་སྡུག་གཙང་པོ་བརྒལ་བའི་གླང་ཆེན་དང་། །ཤེས་ཡོན་ཕར་མཐར་སོན་པའི་མཁས་པ་ཡིན། །ཞེས་དངོས་བྱུང་ཇི་བཞིན་སྐད་པའི་ཚིགས་སུ་བཅད་པའོ། །

གསུམ་པ། ཐོས་བསམ་སྤྱི་བོར་བླངས་པའི་སྐོར།

  ཇི་སྐད་དུ། ཤེས་བྱ་ཀུན་གྱི་ཐོག་མ་རུ། ཤེས་པའི་གཞི་མ་ཡི་གེ་བསླབ། ཅེས་སྟོན་པ་སངས་རྒྱས་གཤེན་རབ་མི་བོས་ཕ་ནོར་བུ་ལ་གདམས་པ་ལྟར། ཕ་མ་དྲིན་པོ་ཆེ་གཉིས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་སྒོ་ནས་ཤེས་བྱ་ཡོན་ཏན་ཀུན་གྱི་མ་ཕྱི་རིག་པའི་བློ་སྒོ་འབྱེད་པའི་ལྡེ་མིག་སྟེ། ཤིང་ཁྱི་སྤྱི་ལོ(༡༩༣༤)ལོར་རང་ལོ་བདུན་ཐོག་ཕ་དྲིན་པོ་ཅན་གྱིས་ཀ་ཁ་ག་ངའི་དབྱངས་གསལ་ངག་ནས་གྱེར་བའི་བློ་གྲོས་སྒོ་འཕར་དང་པོར་ཕྱེས། དེ་ནས་ཞང་པོ་“འགར་ར་དཀོན་མཆོག་བསམ་འགྲུབ”དྲུང་ནས་ཟབ་སྦྱོང་ལེགས་པོར་གནང་སྟེ་སུ་ཡིས་ཀྱང་དོ་ཟླ་མེད་པ་དཔེ་ཆ་ཀློག་ལ་བྱང་དུ་ཆུབ་པའི་སྐྱེན་ཕུགས་མིང་དུ་གྲགས་པ་གྱུར། སྐབས་དེ་དུས་རིག་གནས་བསླབ་ས་དེང་སང་ནང་བཞིན་སྟབས་བདེའི་ཆ་རྐྱེན་མེད་མོད། འོན་ཀྱང་ཚེ་སྔོན་ལས་འཕྲོ་བཟང་པོའི་མཁའ་དབྱིངས་ཡངས་མོ་ན། རང་ཉིད་འབད་རྩོན་དྲག་པོའི་དྲི་བཞོན་རླུང་གིས་མུན་པའི་འཇིག་རྟེན་ན་དཀར་གསལ་ཟླ་བ་ཤར་རིའི་ཟོམས་ན་དྲངས་བ་དང་ཅིས་མི་མཚུངས། དེར་བརྟེན་༧སྐུ་གཞོགས་རྒྱལ་བ་ཚུལ་ཁྲིམས་རིན་པོ་ཆེ་མཉེས་པ་གསུམ་གྱི་རྩ་བའི་བླ་མར་བསྟེན་ཏེ་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་མནོས་ནས་ཚུལ་མིང་དུ《གཡུང་དྲུང་ཚུལ་ཁྲིམས》ཞེས་གསོལ། དེ་ནས་ལུང་དཀར་དགོན་པའི་ཚོགས་གྲལ་ཞུགས་ཤིང་དཔལ་རྒྱལ་བ་བྲུ་ཡི་རིང་ལུགས་དྲི་མ་མེད་པའི་གྱེར་དབྱངས་འདེབས་གསུམ་དང་། འབུད་རྡུང་དཀྲོལ་གསུམ་སོགས་གར་འཆམ་བཅས་ལ་བགྲང་བྱ་དུ་མར་སྦྱངས་འབྲས་ཕུལ་ཏུ་ཕྱིན་པར་བསླབས། ཞོར་དུ་གཏམ་རྒྱུད་སྙིང་རྗེ་མོ་ཡོད་པ་ནི། སྐབས་དེ་ཤེད་དུ་ལུང་དཀར་དགོན་པའི་‘དོབ་རྒན་’ཞེས་གཡེར་ཆེ་བ། ནངས་ཀ་ཞོགས་ཇ་འཐུང་སའི་ཕོར་པ་ཆེ་བ་ཅི་འདྲ་གཟེད་རྒྱུ་ཡོད་ནའང་། དགོན་པས་དེའི་ནང་དུ་རྩམ་པ་ཁ་སྐྱོར་ལོག་པ་ཞིག་རྒྱག་གིན་ཡོད་རེད་ཟེར། ཁོང་གིས་ཕོར་པའི་ནང་གི་རྩམ་པ་ཚོ་ཕྲི་ནས་ཚོགས་ཁུག་ཅེས་ཁུག་མ་ཆུང་ཆུང་ནང་ལ་བླུགས་ཏེ། དགོང་མོར་ཁྱིམ་ལ་མར་ལོག་དུས་མིང་སྲིང་གཞན་ལ་སྟེར་བས་དགོན་སྐོར་ཁྱིམ་ཚང་གཞན་དང་བསྡུར་ན་ཁོ་ཚོའི་སྤུན་མཆེད་ཚོར་ཟས་ཆ་མོད་པའི་སྐོར་དགའ་སྐྱོ་སྤེལ་མའི་གླེང་བ་མང་། དེ་ནི་མུག་གེས་མནར་བའི་དུས་ཚོད་དེ་ན་བཀྲེས་ལྟོགས་ཐེབས་པའི་བྱིས་པ་ཞིག་གིས་ཁྱིམ་ཚང་ལ་ལེགས་སྐྱེས་དེ་ལྟ་བུ་ཕུལ་བ་དེ་ཡང་བློ་ཡུལ་ཤོང་དཀའ་བའི་ཅི་འདྲའི་བྱ་བ་རླབས་ཆེན་ཞིག་མ་ཡིན་ནམ། སྤྱི་ལོ་༡༩༤༤དགུང་གྲངས་༡༨ཤིང་སྤྲེལ་ལོར་བོད་མདོ་དབུས་མཐོ་སྒང་གཡུང་དྲུང་བོན་པོ་གཤང་ལྕེ་གནམ་ལ་སྟོན་མཁན་ཡོད་ཚད་ཀྱི་ལག་ན་འབྲལ་མེད་འཆང་བ་ཆེན་པོ་དཔལ་རྒྱལ་བ་བྲུ་ཡི་རིང་ལུགས་ཀྱི《ཉེར་མཁོ་འདོད་འཇོ་འཁྲི་ཤིང》རྩོམ་པ་པོ་བོན་གྱི་གདན་ས་འོག་མ་རུ་ལག་གཡུང་དྲུང་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་ལུང་དཀར་དཔོན་སློབ་ཁྲི་ཐོག་གསུམ་པ་མཚན་ཡོངས་སུ་གྲགས་པ་༧མགར་རུ་དཔོན་སློབ་ཚུལ་ཁྲིམས་ཡེ་ཤེས་མཆོག་མ་རིག་རྨོངས་པ་སེལ་བའི་དྲིན་ཅན་སློབ་དཔོན་དུ་བསྟེན་ཏེ། གཟའ་སྐར་འབྱུང་འཕྲོད་ལེགས་པའི་དུས་བཟང་ཚེས་བཟང་རྟེན་འབྲེལ་ཆེན་པོས་མདུན་བསུས་ནས། “རྩོད་པ་ཁྱད་པར་ཅན་གྱིས་མ་ཟིན་པའི་གོ་བ་ལ་ཡང་དག་པའི་དོན་སྤྱི་འཆར་བ་དཀའ་ཏེ། ལོང་བ་ལྷ་ཁང་དུ་ཕྱིན་ཞིང་རྫས་ཁྲ་བོ་ལག་ཏུ་གཏད་པ་བཞིན་ནོ། །དེའི་ཕྱིར་རྩོད་པ་ལ་དགོས་པ་ཆེན་པོ་འདི་ཉིད་ཡོད་པས། རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའི་སྐྱེས་བུ་རྣམས་ཀྱི་ཐུགས་ལ་ཞེན་པར་མཛོད་ཅིག”ཅེས་དཔལ་རྒྱལ་བ་མཉམ་མེད་པའི་ཞལ་གསུང་དྲི་མ་མེད་པའི་གདམས་དོན་སྙིང་ལ་བསྟིམས་ནས། རང་གི་ཕ་དགོན་ལུང་དཀར་དགོན་པའི་བཤད་གྲྭ་རུ་ཞུགས་ཏེ་འགོ་སྡུད་གྲྭ་ནས་མཇུག་རྫོགས་ཆེན་བར་མཚན་ཉིད་པའི་གཞུང་པོད་ཆེན་བརྒྱད་དམ། མདོ་སྔགས་སེམས་གསུམ་གཞུང་ཆེན་ཁག་ལ་རྩོད་པ་ཁྱད་པར་ཅན་གྱི་སྒོ་ནས་སྒྲོ་འདོགས་རྩད་ནས་ཆོད་པའི་སྦྱངས་པ་མི་དམན་པར་གནང་། དེར་མ་ཟད་ཞོར་དུ་ཡང་སུམ་རྟགས་དག་གསུམ་སྙན་ངག་བཅས་ལ་མངའ་བརྙེས་པར་བསླབས།

  སྤྱི་ལོ(༡༩༤༨)་ས་བྱི་ལོར་དགུང་གྲངས་༢༢ཐོག་གཞུང་ཆེན་ཁག་ལ་བརྒལ་བརྟག་རིགས་པའི་ལམ་ནས་བཀའ་རམས་པའི་དམ་བཅའ་ཆེན་མོར་བཞག་ཅིང་། ངེས་པ་དོན་གྱི་བླ་མ་འདི་ཕྱི་གཉིས་ཀྱི་དེད་དཔོན་ཆེན་མོ་དབུ་རུ་བླ་རྒན་༧སྐུ་གཞོགས་རྒྱལ་བ་ཚུལ་ཁྲིམས་མཆོག་དང་། དཔོན་སློབ་ཚུལ་ཁྲིམས་ཡེ་ཤེས་རྣམ་གཉིས་གསེར་ཞལ་ཉི་ཟླའི་དཀྱིལ་འཁོར་གཟི་བྱིན་ཆགས་པ་ཚོགས་མགོན་བཞུགས་པའི་སེམས་དཔའ་འདུས་སྡེ་རྒྱ་མཚོའི་དྲུང་དུ་སྐུ་འགྱེད་དང་མང་ཇ་འདེགས་འབུལ་ཞུས། བསོད་ནམས་ཚོགས་ཀྱི་མཆོད་པ་འཛད་མེད་སྤྲིན་ཕུང་བཤམས་ཤིང་༧དབུ་བླ་ཚུལ་ཁྲིམས་རྒྱལ་མཚན་དང་མཉམ་དུ་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་གསེར་གྱི་ཅོད་པན་བཞེས། ལོ་དེར་ཡང་བན་གྲགས་སྒོ་སྤེ་བློ་གྲོས་རྣམ་དག་མཆོག་གིས་གདན་ཞུས་ལྟར་ངེས་དོན་རྫོགས་པ་ཆེན་པོའི་འཇའ་ལུས་འོད་སྐུར་གཤེགས་པའི་གྲུབ་དབང་དམ་པ་ཀུན་མཁྱེན་ཤར་རྫ་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེ་ཡི《རྒྱལ་ཚབ་བློ་གྲོས་རྒྱ་མཚོ》མཆོག་ཞབས་ཟུང་གསེར་གྱི་པད་མོ་ལུང་དཀར་དགོན་དུ་བཞད་ཅིང་། དཔལ་ཤར་རྫའི་རིང་ལུགས་ལྟར་གྱི་སྒྲུབ་གྲྭ་དབུ་འཛུགས་གནང་བ་དང་། དགེ་རྒན་གཙོ་བོ་ཤར་རྫའི་དངོས་སློབ་ནག་རུ་མཁན་པོ་ཚུལ་ཁྲིམས་ཕུན་ཚོགས་མཆོག་བསྐོ་གཞག་གནང་བ་དང་བསྟུན། སྒྲུབ་གྲྭར་ཞུགས་ནས་ལོ་གསུམ་རིང་དགོན་པའི་སྐོར་ལམ་ཕྱིན་ཆད་གོམ་པ་གང་དུ་མ་སྤོས་ནས་ཤར་རྫའི་མཛོད་ཆེན་སྡེ་ལྔའི་གདམས་དོན་སྙིང་ལ་བཅངས་ནས་གྲུབ་དབང་དམ་པའི་ཉམས་ལེན་རང་རྒྱུད་འཕོ་བའི་སྦྱོང་པ་གནད་དུ་སྨིན་པར་བརྩོན། ཞོར་དུ་ཡང་སློབ་དཔོན་ཚུལ་ཁྲིམས་ཡེ་ཤེས་དྲུང་ནས་དཀར་ནག་རྩིས་ཀྱི་སྐོར་ནས་གོ་ལོ་ཐོས་ལོ་རྩ་འགོ་རླུང་རྒྱག་ཙམ་མ་ཡིན་པར《ལེའུ་ཐོ》ཕབ་འབྲི་ཐུབ་པའི་སྦྱངས་འབྲས་གཟེངས་སུ་ཐོན་པར་བསླབས་ཤིང་། ལོ་གསུམ་གཡར་དམ་བཅས་པའི་ཁས་བླངས་འགལ་མེད་འགྲུབ་ནས། བླ་མེད་རྫོགས་པ་ཆེན་པོའི་ལྟ་སྒོམ་ཁོང་དུ་ཆུད་པའི་“གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར”ཞེས་པའི་ཟིན་ཐོ་གཏོད། དེ་རྗེས་དགུ་སྤྱང་ཤོག་པའི་ཆུ་བཞག་འདྲ་ཁ་དབུ་རུ་བླ་མ་རྣམ་ཚང་ཡབ་རྒན་དམ་པ་༧བླ་མ་ཉི་མ་རྒྱལ་མཚན་རིན་པོ་ཆེ་གསོ་བ་སྨན་གྱི་དགེ་རྒན་དུ་བསྟེན་ནས་བོད་ལུགས་གསོ་རིག་སྨན་གྱི་རིག་གཞུང་《འབུམ་བཞིའི》དགོངས་དོན་དཔྱིས་སུ་ཕྱིན་པར་བསླབས་ནས་ཞལ་རྒྱུན་མན་ངག་ཟབ་མོ་ནད་ཐོག་སྨན་འཁེལ་ཐེབས་པའི་ལག་ལེན་མཐིལ་ཕྱིན་སྦྱངས། བླ་མ་མཆོག་ནས་རྩི་མཐོང་ཆེན་པོར་གནང་སྟེ། “སླད་མར་མི་ཕྱུགས་ནད་པ་ཀུན་ལ་གདུང་བ་ནད་ཀྱི་ཟུག་རྔུ་འཇོམས་པར་ཕན་ཐོག་ཆེན་པོར་ཡོང་བའི་མ་འོངས་ལུང་དུ་བསྟན་པ་མ་ཚད། ཁོང་ཉིད་ཀྱི་ཞལ་འདོན་དང་། སྨན་ཡིག སྨན་ཁུག་སོགས་བྱིན་རླབས་ཚན་ཁ་ལག་ཟུང་རིན་ཆེན་སྣོད་དུ་དངོས་གྲུབ་བསྩལད། བྱིན་རྟེན་དེ་རྣམས་ད་བར་བོར་སྟོར་མ་ཤོར་བར་མྱུར་སྐྱོབས་ནན་མོས་ཁོང་གི་ནང་མི་སར་མིག་སྔར་མཇལ་ཡུལ་དུ་བཞུགས་ཡོད་དོ། །ཤེས་རབ་ཆེ་བས་རིག་གནས་གཙིགས་སུ་འཛིན། །ཐོས་བསམ་བརྩོན་པའི་ཉིན་མཚན་གྲོགས་སུ་བཀུག །བཤད་དང་སྒྲུབ་པ་གཉིས་ཀའི་ཐུགས་རྒྱུད་ནེམ། །བཤེས་གཉེན་དམ་པའི་ཁྲི་རུ་གོ་ས་བརྙེས། །ཞེས་མོས་པ་གཏིང་ནས་སྐྱེ་བའི་ཚིགས་སུ་བཅད་པའོ། །

བཞི་པ། མཛད་པ་ཅི་ཞིག་བསྐྱངས་པའི་སྐོར།

  དེ་ལྟར་མདོ་སྔགས་རྫོགས་གསུམ་གཞུང་ལུགས་ཟབ་མོ་དག་ལ་བཤད་སྒྲུབ་གཉིས་ཆར་སྒོ་ནས་སྦྱངས་པ་མཐར་ཕྱིན་ནས་སྨན་རྩིས་ལས་སོགས་རིག་པའི་གནས་ཀུན་ལ་ཡང་བྱང་ཆ་ཆེ་བས་ན། ལུང་དཀར་གླིང་དེར་མཁས་བཙུན་བཟང་གསུམ་འཛོམས་པའི་བཤེས་གཉེན་རྩེ་གྲས་གྱུར། དེར་བརྟེན(༡༩༥༣)ཆུ་སྦྲུལ་ལོར་དགུང་ལོ་༢༦་ནས་༢༩་བར་ལུང་དཀར་དགོན་དབུ་མཛད་ཆེན་མོའི་ཁྲི་ལ་བཞུགས་ནས་དཔལ་རྒྱལ་བ་བྲུ་ཡི་རིང་ལུགས་དྲི་མ་མེད་པ་བཀྲ་ཤིས་སྨན་རི་ཚང་གི་ཕྱག་སྲོལ་ཇི་བཞིན་གྱེར་དབྱངས་འབྲུག་མོ་རབ་ཏུ་ལྡིར། འོན་ཀྱང་དེང་སང་དགོན་པའི་ལོ་གསུམ་དབུ་མཛད་ལ་དེ་ཙམ་ཆེ་རྒྱུ་མེད་ནའང་། སྐབས་དེ་དུས《དབུ་དགེ་གཉེར་གསུམ》ཞེས་དགོན་གླིང་ལྕགས་ར་ཁྲ་མོ་དེ་རུ་“ཅི་མཛད་ལས་ཀྱི་ཨ་ཧོ། །རྫ་མཁན་རླུང་གི་འཁོར་ལོ། །ཟེར་སྲོལ་ལྟར་དབུ་མཛད་ནི་དགོན་པའི་འགན་ཁུར་གཙོ་གྲས་དང་དབང་ཆ་ཆེ་གྲས་ཡིན། རྐྱེན་དེས་རྗེས་སུ་རིག་གནས་གསར་བརྗེའི་སྐབས་སུ་ཡང་མངའ་བདག་ཆེ་གསུམ་ཟེར་ཏེ་གྲལ་རིམ་གྲལ་དུའང་ཚུད་མྱངས་ཡོད་རེད་ཟེར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་བོད་ཞི་བའི་བཅིང་འགྲོལ་བཏང་སྟེ། བོད་དུ་ཆོས་དད་རང་མོས་སྲིད་ཇུས་ཐོག་མར་སྤེལ་ཞིང་། སྤྱི་ལོ(༡༩༦༡)ལྕགས་གླང་ལོར་དགུང་གྲངས་༣༤་ཐོག་བོད་ཁྱོན་ཡོངས་གོང་རིམ་ནས་དམངས་གཙོ་བཅོས་བསྒྱུར་བྱས་ཏེ། གོང་རིམ་ཏང་ཨུད་སྲིད་གཞུང་གིས་ལུང་དཀར་དགོན་པ་ནི་རྒྱལ་གཅེས་ཁྲིམས་སྲུང་དགོན་སྡེ་གལ་ཆེན་ཞིག་ཡིན་པའི་གདེང་འཇོག་ཚད་མེད་ཐོབ་ཅིང་། དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་གནང་བ་དང་བསྟུན། ཁོང་ཉིད་སྔ་རྗེས་སུ་དམངས་གཙོ་བདག་གཉེར《ཨུ་ཡོན》ལོ་གསུམ་དང《ཀྲུའུ་རིན་གཞོན་པའི》ཐུགས་འགན་ལོ་གསུམ་བཅས་ཁྱོན་ལོ་དྲུག་རིང་དགོན་པའི་འགན་འཁྲི་ཕྲག་ཏུ་ཁུར་ནས་བོན་གྱི་བསྭོ་སྒྲ་ལྷང་ལྷང་སྒྲོག་པར་བྱས། ཉིན་ཞིག་མི་རྟག་པའི་སློབ་དཔོན་ཆེན་པོ་ཞིག་ཕེབས་པ་སྟེ། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་སྐད་ཅིག་མ་ཡི་བདག་ཉིད་ཡིན་ལུགས་སྔ་ས་ནས་མཐོང་ཐོས་ཉུང་ཉུང་མིན་ན་ཡང་། གློ་བུར་འདི་ལྟའི་གཡོལ་ཐབས་བྲལ་བའི་སྤྱི་ཚོགས་བཅོས་བསྒྱུར་གཏོང་བའི་བཀའ་ཁྱབ་ཁྲོ་ཆུ་ཁོལ་མ་རྣ་བར་བྱོ་བ་ནི་སུས་ཀྱང་ཡིད་རྟོན་ཐུབ་པར་དཀའ། འོན་ཏེ་ཅི་བྱ་གཏོལ་བྲལ་རིག་གནས་གསར་བརྗེ་ཞེས་དུས་འགྱུར་གྱི་དྲག་རླུང་ཤུགས་ཆེར་ལྡང་ནས། གནམ་ས་མགོ་རྟིང་སློག་པའི་བར་ན་གྲལ་རིམ་ཟེར་བའི་ཉེས་མིང་ཅུང་ཕོག་ནས་ཉན་མི་འདོད་པའི་སྡིགས་གཏམ་ཡ་མ་ཟུང་རྣ་བར་ལྷུང་བ་མ་ཟད། གོས་ཀྱི་ཚོས་ཁ་གཞན་ཞིག་བསྒྱུར་དགོས་ཁེལ། རེ་ཞིག་སྔར་གྱི་ཆོ་ལོ་སྙན་པའི་རིག་པའི་ཁྱེའུ་དེའང་ཕྱུགས་ཟོག་རྫི་བོ་རི་ལ་སྙེག་པ་ལས་ཅི་ཡང་མེད་པ་ལག་སྟོང་སྒྲེན་བུར་གྱུར། ཡིན་ནའང། “གསེར་ས་འོག་ཏུ་སོང་ཡང་། །འོད་ནམ་མཁར་ཁྱབ།”། ཟེར་བའི་གནའ་དཔེ་ལྟར་ཅང་མེན་ཆུས་བར་ཐ་ཀུང་ཧྲི་རུ་ཁག་བཞི་པའི་ནོར་ལུག་རྫི་བོ་བྱས། ཞོར་དུ་སྔོ་སྨན་རྩ་ལྡུམ་དུ་མར་བཏུས་ནས་ཟ་ཟོག་ནད་པ་དག་ལ་སྨན་དུ་སྦྱིན་པའི་འབྲས་བཟང་མི་དམན་པར་ཐོབ། དེ་ནི་དེ་སྔོན་གསོ་བ་སྨན་གྱི་དགེ་རྒན་དམ་པ་༧བླ་མ་ཉི་མ་རྒྱལ་མཚན་རིན་པོ་ཆེས་མི་ཕྱུགས་ནད་པར་ཕན་པ་འབྱུང་བའི་ལུང་དོན་བསླུ་བ་མེད་པ་ཡང་ཡིན་སྲིད།

  སྤྱི་ལོ(༡༩༦༨)ས་སྤྲེལ་ལོར་དགུང་གྲངས་༤༡་ནས་བར་ཐ་ཤང་ཟོག་བཅོས་སྨན་ཁང་ནང་ཕྱུགས་ཟོག་སྨན་པའི་ལས་ཀར་ཞུགས་ཏེ་ལོ་ལྔ་ཡི་རིང་ལྷག་བསམ་རྣམ་དག་གིས་ལས་ཀ་ཧུར་ཐག་འབད་པའི་གྲུབ་འབྲས་ཆེན་པོར་ཐོན་པ་སྟེ། ཁྱུང་ལྔ་སོགས་སྔོ་སྨན་མང་པོར་སྦྱོར་བཟོས་བྱས་ནས་མི་ཕྱུག་གཉིས་ཆར་ནད་ཀྱི་གདུང་བ་སེལ་བའི་ས་ཚིག་ཐོག་ཏུ་ཆར་པ་བབས་པའི་དཔེ་ལྟར། དེང་དུས་དང་མི་འདྲ་བར་ཆ་རྐྱེན་སྐྱོ་པོ་ཡིན་སྟབས་ཡུལ་མི་ཀུན་གྱིས་དགའ་མགུ་ཡི་རངས་ཆེན་པོ་འཕེལ་ཞིང་ཕན་ནུས་གཞན་དང་མི་འདྲ་བར་ནད་བརྒྱ་སྨན་གཅིག་ཚུལ་དུ་ལོ་མང་རིང་དུ་རིན་མེད་ངང་ནས་སྦྱིན་པ་ཟམ་མ་ཆད་པར་འགྱེད་ཡོད།

  སྤྱི་ལོ(༡༩༧༢)ཆུ་བྱི་ལོར་རང་ལོ་༤༥་སྦྲ་ཆེན་རྫོང་ཟོག་བཅོས་སྨན་ཁང་དུ་ལས་བསྒྱུར་བྱས་ཏེ་སྔར་མུས་བཞིན་རྫོང་ཡོངས་ཀྱི་སྒོ་ཕྱུགས་དཀར་ནག་ཁྲ་གསུམ་སྨན་བཅོས་བྱེད་ཀྱིན་དུ། སྔོ་སྨན་གཙོ་བོར་བྱས་པའི་ཕྱུགས་ཟོག་སྨན་སྣ་དུ་མ་གསར་གཏོད་མང་པོ་བྱས། མདོར་ན་རང་ལོ་༥༢་བར་བགྲང་བྱ་བཅུ་གཅིག་རིང་ཟོག་བཅོས་སྨན་པ་དང་། བོད་སྨན་གཙོ་བོར་བྱས་པའི་ལས་སྣོན་བཟོ་གྲྭའི་དགེ་རྒན་བྱས་པ་དང་། ལས་སྣོན་བཟོ་གྲྭའི་ཕུལ་བྱུང་དགེ་རྒན་ཞེས་པའི་གཟེངས་བསྟོད་ལྗོངས་དང་། ས་གནས། རྫོང་བཅས་རིམ་པ་མང་པོས་མཚན་སྙན་སྲིད་ན་འབར་བར་ཐོབ།

  སྤྱི་ལོ(༡༩༧༦)དགུང་གྲངས་༥༠བོད་རང་སྐྱོང་ལྗོངས་སྐབས་གསུམ་པའི་ཆབ་གྲོས་《ཨུ་ཡོན》འདེམས་ཐོན་བྱུང་ཞིང་སྐུ་མ་གཤེགས་བར་བོད་རང་སྐྱོངས་ལྗོངས་སྲིད་གྲོས་སྐབས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་”སྲིད་གྲོས་ཨུ་ཡོན་གྱི་འགན་བཞེས་ཏེ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་གསུམ་ལ་དམ་པོར་དམིགས་ནས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཡོང་བའི་ཞབས་འདེགས་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་མཛད་ཅིང་སྐབས་རེ་རེའི་ཚོགས་ཞུགས་མིང་བྱང་རྟགས་མ་ད་ལྟ་དངོས་སུ་ནང་མི་སར་བསྟན་དུ་ཡོད།

  སྤྱི་ལོ(༡༩༧༧)དགུང་གྲངས་༥༡་ལོར་ཀྲུང་ཧྭ་རྒྱལ་ཁབ་ཆེན་མོའི་རྒྱལ་ས་པེ་ཅིང་གྲོང་འཁྱེར་དུ་“རྒྱལ་སྤྱིའི་ཚན་རིག་ལག་རྩལ་སྔོན་ཐོན་མི་སྣའི”ཚོགས་འདུར་ཞུགས་ཏེ། གོང་རིམ་སྲིད་གཞུང་ནས་“སྔོན་ཐོན་ཚན་རིག་ལག་རྩལ་མི་སྣ”ཞེས་གཟེངས་བསྟོད་གཟི་བརྗིད་ལྡན་པར་བསྩལ་ཡོད། ཁོ་བོ་ལོ་སྣ་ཆུང་དུས་ནས་སྡེ་དགོན་གཉིས་ཀའི་བགྲེས་སོང་མང་པོས་ཁུ་བོ་དམ་པས་བོད་ལྗོངས་སྨན་རྩིས་ཁང་གི་ལོ་ཐོ་ནོར་བཅོས་བྱས་རབས་སྐོར་ནས་ལབ་གླེང་མང་པོར་རྣ་ལམ་འཇགས་པ་ཉུང་ཉུང་མིན། ཞིབ་ཏུ་བསམ་ན་དོན་ངོ་མར་གང་འདྲ་གནང་མིན་གསལ་པོར་མ་ངེས། དེར་བརྟེན་དངོས་སློབ་བམ་སྐུ་ཚ་སྨན་པ《རིག་གསལ》ལ་བཀའ་འདྲི་ཞུས་ནས་ཁོང་གིས་ཇི་ལྟར་བཤད་པ་བཞིན་མ་བཅོས་དྲང་པོར་ཡི་གེར་བཀོད་ཡོད། དེ་ཡང་ལོ་གྲངས་དུ་མའི་སྔོན་ནས་བོད་ལྗོངས་སྨན་རྩིས་ཁང་གིས་ལོ་ཐོ་རེ་རེ་ནས་ཚེས་ཁང་བཀོད་སྟངས་དང་། ཞག་ཟླ་ཆད་ལྷག་བྱུང་ཚུལ་སོགས་ལ་ནན་གཏན་རྟོག་ཞིབ་དང་། ཁོ་རང་སྔར་ནས་བསླབས་པའི་སྐར་རྩིས་རིག་པ་དེ་ཉིད་མི་བརྗེད་དྲན་པའི་གསོས་སུ་བསྐྱར་འབེབས་ཐེངས་མང་བྱས་པར་བརྒྱུད། གནམ་རིག་སྐར་རྩིས་མཁས་དབང་ཆེན་མོ་བོད་ལྗོངས་སྨན་རྩིས་ཁང་གི་༧ཡོན་ཀྲང་བྱམས་པ་འཕྲིན་ལས་མཆོག་དབུས་པའི་བོད་ལྗོངས་སྨན་རྩིས་ཁང་གིས་ཕབ་སྦྱོར་བྱས་པའི་ལོ་དེའི《ལོ་ཐོ》ནང་ཟླ་ལྷག་ཕོག་མེད། སྟབས་ལེགས་པ་ཞིག་ལ་ལོ་དེར་ལྷ་སར་ཚོགས་འདུ་ཞུགས་དགོས་པའི་ཚོགས་རྭ་རུ་བྱམས་པ་ཡོན་ཀྲང་མཆོག་ཞལ་མཇལ་དངོས་སུ་བྱུང་བའི་གོ་སྐབས་འཕྲད། དཔའ་ངར་ཞུམས་མེད་རྣམ་དཔྱོད་རིག་པའི་རྩལ་གྱིས་ལོ་དེར་ཟླ་ལྷག་ཡོད་པའི་གཏན་ཚིགས་ཡང་དག་སྒོ་ནས་བགྲོ་གླེང་ལྷུག་པོར་གནང་བ་མ་ཚད། ཉིན་འགའི་རིང་བོད་ལྗོངས་སྨན་རྩིས་ཁང་དུ་ལོ་དེར་ཟླ་ལྷག་འབྱུང་ཚུལ་གྱི་རྩིས་ཆ་ཚང་བརྒྱབས་ནས་རྒྱུ་མཚན་སྣག་པོས་ལོ་དེར་ཟླ་ལྷག་ཡོད་པའི་ཁུངས་སྐྱེལ་ར་སྤྲོད་ཐུབ། ཡོན་ཀྲང་བྱམས་པ་འཕྲིན་ལས་མཆོག་ནས་ཀྱང་ཐུགས་སྣང་གཤིན་པོས་དང་ལེན་གནང་བ་མ་ཟད། ཁོང་ཉིད་སྦྲ་ཆེན་རྫོང་ཕྱུགས་ཟོག་སྨན་ཁང་ནང་ཟོག་བཅོས་སྨན་པ་ཡིན་པའི་ངོ་སྤྲོད་ཞུས་དོན་ལྟར། ཕྱུགས་ཟོག་སྨན་པ་བྱེད་པར་དགོས་པ་རྒྱུ་མཚན་མེད་རབས་དང་གལ་ཆེའི་མི་སྣ་ཁྱེད་ཉིད་རྫོང་སྲིད་གཞུང་གིས་ཀྱང་བཞག་སྟངས་ཞན་པོ་ཡིན་ཚུལ་དང་། ལམ་སེང་དུ་ལྗོངས་སྨན་རྩིས་ཁང་ནང་ལས་བསྒྱུར་དགོས་པ་དང་། དེ་བས་ཀྱང་ས་ཁུག་ལུང་ཀྱོག་ཞིག་བསྡད་ན་ཕན་པ་ཆེན་པོ་མི་འབྱུང་བར་མ་ཟད། བོད་ལྗོངས་སྨན་རྩིས་ཁང་དུ་མཛད་འཕྲིན་སྐྱོང་ན་འབྱུང་གྱུར་ཕན་འབྲས་དང་དགོས་གལ་ཆེ་ཚུལ་བཅས་ཡོན་ཀྲང་མཆོག་ནས་བཀའ་སློབ་ལམ་སྟོན་མང་པོར་གསུངས་བར་གྲགས། དེར་མ་ཚད་ལོ་དེར་ཡང་ལྗོངས་སྨན་རྩིས་ཁང་ནས《གནམ་རིག་སྐར་རྩིས་ཆེད་ལས་མཁས་པའི་ལག་འཁྱེར》གཟི་བརྗིད་ཅན་དུ་བསྩལད་ཡོད། དེ་ནས་རིམ་པས་བྱམས་པ་ཡོན་ཀྲང་མཆོག་དང་འགྲོགས་འདྲིས་ཆེ་ཞིང་ཡིད་རྟོན་ཐུབ་བའི་གྲོགས་པོ་བླ་ན་མེད་པར་གྱུར། ཡིན་ནའང་ཁོང་གིས་ལྷ་སར་སྨན་རྩིས་ཁང་དུ་ལས་བསྒྱུར་མ་མཛད་ནས་སྔར་མུས་ལྟར་སྦྲ་ཆེན་འབྲོག་པ་མང་ཚོགས་ལ་བརྩེ་བ་ཟབ་མོ་དང་། དུང་བ་ལྷད་མེད་བཅངས་ཏེ་སྨན་རྩིས་ལེགས་སྐྱེས་འབུལ་རྒྱུའི་ཐུགས་ཐག་གཙང་བཅད་གནང་བར་བརྟེན། འབྲོག་པ་མང་ཚོགས་ཚོས་ཀྱང་དགའ་དད་སྤྲོ་བ་ཆེ་ཞིང་རྣམ་དཔྱོད་རིག་པའི་མཚན་གྱི་སྙན་པ་སྦྲ་ཆེན་བཀྲ་ཤིས་དར་ཐང་ནས་ལྷང་ལྷང་དུ་འབྲུག།

  སྤྱི་ལོ(༡༩༨༡-༥)དགུང་གྲངས་༥༤་ལྕགས་བྱ་ལོར་གོང་གི་༧བྱམས་པ་ཡོན་ཀྲང་མཆོག་གི་གསུང་དོན་དང་ཕྱག་འཁྱེར་བཅས་སྦྲ་ཆེན་རྫོང་ཏང་ཨུད་སྲིད་གཞུང་ལ་སྙན་ཞུ་ཕུལ་འབྲས། རྫོང་ཏང་ཨུད་ནས་ཐུགས་ཁུར་ཆེར་བཞེས་ངང་མུ་ནས་སྦྲ་ཆེན་ལ་འདུག་སྟེ་སྨན་རྩིས་ཕྱག་ལས་མ་མཐུད་ནས་བསྐྱང་དགོས་པའི་རེ་བ་ནན་མོར་བཏོན་ཞིང་། ལམ་སེང་རྫོང་བོད་སྨན་ཁང་མི་བཅོས་སྨན་པ་འཇོག་རྒྱུ་གྲོས་དན་བསྣུན་པ་ལྟར། ལོ་དེར་ཡང་སྦྲ་ཆེན་རྫོང་བོད་སྨན་སྨན་ཁང་དུ་ལས་བསྒྱུར་བྱས། དེ་ནས་ངལ་གསོ་ཅུང་རེ་གསོ་ཁོམ་མེད་པར་ཉིན་གང་པོར་བོད་ལུགས་གསོ་བ་སྨན་གྱི་སྦྱིན་པ་ཞིང་འབྲོག་མང་ཚོགས་ནད་བཅོས་སྲོག་སྐྱོབས་བཀའ་དྲིན་བླ་མེད་བསྩལ་བའི་མཐུས། མང་ཚོགས་ཀྱང་མ་བོས་ངང་དུ་འདུ་ཞིང་འཚང་ཁ་ཤིག་གེར་ཕྱོགས་བཅུའི་བུང་བའི་ཁྱུ་ཚོགས་གེ་སར་མཛེས་པའི་དཔལ་དུ་འཁོར་བ་བཞིན་རྩི་སྨན་བཅུད་ལ་རོལ་བ་མང་། ལོ་དེར་ལྗོངས་སྨན་རྩིས་ཁང་ནས་བོད་རང་སྐྱོངས་ལྗོངས་“གནམ་རིག་སྐར་རྩིས་རིག་གཞུང་ཚོགས་པའི་ལས་འཛིན”བསྐོ་གཞག་བྱས་པར་བརྟེན། རིམ་པས་མཁས་དབང་ཆེན་མོ་བོད་ལྗོངས་སྨན་རྩིས་ཁང་གི་༧ཡོན་ཀྲང་བྱམས་པ་འཕྲིན་ལས་མཆོག་དབུ་བཞུགས་ཐོག《བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོ》ཞེས་བན་བོན་གཉིས་ཆར་གྱི་རྩིས་གཞུང་ཇི་སྙེད་འདུས་པའི་དེབ་ཐེར་ཆེན་པོ་ལྔ་ཡི་བདག་ཉིད་ཅན། པར་བསྐྲུན་བྱ་རྒྱུའི་ཆར་འགོད་ཚོགས་འདུ་སྐོང་ཚོགས་བྱས་ཞིང་མ་དཔེ་འཚོལ་བསྡུ་དང་པར་གཞི་དངོས་སུ་སྒྲིག་པའི་ལས་ལ་གཞོལ། དེང་སང་གློག་ཀླད་བཀོལ་བ་བཞིན་དུ་ལས་སླ་པོ་ཞིག་མ་ཡིན་པར་སྐབས་དེ་དུས་ལྕགས་པར་ཞེས་ཡི་གེ་འབྲུ་མ་རེ་རེ་ལག་པས་དངོས་སུ་བཅངས་ནས་བསྒྲིག་དགོས་སྟབས་དཀའ་ལས་མི་དམན་པར་བརྒྱུད་ཡོད། དེབ་ཐེར་དེ་ལྔ་ནི(༡) སྐར་ནག་རྩིས་ཀྱི་ལོ་རྒྱུས་སྐོར། (༢)སྐར་རྩིས་སྐོར། (༣)དབྱངས་འཆར་དང་ནག་རྩིས་སྐོར། (༤)སྐར་རྩིས་ལ་ཉེར་མཁོའི་རེའུ་སྐོར། (༥)ནག་རྩིས་ལ་ཉེར་མཁོའི་རེའུ་མིག་སྐོར། ཞེས་བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོ་དཔེ་དེབ་འགྲེམ་སྤེལ་མཛད་ནས་གནམ་རིག་སྐར་རྩིས་རིག་གནས་གོང་འཕེལ་སྐྱེད་མོས་ཚལ་ཆེན་རྒྱས་པའི་ས་བོན་ལེགས་པོར་བཏབས།

  སྤྱི་ལོ(༡༩༨༢ཟླ་བ་༥)དགུང་གྲངས་༥༥་ལོར་ནག་ཆུ་ས་གནས་ཏང་ཨུད་སྲིད་གཞུང་གི་ནག་ཆུ་ས་གནས་སྐབས་གསུམ་པའི་ཆབ་གྲོས《ཨུ་ཡོན》ལ་བསྐོ་གཞག་བྱས། ནག་ཆུ་ས་གནས་ཆབ་གྲོས་ཚོགས་འདུ་གྲོས་ཚོགས་ཐེངས་གཉིས་པར་ཞུགས་ནས་ས་གནས་སྐབས་གསུམ་པ་དང་བཞི་པ་བཅས་ཀྱི་ས་གནས་སྲིད་གྲོས་ཨུ་ཡོན་གྱི་ལས་འགན་ཁུར་ནས་བྱང་ཐང་སྣོད་བཅུད་ཤེས་དཔལ་མཐོར་འདེགས་ཡོང་བའི་རམ་འདེགས་ཤུགས་ཆེར་གནང་། སྤྱི་ལོ(༡༩༨༣-༤)དགུང་གྲངས་༥༦་ལོར་“བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་འཐབ་ཕྱོགས་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མི་ཚོགས་ཆེན་”ཐེངས་དང་པོར་ཞུགས་ནས་སྔོན་ཐོན་མི་སྒེར་གྱི་མཚན་སྙན་བཟང་པོར་ཐོབ།

  སྤྱི་ལོ(༡༩༨༤)དགུང་གྲངས་༥༧་ཤིང་བྱི་ལོར་ཁོང་གི་སྐུ་ཚེ་གང་པོའི་ཕུགས་བསམ་གྱི་མཛད་འཕྲིན་རླབས་པོ་ཆེ་རི་རབ་ལྷུན་པོའི་གཏོས་ལྟར་འགྲུབ་པ་སྟེ། སྦྲ་ཆེན་ཞང་ཞུང་རིག་གནས་ཉིང་བཅུད་ཟེགས་མ། ཁ་འོ་རྟོགས་ལྡན་རིན་པོ་ཆེ་དང་། ཏཱ་དབེན་ཚུལ་ཁྲིམས་བསྟན་འཛིན་སོགས་སྦྲ་ཆེན་རྫོང་ཁོངས་གནམ་རིག་སྐར་རྩིས་ཆེད་མཁས་མང་པོར་ཕྱག་གྲུ་མཉམ་འདེགས་ཀྱིས་ཧོར་སྤྱི་ཁྱབ་རྒྱལ་པོའི་ནང་བློན་ག་རྒྱ་ཚང་གི་སྲས་ཆེ་བ་“ཁྱུང་སྤྲུལ་རིན་པོ་ཆེ་འཇིགས་མེད་ནམ་མཁའི་རྡོ་རྗེ”་མཆོག་གི་དགོངས་གཏེར་རམ། རྩོམ་རིག་མངོན་པར་འཕགས་པ་《དཔྱད་གསུམ་དག་རྩིས》ཞེས་མཚན་སྙན་མཁས་དགུའི་ཡིད་དབང་འཕྲོག་པའི་རྩིས་གཞུང་རྣལ་མའི་དགོངས་དོན་ལྟར། གཟའ་སྐར་འཁོར་བགྲོད་དང་། དུས་བཞིའི་འགྱུར་འགྲོས། ཁ་ཆར་འབབ་ཐོན་སོགས་དུས་རྟགས་གནམ་དཔྱད་ཞིང་འབྲོག་ཐོན་སྐྱེད་གོང་འཕེལ་ཡོང་བའི་སྔོན་བརྡ་གཏོང་རྒྱུ་ནི་དོན་དངོས་ཚན་རིག་དང་མཐུན་པའི་སྦྲ་ཆེན་ཁྱད་ལྡན་གྱི་ལོ་ཐོ་༼ཤིང་ཕོ་བྱི་བའི་ལོ་ཐོ་བྷྲ་མ་ར་ཡི་དགའ་ཚལ༽ཞེས་པ་སྦྲ་ཆེན་རྫོང་བོད་སྨན་ཁང་ནས་ཐེངས་དང་པོ་གསར་སྐྲུན་གནང་ཡོད། ལོ་ཐོ་དེའི་མ་ཡིག་ཀྱང་འབྲུ་མ་རེ་རེ་ནས་ཏཱ་དབེན་གྲྭ་རྒན་མཆོག་དང་དྲི་མེད་བློ་གྲོས་བཅས་ཀྱི་མཛུབ་མོས་བྲིས། ལོ་ཐོ་དེའི་མ་ཡིག་ད་ལམ་སྦྲ་ཆེན་རྫོང་སྲིད་གཞུང་ཡིག་ཚང་ཁང་དུ་ཉར་ཚགས་བྱས་ཡོད། དེ་ནས་རིམ་པས་ལོ་མང་རིང་གི་སྦྲ་ཆེན་ལེའུ་ཐོ་རྣམས་ཁོང་གི་སློབ་མ་ཚ་བོ་སྨན་པ《རིག་གསལ》གྱིས་དཀའ་བ་དང་དུ་བླངས་ངལ་བ་ཁྱད་དུ་བསད་ནས་མ་ཡིག་འབྲུ་མ་རེ་རེ་ནས་དབུ་ཅན་ལག་བྲིས་བགྱིས་ནས་དཀའ་ལས་ཚད་མེད་བསྐྱངས་ནས་འགྲེམ་སྤེལ་ཡང་བྱས་པ་མང་། རང་རྣམ་ཤོག་དྲིལ་ལས། “རང་ཉིད་ཆེད་ལས་གནམ་རིག་སྐར་རྩིས་ཞིབ་འཇུག་བྱེད་ཅིང་ཞིང་འབྲོག་ཐོན་སྐྱེད་ལོ་ལེགས་གོང་འཕེལ་ཡོང་བའི་སྔོན་བརྡ་གཏོང་རྒྱུ་ཁ་ཕྱོགས་ཏེ་དེའི་དཀའ་གནད་ལ་ཞིབ་འཇུག་བྱེད་དང་བྱེད་བཞིན་པ། མང་ཚོགས་ཚོས་དགྱེས་ཚོར་ངང་ནས་ལོ་ཐོ་འདི་གནད་མཐོན་པོ་དང་ཡུལ་བབ་དང་མཐུན་འདུག་ཟེར་ཧ་ཅང་དགའ་ཞེན་བྱེད་ཅི་ཡོད། ཆེད་ལས་འདིར་རྒྱལ་ཕྱི་ནང་གནས་བབས་མཐོ་ཙམ་ཡོད་པ་དང་། ཚན་རིག་དང་མཐུན་པ་བཅས་ལ་བརྟེན་ནས་སླད་ཕྱིན་རྒྱུན་འཁྱོངས་དང་གོང་འཕེལ་ཡོང་བའི་མི་སྣ་གསོ་སྐྱོང་དང་སྦྱོར་བརྡར་ཡག་པོ་བྱས་ཡོད།”ཅེས་མང་ཚོགས་ཀྱིས་དགའ་བསུ་ཐུབ་ཚུལ་དང་ཚན་རིག་དང་མཐུན་ཞིང་རྒྱལ་ཕྱི་ནང་གདེང་འཇོག་ཆེན་པོར་ཡོད་པའི་ཆེ་མཐོང་གཟི་བརྗིད་མཁས་དབང་ཉིད་ཀྱི་ཞལ་སྔ་ནས་འདི་ལྟར་བཞེད་འདུག དེར་མ་ཚད་ལོ་དེར་ཁོང་སྐུ་ཚེ་གང་པོར་སེམས་བསམ་པ་དེ་འདྲ་དགའ་བ་དགའ་མ་མྱོང་གསུང་རེད་ཟེར། དེ་ནི་ཕྱི་ནས་བླ་མ་ཚུལ་ཁྲིམས་རྒྱལ་མཚན་གྱི་མཚན་ཐོག་ནས་ཆོག་མཆན་ཞུས་པར་བརྒྱུད། ལུང་དཀར་དགོན་བསྐྱར་བཞེངས་ཆོག་པའི་གོང་རིམ་སྲིད་གཞུང་ནས་ཆོག་མཆན་དངོས་སུ་ཐུབ་པའི་བཀྲ་ཤིས་དུང་དཀར་གཡས་སུ་འཁྱིལ་བའི་སྒྲ་དབྱངས་རྣ་བར་སྙན། དེ་ཡང་ཆོག་མཆན་ཞུ་མཁན་གཙོ་བོར་༧དབུ་བླ་ཚུལ་ཁྲིམས་རྒྱལ་མཚན་གྱི་མཚན་ཐོག་ནས་ཡིན་ནའང་། དོན་དུ་ཕྱག་རོགས་དཔུང་འདེགས་ཞབས་ཕྱི་ནང་མ་གོང་རིམ་སྲིད་གཞུང་འབྲེལ་གཏུག་དང་། སྙན་ཞུ་འབུལ་བ་སོགས་སྔ་བར་ཕྱི་གསུམ་གྱི་དཀའ་སྤྱད་སྡུག་རུས་རྒྱག་མཁན་གཙོ་བོ་ཁོང་ཉིད་རེད་ཟེར་ན་མི་ཆོག་པ་མེད་པའི་དཀའ་སྡུག་ཕྲག་ཏུ་ཁུར་བའི་མཛད་རྗེས་སྐོར་བླ་མ་རིན་པོ་ཆེའི་སྐུ་ཚ་༧སྒྲུབ་མཁན་གཤེན་བསྟན་ལྷུན་འགྲུབ་མཆོག་ནས་ཞལ་གསུང་དྲོད་མོའི་བདུད་རྩི་ལྟེམ་མེར་ད་ལྟར་འཁྱིལ།

  སྤྱི་ལོ(༡༩༨༥)དགུང་གྲངས་༥༨་ལོར་སྦྲ་ཆེན་རྫོང་བོད་སྨན་སྨན་ཁང་ལ《སྦྲ་ཆེན་རྫོང་སྨན་རྩིས་ཁང》ཞེས་མིང་བཏགས་དངོས་སུ་བཀོད་པ་བོད་རང་སྐྱོངས་ལྗོངས་ཏང་ཨུད་སྲིད་གཞུང་དང་ལྗོངས་སྨན་རྩིས་ཁང་ནས་ཆོག་མཆན་ཚད་ལྡན་ཐོབ་ཡོད། དེ་ནི་ལྗོངས་ཡོངས་སུ་རྫོང་རིམ་པའི་སྨན་ཁང་ལ་“སྨན་རྩིས་ཁང”ཞེས་ཆོག་མཆན་ཚད་ལྡན་ཐོབ་པ་སྔ་གྲས་སུ་གྱུར། དེའང་ཁོང་གི་མཛད་བཟང་ཙན་དན་ལྗོན་པའི་ལས་དྲི་བསུང་འཐུལ་བར་བསྙོན་དུ་མེད།

  སྤྱི་ལོ(༡༩༨༩)དགུང་གྲངས་༦༡་ས་སྦྲུལ་ལོར(སྦྲ་ཆེན་སྨན་རྩིས་ཁང)གི་ཡོན་ཀྲང་གི་འགན་བཞེས་པ་དང་། དེ་སྔོན་བོད་སྨན་ཁང་ཞེས་རྒྱ་སྨན་ཁང་དང་མཉམ་དུ་ཁང་པ་ཆུང་ཆུང་ཞིག་ལས་མེད་པའི་ཆ་རྐྱེན་ཧ་ཅང་སྐྱོ་བོ་ཡིན་པར་བརྟེན། ཁོང་གི་རྣམ་དཔྱོད་ཟབ་མོའི་རིག་གནས་དང་མཛད་རྗེས་ལ་གདེང་འཇོག་ཆེན་པོས་རྒྱབ་སྐྱོར་དུ་ཆེས་མིང་དུ་གྲགས་པའི་རྩྭ་ཐང་གི་དཔའ་བོ་“སྤུས་དག་”མཆོག་གིས་གོང་རིམ་སྙན་ཞུ་ཕུལ་འབྲས་ཀྲུང་སྒོར་འབུམ་ཕྲག་ལྔ་ལྷག་གིས་རྒྱབ་སྐྱོར་ཐོབ་པར་བརྟེན། སྤྱན་དཀྱུས་ཡངས་པའི་དགོངས་པ་གལ་ཆེན་གཟིགས་ཏེ་ས་གནས་ཅུང་གཞན་དུ་སྤོས་ནས་《སྦྲ་ཆེན་རྫོང་སྨན་རྩིས་ཁང》 ཞེས་ཁང་ཤར་བསྟར་པ་གཉིས་བརྒྱབས་ཡོད་ལ། སྐབས་དེ་དུས་ལ་མཚོན་ན་གཞི་རྒྱ་ཆེ་བའི་བོད་ལུགས་གསོ་བ་རིག་པའི་བོད་སྨན་ཁང་དང་། སྐར་རྩིས་ཚོགས་པའི་གཞུང་ལས་ཁང་བཅས་སྨན་རྩིས་ཁང་དམིགས་བསལ་ཅན་དུ་ཆགས་ཡོད། ལྷག་ཏུ་ལས་གྲྭ་དངོས་སུ་མཇུག་གྲུབ་མཚམས་སུ་རྫོང་ཨུད་ཧྲུའུ་ཅི་༧རྒྱལ་མཚན་དབང་གྲགས་མཆོག་གཟིགས་སྐོར་ཕེབས་ཤིང་བསྔགས་བརྗོད་ཟབ་མོར་གནང་ཞོར་ནས་“ནག་ཆུའི་ཤར་ཕྱོགས་སྦྲ་ཆེན་རྫོང་། གཡུང་དྲུང་བོན་གྱི་སྨན་རྩིས་ཁང་”ཞེས་མིང་དུ་བཏགས་ན་ངོ་མཚར་གྱི་ཆེ་བ་ཡོད་ཚུལ་དགོངས་འཆར་ཡང་བཏོན་པར་གྲགས། དེ་མ་ཚད་སྔ་རྗེས་སུ་རང་རྫོང་ཁོངས་གལ་ཆེའི་མི་སྣ་ཕ་ཡུལ་ལ་ལྷག་བསམ་ཟླ་བའི་འོད་སྣང་དཀར་ཞིང་ཤེས་འཇོན་གཉིས་ལྡན་མི་སྣ་རྫ་སྲིབ་གླང་རིལ་འབྲུ་ཞིག་ཚེ་དབང་དར་རམ་“ཨ་སྤུན”དང་། དྲུག་ཅུ་གེ་རུ་ཐང་རྒྱུ་ནེ་“སྐར་མ་ཡོན་ཏན”། སླས་ཤི་རྩྭ་ཐང་གི་དཔའ་བོ་“སྤུས་དག” བ་ཆེན་ཤང་སྐོམ་ཚང་“རྒྱལ་མཚན་དབང་གྲགས”མཆོག་བཅས་གཅིག་རྗེས་གཉིས་མཐུད་ངང་བ་ཆེན་རང་ས་རང་ཡུལ་ནས་མགོ་རྣ་ཆོ་ཅན་གྱི་མི་སྣ་མང་པོར་འཚར་ལོང་བྱུང་བར་བརྟེན། རིམ་པས་“ཉི་མ་མེ་གྲོགས”དང་། ཆར་པ་ཆུ་གྲོགས”དཔེ་ལྟར་གཡས་གཞོགས་གཡོན་འདེགས་སུ། ཇི་སྐད་དུ། “ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། མ་བསྡུས་པ་ཡང་རང་ཉིད་འདུ།”ཞེས་མཁས་པའི་ལེགས་བཤད་ལྟར་སྦྲ་ཆེན་སྨན་རྩིས་ཁང་དང་ཁོང་གི་མཛད་འཕྲིན་ཁྱབ་གདལ་འགྲོ་བར་མཐུ་དཔུང་སྡོང་གྲོགས་རྒྱ་ཆེར་གནང་བར་གྲགས། ཆུ་བོ་འཐུང་དུས་ཆུ་འགོ་དྲན་དགོས་པ་འཇིག་རྟེན་འགྲོ་ལུགས་ཤིག་ཡིན་པ་མ་ཟད། དྲིན་དྲན་པ་དང་དྲིན་བཟོ་བ་བཅས་རྒྱུ་འབྲས་མན་ངག་བདུན་ལ་བློ་སྦྱངས་ནས་ལས་འབྲས་བརྩི་སྲུང་དགོས་པ་དགོན་སྡེའི་སློབ་གསོའི་རྩ་དོན་རེད། འདི་ལོར་ཕ་དགོན་དྲི་ནག་ཅན་ལུང་དཀར་དགོན་དུ་ཁྲོ་བོའི་སྒྲུབ་ཆེན་ཚོགས་ནས་སྡེ་དགོན་གཉིས་ཆར་བསོད་ནམས་ཚོགས་ཀྱི་མཆོད་པ་བར་སྣང་སྤྲིན་ཚོགས་བཀང་བར་དགའ་འོས་པའི་དགེ་ཚོགས་རླབས་པོ་ཆེ་ལོས་ཡིན། དེ་ཡང་བྱུང་ཁུངས་དང་དཀའ་ཚེགས་བརྒྱུད་རིམ་ཅུང་རྒྱུས་ལོན་ཐུབ་ན་དེ་བས་ཡག་ཐོག་ཡག་རྩེག་དང་། ཐུད་ཐོག་མར་བཞག་རང་རེད། ཅི་ལྟར་ལགས་ན། སྐུ་ཞབས་དཔོན་སློབ་རིན་པོ་ཆེ་༧བསྟན་འཛིན་འགྱུར་མེད་མཆོག་གིས་བརྩམས་གནང་བའི་ལུང་དཀར་དགོན་པའི་ལོ་རྒྱུས་དེབ་ཐེར་ཐོག་ཏུ་འཁོད་ནའང་། ད་དུང་ཅུང་ཁ་གསལ་བཀོད་ན་གསས་འཕེན་གཡུང་དྲུང་ཚུལ་ཁྲིམས་མཆོག(༡༩༩༣)་དགུང་ལོ་༦༤་ཆུ་བྱ་ལོར་ཆེད་མངགས་དགོན་པས་གདན་ཞུས་གནང་བ་ལྟར། ཁོང་རང་དགོན་དུ་སྐུ་ཆེད་ཕེབས་མཛད་ནས་སྔར་ཁྲོ་ཕུར་གང་རིགས་སྒྲུབ་པ་ཆེན་པོ་འཕྲིན་ལས་བྱ་གཞག་རིམ་པ་ཐུགས་ལ་མངའ་བའི་དབུ་མཛད་རྒན་གྲལ་དུ་མ་དུས་འགྱུར་རྗེས་སུ་བྱིན་ཆགས་སུ་བཞུགས་པ་ཡོད་རུང་། འོན་ཀྱང་ཁོར་ཡུག་གདུལ་བྱའི་བསོད་ནམས་ཀྱིས་མ་ཐེག་ནས་རིམ་པས་དགོངས་པ་དབྱིངས་སུ་གཤེགས་ཟིན་ནས་སྔར་དགོན་པའི་དབུ་མཛད་བྱས་མྱུང་ཡོད་པ་ཁོང་གཅིག་པུ་ལས་མ་བཞུགས། ཉག་ཕྲ་ཞིང་ཉམས་དམན་པའི་དུས་ཀྱི་ལ་ཚིགས་ཆེན་པོ་དེ་ན་རིག་གསར་རྗེས་བྱུང་མ་མྱོང་བའི་ལེའུ་གསར་པ་ཞིག་ལུང་དགོན་དུ་དབུ་རྩོམ་པ་སྟེ། ལྷ་སྡེ་བར་ཐ་ཤོག་ཀས་ཡོན་གྱི་བདག་པོ་ཞུས་ཏེ་ཡི་དམ་དབལ་ཕུར་ནག་པོའི་སྨན་སྒྲུབ་བདུད་རྩི་འབར་བའི་སྒྲུབ་ཆེན་ཐེངས་དང་པོ་སྐོལ་བ་དང་བསྟུན། སྒྲུབ་ཆེན་ཉིན་རེའི་འཕྲིན་ལས་སྟངས་གཞག་རིམ་པ་དང་། སྨན་གྱི་ཁྲོལ་ཕྱེ་སྒྲུབ་སྟངས། གྱེར་ཆེན་གྱི་གདངས་དབྱངས། གར་འཆམ་གྱི་འགྱིང་སྟབས་སོགས་མདོར་ན་སྒྲུབ་ཆེན་བྱ་གཞག་གང་དགོས། ལུང་དཀར་དགོན་པའི་སྔར་སྲོལ་ཇི་མ་ཇི་བཞིན་ནོར་འཛོལ་མེད་པ་གཙོ་བོའི་ཐུགས་འགན་ཁུར་ནས་མན་ངག་སྨར་མོའི་ཞལ་ཁྲིད་ཆ་ཚང་དབུ་མཛད་ཆེན་མོ་༧དགེ་བཤེས་བློ་གྲོས་བརྟན་པ་མཆོག་གཙོས་པའི་དབུ་མཛད་ཆུང་བ་རོང་པོ་ཡེ་ཤེས་བསྟན་འཛིན་བཅས་ལ་གནང་ཞིང་སྒྲུབ་ཞག་མཐར་མ་ཕྱིན་བར་དུ་དགོན་པར་བཞུགས་ཡོད། ཁྲོ་ཕུར་གཉིས་ཀྱི་སྒྲུབ་པ་ཆེན་པོའི་སྟངས་བཞག་དེ་ཉིད་ད་ལམ་ཆུ་ལམ་ཞུགས་དང་། རྡོ་ལག་བརྒྱུད་ཚུལ་དུ་སྔར་སྲོལ་ལྟར་གྲ་མ་ཉམས་དྲི་མ་ཡལ་བར་ཕྱི་རབས་རྗེས་འཇུག་ལག་ཏུ་སྤྲད་གནང་བར་བཀའ་དྲིན་རི་ལས་ཆེ་བའི་ཤེས་རྟོག་ཐུབ་དགོས། དགོན་པར་བཞུགས་རིང་བསླབ་པ་དང་སློབ་གསོ་ཟུང་སྦྲེལ་སྒོ་ནས་གྲྭ་བཙུན་རྣམས་ལ་ཐུགས་མཐུན་ཁྲིམས་གཙང་དང་། རིག་གནས་སློབ་སྦྱོང་ནན་མོར་དགོས་པའི་སློབ་སྟོན་གྱི་ཞལ་གདམས་དུས་ཐོག་ཆར་དུ་བསྙིལ། སྔ་གཞུག་ཏུ་༧བླ་རྒན་ཉི་མ་བློ་གྲོས་མཆོག་དང་ཁོང་རྣམ་གཉིས་ཆུང་དུས་ནས་ཡི་གེ་སློབ་མཁན་དགེ་རྒན་གཅིག་གི་སློབ་གྲོགས་ཡིན་གཤིས། ཐུགས་བརྩེ་བ་ཟབ་མོ་དད་དམ་འགྱུར་མེད་གཡུང་དྲུང་ལུ་གུ་རྒྱུད་ཀྱིས་སྐུ་ཚེ་གང་པོར་རྗེས་སུ་བཟུང་ཡོད་ལ་༧བླ་རྒན་རིན་པོ་ཆེ་དང་དཔོན་སློབ་དྲང་སྲོང་གཡུང་དྲུང་རྣམ་གཉིས་དབུས་པའི་ལུང་དཀར་བླ་གྲྭ་ཆེ་གྲས་རྣམས་ཀྱིས་སྦྲ་ཆེན་རྫོང་ཐོག་ཏུ་གནས་ཚང་ཁོང་སར་བཟུང་སྟེ་ནམ་ཕེབས་བཞུགས་ཀྱིན་ཡོད་ལ། དགོན་པའི་སྐྱིད་སྡུག་གང་ཡོད་གླེང་སྟེ་ཕྱི་ཡི་དགོན་པ་བཞེངས་བཀོད་དང་། ནང་བཤད་སྒྲུབ་སྐྱོང་སྟངས་སོགས་གནད་ཡོད་ལས་གཞི་མང་པོ་ཁོང་དང་གྲོས་ཁ་བསྡུར་ཞིང་ལམ་ལྷོང་བྱུང་བ་གྲངས་སུ་མང་ལ། ཁོང་ནི་ཉིན་མཚན་ལྟོས་མེད་“ལི་ལི་གཉིད་ལ་ཧུར་ཡང་། བསྒོམ་རྒྱུ་བྱིའུ་ཞེས་པའི་གནས་སྟངས་བཞིན། ལུང་དཀར་དགོན་པར་ལྷག་བསམ་རྣམ་དག་སྟེ། དཔེར་ན་ཆོས་དད་གསར་དུ་དར་སྐོར་ཨ་མདོ་སེང་ཆེན་གཙོས་པའི་ཨ་མདོ་ཡིག་ཚང་མང་པོར་འབྲེལ་བ་འཛུགས་ཏེ། ཡི་གེ་ཚོང་རྒྱུ་གང་ཡོད་ཁོང་སར་འཇོག་གིན་ཡོད། དཔེ་ཆ་སླེབས་མ་ཐག་ཚོང་རྒྱུའི་དཔེ་ཆ་གསར་པ་དག་སུ་གཅིག་ལ་མ་བསྟན་གོང་ནས་ཚར་རེ་ཚར་གཉིས་གཞུང་དང་ཆ་ལག་གང་དགོས་ལེའུ་གྲངས་ཆད་ལྷག་ཡོད་མེད་ལེགས་པོར་ཞིབ་བཤེར་བགྱིས་ནས། ཆད་ལྷག་གང་ཡོད་བྲིས་མཁན《ལྷ་སྟག》ལ་བྲིས་ཡོན་འབུལ་སྟེ་ཆད་ལྷག་བསབ་ནས་དཔེ་ཆ་དགོན་པར་ཕུལ་བ་དང་། ཁོང་གིས་ཕུལ་བའི་དཔེ་ཆ་གང་ཡོད་ཐོག་ཏུ་རྒྱ་ཡིག་ཅན་གྱི་མིང་ཐེལ་བརྒྱབས་ཡོད། ད་ལྟ་འདུ་ཁང་རྙིང་པའི་སྦུག་མཇལ་ནང་དུ་སྔོན་མའི་ཨ་མདོ་ཅན་པོད་གང་ཡོད་ཁོང་གི་ཕྱག་བརྒྱུད་ལས་བྱུང་བ་རེད་ཅེས་ལབ་ན་ཐལ་མི་དྲག་པའི་ཚོད་དུ་སྣང་། དེར་མ་ཚད་ལུང་དཀར་བླ་མ་རིན་པོ་ཆེ་༧ཚུལ་ཁྲིམས་འབྱུང་གནས་མཆོག་སྐུ་ན་ཆུང་དུས་བགྲང་བྱ་དུ་མའི་རིང་ཁོང་སར་རྫོང་ཐོག་གཅེས་ཉར་མཛད་ནས་སྤྱི་ཚོགས་སློབ་ཆུང་སློབ་གྲྭ་གཏོང་གིན་བསླབ་པ་དང་སློབ་གསོ་ཟུང་གིས་གསོ་སྐྱོང་མི་དམན་པར་གནང་ཡོད། མདོར་ན་ཁ་ཡར་གྲགས། མ་སྣེ་ཐུར་གུག་གླེང་གཞི་གླེང་སློང་ཡོད་ཚད་ལུང་དཀར་དགོན་པ་ལས་གཞན་དུ་བསམ་རྒྱུ་མེད་པའི་ཚོད་དུ་སྣང་ངོ། །འཆད་དང་རྩོད་པའི་ནམ་མཁར་ཤེད་ཀྱིས་ལྡིང་། །གསོ་བ་སྨན་གྱི་རྩྭ་ཐང་དལ་མོར་འགྲིམས། །སྣ་ཚོགས་འཛོམས་པའི་གཙང་བོ་ཧུབ་ཀྱིས་འཐུང་། །བཤེས་གཉེན་དམ་པའི་མཛད་པ་སུ་མི་གུས། །ཞེས་ཡིད་སྨོན་དྲག་ཏུ་སྐྱེ་བའི་ཚིགས་སུ་བཅད་པའོ། །

ལྔ། བརྩམས་ཆོས་དང་སློབ་མའི་སྐོར།

  ཕྱུགས་ཟོག་རྒྱུན་གཏན་གློ་མཆིན་སྒྱུ་མ་སོགས་སྡེབ་སྦྱོར་གསར་སྒྲིག་ཅེས་༡༩༨༩་ལོར་ཞི་ཨན་པར་བསྐྲུན་བྱས་པའི་བོད་ཀྱི་ཕྱུགས་ཟོག་ཉམས་མྱོང་འདེམ་སྒྲིག་ཅེས་པའི་དེབ་ཐོག་ཏུ་འཁོད་ཡོད། ཁྲག་རླུང་སྒོས་བཅོས་སྙིང་བསྡུས། བྲུ་ལུགས་སྐོང་འབུམ་རྩིས་བརྒྱ། བོན་སྐྱོང་གསོལ་ཁ་རྒྱས་པའི་སྨད་ཆོག་ཟིན་རིས། བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོར”དེབ་ཐེར་ཆེན་མོ་ལྔ་རྩོམ་སྒྲིག་བྱས་ཡོད།

  སློབ་མའི་སྐོར། དཔྱད་གསུམ་དག་རྩིས་རིག་གཞུང་ཆེད་ལས་མཁས་དབང་༧ཨ་ཀྲང་དགེ་བཤེས་ཤེས་རབ་ལྷུན་འགྲུབ་མཆོག དཔལ་རྒྱལ་བ་བྲུ་ཡི་རིང་ལུགས་གྱེར་དབྱངས་འབྲུག་མོ་ལྡིར་བའི་ཆེད་མཁས་པ་༧དགེ་བཤེས་བློ་གྲོས་བརྟན་པ་མཆོག དེ་སྔོན་སྦྲ་ཆེན་སྨན་རྩིས་ཁང་གི་ཡོན་ཀྲང་ཟུར་པ་༧རྒན་དྲི་མེད་བློ་གྲོས་མཆོག སྦྲ་ཆེན་རྫོང་སྨན་རྩིས་ཁང་མངོན་མའི་རིག་གནས་ཤུལ་བཞག་སྐར་རྩིས་རྒྱུན་འཛིན་རྩིས་རམས་པ་༧རྒན་རིག་གསལ་མཆོག གཞན་ཁོང་གིས་བོད་སྨན་དང་སྐར་རྩིས་བྲུ་ལུགས་ཆོ་ག་ཕྱག་ལེན་སྐོར་སོགས་སློབ་ཁྲིད་གནང་སྟེ་གསོ་སྐྱོང་བགྱིས་པའི་མི་སྣ་མང་དག་ཡོད་ཀྱང་རེ་རེ་ནས་མཚན་དུ་འགོད་པའི་ངལ་བ་མ་ནུས། ཁོང་རྣམ་པ་བཞི་ནི་དངོས་སློབ་གཙོ་གྲས་སྦྲ་ཆེན་རྫོང་ཁོངས་གལ་ཆེའི་མི་སྣ་ཡིན་ཕྱིར་སྨོས་སོ། །

དྲུག དགོངས་པ་དབྱིངས་སུ་ཐིམ་པའི་སྐོར།

  སྤྱི་ལོ(༡༩༩༥)བོད་ཟླ་༣་པའི་ནང་དགུང་གྲངས་༦༥་ཐོག་ལུང་དཀར་དགེ་སློང་༧དཔོན་སློབ་དྲང་སྲོང་གཡུང་དྲུང་མཆོག་སྐུ་ཅུང་སྙུང་ནས་ཁོང་སར་བོད་སྨན་བསྟེན་གྱིན་ཟུར་དུ་ཁང་པ་ཆུང་ཆུང་གཡར་ནས་བཞུགས་ཡོད། ཉིན་ཞིག་སྒོ་སྤེ་གྲྭ་ཚུལ་ཁྲིམས་གཡུང་དྲུང་ལ་དཔོན་སློབ་རིན་པོ་ཆེས་གཡུང་དྲུང་ཚུལ་ཁྲིམས་ཁོང་ཞིང་ཁམས་གཤེགས་འགྲོ་ཡོད་ཐེས་གསུངས་ནས་ཡིད་སྐྱོ་བའི་རྣམ་པ་ཆེན་པོར་སྟོན་འདུག་ཟེར། ཁོང་གད་མོ་ཅུང་ཤོར་བཞིན་ད་ལྟ་ཁེར་ཟི་རེད་གདའ་སྨན་ཁང་ནང་ལས་གྲྭ་འགྲོ་བཞིན་འདུག་ཞུས། མ་གཞི་ཞབས་ཕྱི་དགེ་བཤེས་བསམ་གཏན་འགྱུར་མེད་རེད་ཡིན་ནའང་སྒོ་སྤེ་གྲྭ་པ་དེ་ཉིན་དེ་བར་ཡོང་རེད་ཟེར། དེའི་ཕྱི་ཉིན་ད་དུང་ཡང་སྐྱར་ཞབས་ཕྱི་དགེ་བཤེས་ལ་ཁྱོད་སོང་སྟེ་ཁོང་ག་རེ་བྱེད་ཀྱིན་འདུག་ལྟོས་ཤོག་གསུངས། ཁོང་ལྟ་བར་སོང་དུས་ང་ད་ནངས་སྣང་བ་དཔེ་སྐྱིད་པོ་ཞིག་འདུག་དས་ཞོགས་ཉལ་རྒྱབ་ཏུ་ཡོད་ཅེས་ཟེར། ཞབས་ཕྱི་ཕྱིར་སླེབ་སྟེ་དཔོན་སློབ་རིན་པོ་ཆེ་ལ་གཡུང་དྲུང་ཚུལ་ཁྲིམས་མཆོག་ད་ལྟ་ཞོགས་ཉལ་སྐྱིད་པོར་རྒྱབ་ཡོད་ཟེར་ན་ནད་ཅི་ཡོད་ས་མ་རེད་ཅེས་ཞུས། ཏོག་ཙམ་ཉི་དྲོས་མཚམས་སུ་དས་ཡང་བསྐྱར་ལྟོས་ཤོག་ཏན་ཏན་དེ་རིང་ཁོང་ཞིང་ཕེབས་འགྲོ་གི་ཡོད་རེད་ཁོང་ཞིང་ཕེབས་སོང་ན་ང་གཉིས་ཁོང་སར་མ་སོང་ན་རྩ་བ་ནས་ཡོང་གི་མ་རེད་གསུང་བྱུང་ཟེར། ཞབས་ཕྱི་ཡང་བསྐྱར་བལྟ་རུ་ཕྱིན་སྐབས་སྒོ་འགྲམ་སླེབ་མ་ཐག་ཉན་མི་འདོད་སྐད་ངན་སྟེ་ནང་མི་ཚོར་ངུ་འབོད་ལྷང་ངེར་རྣ་བར་ལྷུང་། ལམ་སེང་ཕྱིར་འཁོར་ཏེ་ཡིད་སྐྱོ་བའི་གནས་ཚུལ་སློབ་དཔོན་རིན་པོ་ཆེར་སྙན་གསན་ཕུལ། དཔོན་སློབ་རིན་པོ་ཆེས་དས་ཞིང་ཕེབས་ཚར་ན་ཁྱོད་སོང་སྟེ་རོགས་པ་བྱོས། ང་འགྲོ་རེ་མེད་གྲགས་གསུངས་ནས་ཕེབས་མ་ཐུབ། ཞབས་ཕྱི་ནང་ཡར་འཛུལ་དུས་དགོངས་པ་བོན་དབྱིངས་ཐིམ་སྟེ་ཐུགས་དམ་གཡོ་བ་མེད་པར་གཟིམས་ཁྲིའི་མཐའ་ཅན་དུ་གྱུར། དེ་ནས་ཞགས་གསུམ་བར་ཐོས་ཆོག་རང་གྲོལ་ཆེན་མོ་ཁོང་གིས་གསུངས། ཞག་གསུམ་ཉིན་སྨན་པ་རིག་གསལ་གཙོས་རྫོང་སྨན་ཁང་མི་སྣ་འགའ་ཞིག་གིས་སྐུ་ཕུང་ལུང་དཀར་དགོན་དུ་གདན་དྲངས། ལུང་དཀར་ཁྲི་འཛིན་རིན་པོ་ཆེ་༧བླ་རྒན་ཉི་མ་བློ་གྲོས་མཆོག་དང་ཚུལ་ཁྲིམས་འབྱུང་གནས་རྣམ་གཉིས་ཀྱིས་ཐུགས་བརྩེ་ཟབ་མོའི་དགོངས་པ་ཆེར་བཞེས་འོག་ཞེ་དགུའི་ཨ་མཆོད་གྲྭ་བཙུན་དང་གདུང་འདབ་མཆོད་སྤྲིན་འབུལ་མཁན་ཞལ་བཀོད་གནང་བ་དང་བསྟུན། ལུང་དཀར་བཤད་གྲྭ་ཚང་དགེ་རྒན་ཆེན་མོ་༧དགེ་བཤེས་གཤེན་བསྟན་ལྷུན་འགྲུབ་དང་འགན་ཁུར་བསྟན་འཛིན་ཡེ་ཤེས་རྣམ་གཉིས་ཀྱི་སྣེ་ཁྲིད་དེ། ཀུན་རིག་ལས་བཞི་རྒྱུན་ལྔའི་མཆོད་སྐོར་རྒྱས་པའི་ལུགས་ལྟར་ཤིང་ཡོན་འབྲི་གཞོག་དང་། རྫས་བསག་མཁོ་བསྒྲུབ། གཏོར་མ་བཅའ་བཟོ་བཅས་སྟ་གོན་ལེགས་པོར་བཤམས་ཤིང་། ཉིན་ཉི་ཤུའི་མཚམས་འདུ་ཁང་རྙིང་པའི་དཀྱིལ་ན་མི་འཇིག་གདོང་ལྔས་བཏེགས་པའི་ཁྲི་འཕང་དུ་བླ་རྒན་རིན་པོ་ཆེ་༧ཉི་མ་བློ་གྲོས་མཆོག་དབུ་བཞུགས་གནང་སྟེ་ལུང་དཀར་དགེ་འདུན་འདུས་པ་རྒྱ་མཚོས་ལས་བཞི་རྒྱུན་ལྔའི་དཀྱིལ་འཁོར་གཞུང་བསྲངས་ཤིང་། ཤར་གླིང་ལྷ་ཐོའི་འབུར་རྒྱབ་ཏུ་སྐུ་ཕུང་ཞུགས་ལ་བཞེན། སྨོན་ལམ་རྣམ་གསུམ་སོགས་སྔ་རབས་འདས་པའི་གཤེན་རབ་རྣམས་ཀྱིས་དམིགས་པ་མེད་པར་བསྔོས་པ་ཇི་བཞིན་ཐུགས་སྐྱེད་བླ་ན་མེད་པས་འཁོར་གསུམ་དམིགས་པ་མེད་པའི་དྲི་མཆོད་སྨོན་རྒྱས་པར་བཏབ། གདུང་འདབས་མཆོད་པའི་སྤྲིན་ཕུང་ནམ་མཁའ་བར་སྣང་གང་བ་མི་ཟད་རྒྱན་གྱི་འཁོར་ལོ་མཇུག་ཡོངས་སུ་གྲུབ་པའི་མཛད་དོ། །

  སླར་སྨྲས་པ། སྔོན་མེད་གསར་རྩོམ་ཚིག་གི་བདེན་པ་ལས། །བྱུང་བའི་མཁས་པ་སྔ་མའི་ལོ་རྒྱུས་འདི། །འོལ་ཚོད་ཉོག་གཏམ་དྲི་མ་རིང་སྤངས་ནས། །མཐོང་ཐོས་རིག་པ་དཀར་པོའི་ཟླ་བ་ཤར། །ཡིན་མིན་དོན་གྱི་སྙིང་པོ་མ་མཐོང་ན། །ཁ་བཤད་ཚིག་གི་སྤྲོས་པ་མི་འོས་ཀྱང་། །རིང་ནས་འདྲིས་ཤིང་རྒྱུས་མངའ་ཆེ་བའི་ངོར། །ཁོང་གི་ཞལ་རས་ཡིད་ལ་འཁོར་ངེས་བྲིས། །ཁྱུང་པོའི་གསས་འཕེན་ཡེ་ཐར་བྱུང་བའི་ཚུལ། །ཟོལ་མེད་སྨྲ་བའི་ཚིག་གི་རྔ་བོ་ཆེ། །བརྡུང་འདི་སྒྲ་དབྱངས་ཕྱོགས་བཅུར་སྒྲོག་པ་ཡང་། །ཀུན་ཀྱང་རྣ་བའི་བཅུད་དུ་གྱུར་བར་སྨོན། །ཟབ་མོའི་གཞུང་དང་བཟོ་གསོ་རིག་པའི་གནས། །ནང་དོན་ཁོག་ཆུད་ངེས་དོན་མཁས་པའི་དཔལ། །བླ་མ་སྨན་པ་གཅིག་ཆོག་ཁྱེད་ཉིད་ལ། །སྒོ་གསུམ་གཙང་མའི་གཏིང་ནས་མཆོད་པར་འབུལ། །གཤེན་བསྟན་དབྱངས་ཀྱི་རྒྱལ་པོ་ཨུན་ཆེན་དུང་། །སྙན་པར་ཤུགས་ཀྱིས་འབུད་ལ་ཟླ་བྲལ་བ། །གཡུང་དྲུང་ཚུལ་ཁྲིམས་རྩིས་ཀྱི་རྒྱལ་པོ་ལ། །བདེན་གཏམ་རྣམ་པར་ཐར་བས་དྲན་གསོ་ཞུ། །འདི་ལྟར་ལུང་རིགས་གཉིས་ཀྱི་བཅུད་ཕྱུང་ཞིང་། །དཔྱད་གསུམ་ཚད་མས་བྲིས་པའི་རྣམ་ཐར་འདི། །གཤེན་བསྟན་རིག་པ་སྨྲ་རྣམས་དགྱེས་པ་དང་། །སྲིད་ཁམས་དང་བ་འདྲེན་པའི་རྒྱུར་གྱུར་ཅིག།

  ཞེས་ཀྲུང་གོ་བོད་བརྒྱུད་ནང་བསྟན་དགེ་ཆེན་རིམ་པ་དང་པོའི་མིང་ཙམ་འཛིན་པ་གསས་འཕེན་ཚང་༧དགེ་བཤེས་ཤེས་རབ་མཐར་ཐུག་གིས་༢༠༢༤-༨མེས་པོ་དམ་པའི་བཀའ་དྲིན་མི་བརྗེད་དྲན་པའི་གསོས་སུ་མཛད་རྗེས་ཟབ་མོ་འཇའ་ལྟར་ཡལ་དུ་མི་འཇུག་པར་ཕྱི་རབས་གཞོན་སྐྱེས་རིག་པ་སྨྲ་བ་རྣམས་ལ་དཔྱད་གཞི་ཙམ་དུ་གཟུར་གནས་དྲང་པོས་དབུས་ལྷ་ལྡན་ཉི་མའི་གྲོང་ནས་མཇུག་རྫོགས་པར་བྲིས་སོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།