སྐབས་གཉིས་པའི་ལས་ཡུན་གྱི་ལས་བསྡོམས་སྙན་ཞུ།

[ཟླ་ཚེས། 2023-09-29 09:21:07][རྩོམ་པ་པོ། དྲུང་ཡིག་ཆེན་མོ་འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་ལས་ཡུན་གྱི་ལས་བསྡོམས་སྙན་ཞུ།
དྲུང་ཡིག་ཆེན་མོ་འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།
ས་གནས། རྒྱལ་རོང་འདམ་མདོ་དཔག་བསམ་ལྗོན་པའི་གླིང་དགོན།  དུས་ཚོད། ༢༠༢༣/༩/༨/
   གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐེངས་གསུམ་པ་ལ་ཆེད་དུ་ཕེབས་པའི་ཚོགས་མི་ལྷན་རྒྱས་ཚང་མ་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
   དེ་རིང་གི་ཚོགས་ཆེན་འདིའི་ཐོག་ལ་ཕྲན་རང་དྲུང་ཡིག་པའི་ལས་འགན་ཁུར་ནས་ལོ་དྲུག་དང་དྲུང་ཆེའི་ལས་འགན་ཁུར་ནས་ལོ་བརྒྱད་བསྡོམས་མི་ལོ་བཅུ་བཞིའི་རིང་གི་ལོ་རྒྱུས་ལ་ཕྱི་མིག་ཞིག་བལྟ་ཡོང་དུས། གྲོས་ཚོགས་ཀྱི་སྐྱེས་ཆེན་དམ་པ་ཁག་གཅིག་སྐུ་ཚེ་ཧྲིལ་པོར་བསྟན་འགྲོའི་བྱ་བ་སྤྱི་དང་ཁྱད་པར་དུ་མཉམ་འབྲེལ་ལྷན་ཚོགས་དབུ་ཚུགས་ནས་ཁོང་རྣམས་སྐུ་ཞི་བར་མ་གཤེགས་པའི་བར་ལོ་ལྟར་ཆགས་མེད་ཚོགས་འདུ་ལ་ཕེབས་ནས་བཀའ་སློབ་ལམ་སྟོན་གནང་ནས་གྲོས་ཚོགས་དབུ་བཞུགས་གནང་ཡོང་དུས་རྒན་རབས་རྣམ་པའི་གཟི་བརྗིད་དང་བྱིན་རླབས། ལྷག་པར་དུ་ཞྭ་དཀར་བསྟན་པའི་གཙུག་རྒྱན༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དང་རྒྱལ་བ་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་ཁོང་རྣམ་གཉིས་ཀྱིས་མཉམ་འབྲེལ་ལྷན་ཚོགས་ལ་དུས་ནས་དུས་སུ་བསྟུན་ཏེ་དགོངས་དཔྱོད་ཟབ་མོའི་བཀའ་སློབ་ལམ་སྟོན་གནང་བའི་བཀའ་དྲིན་དེ་དག་དྲན་ཡོང་དུས་ཁོང་རྣམས་ཀྱི་སྐུ་དྲིན་དེ་དག་ངེས་པར་དུ་རྗེས་དྲན་ཞུ་དགོས་པ་ཞིག་དང་། དེ་རིང་ཚོགས་ཐོག་འདིར་མེད་དུས་ང་ཚོ་ཚང་མ་ཏོག་ཙམ་སེམས་པ་སྐྱོ་དགོས་པའི་གནས་ཤིག་རེད། ཡིན་ནའང་ལོ་རྒྱུས་ཀྱི་དཀྱོག་མཚམས་དང་མི་རབས་གསར་རྙིང་བརྗེ་བའི་སྐབས་འདིར་རྒན་རབས་བྱིན་རླབས་ཅན་དང་གཟི་བརྗིད་ཅན་དུ་མ་ཞིག་སྐུ་ཞི་བར་གཤེགས་སོང་ཡོད་ནའང་ཁོང་རྣམས་ཀྱིས་གསོ་སྐྱོང་མཛད་པའི་ན་གཞོན་གསར་པའི་སྡེ་ཚོགས་བསྟན་འཛིན་གྱི་སྐྱེས་བུ་མང་པོ་ཞིག་དེ་རིང་ཚོགས་ཆེན་འདིར་ཕེབས་ཡོད་དུས་ཡང་ང་ཚོ་ཚང་མ་དགའ་བ་སྒོམ་འོས་པའི་གནས་ཞིག་ཀྱང་རེད།
   དེ་རིང་བཀྲ་ཤིས་པའི་སྐལ་བཟང་གི་ཉིན་མོ་འདིར། མདོ་ཁམས་ས་ཡི་ཐིག་ལེ། འདས་པའི་ཞང་ཞུང་དང་སུམ་པ་སོགས་བོན་གྱི་རིག་གནས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཕུན་གསུམ་ཚོགས་ལ། དཔའ་མཛངས་ཤེས་རིག་བཀྲ་བའི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་ཚན། དགེ་བཤེས་ཙའི་རྒྱལ་པོའི་མངའ་འབངས་སུ་གཏོགས་པ།  དཔལ་གཤེན་བསྟན་འདམ་མདོ་དཔག་བསམ་ལྗོན་པའི་གླིང་ལ། སྟོད་གངས་རྒྱལ་ཏི་སེ་ནས་སྨད་ཨ་མདོ་རྒྱལ་རོང་ཡར་ཚུད་པ། དེ་རིང་བསམ་བཞིན་དུ་ཕེབས་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་སྐྱེས་ཆེན་རྣམ་པ་གཙོས་མདོ་དབུས་ཁམས་གསུམ་གྱི་མི་སྣ་ཚང་མ་ལས་དང་སྨོན་ལམ་ཕུན་སུམ་ཚོགས་པའི་སྒོ་ནས་དེ་རིང་འདིར་ལྷན་འཛོམས་ཐུབ་པ་དེ། རྒྱུ་མཆོག་སྤྲུལ་པད་མ་རིན་ཆེན་རིན་པོ་ཆེ་མཆོག་གིས་རིང་ནས་ཡིད་ལ་བརྣག་པའི་དམིགས་ཡུལ་དང་འབྲེལ་བར་ལོ་མང་རིང་སྐུ་ཚེགས་འོ་རྒྱལ་དང་། རྐྱེན་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་འདམ་མདོ་དཔག་བསམ་ལྗོན་པའི་གླིང་གི་དགེ་འདུན་རྣམ་པ་དང་རྒྱ་ཆེའི་དད་ལྡན་མང་ཚོགས། ལྷག་པར་དུ་འབྲེལ་ཡོད་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར། རྣམ་དཀར་དགེ་ལ་དད་པའི་གཏོང་ཕོད་ཅན་གྱི་སྦྱིན་བདག་རྣམས་ཀྱིས་གཞོག་འདེགས་དང་རོག་སྐྱོར་འོག མདོར་ན་སྡེ་དགོན་གཉིས་ཀྱིས་ལོ་མང་རིང་ལ་དཀའ་བའི་ཚེགས་དང་དཀོན་པའི་རྒྱུ་སོགས་འབད་བརྩོན་མང་པོ་བྱས་པའི་གྲུབ་འབྲས་ལ་དེ་རིང་རྒྱལ་རོང་འདམ་མདོ་དགོན་ནམ་དཔག་བསམ་ལྗོན་པའི་གླིང་གི་ཕྱི་ནང་རྟེན་དང་བརྟེན་པ་ཐམས་ཅད་ལེགས་གྲུབ་བྱུང་སྟེ་མི་སྨོན་རང་སྐྱིད་ལྟ་བུའི་རྟེན་འབྲེལ་གྱི་མཛད་སྒོ་དང་འབྲེལ་བའི་མདོ་དབུས་ཁམས་གསུམ་གྱི་སྐྱ་སེར་རིས་སུ་མ་མཆིས་པའི་མི་སྣ་རྒྱས་འཛོམས་ཐུབ་པ་འདི་དགོན་པ་འདིའི་ངོས་ནས་བཤད་ན་དུས་ནམ་ཡང་བརྗེད་པར་དཀའ་བའི་ཉིན་མོ་ཞིག་རེད་ལ། ལོ་རྒྱུས་ཀྱི་ངོས་ནས་བཤད་ན་ཡུལ་འདི་གནའ་བོའི་ཞང་ཞུང་དང་སུམ་པའི་ཤེས་རིག་དར་བའི་རྗེས་སུ།  དུས་རབས་བཅུ་བཞི་པའི་ནང་ལ་ཞྭ་དཀར་བསྟན་པའི་གཙུག་རྒྱན་རྒྱལ་བ་མཉམ་མེད་ཆེན་པོ་རྒྱལ་རོང་དུ་སྐུ་འཁྲུངས་པ་ནས་བཟུང་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་ལ་སྨན་རིའི་མཁན་རབས་ཉེར་གཅིག་ཙམ་ཞིག་སྐུ་འཁྲུངས་པ་མ་ཟད། ཁྱད་པར་དུ་རོང་བྲག་རྫོང་གཅིག་པུ་ལ་སྨན་རི་མཁན་ཆེན་བཅུ་བཞི་ཙམ་སྐུ་འཁྲུངས་སའི་ས་གནས་ཁྱད་པར་ཅན་ཞིག་དང་། གཡུང་དྲུང་བོན་གྱི་བསྟན་པ་དར་བའི་དགོན་སྡེ་རི་ཁྲོད་ཉི་ཤུ་ལྷག་གི་ནང་ནས་དེ་རིང་དགོན་འདིར་མདོ་དབུས་ཁམས་གསུམ་གསུམ་གྱི་བོན་འབངས་ཀུན་རྒྱས་འཛོམས་ཐུབ་པ་དེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་ག་ལ་མིན། ལྷག་པར་དུ་མདོ་དབུས་ཁམས་གསུམ་ནང་བོན་གྱི་དགོན་སྡེ་རི་ཁྲོད་བཞི་བརྒྱ་ལྷག་ཡོད་པ་ཡིན་དུས་དགོན་པ་ཞིག་ནང་མཉམ་འབྲེལ་ལྷན་ཚོགས་འཛོམས་རྒྱུ་དེ་ལས་སླ་པོ་ཞིག་མིན་པར་བརྟེན། དེ་རིང་སྐབས་གཉིས་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱས་འཛོམས་ཚོགས་འདུ་ཐེངས་གསུམ་པ་དང་སྐབས་གསུམ་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱས་འཛོམས་ཚོགས་འདུ་ཐེངས་དང་པོའི་དབུ་འཛུགས་ཚོགས་འདུ་དེ་གཟི་བརྗིད་ངང་རྒྱལ་རོང་འདམ་མདོ་དགོན་དུ་འཚོགས་ཐུབ་པ་དེ་ཆེས་རིན་ཐང་ལྡན་པའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་ཆགས་ཡོད་རེད། དེ་རིང་ཚོགས་ཆེན་འདི་རང་ཚོགས་པའི་ངོས་ནས་བཤད་ན་ཆེས་གལ་འགངས་དོན་སྙིང་ལྡན་པའི་ཚོགས་འདུ་ཞིག་དང་། སྐབས་གཉིས་པའི་རྒྱུན་ལས་རྣམས་ཀྱིས་ལོ་དྲུག་གམ་བརྒྱད་ཀྱི་རིང་ལ་ལས་དོན་གང་དང་གང་བསྒྲུབ་ཚུལ་ལས་ཀའི་ཕྱོགས་བསྡོམས་སྙན་ཞུ་དེ་གྲོས་ཚོགས་ལ་ཡར་ཞུ་འབུལ་རྒྱུའི་ཉིན་མོ་དེ་རེད།
   མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་དེ་གོམ་པ་རིམ་བགྲོད་ཀྱི་ལས་རིམ་ཞིག་ཡིན་པར་བརྟེན་ཐོག་མར་མེད་པ་ནས་ཡོད་པའི་ཁ་ཕྱོགས་ཏེ་གོམ་པ་དང་པོ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་རིང་ལས་འཛིན་ལྷན་ཚོགས་དབུ་ཚུགས་ནས་ལས་དོན་ཐམས་ཅད་ཀྱི་འགོ་འཛུགས་གསར་པ་དབུ་བརྙེས་པ་དང་། གོམ་པ་གཉིས་པ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་ལས་འཛིན་ལྷན་ཚོགས་རིང་གཞུང་ལས་ཁང་ཉོ་སྒྲུབ་དང་ལྷག་པར་དུ་རྒྱུ་རྐྱེན་རྟེན་འབྲེལ་ཕུན་སུམ་ཚོགས་པའི་གོ་སྐབས་བཟང་པོ་ཤར་བ་དང་རྒྱལ་ཁབ་རིམ་པའི་རྣམ་གྲངས་དང་འབྲེལ་བ་ལྡན་པའི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་སྐབས་གཉིས་པའི་མཉམ་འབྲེལ་ལྷན་ཚོགས་གཉིས་ཟུང་འབྲེལ་ཐོག་འགན་འཛིན་རྣམས་ཀྱི་དགོངས་དཔྱོད་ཟབ་མོའི་བཀའ་སློབ་ལམ་སྟོན་འོག  ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བཀའ་འགྱུར་སྒྲིག་ཞུ་བ་དགེ་སྔགས་བཙུན་གསུམ་གྱི་སྡེ་དང་། རྣམ་དཀར་དགེ་ལ་དད་པའི་གཏོང་ཕོད་ཅན་གྱི་མདོ་དབུས་ཁམས་གསུམ་གྱི་སྦྱིན་བདག་རྣམ་པ། བཀའ་འགྱུར་སྒྲིག་ཞུ་དང་འབྲེལ་བའི་ཚན་པ་ཁག་གིས་ལས་བྱེད་པ་རྣམས་དབུ་འོག་དཔུང་འདེགས་ཀྱི་ཚུལ་དུ་གཞོག་འདེགས་དང་རོག་སྐྱོར་གནང་བ།  མདོར་ན་སྐྱ་སེར་རིས་སུ་མ་མཆིས་པའི་སྒོ་ནས་ལོ་མང་རིང་ལ་དཀའ་བའི་ཚེགས་དང་དཀོན་པའི་རྒྱུ་སོགས་འབད་བརྩོན་ཆེན་པོ་བྱས་པའི་གྲུབ་འབྲས་ལ། བོན་འབངས་ཡོད་དོ་ཅོག་གིས་རིང་ནས་ཡིད་ལ་བརྣག་པའི་ཕུགས་བསམ་གཅིག་པུ་དེ་ནི་འཛམ་གླིང་ན་འོད་སྟོང་འབར་བའི་ཁྱད་ནོར་རྩ་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་དཔེ་བསྡུར་དང་འབྲེལ་བའི་སྒྲིག་ཞུ་གཏན་འབེབས་སོགས་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་ལས་འགན་རླབས་པོ་ཆེ་དེ་བསྒྲུབ་ཐུབ་ཡོད་པ་དེ་རེད། གོམ་པ་གསུམ་པ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གསུམ་པའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དེ་རིང་ཚོགས་ཆེན་འདིའི་ཐོག་འདེམས་ཐོན་དང་བསྐོ་བཞག་མཛད་དེ་ཁོང་རྣམ་པས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དམིགས་ཡུལ་ལྟར། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། དེ་འབྲེལ་ཞང་བོད་ཤེས་རིག་གི་དགོངས་དོན་གལ་ཆེན་རྣམས་དངོས་ཡོད་ལོ་རྒྱུས་ཀྱི་གནས་བབ་དང་བསྟུན་ནས། ཅི་ལྟར་སྔར་ལས་ལྷག་པའི་སྒོ་ནས་འཛིན་སྐྱོང་བྱེད་ཚུལ་དང་། བསྟན་དོན་ལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་དང་། ལས་དབང་གཅིག་པའི་གོམ་པ་མཉམ་དུ་སྤོ་སྟེ་སྣེ་མང་གཉེར་སྐྱོང་གི་ལས་དོན་སྣ་ཚོགས་བསྒྲུབ་རྒྱུ་བཅས་རེད།
༢༠༡༦ལོའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་བསྒྲུབ་ཚུལ།
   ༢༠༡༥།༩།༡༡མདོ་ཁམས་ཤར་རྫ་རི་ཁྲོད་དུ་རྒྱས་འཛོམས་ཚོགས་ཆེན་སྐབས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་མི་སྣ་འདེམས་བསྐོ་བྱས་པ་ནས་བཟུང་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་གཙོས་རྒྱུན་ལས་རྣམས་ཚོགས་ནས་སྔོན་འགྲོའི་ཚུལ་དུ་ལོ་རྗེས་མའི་ལས་དོན་གྱི་འཆར་གཞི་ཁག་གི་གྲོས་གཞི་དང་གྲོས་ཆོད་གཏན་འབེབས་བྱས། ༢༠༡༦ལོར་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གཉིས་པའི་ལས་དོན་ཐམས་ཅད་ཀྱི་དབུ་ཚུགས་ཏེ་ད་བར་མི་ལོ་བརྒྱད་རིང་གི་ཚོགས་པའི་ལོ་རེའི་ལས་དོན་བསྒྲུབ་ཚུལ་གྱི་ལོ་འཁོར་ལས་བསྡོམས་གྲོས་ཚོགས་ལ་སྙན་ཞུ་འབུལ་རྒྱུ་ཡིན།  
   ༡༽ སྐུའི་བགྲང་བྱ་བརྒྱད་ཅུར་བརྒལ་བའི་ཞྭ་དཀར་བསྟན་པའི་གཙུག་རྒྱན༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་གཙོས་བསྟན་འཛིན་གྱི་སྐྱེས་ཆེན་དུ་མ་ཞིག་གིས་སྐུ་ཚེ་ཧྲིལ་པོར་བསྟན་འགྲོར་སྨན་པའི་མཛད་འཕྲིན་གྱི་ཞབས་རྗེས་བླ་མེད་བཞག་པའི་སྐུ་དྲིན་མཚོན་བྱེད་དང་། གཤེན་བསྟན་སྲི་ཞུར་བླ་ལྷག་བགྱིས་པའི་དན་རྟགས་ལ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆེས་མཐོའི་བསྔགས་འོས་ཀྱི་དཔལ་དུ་སྐུ་དྲིན་ལེགས་མཚོན་གྱི་གཟི་བརྗིད་དཔང་ཡིག་ཁག་ཆེད་དུ་ཕུལ་ཡོད།
   ༢༽ གཡུང་དྲུང་བོན་གྱི་ཞི་བདེ་སྨོན་ལམ་ཆེན་མོའི་འཛིན་སྐྱོང་ཚན་ཆུང་བཙུགས་ཏེ་དེའི་འགན་འཛིན་ཚན་གཙོ་མཆོག་སྤྲུལ་པད་མ་རིན་ཆེན་དང་དྲུང་ཡིག་པ་མཁན་པོ་ཚེ་དབང་རིག་འཛིན་རྣམ་གཉིས་བསྐོ་བཞག་མཛད་པ་ནས་བཟུང་ད་བར་འགན་འཛིན་རྣམ་གཉིས་ཀྱིས་ལོ་ལྟར་ཞི་བདེ་སྨོན་ལམ་ཆེན་མོའི་ཐེབས་རྩར་བོན་འབངས་ཡོངས་ཀྱི་མི་རེས་ལོ་རེར་སྒོར་གཉིས་རེ་བསྡུ་རྒྱུའི་ཕྱག་ལས་དང་ལོ་རེའི་ཚོགས་འདུ་གར་ཚོགས་ཀྱི་མཛད་སྒོའི་མཆོད་བཤམས་གོ་སྒྲིག་དང་། ཞི་བདེའི་སྨོན་ལམ་དེབ་དཔར་སྐྲུན། སྐྱབས་རྟེན་བསྔོ་སྨོན་ཞུ་བ། ཞི་བདེའི་སྨོན་ལམ་ཆེན་མོའི་ཕན་ནུས་སྐོར་དང་ཡུལ་དངོས་བཅར་འདྲི་དང་ལེན་གནང་ཕྱོགས་བཅས་ཀྱི་ལས་དོན་ཚགས་ཚུད་རྒྱུན་ཆད་མེད་པར་འགྲོ་བཞིན་ཡོད།
   ༣༽ གངས་ལྗོངས་བོན་དཔྱད་དེབ་བམ་ཞང་ཞུང་ཤེས་རིག་ཞིབ་འཇུག་གི་ཚན་ཆུང་བཙུགས་ཏེ་དེའི་འགན་འཛིན་ཚན་གཙོ་གཙོ་སྒྲིག་པ་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་དང་དེ་བཞིན་རྩོམ་སྒྲིག་མི་སྣ་དང་དཔྱད་འདེམས་མི་སྣ་ཁག་བསྐོ་བཞག་མཛད་པ་ནས་བཟུང་ད་བར་ཁོང་རྣམས་ཀྱིས་དཀའ་བའི་ཚེགས་དང་དཀོན་པའི་རྒྱུ་སོགས་འགྲོ་གྲོན་བཏང་གནང་མཛད་ནས། བོན་ལ་ཉམས་ཞིབ་བྱས་པའི་ཞིབ་འཇུག་གི་རྣམ་པ་ལ་ཞིབ་ཚགས་ཀྱི་ཆུ་ཚད་ལྡན་པའི་དཔྱད་རྩོམ་མང་པོ་ཞིག་ཤེས་རིག་དཔྱད་བརྗོད་ཀྱི་སྒེའུ་ཁུང་གསར་པའི་དེབ་ཕྲེང་འདིའི་བརྒྱུད་ནས་རྒྱ་ཆེའི་ཀློག་པ་པོའི་སྤྱན་སྔར་རང་རེའི་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་དཔྱད་དེབ་དེབ་ཕྲེང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་ཏེ་འཛམ་གླིང་ས་ཕྱོགས་གང་སར་འགྲེམས་སྤེལ་ཞུ་བཞིན་ཡོད།
   ༤༽དེ་སྔོན་ཚོགས་པའི་གྲོས་ཆོད་ཁག་ནང་གསལ། རང་ཚོགས་པའི་ངོས་ནས་མདོ་དབུས་ཁམས་གསུམ་གྱི་རྒྱ་ཆེའི་བོན་འབངས་མང་ཚོགས་ལ་འཚམས་འདྲི་དང་། རང་ཚོགས་པའི་ངོ་བོ་དང་དགོས་པ་རྒྱུ་མཚན་སོགས་ཁྱབ་བསྒྲགས་དང་འབྲེལ་བའི་གཤམ་རིམ་བསྐོར་སྐྱོད་དགོས་པའི་ཆོད་དོན་གཞིར་བཟུང་། འདི་ལོར་སྐབས་གཉིས་པའི་ཚོགས་གཙོ་རྩེ་ཞིག་ཚང་དང་། ཚོགས་གཞོན་ཀུན་གསལ་སྙིང་པོ། དྲུང་ཆེ་འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།  དྲུང་གཞོན་རིན་སྤུངས་ཚུལ་བསྟན་བཅས་རང་ཚོགས་པའི་འགན་འཛིན་རྣམ་པ་བཞི་གཤམ་བསྐྱོད་འཚམས་འདྲི་ཕེབས་རྒྱུར་གཏན་ཁེལ་བཟོས་ཏེ་ཁོང་རྣམས་རིམ་བཞིན་ལྷ་ས་ནས་ནག་ཆུ་གྱེར་བསྟན་གླིང་དང་དེ་ནས་སྦྲ་ཆེན་རྫོང་གི་དགོན་རི་ཁྲོད་བཅུ་དྲུག འབྲི་རུའི་བོན་འབངས་ལ་འཚམས་འདྲི་དང་རང་ཚོགས་པའི་ངོ་བོ་དང་དགོས་པ་རྒྱུ་མཚན་སོགས་གསལ་བཤད། ལྷག་ཏུ་རྒྱ་ཆེའི་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་དང་འབྲེལ་བའི་སྒོ་ནས་མཉམ་འབྲེལ་ལྷན་ཚོགས་ཀྱི་མི་སྣའི་གྲས་སུ་ད་དུང་མི་སྣ་གལ་ཆེན་སྐོར་ཞིག་བསྡུ་ལེན་བྱེད་དགོས་པའི་སྐོར་གྱི་བསམ་འཆར་ལ་ཚོགས་པ་འདི་སེར་མོའི་སྡེ་གཅིག་པུ་མིན་པར་མི་སྐྱའི་སྡེ་ཁག་ ངེས་པར་དུ་དགོས་པའི་རེ་འདུན་བཏོན་པ་ལྟར་ལྷ་སར་གནས་སྡོད་འགན་འཛིན་མི་སྣ་སྦྲ་ཆེན་དང་འབྲི་རུ། གཉན་རོང་དང་ཁམས་ཕྱོགས། ཨ་མདོ་རྔ་པ་དང་ཤར་པ་བཅས་ཀྱི་ས་ཁུལ་རེ་རེ་ལ་མི་སྐྱ་གཉིས་རེ་བསྐོ་བཞག་བྱས་པ་ནས་བཟུང་ད་བར་ལོ་རེའི་བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་འཛམ་གླིང་སྤྱི་བསང་དང་འབྲེལ་བའི་ལྷ་སའི་བོན་འབངས་ཀུན་ལྷན་འཛོམས་གནང་སྟེ་ལོ་རེའི་རི་བསང་ཀླུང་རྟའི་མཛད་སྒོ་གཉེར་རྒྱུའི་ལམ་སྲོལ་གསར་དུ་བཙུགས་ཡོད། གཞན་ཡང་སྐབས་དེར་སྤྱི་སྒེར་སོ་སོས་རང་ཚོགས་པའི་ཐེབས་རྩའི་ཆེད་དུ་འབུལ་དངུལ་བྱུང་རིགས་སྒོར་ཁྲི་བཅོ་བརྒྱད་དང་འབྲི་རུ་རྫོང་གསས་མདའ་བོན་དགོན་གྱི་ལྷ་སྡེའི་མི་རེ་སྒོར་གཉིས་རེ་བསྡོམས་སྒོར།༥༤༠༡ བཅས་འབྱོར་ཡོད།
   ༥༽ ༢༠༡༦།༨།༡༩། མདོ་ཁམས་ཐར་བདེ་དགོན་དུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོ་ཚོགས་སྐབས་ཚོགས་འདུའི་གྲོས་ཆོད་གཙོ་བོ་གཤེན་རིན་པོ་ཆེའི་བཀའ་དགོངས་དང་འབྲེལ་བའི་བོན་གྱི་བཀའ་འགྱུར་དཔེ་བསྡུར་ལས་དོན་བྱེད་དགོས་ཚུལ་ལ། རྒྱལ་བའི་བཀའ་འགྱུར་དཔེ་བསྡུར་གྱི་ལས་ཀ་དེ་རང་ཚོགས་པས་འགན་ཁུར་ནས་ལག་ལེན་བསྟར་རྒྱུའི་ཐད་གྲོས་ཚོགས་ཀྱིས་སྤྱི་མོས་བྱུང་བ་བཅས་སོ།།
༢༠༡༧ལོའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་བསྒྲུབ་ཚུལ།
   ༡༽གཞུང་ལས་ཁང་ཉོ་སྒྲུབ་སྐོར་ལ། མཉམ་འབྲེལ་ལྷན་ཚོགས། ༢༠༠༧ལོར་དབུ་བརྙེས་པ་ནས་བཟུང་༢༠༡༦ལོ་བར་ལོ་ངོ་དགུའི་རིང་ཆ་རྐྱེན་མ་ལྡན་པའི་གནས་ཚུལ་འོག་རང་ཚོགས་པ་གནས་ཡུལ་ངེས་མེད་དུ་སྡོད་དགོས་བྱུང་བར་བརྟེན་༢༠༡༦ལོར་ཚོགས་གཙོ་རྩེ་ཞིག་ཚང་གིས་དབུ་ཁྲིད་གནང་སྟེ་གཞུང་ལས་ཁང་ཉོ་སྒྲུབ་ཆེད་དུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་རེ་རེ་བཞིན་མཐུན་རྐྱེན་གཞོག་འདེགས་གནང་རྒྱུའི་འབོད་བསྐུལ་དང་རེ་བ་ནན་ཞུ་བྱས་པས་ཚོགས་མི་སོ་སོའི་ངོས་ནས་ཀྱང་དགོངས་པ་ཆེ་བཞེས་གནང་སྟེ། ཟུར་གསལ་རེའུ་མིག་ལྟར་ཁྱོན་བསྡོམས་སྒོར། ཁྲི་གཉིས་བརྒྱ་དྲུག་ལྷག་བྱུང་ལ། དེ་ཁོངས་ཁྲེན་ཏུའུ་གཞུང་ལས་ཁང་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ཉིས་བརྒྱ་ཉི་ཤུའི་རིན་སྒོར་དང་། ཁང་པ་མཛེས་བཟོའི་ཆེད་འགྲོ་གྲོན།  གཞུང་ལས་ཁང་གི་ཡོ་ཆས་དང་ཁྱིམ་ཆས་སྐོར་བཅས་ཀྱི་ཕར་སོང་གི་རྩིས་ཁྲ་ཞིབ་གསལ་ཟུར་དུ་ཚོགས་པའི་རྩིས་ཁྲ་ནང་དུ་གསལ་ཡོད། དེ་ནས་ལོ་ཕྱེད་རིང་གཞུང་ལས་ཁང་གི་ཕྱི་ནང་གི་བཀོད་པ་ཆ་ཚང་ལེགས་གྲུབ་བྱུང་ནས་དེ་རྗེས་གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན་དང་བསྟུན། ༢༠༡༧།༥།༢།ཉིན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་པའི་ཚོགས་མི་ཀུན་གདན་ཞུའི་མགྲོན་བརྡ་ཕུལ་བ་ནང་བཞིན་ཚོགས་མི་རྣམས་དུས་ཐོག་ཏུ་ཆེད་ཕེབས་གནང་སྟེ་གཞུང་ལས་ཁང་སྒོ་འབྱེད་དང་བཀྲ་ཤིས་རབ་གནས་ཕུན་སུམ་ཚོགས་པའི་ཁང་སྟོན་གྱི་མཛད་སྒོ་ལེགས་གྲུབ་བྱུང་ཡོད་ལ། དེ་ནས་གཞུང་ལས་ཁང་དུ་རྒྱུན་སྡོད་གནང་མཁན་སྤྱིར་དྲུང་ཡིག་ཚན་ཁག་གིས་འགན་ཁུར་རྒྱུ་དང་ལྷག་ཏུ་ད་ལན་བཀའ་འགྱུར་སྒྲིག་ཞུའི་ལས་དོན་དེ་ཤིན་ཏུ་གལ་འགངས་ཆེ་བར་བརྟེན་ལས་དོན་དེ་མཇུག་མ་སྒྲིལ་བར་དྲུང་རྒན་གཞོན་གཉིས་ཀྱིས་འགན་ཁུར་རྒྱུ་བྱས། གཞན་ཡང་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲུབ་ཁང་བླ་མ་དེ་རྒྱུན་ལས་ཚོགས་གཙོ་སྐུ་གཞོན་ནས་འགོ་བརྩམས་ཏེ་ཚོགས་གཞོན་རྣམས་ལས་བགོས་རྒྱག་སྟེ་ཚོགས་གཞོན་རེས་སྒྲུབ་ཁང་བླ་མ་ཉིན་ཞེ་ལྔ་རེ་འགན་ཁུར་རྒྱུའི་ཐག་བཅད་ལྟར་ལས་དོན་དེ་ལྟར་ཚང་མས་རྒྱབ་སྐྱོར་གནང་ནས་ལས་དོན་དེ་ལེགས་གྲུབ་ཐུབ་ཡོད།
   ༢༽བཀའ་འགྱུར་སྒྲིག་ཞུའི་ལས་འགོ་འཛིན་ཚུལ། དང་པོ་ལས་འགོ་ཚུགས་ཚུལ། བོན་གྱི་བཀའ་འགྱུར་སྒྲིག་ཞུའི་ལས་དོན་རྩ་བའི་བློ་འདྲི་མི་སྣ་སྐྱབས་རྗེ་མཁན་སློབ་གཤེན་གསུམ་ལ་དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་ཞུས་པའི་དབུ་ཁྲིད་འོག ༢༠༡༦ལོའི་རྒྱལ་ཁབ་རིམ་པའི་གསར་འགྱུར་དཔེ་སྐྲུན་བཅོས་བསྒྱུར་འཕེལ་རྒྱས་ཀྱིས་ཆོག་མཆན་ཐོབ་པའི་རྣམ་གྲངས་ལས་གཞི་ཞིག་ཡིན་པར་བརྟེན། མཉམ་འབྲེལ་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ཟུང་འབྲེལ་གནང་རྒྱུའི་གྲོས་ཐག་བཅད། དེ་ནས་སྟོབས་ཤུགས་ཡོངས་རྫོགས་ཕྱོགས་གཅིག་ཏུ་སྒྲིལ་ནས་བཀའ་འགྱུར་དཔེ་བསྡུར་དང་སྒྲིག་ཞུ་གཏན་འབེབས་སོགས་ཀྱི་ལས་གཞི་ནི་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་བྱ་བ་མཐའ་དག་གི་ལྟེ་བར་འཛིན་རྒྱུའི་གྲོས་གཞིའི་ཐོག ཐོག་མར་ཚོགས་གཙོ་རྩེ་ཞིག་ཚང་གིས་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་སྐོར་གྱི་གསལ་བཤད། ཅེས་པ་དང་། བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་ཐད་ཀྱི་སྲོལ་ཡིག ཅེས་པའི་རྩོམ་ཡིག་ཁག་གཉིས་ཟིན་བྲིས་བཏབ་པ་ལ་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་བསྡུར་དང་འབྲེལ་བའི་སྒོ་ནས་བཀའ་འགྱུར་སྒྲིག་ཞུའི་རྩ་འཛིན་ཡིག་ཆ་གཞི་འཛིན་ས་བྱས་ནས་དེའི་འབྲུ་དོན་ལྟར་ལག་ལེན་བསྟར་རྒྱུ་བྱས། ༢༠༡༧/༩/༣ཉིན་ནས་བཟུང་རྩ་བའི་ཆོད་དོན་ད་ལན་བོན་གྱི་བཀའ་འགྱུར་སྒྲིག་ཞུའི་མ་དཔེ་ནི་དུས་ཀྱི་གཉན་འཕྲང་ཆེན་མོའི་ཁྲོད་དུ་ཞལ་བཞུགས་པའི་ཉག་རོང་དབལ་ཁྱུང་དགོན་པའི་བཀའ་འགྱུར་བྲིས་མ་དེ་གཞི་བཞག་ལ། དབལ་ཁྱུང་བཀའ་འགྱུར་གློག་ཀླད་མ་ཕྱི་ནག་ཆུ་གྱེར་བསྟན་གླིང་གིས་ལོ་མང་རིང་སྐུ་ཚེགས་འོ་རྒྱལ་གནང་བའི་མ་དཔེ་དེ་ཚོགས་གཙོ་སྐུ་གཞོན་བླ་མ་ཀུན་གསལ་སྙིང་པོ་རིན་པོ་ཆེ་ཡིས་ཚོགས་པ་ལ་མཐུན་འབྱོར་གནང་བའི་དཔེ་རྩ་པོད༡༧༨དང་གཞུང་ལས་ཁང་གིས་ཕྱོགས་ཀུན་ནས་འཚོལ་བསྡུ་བྱས་པའི་པོད་བཅུ་གཅིག་ལྷག་བསྡོམས་པོད༡༩༡ཙམ་ཡོད་པ་དེ་དག་བཀའ་འགྱུར་སྒྲིག་ཞུ་གཏན་འབེབས་ཀྱི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་མི་སྣ་བཅོ་ལྔ་ལ་ཕལ་ཆེ་བ་པོད་བཅུ་རེ་དང་། སྒྲིག་ཞུའི་ལས་འཛིན་མི་སྣ་དྲུག་ཅུ་ལྷག་ལ་པོད་གཅིག་དང་གཉིས་སོགས་ལས་བགོས་རྒྱབ་ནས་སྒྲིག་ཞུ་བ་སོ་སོས་འགན་ཁུར་རྒྱུའི་གཏན་འབེབས་བཟོས། དེ་ནས་བཀའ་འགྱུར་སྒྲིག་ཞུ་བ་རྣམས་ཀྱང་མི་རེ་ལུགས་རེའི་དབང་དུ་མ་སོང་བར་མི་བརྒྱ་ངག་གཅིག་ལྟ་བུ་གཅིག་གྱུར་ཡོང་ཆེད་ཕན་ཚུན་བགྲོ་གླེང་ཞིབ་ཚགས་ཡོང་ཆེད་སྐད་འཕྲིན་གྱི་ལམ་ནས་དཔེ་བསྡུར་གླེང་སྟེགས་ཞེས་པའི་ལས་འགོ་བརྩམས།
   ༣༽༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་སྐུ་ཞི་བར་གཤེགས་པའི་དགོངས་རྫོགས་མཆོད་འབུལ་བསྒྲུབ་ཚུལ། ༢༠༡༧/༩/༡༤ཉིན་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པ་ནས་བཟུང་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་དང་དྲུང་རྒན་གཞོན་བཅས་གཙོས་ཁྲི་འདུར་བཞུགས་པའི་བོན་གྱི་བླ་སྤྲུལ་དགེ་བཤེས་རྣམས་འཛོམས་ཏེ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་དགོངས་རྫོགས་མཆོད་འབུལ་ཞུ་ཚུལ་གྲོས་བསྡུར་བྱས་ཏེ་གཅིག་ན་རང་ཚོགས་པས་སྣེ་ཁྲིད་བྱེད་དེ་བོན་གྱི་དགོན་སྡེ་རི་ཁྲོད་དང་བོན་འབངས་ཡོངས་ལ་༧སྐྱབས་རྗེ་༧ཁྲི་འཛིན་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་ཟབ་རྒྱས་དགོས་པའི་འབོད་བསྐུལ་ཞུ་རྒྱུ་དང་། གཉིས་ན་ཚོགས་པའི་ངོས་ནས་ཐོག་མར་རྒྱ་གར་སྨན་རི་དགོན་པའི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པར་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོའི་ཞུ་འཕྲིན་ཡི་གེ་འབུལ་རྒྱུ། གསུམ་ན་༧རྒྱལ་བ་གཤེན་སྲས་རིན་པོ་ཆེ་ཡིས་དབུ་ཁྲིད་ལམ་སྟོན་འོག་བོན་འབངས་ཡོངས་ལ་དགེ་སྒྲུབ་སྡིག་སྤོང་བྱེད་པའི་འབོད་བསྐུལ་ཞུ་རྒྱུ།  ཁྱད་པར་དུ་༧སྐྱབས་རྗེ་༧ཁྲི་འཛིན་རིན་པོ་ཆེའི་འཁྲུངས་གཞིས་ལ་བཅར་ཏེ་འཁྲུངས་གཞིས་ཀྱི་ནང་མི་ལྷན་རྒྱས་ལ་ཚོགས་པའི་ངོས་ནས་ཐུགས་གསོའི་འཚམས་ཞུ་དང་འབྲེལ་འཁྲུངས་གཞིས་ལ་དྲུང་རྒན་གཞོན་གཉིས་ཀྱིས་འགོ་ཁྲིད་བྱས་ཏེ་མདོ་དབུས་ཁམས་གསུམ་ན་བཞུགས་པའི་རིན་པོ་ཆེའི་ཞལ་སློབ་དགེ་བཤེས་རྣམས་ལྷན་འཛོམས་གནང་སྟེ་མཉམ་མེད་བླ་སྒྲུབ་ཀྱི་སྒོ་ནས་མཆོད་འབུལ་ཟབ་རྒྱས་ཞུས་ལ། དེ་བཞིན་མཉམ་འབྲེལ་ལྷན་ཚོགས་དང་ཟིང་ཆུ་རྫོང་ཁོངས་ཀྱི་དགོན་ཁག་བཅོ་བརྒྱད་དང་བོན་འབངས་ཡོངས་ཀྱི་མཉམ་དུ་༧སྐྱབས་རྗེ་གཤེན་སྲས་རིན་པོ་ཆེའི་བཀའ་དགོངས་གཞིར་བཟུང་ཞི་ཁྲོ་རྒྱས་པའི་ཆོ་གའི་སྒོ་ནས་དགོངས་རྫོགས་མཆོད་འབུལ་ཞུས། དེ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གལ་པོ་ཆེ་ལ་ནན་ཏན་དུ་འཛིན་ཏེ་དགུང་ཞག་ཞེ་དགུའི་རིང་༧སྐྱབས་རྗེ་༧ཁྲི་འཛིན་རིན་པོ་ཆེའི་སྐུ་གདུང་བཞེངས་རྒྱུར་འབད་བརྩོན་ལྷོད་མེད་བྱས་པས་བཟོ་བསྐྲུན་ལེགས་པར་གྲུབ་ནས། ལོ་རྒྱུས་ཀྱི་དོན་སྙིང་ལ་དམིགས་ཏེ་ལུགས་འདིར་ཐུགས་སྣང་དཀར་བའི་ཚོགས་གཙོ་རིན་པོ་ཆེ་གཙོས་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་གཙོར་ཆེའི་མི་སྣ་ཀུན་དཀའ་བའི་ཚེགས་དང་དཀོན་པའི་ནོར་ལ་མ་འཛེམས་ཏེ་གལ་འགངས་ཆེ་བའི་སྒོ་ནས། ༢༠༡༧ལོའི་སྤྱི་ཟླ༡༡པའི་ཚེས་༤ཉིན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་ཆེན་པོ་མཆོག་གི་དགུང་ཞག་ཞེ་དགུ་ཚང་བའི་ཉིན་མོ་དང་སྒོ་བསྟུན་ཏེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མི་སྣ་རྣམས་གཙང་དཔལ་ལྡན་བཀྲ་ཤིས་སྨན་རིར་བཞུགས་པའི་རྗེ་མཉམ་མེད་བླ་མ་ཆེན་པོའི་གསེར་ཁྲིའི་མདུན་ལ་དགོངས་རྫོགས་མཆོད་འབུལ་གནང་བ་དང་སྐུ་གདུང་རྟེན་བཞག་མཛད་པ། གདན་ས་གོང་འོག་བར་གསུམ་ལ་ཐུགས་གསོའི་འཚམས་ཞུ་དང་འབྲེལ་བའི་མཇལ་བསྐོར་དང་མང་ཇ་སྐུ་འགྱེད་སོགས་ཟབ་རྒྱས་ཞུས་པ་བཅས་སོ།།
༢༠༡༨ལོའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་བསྒྲུབ་ཚུལ།
  ༡༽བཀའ་འགྱུར་སྒྲིག་ཞུ་དང་འབྲེལ་བའི་དཔེ་བསྡུར་འགོ་འཛིན་ཚུལ། འཛམ་གླིང་འདི་ན་གཅིག་ལས་གཉིས་སུ་བཙལ་རྒྱུ་མེད་པ། སྲིད་ན་དཀོན་པའི་དབལ་ཁྱུང་བཀའ་འགྱུར་བྲིས་མ་པོད༡༧༨དེ་དང་དབལ་ཁྱུང་བཀའ་འགྱུར་ནང་མེད་ལ་བཀའ་རུ་ངེས་པའི་དཔེ་ཆ་གཞུང་ལས་ཁང་གིས་ཕྱོགས་ཀུན་ནས་འཚོལ་བསྡུ་བྱས་པའི་པོད་བཅུ་གཅིག་ལྷག་བསྡོམས་པོད༡༩༡ཙམ་ཡོད་པ་དེ་དག་རྩ་དཔེ་བྱས་ནས་བསྡུར་དཔེ་ལ་རྩ་བའི་གྲོས་ཚོགས་ཀྱི་འཆར་གཞི་ལ། ཐོག་མར་རྩ་དཔེ་པོད་རེ་ལ་བསྡུར་དཔེ་མདོ་དབུས་ཁམས་གསུམ་གྱི་དཔེ་རྒྱུན་མི་འདྲ་བས་བསྡུར་དཔེ་གསུམ་རེ་དགོས་པའི་གྲོས་ཐག་བཅད་ལ། དེ་ནས་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་དམིགས་བསལ་བསྡུར་དཔེ་འཚོལ་བསྡུ་བྱེད་མཁན་ཚོགས་གཞོན་སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་གཙོས་དཔེ་རྙིང་འཚོལ་བསྡུ་ཚན་ཁག་བཙུགས་ནས་ཁོང་རྣམས་ཀྱིས་མདོ་དབུས་ཁམས་གསུམ་གྱི་ས་ནས་ཐབས་ཤེས་ཡོད་ཚད་བཏང་ནས་དཔེ་རྙིང་འཚོལ་བསྡུ་གནང་བ་རྣམས་གཞུང་ལས་ཁང་ལ་འབྱོར་ཞིང་གཞུང་ལས་ཁང་གིས་ཀྱང་དཔེ་ཆ་རེ་རེ་བཞིན་བཤེར་འབེབས་སམ་པར་སློག་བརྒྱབ་སྟེ་སྒྲིག་ཞུ་བ་སོ་སོར་ཕུལ་ཡོད། གོང་གསལ་རྩ་བའི་ཆོད་དོན་ལ་རྩ་དཔེ་རེ་ལ་བསྡུར་དཔེ་གསུམ་རེ་དགོས་པའི་གྲོས་ཐག་བཅད་ཡོད་ཀྱང་ལག་ལེན་བྱེད་པའི་བརྒྱུད་རིམ་ནང་དེ་ལྟར་བྱུང་ཐུབ་མེད་པ། དཔེར་ན། རྩ་དཔེ་རེ་ལ་བསྡུར་དཔེ་གསུམ་རེ་ཡོད་པ་པོད ༥༠  བསྡུར་དཔེ་གཉིས་རེ་ཡོད་པ་པོད ༥༦ བསྡུར་དཔེ་རེ་རེ་ཡོད་པ་པོད ༤༦ བསྡུར་དཔེ་བཞི་རེ་ཡོད་པ་པོད ༡༥ བསྡུར་དཔེ་མ་རྙེད་པའི་པོད ༡༡ བཅས་བྱུང་ཡོད། ཕལ་ཆེར་ལོ་འདིར་མཉམ་འབྲེལ་ལྷན་ཚོགས་གཞུང་ལས་ཁང་གིས་བཀའ་འགྱུར་སྒྲིག་ཞུ་བ་རྣམས་ཀྱི་ཁྲེན་ཏུར་བཞུགས་གནས་གྲ་སྒྲིག་དང་། ཟླ་རེའི་འཚོ་བའི་ཁ་གསབ། ཡར་མར་འགྲོ་གྲོན་སོགས་རྩ་བའི་གཏན་འབེབས་བྱས་ལ། སྒྲིག་ཞུ་བ་རྣམས་ཀྱིས་ཀྱང་སོ་སོར་ཐོབ་པའི་པོད་སྐལ་དེ་དག་མ་བུ་ཐོད་གཏུག་གི་ཚུལ་དུ་ཞུ་དག་ཐེངས་གསུམ་ཙམ་བྱས་ཏེ་གོམ་པ་དང་པོའི་ལས་དོན་མ་བུ་ཐོད་གཏུགས་ཀྱི་ལས་ཀ་ཆ་ཚང་གྲུབ་པར་བྱས། ལས་དོན་འདི་གལ་ཆེན་འཛིན་ཚུལ་ཞུ་དག་བྱེད་པའི་བརྒྱུད་རིམ་ཁྲོད་དུ། ཤོག་ངོས་རེ་ནས་ནོར་བ་གཅིག་ཡོང་སྲིད་ཀྱང་། གལ་སྲིད་ནོར་བ་གཉིས་ཡོད་ཚེ་པོད་དེ་སྒྲིག་ཞུ་བྱས་པའི་ལས་འགན་མ་འགྲུབ་པའི་གནས་སུ་བརྩི་རྒྱུའི་ཐག་བཅད་བྱས།  དེ་ནས་མཉམ་འབྲེལ་ལྷན་ཚོགས་གཞུང་ལས་ཁང་གིས་བཀའ་འགྱུར་སྒྲིག་ཞུ་བ་མི་རེ་ངོས་རེ་ལ་བསྡུར་དཔེ་གྲངས་གང་ཡོད་སོ་སོ་ལ་བསྐུར་ཞིང་། ཁོང་རྣམས་ཀྱིས་དག་བཤེར་ཟིན་པའི་ཡིག་ཆ་ཁག་གཞུང་ལས་ཁང་ལ་བསྐུར་རྒྱུ་དང་གཞུང་ལས་ཁང་གིས་ཞིབ་བལྟ་ཚར་རྗེས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ལ་སྤྲོད་རྒྱུ་སོགས་ཀྱི་ལས་ཀ་དང་སྐབས་བསྟུན་གལ་གནད་ཆེ་དུས་ལྷན་འཛོམས་གནང་སྟེ་གྲོས་ཐག་གཅོད་རྒྱུ་བཅས་ཀྱི་ལས་དོན་བསྒྲུབ་ཡོད།
༢༠༡༩ལོའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་བསྒྲུབ་ཚུལ།
   ༡༽༢༠༡༩།༣།༡༨ནས༢༣ཉིན་ལྔའི་རིང་གཞུང་ལས་ཁང་གི་འགན་འཛིན་དང་སྒྲིག་ཞུ་བ་རྣམས་ལྷན་འཛོམས་གནང་སྟེ་སྐབས་དེའི་ཚོགས་འདུའི་གྲོས་གཞི་ནི་བཀའ་འགྱུར་སྒྲིག་ཞུའི་སྐོར་གྱི་གནད་དོན་ཡོད་རིགས་ཐག་གཅོད་དང་། ལས་ཀའི་ཉམས་མྱོང་དང་བསམ་ཚུལ་བརྗེ་རེས། སྒྲིག་ཞུའི་ལས་དོན་དུས་ཚོད་དམ་འཛིན་བྱ་རྒྱུའི་སྐོར་བཅས་ལ་བགྲོ་གླེང་ལེགས་པར་གནང་སྟེ་སྨོན་རྒྱལ་ལྷ་སྲས་ཀྱི་བཀའ་འགྱུར་ནང་མེད་པའི་བཀའ་ངེས་པ་ཅན་རྣམས་བཀའ་འགྱུར་ནང་བཞག་རྒྱུ་དང་དེ་དག་གློག་ཀླད་ནང་བཅུག་རྒྱུ་དང་དེའི་སྒྲིག་ཞུ་བ་སོ་སོ་ལ་ལས་བགོས་བྱ་རྒྱུའི་ཐག་བཅད། 
  ༢༽བཀའ་འགྱུར་པར་སྐྲུན་ལ་མཁོ་བའི་ཟུར་རྒྱན་སྐོར་ལ། མིང་དོན་མཚུངས་པའི་བོན་གྱི་མཁས་དབང་བཅུ་གསུམ་ལ་རྩོམ་ཡིག་རེ་རྩོམ་འབྲི་གནང་རྒྱུའི་འབོད་བསྐུལ་ཞུ་ཡིག་རེ་གཞུང་ལས་ཁང་གིས་ཕུལ་རྒྱུའི་ཐག་བཅད་ལྟར་མཁས་དབང་མི་རེ་བཞིན་རེ་ཞུའི་ཡིག་གེ་རེ་ཕུལ་དོན་ལྟར་ཁོང་རྣམས་ཀྱིས་ཀྱང་ཞལ་བཞེས་དང་སོ་སོའི་དཔྱད་རྩོམ་དེ་ལོ་མཇུག་ཚུན་གཞུང་ལས་ཁང་ལ་འབྱོར་ཐུབ་ཡོད། གཞན་ཡང་ཟུར་རྒྱན་དེབ་ལྔའི་ལས་ཀར་འབད་བརྩོན་ཞུས་ཡོད།
   ༣༽དཔེ་བསྡུར་ལ་མཁོ་བའི་གཞུང་ལས་ཁང་གིས་དཔེ་རྙིང་དཔར་སློག་རྒྱབ་པའི་སྐོར། ཨ་གཡུང་པར་གཞིའི་བཀའ་འགྱུར་ལ་པོད 160 བོན་བློན་པར་གཞི་བཀའ་འགྱུར་པོད 192 སྨོན་རྒྱལ་ལྷ་སྲས་རིན་པོ་ཆེས་པར་བསྐྲུན་གནང་བའི་ལྷ་སྲས་པར་གཞི་ཅན་པོད། ༡༧༨ སྟེང་ཆེན་དགོན་གྱི་བཀའ་འགྱུར་པར་གཞི་པོད 110 དང་ དེ་ནས་བརྟེན་འགྱུར་པར་གཞི་པོད 200 ཅན། དཔེ་རྙིང་འཚོལ་བསྡུ་ཚན་ཁག་གིས་མདོ་དབུས་ཁམས་གསུམ་གྱི་ས་ནས་འཚོལ་བསྡུ་བྱས་པའི་དཔེ་རྙིང་པོད༢༠༠ལྷག་བཅས་གཞུང་ལས་ཁང་གིས་དཔར་སློག་རྒྱབ་ཟིན་རྗེས། ཡིག་ཆ་དེ་དག་བཀའ་འགྱུར་སྒྲིག་ཞུ་སོ་སོའི་ཕྱག་ཏུ་འཕྲོད་པ་བྱས་ནས་ལོ་འདིར་བཀའ་འགྱུར་སྒྲིག་ཞུ་ཐེངས་དང་པོ་དང་གཉིས་པའི་ལས་ཀ་རྩ་བའི་ཆ་ནས་འགྲུབ་ཐུབ་པ་བྱུང་ཡོད།
༢༠༢༠ལོའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་བསྒྲུབ་ཚུལ།
   ༡༽༢༠༢༠ལོ་འདིར་རྩ་བའི་བཀའ་འགྱུར་སྒྲིག་ཞུ་ཐེངས་གསུམ་པའི་ལས་དོན་གཙོ་བོར་འཛིན་ཏེ་ལོ་སྟོད་ལ་དེའི་ལས་དོན་ལེགས་བསྒྲུབ་བྱས་ལ། ལོ་སྨད་ལ་ལོ་ངོ་གསུམ་ལྷག་རིང་བཀའ་འགྱུར་པོད། ༡༩༡ ལ་སྒྲིག་ཞུ་བ་སོ་སོས་ཐོག་མར་མ་བུ་ཐོད་གཏུགས་བྱས་པ་ནས་བཟུང་། སྒྲིག་ཞུ་ཐེངས་དང་པོ། སྒྲིག་ཞུ་གཉིས་པ། སྒྲིག་ཞུ་གསུམ་པ་བར་སྒྲིག་ཞུ་བ་མི་སྣ་བརྒྱད་ཅུ་ལྷག་གིས་ལས་ཀ་བྱས་པའི་བརྒྱུད་རིམ་ཁྲོད། མི་སྣ་མང་དུས་ལྟ་ཚུལ་དང་དགོངས་ཚུལ་མི་འདྲ་བའི་རྣམ་པ་དུ་མ་བྱུང་བ་དེ་དག་ཐག་གཅོད་དང་ཕྱོགས་ཡོངས་ནས་ལས་ཀའི་ཕྱོགས་བསྡོམས་གནང་ཆེད། མཉམ་འབྲེལ་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ཀྱི་འགན་འཛིན་རྣམ་པ་དང་བཀའ་འགྱུར་སྒྲིག་ཞུ་བ་རྣམས་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་དུ་བཀའ་འགྱུར་སྒྲིག་ཞུ་ཐ་མའི་ཞིབ་བཤེར་གནང་ཕྱོགས་བགྲོ་གླེང་ཚོགས་འདུ་ཚོགས་ནས་གྲོས་ཐག་བཅད་དོན། ༡༽རྩ་བའི་སྒྲིག་ཞུས་ལས་དོན་གང་ཞིག་མཐར་ཐུག་གཅིག་གྱུར་བཟོ་མཁན་དངོས་དེ་ཞུས་ཆེན་པ་མི་གཅིག་ལྟ་བུ་དགོས་ཀྱང་། ང་ཚོའི་བཀའ་འགྱུར་ལས་དོན་ལ་མཚོན་ན་གཙོ་བོའི་མི་སྣ་བཅོ་ལྔ་པོས་སྒྲིག་ཞུའི་རྩ་དོན་དེ་གཞི་འཛིན་ནས་གཅིག་གྱུར་བཟོ་རྒྱུའི་ཆོད་དོན་ལྟར། ད་ཐེངས་སྔོན་འགྲོའི་སྒྲིག་ཞུའི་བཀའ་འགྱུར་པོད། ༡༩༡ ཡོད་པ་དེ་དག་མཐར་དངོས་གཞིའི་སྐབས་སྨོན་རྒྱལ་ལྷ་སྲས་ཀྱི་པར་གཞི་བཀའ་འགྱུར་པོད། ༡༧༨ ཡོད་པ་དེ་ལྟར་འགྲོ་རྒྱུའི་གཏན་འབེབས་བྱས།
   ༢༽སྒྲིག་ཞུའི་ལས་དོན་ཕྱོགས་ཡོངས་གཅིག་གྱུར་བཟོས་ཚུལ་ནི།  སྒྲིག་ཞུའི་རྩ་དོན་གཅིག་ཤེས་ཀུན་གྲོལ་ལྟར་གཅིག་གྱུར་འགྲོ་རྒྱུ་དང་། དག་བཅོས་བརྒྱུད་རིམ་ཁྲོད། གཅིག མ་ཡིག་ནང་མེད་ལ་བསྡུར་དཔེའི་ནང་ཡོད་རིགས་ཆད་རྟགས་གཡུང་དྲུང་རེ་འབྲི་རྒྱུ། གཉིས། བསྡུར་མཆན་འགོད་སྐབས་རྟགས་དེ་སྔ་ཕྱི་བར་གསུམ་གང་བྱུང་དུ་བཀོད་པའི་རིགས་བྱུང་བ་དེ་དག་མི་འདྲ་བའི་གནས་གང་ཡིན་པ་དེར་རྟགས་ངེས་པར་དུ་རྟགས་རྒྱག་རྒྱུ།  གསུམ། མ་དཔེ་ནང་ཡོད་ལ་བསྡུར་དཔེའི་ནང་མེད་རིགས་མ་དཔེ་ལྟར་རང་སོར་འཇོག་རྒྱུ། བཞི། བརྡ་རྙིང་རིགས་མ་དཔེ་དང་བསྡུར་དཔེ་གཉིས་ཀའི་ནང་དེང་གི་བརྡ་འགྲོས་བཞིན་ནོར་བ་ལྟ་བུ་ཡོད་རིགས་ཐད་ཀར་མི་བཅོས་པར་བསྡུར་མཆན་བཀོད་རྒྱུ། དེ་ནི་དེང་གི་བརྡ་འགྲོས་བཞིན་ཡོད་མེད་ལ་མ་ལྟོས་པར་བཀའ་འགྱུར་ནང་ཡོད་པའི་ཐ་སྙད་གང་ཞིག་གལ་ཆེའི་བརྩི་མཐོང་དང་། ལྷག་ཏུ་སྒྲིག་ཞུ་བས་མཆན་བཏབས་པ་དེས་གནད་དོན་དེ་རིགས་ལ་ནན་ཏན་དང་དོ་སྣང་ཆེན་པོ་གནང་བའི་རྣམ་པ་མཚོན་ཐུབ་ཡོད། ལྔ། མ་དཔེ་དང་བསྡུར་དཔེ་གཉིས་ཀའི་ནང་ཡིག་ཕྲེང་རེ་དང་ཚིག་རྐང་རེའི་ནང་མི་འདྲ་བའི་རིགས་མང་པོ་བྱུང་ན་ཚིག་འབྲུ་རེ་རེ་བཞིན་མཆན་བཏབ་མི་དགོས་པར་ཡིག་ཕྲེང་རེའམ་ཚིག་རྐང་ཆ་ཚང་དེ་ལ་བསྡུར་མཆན་གཅིག་བྱས་ན་འགྲིག་རྒྱུ་བྱས། དྲུག ད་ཐེངས་ལས་ཀའི་བརྒྱུད་རིམ་ཁྲོད། ཡིག་ནོར་རིགས་ཐད་ཀར་བཅོས་ནས་བསྡུར་མཆན་མ་བཏབ་པ་དང་། ཡིག་ནོར་ཅན་རིགས་བསྡུར་མཆན་མ་བཀོད་ནས་རང་སོར་བཞག་པའི་རིགས་དེ་དག་གཅིག་གྱུར་བྱུང་ཐུབ་མེད་པའི་དཀའ་ངལ་སྐོར། གནད་དོན་དེ་ནི་སྒྲིག་ཞུ་བ་རྣམས་བརྡ་གསར་གྱི་འགྲོས་ལྟར་འགྲོ་མིན་ཕྱོགས་གཉིས་ཀྱི་ལྟ་ཚུལ་བྱུང་ཡོད། བདུན། གནའ་དཔེའི་རིགས་ལ་ཕྲད་དང་ལ་དོན་ངེས་པ་མེད་པ་ལྟ་བུ་མང་ལ། ལྷག་ཏུ་ཀ་ཁའི་སྡེ་ཚན་གཅིག་པའི་རིགས་ལ་གདམ་ཁ་ལྟ་བུའི་རིགས་མང་བ། དཔེར་ན། ནམ་མཁའ་ལ་ནམ་ཀ  ཁ་འདོན་ལ་ཁ་ཐོན་དང་ཁ་ཏོན། ལྗང་ཁུ་ལ་ལྗང་ཀུ་དང་ལྗང་གུ། རལ་གྲི་ལ་རལ་ཀྱུ་དང་རལ་གྱུ། བདག་ཅག་ལ་བདག་ཆག ཇི་སྙེད་ལ་ཅི་སྙེད། མི་མཇེད་ལ་མི་བཅེད། ལྕང་ལོ་ལ་ལྗང་ལོ། ཐོར་ཙུག་ལ་ཐོར་ཚུག་ལྟ་བུ་སོགས་ཤིན་ཏུ་མང་བས་དེ་རིགས་གཞུང་གི་འགྲོས་ལྟར་བཞག་རྒྱུ་བྱས།
 ༣༽དེ་ནས་སྒྲིག་ཞུ་བ་རྣམས་ཀྱིས་ཐ་མའི་ཞིབ་བཤེར་གྱི་ལས་ཀ་བྱེད་ཚུལ་ཐད་ཉམས་མྱོང་བསགས་མུས་དང་དོ་དམ་བདེ་ཕྱིར་གྱི་ལས་དོན་ལ་གཞིགས་ཏེ་ས་གནས་སོ་སོར་བགོ་བཤའ་རྒྱབ་སྟེ། སྦྲ་ཆེན་རྫོང་ལ་སྒྲིག་ཞུ་བ་མི་ཉེར་གཅིག་ཡོད་པའི་ཚན་གཙོ་དགེ་བཤེས་གཡུང་དྲུང་བསྟན་རྒྱལ་གྱིས་གཙོར་འགན་བཞེས་རྒྱུ་དང་། དེ་བཞིན་སྟེང་ཆེན་རྫོང་ལ་སྒྲིག་ཞུ་བ་མི་ཉེར་བཞི་ཡོད་པའི་ཚན་གཙོ་དགེ་བཤེས་བསྟན་རྣམ་དང་རྩེ་སློབ་བསྟན་པའི་རྒྱལ་མཚན་གཉིས། སྡེ་དགེ་ཕྱོགས་ལ་སྒྲིག་ཞུ་བ་མི་ལྔ་ཡོད་པའི་དེའི་ཚན་གཙོ་དགེ་བཤེས་བཟོད་པ་འགྱུར་མེད། མཚོ་སྔོན་དང་ཀན་སུའི་ཕྱོགས་ལ་སྒྲིག་ཞུ་བ་མི་གསུམ་ཡོད་པའི་ཚན་གཙོ་ཐེ་བོ་ལེགས་བཤད་རྒྱ་མཚོ། རྔ་པ་ཕྱོགས་ལ་སྒྲིག་ཞུ་བ་མི་བརྒྱད་ཡོད་པའི་ཚན་གཙོ་དགེ་བཤེས་འཇམ་དབྱངས་བརྩོན་འགྲུས་དང་རྟོགས་ལྡན་བསྐལ་ཁོ་གཉིས། དཀར་མཛེས་ཕྱོགས་ལ་སྒྲིག་ཞུ་བ་མི་ལྔ་ཡོད་པའི་ཚན་གཙོ་དགེ་བཤེས་གཡུང་དྲུང་བློ་ལྡན། ཤར་ཁོག་ལ་སྒྲིག་ཞུ་བ་མི་བདུན་ཡོད་པའི་ཚན་གཙོ་དགེ་བཤེས་བློ་གྲོས་རབ་རྒྱས་བཅས་ཀྱིས་འགན་ཁུར་རྒྱུའི་གྲོས་ཐག་བཅད། དེ་ནས་གཞུང་ལས་ཁང་དང་སྒྲིག་ཞུ་བ་རྣམས་ཀྱིས་སྤྱིའི་ཆ་ནས་ལས་ཀའི་ཕྱོགས་བསྡོམས་འགྲུབ་པར་བྱས་ཏེ་༢༠༢༠།༦།༥ཉིན་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་དང་། དྲུང་རྒན་གཞོན་རྣམས་ཀྱིས་བཀའ་འགྱུར་སྒྲིག་ཞུའི་ལས་དོན་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་ནས་དཔེ་སྐྲུན་ཁང་དུ་དེབ་གཟུགས་སྒྲིག་སྦྱོར་ཆེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ལ་རྩིས་སྤྲོད་བྱས།
   ༤༽བཀའ་འགྱུར་ཟུར་རྒྱན་ཁག་གི་ལས་ཀའི་བཀོད་སྒྲིག  དཀར་ཆག་རྩོམ་སྒྲིག་ཚན་ཁག་དང་། པོད་སོ་སོའི་དག་སྒྲིག་གསལ་བཤད། ནང་དོན་གནད་བསྡུས། དཔྱད་རྩོམ། སྒྲིག་ཞུ་བ་སོ་སོའི་ངོ་སྤྲོད། མདོ་འབུམ་རྒྱུད་མཛོད་སོགས་ཀྱི་རྣམ་བཤད། པོད་སོ་སོའི་ནང་གི་ལྷ་སྐུ་གཏེར་རྟགས་སོགས་རི་མོ་འབྲི་བཞེངས་ཚན་པ། བཀའ་འགྱུར་བཟོ་དབྱིབས་ཇུས་འགོད་ཚན་པ་བཅས་སྡེ་ཚན་སོ་སོའི་འགན་འཛིན་མི་སྣ་བཀོད་བཞག་བྱས། 1 དཀར་ཆག་རྩོམ་སྒྲིག་ཚན་ཁག་གི་འགན་འཛིན་ཚོགས་གཞོན་སེང་སྤྲུལ་རིག་འཛིན་ཉི་མས་གཙོར་འགན་བཞེས་ཏེ་དུས་ཡུན་རིང་པོའི་ནང་དཀར་ཆག་རྩོམ་སྒྲིག་ཐད་དཀའ་བ་ཁྱད་དུ་བསད། ངལ་བ་འཕྲག་ཏུ་ཁུར་ནས་སྐུ་ངལ་འཛེམས་མེད་ཀྱི་ལས་ཀ་ཚགས་ཚུད་པོ་གནང་ཞིང་ལྷག་ཏུ་སྔོན་ལ་བཀའ་འགྱུར་དེབ་ཕྲེང༡༩༡ཡོད་པ་དེ་དག་དེབ་ཕྲེང་པོད༡༠༨ནང་བསྡུརྒྱུའི་གོ་རིམ་སྒྲིག་རྒྱུ་དང་པོད་སོ་སོའི་ཡིག་འབྲུ་མང་ཉུང་གཏན་ཁེལ་བཟོ་རྒྱུ། པོད་སོ་སོའི་དཀར་ཆག་སྒྲིག་རྒྱུ། པོད་སོ་སོའི་མཚན་རྒྱས་བསྡུས་དང་། ད་ཐེངས་མཉམ་འབྲེལ་ལྷན་ཚོགས་ཀྱི་བཀའ་འགྱུར་པོད ༡༠༨ དུ་བསྡུས་པའི་མཚན་བྱང་དང་། ཀུན་མཁྱེན་ཉི་མའི་བཀའ་འགྱུར་དཀར་ཆག་ལྟར་གྱི་མཚན་བྱང་། ལྷ་སྲས་པར་གཞི་ལྟར་གྱི་མཚན་བྱང་བཅས་ཀྱི་རྩིས་རྒྱ་ལེགས་པར་བཟོས་པའི་མཐའ་བསྡོམས་དཀར་ཆག་དེ་༢༠༢༠།༦།༩།ཉིན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་ལ་ཕུལ། དེ་ནས་གཞུང་ལས་ཁང་དུ་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་དང་། དྲུང་རྒན་གཞོན་བཅས་ཀྱིས་སྐྱར་ཞིབ་གནང་སྟེ་གཏན་འབེབས་བྱས་པའི་ཡིག་ཆ་ཁག་རྣམས་མཐར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགན་ཁུར་རྣམས་ལ་རྩིས་སྤྲོད་གནང་། དེ་ནས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ཟླ་བ་དྲུག་རིང་བཀའ་འགྱུར་དེབ་གཟུགས་སྒྲིག་སྦྱོར་གྱི་ལས་ཀ་དང་དཔེ་སྐྲུན་ཁང་ངོས་ནས་བཀའ་འགྱུར་སྒྲིག་ཞུ་ལས་ཀ་ཞིབ་བཤེར་གྱི་ཚུལ་དུ་ནང་ཕན་ཚུན་ལས་བགོས་རྒྱག་རྒྱུ་བཅས་ཀྱི་ལས་དོན་བསྒྲུབ་ཡོད། དེ་ནས་པོད་སོ་སོའི་དག་སྒྲིག་གསལ་བཤད་དེ་དྲུང་ཡིག་པ་སྤ་ཟླ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་གྱིས་གཙོར་འགན་བཞེས་ཏེ་དག་བཤེར་བྱས། འོན་ཀྱང་ཐ་མའི་ཆོད་དོན་ལ་པོད་སོ་སོའི་དཀར་ཆག་དང་དག་སྒྲིག་གསལ་བཤད་དེ་པོད་སོ་སོའི་འགོ་མཇུག་ལ་འཇོག་རྒྱུའི་ཐག་བཅད་བྱས། ནང་དོན་གནད་བསྡུས་དང་སྒྲིག་ཞུ་བ་སོ་སོའི་ངོ་སྤྲོད་སྐོར་དེ་དྲུང་ཡིག་པ་སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པས་གཙོར་འགན་བཞེས་ཏེ་དག་བཤེར་བྱས། དཔྱད་རྩོམ་སྐོར་དེ་ཚོགས་གཞོན་མང་སྤྲུལ་བསོད་ནམས་གཡུང་དྲུང་མཆོག་གིས་གཙོར་འགན་བཞེས་ཏེ་དག་བཤེར་བྱས། མདོ་འབུམ་རྒྱུད་མཛོད་སོགས་ཀྱི་རྣམ་བཤད་སྐོར་དེ་ཚོགས་གཞོན་དབྲ་ཁྱུང་སྐལ་བཟང་ནོར་བུས་གཙོར་འགན་བཞེས་ཏེ་དག་བཤེར་བྱས། པོད་སོ་སོའི་ལྷ་སྐུ་གཏེར་རྟགས་སྨར་ཡིག་སྐོར་སོགས་ཀྱི་ལས་ཀ་དེ་ཚོགས་གཞོན་པཎ་ཙ་བསྟན་འཛིན་དར་རྒྱས་ཀྱིས་གཙོར་འགན་བཞེས་ཤིང་དེའི་ནང་མདོ་དབུས་ཁམས་གསུམ་གྱི་ལྷ་བཟོ་གྲགས་ཅན་སོགས་མི་སྣ་མང་པོས་ཕྱག་ལས་གནང་ཡོད།
༢༠༢༡ལོའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་བསྒྲུབ་ཚུལ།
   ༡༽བཀའ་འགྱུར་གྱི་པོད་སོ་སོའི་ནང་ཁ་བསྐང་བྱས་ཚུལ།  རྩ་དཔེ་ལྷ་སྲས་པར་གཞིའི་ནང་མེད་ལ་བཀའ་ཡིན་པའི་རིགས་མ་ཚང་ཁ་སྐོང་གི་ཚུལ་དུ་གསར་དུ་ཁ་སྣོན་བྱས་པ། འབུམ་དུམ་དྲུག་གམ་ཁམས་འབྲིང་སྟོང་ཕྲག་ཉེར་ལྔ་པ་ལ་པོད་དྲུག  གསེར་འོད་དམ་པའི་མདོ་སྡེ་པོད་གཅིག གཙང་མའི་ཀླུ་འབུམ་ནག་པོ་ཞེས་པ་པོད་གཅིག ཐེག་འགྲེལ་མེ་ལོང་དགུ་སྐོར་གཙོས་དཔེ་ཚན་བཞི་པོད་གཅིག རྫོགས་ཆེན་ནམ་མཁའ་སྤྱི་གཅོད་ལྟ་བའི་ཀློང་དང་བདུད་རྩི་བུམ་པའི་རྒྱུད་བཅས་པོད་ལྔ་དང་། གཞན་ཡང་མདོ་འབུམ་སྔགས་གསུམ་གྱི་པོད་དུ་མའི་ནང་དུ་དཔེ་ཚན་དུ་མ་ཞིག་གསར་དུ་བསྣན་ཡོད་ལ། ལྷག་ཏུ་རྩ་བའི་རྫོགས་ཆེན་གཞུང་ཆེན་བཞི་བཀའ་ངེས་ཀྱང་དེ་དག་གི་ཆ་ལག་དང་གཏེར་གྱི་ཐེམ་བྱང་ནང་གསལ་བའི་ཚན་པ་མང་ཞིག་བཀའ་ཡིན་པའི་ངེས་པ་མེད་ལ། ལྷག་ཏུ་རྩ་དཔེ་དབལ་ཁྱུང་བཀའ་འགྱུར་གྱི་སྔགས་རྫོགས་སྐོར་ནང་བཀའ་དེ་དང་དེའི་ཆ་ལག་སྐོར་རྣམས་ཁ་ཤས་ཡོད་ལ་མང་ཆེ་ཞིག་མེད་པ་ལྟ་བུ་གྱུར་པས་ད་ལན་རྫོགས་ཆེན་བཀའ་པོད་སོ་སོའི་གཏེར་གྱི་ཐེམ་བྱང་ནང་དུ་ཡོད་པ་ལག་སོན་བྱུང་བ་གང་རྙེད་གསར་དུ་ཁ་སྣོན་བྱས་པ། དཔེར་ན། རྫོགས་ཆེན་བསྒྲགས་པ་སྐོར་གསུམ་ནང་ལ་ལུང་གི་ས་བཅད་དང་ལུང་དྲུག་གི་འགྲེལ་བ་སོགས་དཔེ་ཚན་སོ་དགུ་གསར་དུ་བསྣན་ལ། དེ་བཞིན་རྫོགས་ཆེན་ཡེ་ཁྲི་མཐའ་སེལ་གཞུང་འདི་ལ་རྩ་བའི་བམ་པོ་ལྔ་ཡོད་པ་ནི་མཁའ་འགྲོ་རིན་ཆེན་ཕྲེང་རྒྱུད་དང་། གནས་པ་གཞིའི་བམ་པོ། མ་ཚང་ཁ་སྐོང་གི་བམ་པོ། ལ་བཟླའི་བམ་པོ། མཚན་ཉིད་སྒྲ་ཚད་ཀྱི་བམ་པོ་དང་ལྔ་ལ་སྐབས་སུམ་ཅུ་སོ་གཉིས་དང་ལེའུ་བརྒྱ་དང་གོ་བདུན་ཡོད་པའི་གཞུང་ཞིག་ཡིན། ད་བར་དེ་སྔོན་པར་བསྐྲུན་ཟིན་པའི་བཀའ་འགྱུར་པར་གཞི་གང་གི་ནང་ལ་བམ་པོ་གསུམ་དེ་མ་གཏོགས་མ་ཚང་ཁ་སྐོང་གི་བམ་པོ་དང་མཚན་ཉིད་སྒྲ་ཚད་ཀྱི་བམ་པོ་གཉིས་དེ་ཚང་མེད་ལ། དེ་བཞིན་གཞུང་འདིའི་ཡན་ལག་ཏུ་གྱུར་པའི་གཞུང་མཆོང་ཆུང་ཉེར་ལྔའི་ནང་རྩ་དཔེའི་བཀའ་འགྱུར་ནང་ལ་ལོ་རྒྱུས་ཆེན་མོ་སྐོས་ཀྱི་མཆོང་དང་དགོས་འདོད་གསལ་བྱེད་བཤད་གཞིའི་མཆོང་གཉིས་མ་གཏོགས་གཞན་རྣམས་མེད་ལ་ད་ལན་ཁ་སྣོན་བྱས་པ་ལེའུ་གྲངས་གསལ་བྱེད་དོན་བསྡུས་མཆོང་། སྐབས་གྲངས་གསལ་བྱེད་སྐོར་ཚོམ་གྱི་མཆོང་། རྣམ་པར་བཀོད་པ་དམ་ཚིག་མཆོང་དང་གསུམ་དེ་བསྣན་པས་མཆོང་ལྔ་ཡོད་ཀྱང་ད་དུང་མཆོང་ཉི་ཤུ་ཚང་མེད། ད་བར་ཞིབ་དཔྱོད་བྱས་པའི་བརྒྱུད་རིམ་ཁྲོད་གོང་གསལ་ཡེ་ཁྲིའི་བམ་པོ་གཉིས་དང་མཆོང་ཆུང་ཉི་ཤུ་དེ་རྩ་བ་ནས་རྙེད་སོན་མེད་ལུགས་ལ་བརྟག་ན་ཕལ་ཆེར་ནུབ་པར་མིན་ནམ་སྙམ། མདོར་ན་ཁ་བསྐང་བྱས་པའི་པོད་བཅུ་གཅིག་དང་གཞུང་སོ་སོའི་གཏེར་གྱི་ཐེམ་བྱང་ནང་དུ་གསལ་བའི་ཚན་པ་ཁག་གཅིག་བཅས་དཔེ་ཚན་མི་འདྲ་བརྒྱད་ཅུ་ལྷག་ཞིག་ཁ་སྐོང་བྱས་ལ། ཁ་སྐོང་བྱས་པའི་དཔེ་ཚན་དེ་དག་དཔེ་ཚན་དེའི་མཚན་བྱང་གང་ཡིན་དེ་དབུ་ཡིག་གི་ཚུལ་དུ་ཡིག་འབྲུ་ཆེན་པོ་བཟོས་པའི་མཇུག་དེར་གུག་རྟགས་ཀྱི་ནང་དུ་ཨང་ཀི་རེ་བཀོད་ལ། དེའི་འཕྲོ་ན་མི་འགྱུར་བའི་རྟགས་གཡུང་དྲུང་གི་རི་མོ་རེ་བཞག་སྟེ། ཤོག་ངོས་དེའི་འོག་ཤོས་ཡིག་ཕྲེང་ལ། ཚན་པ་འདི་ཉིད་དབལ་ཁྱུང་བཀའ་འགྱུར་ནང་དུ་མེད་པས་འདིར་ཆེད་དུ་ཁ་སྣོན་བྱས་པ་ཡིན། ཞེས་པའི་ཚིག་དེས་བཀའ་འགྱུར་གྱི་འགོ་མཇུག་བར་གསུམ་ལ་ཁ་སྣོན་བྱས་ཚུལ་གསལ་ཡོད།
   ༢༽བཀའ་འགྱུར་སྒྲིག་ཞུ་ཐ་མའི་ཞིབ་བཤེར་སྐོར། མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་བཀའ་འགྱུར་སྒྲིག་ཞུ་གཏན་འབེབས་རྩ་བའི་ཆ་ནས་ལེགས་གྲུབ་བྱུང་ནས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ལ་རྩིས་སྤྲོད་ཞུ་རྗེས་དཔེ་སྐྲུན་ཁང་ནས་བཀའ་འགྱུར་དེབ་གཟུགས་སྒྲིག་སྦྱོར་བྱ་རྒྱུ་དང་སྤྱིའི་ཆ་ནས་སྐྱར་ཞིབ་བྱས་པ་དེ་ལ་ཐ་མའི་ཞིབ་བཤེར་ཐེངས་གཉིས་དགོས་ཚུལ་གསུངས་པར་བརྟེན། ཞིབ་བཤེར་དང་པོ་བཀའ་འགྱུར་སྒྲིག་ཞུ་གཏན་འབེབས་ཀྱི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་མི་སྣ་བཅོ་ལྔ་ཡོད་པའི་ཕལ་ཆེ་བས་གཙོར་འགན་བཞེས་ཏེ་བཀའ་འགྱུར་སྤྱིའི་ཆ་ནས་ཞིབ་བཤེར་ཐེངས་གཅིག་བྱས། དེ་ནས་ཐ་མའི་ཞིབ་བཤེར་ཐེངས་གཉིས་པ་དེ་ད་ཐེངས་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཀའ་འགྱུར་སྒྲིག་ཞུའི་ལས་དོན་འགོ་བརྩམས་པ་ནས་བཟུང་མཇུག་མ་སྒྲིལ་བར་གཞུང་ལས་ཁང་དུ་སྒྲིག་ཞུའི་སྤྱི་ཁྱབ་བཀོད་སྒྲིག་པ་དྲུང་རྒན་གཞོན་གཉིས་ཀྱིས་བྱས་པར་བརྟེན། བཀའ་འགྱུར་སྒྲིག་ཞུ་ཐ་མའི་ཞིབ་བཤེར་དེ་དྲུང་ཆེ་འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་ཟླ་བ་གསུམ་ལྷག་རིང་ཉིན་མཚན་བར་མེད་ཀྱི་སྒོ་ནས་བཀའ་འགྱུར་པོད་དང་པོ་ནས་པོད་བརྒྱ་དང་བརྒྱད་ཀྱི་བར་མགོ་མཇུག་ཆ་ཚང་གཞུང་ལས་ཁང་དུ་ཞིབ་བཤེར་ཐ་མ་དེ་བྱས། དེ་ནས་དྲུང་གཞོན་རིན་སྤུངས་ཚུལ་བསྟན་གྱིས་ཟླ་བ་བཞི་ལྷག་རིང་དཔེ་སྐྲུན་ཁང་དུ་ཉིན་ལྟར་ཕེབས་ནས་དཔེ་སྐྲུན་ཁང་དུ་བཀའ་འགྱུར་སྒྲིག་སྦྱོར་ལས་ཀ་བྱེད་མཁན་རྒྱ་རིགས་ཡིན་པས་དེ་ཡིས་ནོར་འཁྲུལ་མི་འབྱུང་བའི་ཆེད་དུ། གཅིག་ནི་བཀའ་འགྱུར་གྱི་འགོ་མཇུག་བར་གསུམ་དབུ་ཚེག་ཤད་གསུམ་གཅིག་གྱུར་བྱུང་ཡོད་མེད་ཞིབ་བལྟ་དང་གཉིས་ནི་བསྡུར་མཆན་བཏབ་པ་དེ་དག་གོང་རིམ་འཁྲུགས་ཡོད་མེད། གསུམ་ནི་ཆད་རྟགས་ནི་བསྡུར་གཞི་རྩ་དཔེའི་ནང་དུ་ཆད་པའི་རིགས་ལ་སྡུར་དཔེའི་བསྡུས་མིང་རྗེས་སུ། 卍གཡུང་དྲུང་གི་རྟགས་རེ་བཀོད་ཐུབ་ཡོད་མེད་སོགས་ཆེས་དཀའ་ཚེགས་དང་རྙོག་འཛིངས་ཆེ་བའི་ལས་དོན་དེ་ལེགས་འགྲུབ་བྱུང་ཐུབ་ཡོད།
   ༣༽  མཐར་གཡུང་དྲུང་བོན་གྱི་བཀའ་འགྱུར་སྒྲིག་ཞུའི་ལས་དོན་ལེགས་གྲུབ་བྱུང་ཚུལ།  དེ་ལྟ་བུའི་སྒྲིག་ཞུའི་ལས་དོན་ཆ་ཚང་ལེགས་གྲུབ་བྱུང་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས།  ༢༠༢༡ལོའི་ལོ་སྟོད་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ལ་རྩིས་འབུལ་ཞུས། དེ་ནས་དཔེ་སྐྲུན་ཁང་གིས་བཀའ་འགྱུར་ལས་དོན་དེ་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་ལས་དོན་མཇུག་སྒྲིལ་ཡོད་ཀྱང་ད་ནས་བཟུང་དཔེ་སྐྲུན་ཁང་ལ་དེའི་ལས་ཀ་བརྒྱུད་རིམ་མང་ཞིག་འགྲོ་དགོས་གསུངས་ལ། དེ་ནས་དཔེ་སྐྲུན་ཁང་གིས་ལས་གཞི་འདི་རྒྱལ་ཁབ་རིམ་པའི་རྣམ་གྲངས་གལ་ཆེན་ཞིག་ཏུ་གྱུར་པས་པར་སྐྲུན་གྱི་ལས་ཀ་དབུ་ནས་མཇུག་བར་པར་སྐྲུན་འགན་ཁུར་བ་རྣམས་ཀྱིས་སྐྱར་ཞིབ་དང་དཔེ་སྒྲིག་འགན་ཁུར། ཕྱི་ནང་མཛེས་རྒྱན་གྱི་བཀོད་པ་སོགས་ཕུན་སུམ་ཚོགས་པར་གྲུབ་རྗེས། དེ་ནས་བཀའ་འགྱུར་པར་སྐྲུན་དངོས་དེ་༢༠༢༡ལོའི་ཟླ་བ་ལྔ་པའི་པར་སྐྲུན་གྱི་ལས་དོན་མཇུག་ཡོངས་སུ་གྲུབ་པར་གནང་། དེས་ན་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་སྒྲིག་ཞུ་དང་པར་སྐྲུན་ལས་རིམ་དེ་ཕྱོགས་གཉིས་ཟུང་འབྲེལ་གྱི་སྒོ་ནས་ལེགས་གྲུབ་བྱུང་བ་ཞིག་སྟེ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲིག་ཞུ་གཏན་འབེབས་བྱས་ལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་གྱི་ལས་དོན་བསྒྲུབ་པ་ཞིག་རེད་ལ། མཐའ་དོན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གཉིས་པའི་ལས་དོན་གཙོ་བོ་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་ཆེད་དུ་སྟོབས་ཤུགས་ཡོངས་རྫོགས་ཕྱོགས་གཅིག་ཏུ་སྒྲིལ་ནས་རིང་ནས་ཡིད་ལ་དམིགས་པའི་རླབས་ཆེན་གྱི་ལས་དོན་དེ་དབུ་ཚུགས་པའི་དུས་ནས་བཟུང་། བར་དུ་མི་ལོ་ལྔ་ཡི་རིང་ལ་ཚང་མས་དཀའ་བའི་ཚེགས་དང་དཀོན་པའི་རྒྱུ་སོགས་དཀའ་ངལ་ཐམས་ཅད་རྣམ་པར་རྒྱལ་ཏེ་མཐར་བཀྲ་ཤིས་བདེ་ལེགས་ཀྱི་ངང་ནས་ལེགས་གྲུབ་བྱུང་བ་ལ་ཐ་ཚན་མུ་ཙུག་སྨར་རོ།།
 ༢༠༢༢ལོའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་བསྒྲུབ་ཚུལ།
   ༡༽བཀའ་འགྱུར་གྱི་ཟུར་རྒྱན་ལ་མཁོ་བའི་རྒྱུ་ཆ་རྩོམ་སྒྲིག་སྐོར། གོམ་པ་དང་པོ་བཀའ་འགྱུར་སྒྲིག་ཞུའི་ལས་དོན་ལེགས་གྲུབ་བྱུང་རྗེས། གོམ་པ་གཉིས་པའི་ཚུལ་དུ་བཀའ་འགྱུར་གྱི་ཟུར་རྒྱན་དེབ་ལྔ་རྩོམ་སྒྲིག་བྱ་རྒྱུའི་ལས་དོན་བསྒྲུབ་པ་ལ། དེབ་དང་པོ་དཀར་ཆག་སྐོར། གཉིས་པ་བཀའ་ཡི་རྣམ་བཤད་སྐོར། གསུམ་པ་ནང་དོན་གནད་བསྡུས་སྐོར། བཞི་པ་དཔྱད་གླེང་སྐོར། ལྔ་པ་སྒྲིག་ཞུའི་ལས་རིམ་སྐོར་བཅས་ཟུར་རྒྱན་དེབ་ལྔ་པོ་དེ་དག་དེ་སྔོན་སྡེ་ཚན་སོ་སོའི་འགན་འཛིན་རྣམས་ཀྱིས་རྩོམ་སྒྲིག་བྱས་པ་དེ་དག་གཞུང་ལས་ཁང་དུ་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་དང་དྲུང་རྒན་གཞོན་ལྷན་འཛོམས་གནང་སྟེ་དམིགས་བསལ་ཟུར་རྒྱན་དེབ་ལྔའི་རྩ་བའི་བཀོད་སྒྲིག་དང་འབྲེལ་བའི་སྒོ་ནས་རྩོམ་སྒྲིག་ལས་རིམ་འགན་འཛིན་རྣམས་ཀྱི་མཚན་གྱི་རིམ་པ་སོགས་གྲོས་བསྡུར་ལེགས་པོ་བྱས་ནས་གཏན་འབེབས་བཟོས། དེ་ནས་དྲུང་རྒན་གཞོན་གཉིས་ཀྱིས་ཟླ་བ་དུ་མའི་་རིང་དག་སྒྲིག་དང་ཐ་མའི་ཞིབ་བཤེར་སོགས་ལེགས་པར་བྱས་ནས་ཟླ་བ་ལྔ་པའི་ཟླ་མཇུག་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ལ་རྩིས་སྤྲོད་ཞུས། དེ་ནས་ཟླ་བ་དྲུག་པ་ནས་བཟུང་གཞུང་ལས་ཁང་ངལ་གསོའི་དུས་ཚོད་ཐུག་པ་དང་ཏོག་དབྱིབས་ནད་དུག་རྐྱེན་བྱས་ནས་ལོ་དེའི་དུས་ཚོད་མཇུག་སྒྲིལ་བའོ།།
 ༢༠༢༣ ལོའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་བསྒྲུབ་ཚུལ།
དང་པོ། གཞུང་ལས་ཁང་གི་ཡིག་རིགས་ཚང་མ་ཞིབ་བཤེར་དང་གོང་རིམ་སྒྲིག་ཚུལ།
   ༡༽གནའ་དཔེའི་སྐོར་ལ། མདོ་སྨད་མདའ་ཚང་གི་དཔེ་རྙིང་པོད ༣༠ འབྲུག་ཆུའི་དཔེ་རྙིང་པོད ༢༥ ཀན་སུའུ་མདོ་ཁམས་བོན་གྱི་གནའ་དཔེ་པོད ༥༨ མདོ་ཁམས་ཡུལ་གྱི་བོད་ཡིག་གནའ་དཔེ་ཕྱོགས་བསྡུས་པོད ༦༠ མཚོ་སྔོན་གྱི་གནའ་རབས་བོན་གྱི་དཔེ་རྙིང་དེབ་བཅུ། བོད་ཀྱི་གསོ་རིག་བསྟན་བཅོས་དེབ་གསུམ། བོན་དང་ཞང་ཞུང་ཤེས་རིག་དཔེ་ཚོགས་དེབ ༢༠ བཅས་གནའ་དཔེ་བསྡོམས་པོད ༢༠༦
   ༢༽བཀའ་དང་བཀའ་བརྟེན་སྐོར། གཤེན་ཞལ་གཙང་མའི་བོན་འཛམ་གླིང་འདི་ན་གཅིག་ལས་གཉིས་སུ་བཙལ་རྒྱུ་མེད་པ། སྲིད་ན་དཀོན་པའི་དབལ་ཁྱུང་བཀའ་འགྱུར་བྲིས་མ་དཔེ་རྙིང་པོད  ༡༨༥ ཨ་གཡུང་པར་གཞིའི་བཀའ་འགྱུར་ལ་པོད 160 བོན་བློན་པར་གཞི་བཀའ་འགྱུར་པོད 192 སྨོན་རྒྱལ་ལྷ་སྲས་རིན་པོ་ཆེས་པར་བསྐྲུན་གནང་བའི་ལྷ་སྲས་པར་གཞི་ཅན་པོད། ༡༧༨ སྟེང་ཆེན་དགོན་གྱི་བཀའ་འགྱུར་པར་གཞི་པོད 110 རག་ཤི་ཀུན་གསལ་སྙིང་པོའི་བཀའ་འགྱུར་དེབ་གཟུགས་ཅན། དེ་ནས་བརྟེན་འགྱུར་པར་གཞི་པོད 200 ཅན། དཔེ་རྙིང་འཚོལ་བསྡུ་ཚན་ཁག་གིས་མདོ་དབུས་ཁམས་གསུམ་གྱི་ས་ནས་འཚོལ་བསྡུ་བྱས་པའི་དཔེ་རྙིང་ཁག་པོད ༢༠༠ལྷག། འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་དཔེ་རྙིང་འཚོལ་བའི་པོད ༩༢ དེ་ནས་བརྟེན་འགྱུར་སྐོར་ལ། སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མའི་བརྟེན་འགྱུད་པོད ༣༠༠ སྟེང་ཆེན་དགོན་པའི་བརྟེན་འགྱུར་པོད 200 ཅན་བཅས་བཀའ་དང་བཀའ་བརྟེན་པོད་ཁྱོན་བསྡོམས་པོད ༡༩༦༧
   ༣༽གསུང་འབུམ་སྐོར་ལ། སྒ་སྟོན་གསུང་འབུམ་པོད། ༦ ཀུན་གྲོལ་གསུང་འབུམ་པོད ༤༡ མཉམ་མེད་གསུང་འབུམ་དེབ ༡༠  བདེ་གླིང་གསུང་འབུམ་པོད ༢༣ དབང་ལྡན་ཞུ་ཚང་གི་གསུང་འབུམ་པོད ༡༧  མཁས་དབང་བོན་བརྒྱའི་གསུང་འབུམ་པོད ༡༠ ཤར་རྫའི་གསུང་འབུམ་པོད ༡༦ སྐམ་ཚང་གསུང་འབུམ་པོད ༨ སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་གསུང་འབུམ་པོད ༦ སྐྱང་ལུང་གསུང་འབུམ་པོད ༢ བཅས་ཁྱོན་གསུང་འབུམ་པོད ༡༣༩
    ༤༽སྣ་ཚོགས་ཀྱི་སྐོར་ལ། བོད་ཀྱི་ས་ཕྱོགས་གང་སའི་དུས་དེབ་མི་འདྲ་བ་དེབ ༡༩༣   བོན་གྱི་ལོ་རྒྱུས་སྐོར་དེབ ༡༡  ཚིག་མཛོད་སྐོར་དེབ་ཆེན་པོ ༡༠ དེང་རྩོམ་གྱི་སྐོར་དེབ ༧ ཕྲན་ཚེགས་དཔེ་ཚོགས་ཀྱི་སྐོར་པོད ༥༦བཅས་སྣ་ཚོགས་ཀྱི་སྐོར་ལ་པོད ༢༧༨ གོང་གསལ་ཚན་པ་བཞི་པོ་ཁྱོན་བསྡོམས་པོད་དང་དེབ། ༢༥༩༠ དེ་དག་ཚང་མ་དང་པོ་བཤེར་འབེབས་དཔར་རིས་ཅན་སྡེ་ཚན་གཅིག་དང་། གཉིས་པ་དེ་དག་ཚང་མ PDF བཟོས་ནས་ཚན་པ་སོ་སོར་བཟོས་ཏེ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མཛོད་ཉར་ཡིག་སྣོད་ནང་ཉར་ཚགས་བྱས་ནས་བཞག་ཡོད།
གཉིས་པ། སྐབས་གཉིས་པའི་ལས་དོན་ཡོངས་སུ་གྲུབ་ནས་རྩིས་སྤྲོད་ལེན་གྱི་ལས་ཀའི་གྲ་སྒྲིག་སྐོར།
 1 གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་ཡིག་ཆའི་སྐོར།
༡༽ 2007-1-13སྣང་ཞིག་དགོན་ཆེན་དུ་སྟ་གོན་ཚོགས་འདུ་ཚོགས་པའི་ཡིག་ཆ་སྐོར།
༢༽ 2009-12-8སྣང་ཞིག་དགོན་ཆེན་དུ་རྒྱས་འཛོམས་ཚོགས་ཆེན་ཐེངས་དང་པོ་ཚོགས་པའི་ཡིག་ཆ་སྐོར།
༣༽ 2010-7-15རྩེ་ཞིག་དགོན་དུ་སྐབས་དང་པོའི་རྒྱུན་ལས་ཚོགས་ཐེངས་དང་པོ་ཚོགས་པའི་ཡིག་ཆ་སྐོར།
༤༽2011-9-10ཤར་རྫ་རི་ཁྲོད་དུ་སྐབས་དང་པོའི་རྒྱུན་ལས་ཚོགས་ཐེངས་གཉིས་པ་ཚོགས་པའི་ཡིག་ཆ་སྐོར།
༥༽2012-11-24རྟོགས་ལྡན་དགོན་དུ་སྐབས་དང་པོའིཚོགས་ཆེན་ཐེངས་གཉིས་པ་ཚོགས་པའི་ཡིག་ཆ་སྐོར། 
༦༽2013-8-29དགའ་མལ་དགོན་ཆེན་དུ་སྐབས་དང་པོའི་རྒྱུན་ལས་ཚོགས་ཐེངས་གསུམ་པ་ཚོགས་པའི་ཡིག་སྐོར།
༧༽2014-10-30ཨ་སྐྱིད་སྐྱང་ཚང་དགོན་དུ་སྐབས་དང་པོའི་རྒྱུན་ལས་ཚོགས་ཐེངས་བཞི་པ་ཚོགས་པའི་ཡིག་ཆ་སྐོར།
༨༽2015-9-1དཀར་མཛེས་རྫོང་ཐོག་ཏུ་སྐབས་དང་པོའི་རྒྱུན་ལས་ཚོགས་ཐེངས་ལྔ་པ་ཚོགས་པའི་ཡིག་ཆ་སྐོར།  ༩༽2015-9-3ཤར་རྫ་རི་ཁྲོད་དུ་སྐབས་དང་པོའི་ཚོགས་ཆེན་ཐེངས་གསུམ་པ་ཚོགས་པའི་ཡིག་ཆ་སྐོར།
2 གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་ཡིག་ཆའི་སྐོར།
༡༽2015-9-3ཤར་རྫ་རི་ཁྲོད་དུ་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་དང་པོ་ཚོགས་པའི་ཡིག་ཆ་སྐོར།
༢༽2016-8-16ཐར་བདེ་དགོན་དུ་སྐབས་གཉིས་པའི་རྒྱུན་ལས་ཚོགས་ཐེངས་དང་པོ་ཚོགས་པའི་ཡིག་ཆ་སྐོར།
༣༽2017-12-6ཐེ་བོ་གཙོ་ཚང་དགོན་དུ་སྐབས་གཉིས་པའི་རྒྱུན་ལས་ཚོགས་ཐེངས་གཉིས་པ་ཚོགས་པའི་ཡིག་ཆ་སྐོར།
༤༽2018-9-19སྣང་ཞིག་དགོན་ཆེན་དུ་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངསགཉིས་པ་ཚོགས་པའི་ཡིག་ཆ་སྐོར།
༥༽2019-9-21རིན་སྤུངས་དགོན་དུ་སྐབས་གཉིས་པའི་རྒྱུན་ལས་ཚོགས་ཐེངས་གསུམ་པ་ཚོགས་པའི་ཡིག་ཆ་སྐོར།
༦༽2020-9-15མཚོ་སྔོན་དུང་དཀར་དགོན་དུ་སྐབས་གཉིས་པའི་རྒྱུན་ལས་ཚོགས་ཐེངས་བཞི་པ་ཚོགས་པའི་ཡིག་ཆ་སྐོར།
༧༽2021ལོའི་ཡིག་ཆ་སྐོར།
༨༽(2022)ལོར་ཏོག་དབྱིབས་ནད་དུག་གི་རྐྱེན་བྱས་ཏེ་ཕྱོགས་ཕན་ཚུན་འགྲོ་བསྐྱོད་བཀའ་སྡོམ་བྱས་པས་ལོ་དེར་ལས་བསྡོམས་མེད།
༩༽2023-9-7རྒྱལ་རོང་འདམ་མདོ་དགོན་པའམ་དཔག་བསམ་ལྗོན་པའི་གླིང་དུ་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གསུམ་པ་ཚོགས་པའི་ཡིག་ཆ་སྐོར་སོགས་མདོར་ན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དབུ་འཛུགས་དུས་ཚོད། 2007-1-13སྣང་ཞིག་དགོན་ཆེན་དུ་སྟ་གོན་ཚོགས་འདུ་ཚོགས་པའི་ལོ་ནས་བཟུང་ད་བར་མི་ལོ་བཅུ་བདུན་ཙམ་ཕྱིན་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རེ་བཞིན་ཡིག་ཆ་ཁག་མ་འདྲེས་པར་གཅིག་ནི་ལོ་རེའི་ཡིག་ཆ་ཡིག་སྣོད་སོ་སོའི་ནང་དུ་བཞག་ཡོད་ལ། གཉིས་ནི་གཞུང་ལས་ཁང་གི་གློག་ཀླད་དང་གཡུད་ཕའང་ནང་དུ་བླུག་ནས་བཞག་ཡོད།
གསུམ་པ། ལོ་བརྒྱད་རིང་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱུང་སོང་ལྷག་གསུམ་གྱི་རྩིས་ཁྲའི་སྐོར།
༡༽ ༢༠༡༥ལོར་སྐབས་དང་པོའི་དངུལ་གཉེར་དང་རྩིས་པ་གཉིས་ཀྱིས་སྐབས་གཉིས་པའི་དངུལ་གཉེར་རྩིས་པ་གཉིས་ལ་སྒོར་ཁྲི་ཉེར་བཞི་དང་དངོས་རྫས་སོགས་རྩིས་འཕྲོད་བྱུང་བའི་རྩིས་ཁྲ་སྐོར།
༢༽མཉམ་འབྲེལ་ལྷན་ཚོགས་ཀྱི་བྱུང་སོང་ལྷག་གསུམ་གྱི་རྩིས་ཁྲའི་སྤྱི་ཆིང་།
༣༽ གཞུང་ལས་ཁང་ཉོ་བསྒྲུབ་ཆེད་དུ་བྱུང་སོང་སྐོར་གྱི་རྩིས་ཁྲི།
༤༽ 2016-8-19ཞི་བདེའི་སྨོན་ལམ་འབྲེལ་འཇོག་སྐོར་གྱི་ཐོ་ཡིག
༥༽ཁྲི་འཛིན་སོ་གསུམ་པའི་གདུང་འདབ་མཆོད་འབུལ་དང་སྐུ་གདུང་བཞེངས་འབུལ་གྱི་རྩིས་ཁྲ་སྐོར།
༦༽ 2017-2021ལོ་བར་་བཀའ་འགྱུར་ལས་གཞིའི་འགྲོ་གྲོན་རྩིས་ཁྲའི་སྐོར་བཅས་གཞུང་ལས་ཁང་དུ་རྩིས་པ་དང་དངུལ་གཉེར་གཉིས་ཟླ་བ་མང་པོའི་རིང་མཉམ་འཛོམས་ཐོག་ལོ་རེའི་རྩིས་ཁྲ་ཞིབ་བཤེར་བྱས་ཏེ་ལོ་རེའི་རྩིས་ཁྲ་ཁ་གསལ་བལྟ་བདེ་དང་ད་ཐེངས་རྩིས་སྤྲོད་ལེན་གྱི་ལས་ཀའི་གྲ་སྒྲིག་ཀུན་འགྲུབ་ནས་རྩིས་སྤྲོད་ལེན་བྱེད་ཆོག་ཆོག་གི་ལས་དོན་བསྒྲུབ་ཡོད་ལ། ལྷག་ཏུ་ལྷན་ཚོགས་ཀྱི་བྱུང་སོང་ལྷག་གསུམ་གྱི་རྩིས་ཁྲ་ཞིབ་གསལ་བལྟ་ཆོག་ཆོག་བཟོས་ཡོད་པས་ཚོགས་མི་ཚང་མས་ཞིབ་བཤེར་གནང་རོགས་ཞུ་རྒྱུ་མ་ཟད་རྩ་བའི་ཚོགས་པའི་རྩིས་ཁྲ་སྐོར་དྲུང་གཞོན་རིན་སྤུངས་ཚུལ་བསྟན་ལགས་ཀྱིས་གྲོས་ཚོགས་ལ་སྙན་ཞུ་འབུལ་རྒྱུ་ཡིན་པས་ཚང་མས་ཐུགས་དབུས་སུ་འཇག་རོགས་ཞུ་ཞུ།  ཚང་མར་ཐུགས་རྗེ་ཆེ་ཞུ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།