གཤེན་རབ་མི་བོའི་འཁྲུངས་གནས་ཡོན་ཏན་གྱི་ཡུལ་དབུས་རི་བོ་གངས་བཟང་པོའི་ར་བ་དང་དག་ཤ་དུང་སྒོའི་མཚམས་སྦྱོར།

[ཟླ་ཚེས། 2022-10-20 09:24:57][རྩོམ་པ་པོ། རྒྱ་སྒོམ་ཚུལ་ཁྲིམས་ཕུན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


གཤེན་རབ་མི་བོའི་འཁྲུངས་གནས་ཡོན་ཏན་གྱི་ཡུལ་དབུས་རི་བོ་གངས་བཟང་པོའི་ར་བ་དང་ཕེབས་ལམ་དག་ཤ་དུང་སྒོའི་མཚམས་སྦྱོར་བླང་དོར་གསལ་བའི་མེ་ལོང་།

  གཡུང་དྲུང་ཚེའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སྟོན་པའི་སྒྲོན་མེ་གཤེན་རབ་མི་བོ་ཆེ། །མི་ཡུལ་ཡོན་ཏན་ཡུལ་དབུས་འོལ་གླིང་གི །རི་བོ་གངས་བཟང་དབལ་སོ་ར་བ་ཡི། །ལོ་རྒྱུས་ཅུང་ཙམ་གླེང་ལ་གནང་བ་སྩོལ། །

  དེའང་གཤེན་རབ་མི་བོ་འཁྲུངས་གནས་ཡོན་ཏན་གྱི་ཡུལ་དབུས་རི་བོ་གངས་བཟང་པོའི་ར་བ་དང་སྟོན་པ་གཤེན་རབ་མི་བོ་ཕེབས་ལམ་དག་ཤ་དུང་སྒོ་དང་འབྲེལ་བའི་མཚམས་སྦྱོར་འགོད་པ་ལ། ༡ ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཏེ་ཡོན་ཏན་གྱི་ཡུལ་དབུས་རི་བོ་གངས་བཟང་པོའི་ར་བ་གཡུང་དྲུང་གསལ་བ་འོད་ཀྱི་གླིང་གི་ས་མཚམས་དང་། ༢ སྟོན་པ་གཤེན་རབ་མི་བོ་ཕེབས་ལམ་འབྲེལ་བའི་བྷ་དག་ཤན་གྱི་ཤར་གྱི་དག་ཤ་དུང་སྒོ་དང་ནུབ་ཀྱི་ལྕགས་སྒོའི་སྐོར། ༣ རི་བོ་གངས་བཟང་པོ་ལྷོ་ནུབ་ཀྱི་རྒྱུད་བྷ་དག་ཤན་དང་འབྲེལ་བའི་ལོ་རྒྱུས་བྱུང་རིམ་བཅས་ཡིན་ཞིང་འདིར་ལུང་མང་འདྲེན་པའི་སྤྲོས་པ་སྐྱུང་ཞིང་གལ་ཆེའི་ལུང་རིགས་གཉིས་ཀའི་ཐོག་ནས་རོབ་ཙམ་གླེང་བར་སྤྲོ་བ་ཡིན།

དང་པོ། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོན་ཏན་གྱི་ཡུལ་དབུས་རི་བོ་གངས་བཟང་པོ་གཡུང་དྲུང་གསལ་བ་འོད་ཀྱི་སྐོར།

  དེའང་སྤྱིར་ཞང་ཞུང་ཕུགས་པ་སྟག་གཟིག་འོལ་མོ་ལུང་རིང་གི་དམུ་རིགས་ཀྱི་རྒྱལ་པོ་ཐོད་དཀར་སྲས་པོ་སྟོན་པའི་སྒྲོན་མེ་གཤེན་རབ་མི་བོ་སྐྱེ་བ་བཞེས་སའི་ཡུལ་ལའང་། མདོ་འདུས་ལེའུ་ཉེར་གཉིས་པ་ལས། སྣང་མེད་ནམ་མཁའ་བོན་སྐུའི་ཞིང་། །འཛམ་གླིང་བྱེ་བ་ཕྲག་བརྒྱ་སྤྲུལ་སྐུའི་ཞིང་། །འོག་མིན་ས་བཅུའི་འོལ་མོའི་གླིང་། །སྐུ་གསུམ་ཞིང་ཁམས་བསམ་མི་ཁྱབ། །གཤེན་ཡུལ་འོལ་མོ་ལུང་རིང་ནི། །དཔག་ཚད་ལྔ་བཅུ་ཆུ་ཞིང་མཉམ། །གླིང་གཞི་རི་བར་ཚུལ་དུ་གྲུབ། །ལྷོ་འཛམ་བུ་གླིང་གི་ནུབ་བྱང་ནས། ཞེས་དང་། གླེང་གཞི་བསྟན་པའི་འབྱུང་ཁུངས་ལས། རིག་པ་མདའ་བསྣུན་ལས། འོག་མིན་དག་པའི་འོལ་མོ་ལུང་རིང་དང་། འདུས་མ་བྱས་པའི་འོལ་མོ་ལུང་རིང་དང་། འདུས་བྱས་འོལ་མོ་ལུང་རིང་དང་། ཞེས་གསུངས་པའི་ཕྱིར་རོ། །ཞེས་བྱུང་བས་འོག་མིན་ས་བཅུའི་འོལ་མོ་གླིང་སོགས་སྐུ་གསུམ་གྱི་ཞིང་ཁམས་ནི་བསམ་གྱིས་མི་ཁྱབ་པར་ང་ཚོས་བརྗོད་མཐའ་བྲལ་ཞིང་། འདུས་མ་བྱས་པའི་བྱས་པའི་འོལ་མོ་ལུང་རིང་ནི་མཁའ་སྤྱོད་དག་པའི་ཞིང་ཁམས་ལྟ་བུ་ཞིག་སྟེ་ས་ཐོབ་ཀྱི་སྐྱེས་བུ་རྣམས་ཀྱིས་སྤྱོད་ཡུལ་ཞིག་ལས་སོ་སྐྱེས་རྒྱུད་ཀྱི་མཐོང་ཡུལ་ཞིག་མིན་མོད། ཡིན་ནའང་འདུས་མ་བྱས་དག་ཞིང་གི་འོལ་ལུང་དང་འདུས་བྱས་ཀྱི་འོལ་ལུང་གཉིས་ཀ་མཉམ་དུ་ཡོད་པ་ལས་ཤར་ནུབ་འཛོལ་བ་ལྟ་བུ་སོ་སོར་ཡོད་པ་ཞིག་རྩ་ནས་མིན། མདོར་ན་འདུས་བྱས་ཀྱི་འོལ་མོ་ལུང་རིང་དེ་ས་གནས་གང་དུ་ཡོད་ན་འདུས་མ་བྱས་དག་ཞིང་གི་འོལ་མོ་ལུང་རིང་ཡང་དེར་ཡོད། དེ་ལྟར་ཡིན་པའི་རྒྱུ་མཚན་གྱིས་མདོ་དྲི་མེད་གཟི་བརྗིད་ལྟ་བུའི་དཔེ་ཆའི་རིགས་ལ་ཆ་བཞག་ན། འོལ་མོ་ལུང་རིང་སོགས་འདུས་བྱས་དང་འདུས་མ་བྱས་གཉིས་པོ་མཉམ་དུ་བསྲེས་པ་དང་དེ་བཞིན་དྲང་དོན་དང་ངེས་དོན་སོགས་མང་པོ་ཞིག་ནི་ང་ཚོས་སོ་སོར་ཐ་དད་དུ་དབྱེ་དཀའ། དེས་ན་གཏེར་དུ་མ་སོང་བའི་བོན་སྡེ་བཀའ་མ་རྒྱ་ཆེན་ཀུན་འབུམ་གོ་འབྱེད་རྩ་རྒྱུད་དང་། སྟོན་པའི་མཛད་མདོ་བསྡུས་པ་གྲགས་པའི་མདོ་འདུས་ལྟ་བུར་སྟོན་པ་གཤེན་རབ་འཁྲུངས་ཡུལ་འོལ་མོ་ལུང་རིང་སྐོར་ནི་དེ་ལ་གཞི་འཛིན་ཞིང་། དཔེ་ཆ་གཞན་དག་ཟུར་རྒྱན་བྱས་ཏེ་གླེང་ནས་དོད་མི་ཡུལ་འཇིག་རྟེན་དུ་སོ་སྐྱེས་གང་ཟག་གི་སྣང་ངོར་དུ་བྱུང་བའི་ཞང་ཞུང་འོལ་མོ་ལུང་རིང་གི་ལོ་རྒྱུས་ཡང་དག་ཅིག་གླེང་ཐུབ་སྙམ་པ་ཡིན། དེའང་ཀུན་འབུམ་གོ་འབྱེད་རྩ་བའི་རྒྱུད་ལེའུ་དྲུག་པ་ལས། བདག་ཉིད་དང་པོར་སྐྱེ་བ་བཞེས་པར་མཛད་དེ། གཡུང་དྲུང་གསལ་བའི་འོད་གླིང་ཞེས་ཀྱང་བྱ། སྟག་གཟིག་ཡུལ་གྱི་སྙིང་པོ་ཡོན་ཏན་ཀྱི་དབུས་ཞེས་ཀྱང་བྱ། གཤེན་ཡུལ་འོལ་མོ་ལུང་རིང་ཞེས་ཀྱང་བྱ། ཤམ་བྷ་ལའི་གནས་ཆེན་ཞེས་ཀྱང་བྱ། རི་བོ་གངས་བཟང་པོའི་ར་བ་ཞེས་བྱ་བ་དེ་ན། ཞེས་ཞལ་གསལ་བར་གསུངས་པའི་སྟོན་པ་གཤེན་རབ་མི་བོ་སྐྱེ་བ་བཞེས་སའི་ཡུལ་འདི་ནི། འཛམ་བུ་གླིང་གི་ས་ཚིགས་ཀྱི་ཡུལ་དབུས་ཏེ་ད་ལྟའི་གངས་ཏི་སེ། རི་བོ་སྤོས་རི་ངད་ལྡན། མ་པང་མཚོ་བཅས་ཏེ་གངས་རི་མཚོ་གསུམ་ནི་ཞང་ཞུང་རྒྱལ་ཁམས་ཀྱི་ལྟེ་བ། ཞང་ཞུང་སྲིད་པའི་རྗེ་ཁྲི་ཝེར་ལ་རྗེ་གསེར་གྱི་བྱ་རུ་ཅན་གྱི་བཞུགས་གནས་ཡིན་པ་དང་། དེ་ལྟ་བུའི་ཞང་ཞུང་སྲིད་པའི་རྗེ་བོ་ཁྲི་ཝེར་ལ་རྗེ་གསེར་གྱི་ཅན་གྱི་མངའ་ཁོངས་སུ་ཞང་ཞུང་ཕུགས་པ་འོལ་མོ་ལུང་རིང་། བར་པ་རྒྱ་མཁར་བ་ཆོད། ཞང་ཞུང་དངོས་ཀྱི་ཡུལ་ལའང་སྒོ་གོང་འོག་བར་གསུམ་ཡོད་པའི་ནང་ཚན། བྱང་ནུབ་དུ་ཞང་ཞུང་ཕུགས་པ་སྟག་གཟིག་འོལ་མོ་ལུང་རིང་ཞེས་བརྗོད་ཅིང་། དེར་དམུ་རིགས་སུ་གདུང་རྒྱུད་རྒྱལ་པོ་སྡེ་དྲུག་སྟེ་གཤེན་ཤག་ཧོས་དཔོ་རྒྱ་གཉན་བཅས་རྒྱལ་ཕྲན་དྲུག་གི་གཙོ་བོ།
  ༡ དེའང་དམུ་རིགས་གཤེན་ལྷའི་རྒྱལ་ཁམས་འོལ་མོ་གླིང་ཆེན་གྱི་ཡུལ་དབུས་ནི། དེའང་ས་ཚིགས་དང་བོན་ཚིགས་གཉིས་ཕྱེས་པའི་ཡོན་ཏན་གྱི་ཡུལ་དབུས་སམ་བོན་ཚིགས་ཀྱི་ཡུལ་དབུས་དང་། འོལ་མོ་ལུང་རིང་དང་འོལ་མོ་གླིང་ཆེན་ཞེས་དེ་ལ་ནང་ཚན་གཉིས་སུ་ཕྱེས་པའི་ས་གནས་དེ་ལ་འོལ་མོ་གླིང་ཆེན་ཏེ། དེའང་ཞང་ཞུང་ཕུགས་པ་འོལ་མོ་ལུང་རིང་ཞེས་པའི་མིང་འདོག་སའི་རྨང་གཞི་དེ་ནི་གངས་རི་མཚོ་གསུམ་ནི་འཛམ་བུ་གླིང་གི་དབུས་ཀྱི་ལྟེ་བར་བྱས་པའི་བྱང་ནུབ་ཆུ་བོ་སིན་དྷུའམ་སེང་གེ་ཁ་འབབ་བཞུར་རྒྱུན་གྱི་ཆུ་བོ་དང་ཆུ་ཕྲན་ཐམས་ཅད་དང་མཐར་ཆུ་འཇུག་ནི་སིན་དྷུའི་རྒྱ་མཚོ་མ་ཐུག་གི་བར་དེ་ལ་འོལ་མོ་ལུང་རིང་ཞེས་བརྗོད་པར་འདོད་པ་ཡིན། མདོ་འདུས་ལེའུ་གསུམ་པ་ལས། དེའི་ནུབ་བྱང་གཤེན་ཡུལ་འོལ་མོ་གླིང་། དཔག་ཚད་སྟོང་ཕྲག་བཞི་གནས་ཡོད། ཆུ་བོ་པཀྵུ་སི་འདུས་རབ་བཅད་དེ། རི་ནག་པོ་དགུས་བཅད་པའོ། །ཞེས་ཆུ་བོ་པཀྵུ་དང་སིན་དྷུ་དངོས་སུ་ངོས་འཛིན་བྱེད་ཐུབ་པ་དང་། རི་ནག་དགུ་འདུས་ལྷོ་ནས་བྱང་དུ་གྲལ་ལྟར་བསྒྲིགས་པ་ལྟར་མ་ཡིན་ཞིང་། འོལ་ལུང་གི་མཐར་ལྷོ་ནས་བྱང་དང་བྱང་ནས་ནུབ་ཏུ་རིམ་བཞིན་བསྐོར་བའི་ཚུལ་དུ་ཡོད་པར་སྙམ་སྟེ། ད་ལྟ་རི་ནག་དགུ་འདུས་ཀྱི་གྲལ་ངོས་འཛིན་བྱེད་ཐུབ་པའི་རི་བོ་དང་པོ་སྤོས་རི་ངད་ལྡན་དང་རི་བོ་བརྒྱད་པ་བ་དག་ཤན་ལ་དཔྱད་པས་ཤེས་སོ། །འོལ་ལུང་ལའང་བྱང་ནུབ་ཀྱི་རྒྱུད་ལ་གངས་ཀྱི་ར་བས་བསྐོར་བ་དེ་ལ་འོལ་མོ་གླིང་ཆེན་དུ་འབོད་པའི་སྐོར་ནི། གསོ་རིགས་ཐུགས་འབུམ་ལེའུ་དང་པོ་གླེང་གཞི་ལས། མི་མཇེད་པའི་འཇིག་རྟེན་གྱི་ཁམས་ལྷོ་འཛམ་བུ་གླིང་གི་མིག གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ཞེས་བྱ་བ། དབལ་སོ་གངས་ཀྱི་ར་བའི་ནང་དུ་ཆགས་སྟེ། ཞེས་དང་། རྫོགས་ཆེན་ཡང་རྩེ་ལས། འོལ་མོ་ལུང་རིང་གིས་ནུབ་ཕྱོགས་ན། །དཔག་ཚད་བརྒྱད་ཀྱི་དཀྱིལ་ན། །འོལ་མོ་གླིང་ཆེན་བྱ་བ་ཡོད། །ཞེས་གསུངས་པས་སོ། །མདོར་ན་དེ་ལྟར་དབལ་སོ་གངས་ཀྱི་ར་བས་བསྐོར་བས། གངས་དབལ་སོ་མདུང་རྩེའི་ར་བ། གངས་དབལ་སོ་ར་བ། དབལ་སོ་གངས་ཀྱི་ར་བ་སོགས་དེ་ལྟར་མིང་གི་རྣམ་གྲངས་ནི་བོན་གྱི་དཔེ་ཆ་ཁག་ཏུ་འཁོད་པ་ལྟར། རི་བོ་གངས་བཟང་པོའི་ར་བ་ཡོན་ཏན་གྱི་ཡུལ་དབུས་གཡུང་དྲུང་གསལ་བ་འོད་ཀྱི་གླིང་ངམ་འོལ་མོ་གླིང་ཆེན་ཞེས་བྱ་བའི་དམུ་རིགས་ཀྱི་ཡུལ་ནི། རྒྱ་ཆེན་ཀུན་འབུམ་གོ་འབྱེད་དུ། རྒྱལ་ས་བར་པོ་སོ་བརྒྱད་དང་ལ་ཉེ་བ། བར་ར་ཏི་དང་བར་ཏིའི་རྒྱལ་ཁམས་ཞེས་པ་དེ་ནི་དམུ་ཡི་རྒྱལ་པོ་ཐམས་ཅད་བཞུགས་ས། རྒྱལ་པོ་ཨ་ད་ར། རྒྱལ་པོ་ཐེམ་སྐས། རྒྱལ་པོ་ཐོད་དཀར་གྱི་ཕོ་བྲང་ཡིན་པ་སོགས་ཁ་གསལ་འཁོད་ཡོད་པས། བ་ར་ཏི། བར་ཏི། བལ་ཏི། སྦལ་ཏི་འབྲི་སྲོལ་མི་འདྲ་ཙམ་ལས་སྒྲ་གདངས་གཅིག་པ་ཙམ་མ་ཟད། རྫོགས་ཆེན་ཡང་རྩེ་ཀློང་ཆེན་ལས ། བླ་མ་སྙ་ཆེན་པོ་ལི་ཤུ་སྟག་རིངས་དེ། དགུང་ལོ་བརྒྱ་དང་བཅུ་གསུམ་དུས་ན། ཞང་ཞུང་སྨར་གྱི་ཡུལ་དུ་བྱོན་ནས། ཞེས་དང་། བླ་མ་ལི་ཤུ་ཉིས་བརྒྱ་ལྔ་བཅུ་ང་བརྒྱད་པའི་དུས་སུ། སྟག་གཟིག་ཡུལ་དུ་བྱོན། འོལ་མོ་ལུང་རིངས་སུ་ཚེ་དབང་ཐོབ་པའི་བླ་མ་ཀུན་འོད་རྒྱལ་པོ་དང་། དམུ་ཙ་ཏྲ་ཧེ་པེ་དང་། མུ་ཆོའི་གདུང་ཚབ་རྒྱལ་བ་དོན་གྲུབ་དང་གསུམ་ལ། དབང་བར་པོ་སོ་བརྒྱད་དུ་ཞུས་། ངོ་སྤྲོད་ཁྲི་སྨོན་རྒྱལ་བཞད་དུ་བཏབ། ལུང་རྣམས་ཤམ་པོ་ལྷ་རྩེར་གཏུགས། ཉམས་གཡུང་དྲུང་དགུ་བརྩེགས་རི་ལ་བསྐྱངས་ནས། བོན་གྱི་བཅུད་ཁྲི་ཕྲག་བཅུ་གཅིག བྱ་རྒོད་དང་། ཀང་ཀ་དང་། ཁྲུང་ཁྲུང་ལ་བཀལ་ནས། གྲོ་ཐེབས་ཙམ་གྱི་ཏི་ཙེར་བྱོན། དེ་ནས་བོད་ཡུལ་དབུས་སུ་བྱོན་ནས་བོན་སྤེལ་ལོ། །ཞེས་གསུངས་པས་སྙ་ཆེན་ལི་ཤུ་སྟག་རིང་གིས་གཡུང་དྲུང་དགུ་བརྩིགས་ན་བོན་རྣམས་བྱ་རྒོད་དང་། ཀང་ཀ ཁྲུང་ཁྲུང་ལ་བཀལ་ནས་གྲོ་ཐེབས་ཙམ་གྱི་རིང་དུ་བོད་ཀྱི་གངས་ཏི་ཙེ་ལ་བྱོན་པར། དེ་ལྟར་གྲོ་ཐེབས་ཙམ་ཞེས་པ་ནི་མགྲོན་པོའི་ཇ་ཚུགས་གཅིག་ཙམ་གྱི་རིང་ཡིན་ཞིང་ཇ་ཚུགས་གཅིག་གི་ཡུན་ནི་དེང་དུས་ཀྱི་ཆུ་ཚོད་ལྔ་དྲུག་གི་གཡས་གཡོན་དུ་འབབ་ཀྱིན་འདུག་པས་ཆུ་ཚོད་ལྔ་དྲུག་ཙམ་གྱི་རིང་དུ་ཁལ་བཀལ་བའི་བྱ་རྒོད་དང་། ཀང་ཀ། ཁྲུང་ཁྲུང་བཅས་འཕུར་ན་ས་ཐག་རིང་ཐུང་ག་ཚོད་སླེབས་པའམ་འཕུར་ཐུབ་མིན་དེ་ང་ཚོས་ཚོད་དཔག་བྱེད་རྒྱུ་ཡིན་པས། དེ་ལྟར་འོལ་མོ་ལུང་རིང་གི་གཡུང་དྲུང་དགུ་བརྩེགས་ནི་བོད་ཀྱི་གངས་ཏི་སེའི་ནུབ་ཏུ་ཧ་ཅང་ཉེ་མིན་རིང་མིན་ཞིག་ཏུ་ཡིན་པ་རང་བཞིན་གྱིས་རྟོགས་ནུས་པ་ཡིན། འདི་ལྟར་བྱ་རྒོད་དང་ཁྲུང་ཁྲུང་སོགས་ལ་ཁལ་བཀལ་ཞེས་བརྗོད་ནས་དངོས་གཙོ་སྨྲ་བ་དག་གིས་རྣ་བར་མི་འགྲོ་མོད་ཡིན་ནའང་དཔྱད་གཞིའི་རིན་ཐང་མེད་པ་ནི་ག་ལ་ཡིན། དེ་ལྟར་སྦལ་ཏི་ནི་ཕྱིས་སུ་ཞང་ཞུང་གི་མཁར་ལྔ་དང་རྫོང་དྲུག་གི་ནང་ཚན་སྦལ་ཏི་ཧྲང་རྫོང་ཞེས་འཁོད་པ་དང་། དེ་རྗེས་མངའ་རིས་སྐོར་གསུམ་གྱི་ནང་ནས། མཆིམ་མམ་ལི་དང་། བྲུ་ཤ། སྤལ་ཏི་གསུམ་སྐོར་གཅིག ཞེས་བྱུང་བས་དུས་ཕྱིས་བར་དུ་བོད་ཀྱི་མངའ་ཁོངས་སུ་གནས་ཡོད། དེ་ལྟར་རི་བོ་གངས་བཟང་པོའི་སྣོད་བཅུད་དེ་ད་ལྟའི་ས་ཆའི་ངོས་ལ་བཤད་ནས། རྩ་བའི་དབུས་ཁུལ་ནི་ཤིང་ཅང་དམུ་རི་དེལ་དཀར་གྱི་ལྷོ། ཨ་ཧྥུ་ཧན་གྱི་བྱང་ཤར་བྷ་དག་ཤན་ཟད་མཚམས། སྦལ་ཏི་སི་ཐན་དང་འབྲེལ་བའི་ཕ་སྨིར་མཐོ་སྒང་གི་སྦལ་ཏིའི་རྒྱུད་ལ་ངོས་འཛིན་བྱེད་པ་ཡིན། སོ་མཚམས་ཤར་དུ་ཕ་སྨིར་མཐོ་སྒང་གི་ལ་དྭགས་དང་འབྲེལ། བྱང་དུ་ཤིང་ཅང་གི་ཁུ་ལུན་རི་རྒྱུད་ཀྱི་ཕ་སྨིར་མཐོ་སྒང་དང་འབྲེལ། ནུབ་ཏུ་ཧྥ་ཤན་དང་ཐང་སན་ལམ་ཡིག་ལྟར་ན་ཐ་ཇིག་ཁེ་སི་ཐན་གྱི་གངས་རི་ཆེན་པོའམ་གར་མོ་རི་བོ(加尔莫山)སྤོས་ངད་རི་བོའམ་ལེ་ནིན་རི( 列宁峰)རྒྱུད་དུ་ཚཱུང་ལིའི་རི་བོའི་རྒྱུད་དང་འབྲེལ། ལྷོ་རུ་པ་ཀི་སི་ཐན་གྱི་རྒྱལ་ས་ཨི་སི་ལན་པོའི་བྱང་ངོས་དང་ཨ་ཧྥུ་ག་ནི་སི་ཐན་གྱི་བྱང་ངོས་དང་དེ་འབྲེལ་ཐ་ཇིག་ཁེ་སི་ཐན་ཡིན་པའི་ཆ་ནས་ཨ་རབ་པ་ཚོས་མཐོ་སྒང་དེ་དག་ལ་བྷ་དག་ཤན་ཞེས་འབོད་པ་དེ་དག་དང་འབྲེལ། ལྷོ་ཤར་ཁ་ཆེ་སྟེ་ཀ་ཤི་སྨིར་གྱི་བྱང་ངོས་བཅས་དེ་ལྟར་ཀ་ར་ཀོ་རོམ་གྱི་རི་རྒྱུད་ནི་རི་བོ་གངས་བཟང་པོའི་ར་བ་ཡོན་ཏན་གྱི་ཡུལ་དབུས་འོལ་མོ་གླིང་ཆེན་དུ་ཁོ་བོས་ངོས་འཛིན་བྱེད་པའོ། །

  ༢ ཤག་རིགས་གར་གསས་ཀྱི་ཡུལ་རྒྱལ་ས་གླིང་བཞི་ནི། མདོ་དྲི་མེད་ལེའུ་ཞེ་གཉིས་པ་ལས། ཆུ་བོ་ཆེན་པོ་གསེར་ལྡན་གྱི་འགྲམ། ཕྱིའི་གླིང་ཆེན་བཅུ་དྲུག་གི་བྱང་ཤར་གར་ཆེན་ཤག་གི་ཡུལ་ཞེས་བྱ་བ། རི་བོ་ཆེན་པོ་མ་ལ་ཡའི་རྩ་བ། རྒྱ་མཚོ་ཀ་དྷ་གླིང་གི་འགྲམ་ན། རྒྱལ་གྱི་ཕོ་བྲང་ཆེན་པོ་དང་ཞིང་ཁམས་ཡོད་དེ། ཞེས་སོགས་ཡུལ་ཁམས་ཀྱི་བཀོད་པ་གསལ་ཞིང་གཙོ་བོའི་ཆགས་ཡུལ། ༡ ཆུ་བོ་གསེར་ལྡན་ནི། འཛམ་གླིང་རྒྱས་བཤད་ལས། ཤུལ་དེར་གྲོང་པ་ཊ་ན་གསར་དུ་ཆགས་པ་ཡིན་ཀྱང་ཡུལ་དེ་ནི་མ་ག་དྷའི་ཆར་གཏོགས་ཡིན། གྲོང་ཁྱེར་དེའི་ནུབ་འགྲམ་བརྒྱུད་དེ་ཆུ་བོ་གསེར་ལྡན་ཏེ་དེང་སང་ཨན་ངྷ་ན་ཏི་ཟེར་བ་དང་། ཤར་འགྲམ་བརྒྱུད་དེ་ཆུ་བོ་ནེ་རཉྫ་ན་གཉིས་ལྷོ་ནས་བྱང་དུ་གངྒཱར་འབབ་པ་ལས། ཆུ་བོ་གསེར་ལྡན་དང་གངྒཱ་གཉིས་འདུས་མཚམས་དང་ཧ་ཅང་མི་རིང་སར་རི་བྲག་ཆུང་ངུ་ཞིག་གི་སྟེང་ན་རྡོ་ཁང་འགའ་རེ་ཡོད་པ་དེ་ནི་བྲི་ཀྲ་མ་ལ་ཤི་ལའི་ཤུལ་ཡིན་ཞེས་ཙརྱ་དག་ཟེར། །ཞེས་བྱུང་། ༢ རི་བོ་མ་ལ་ཡ་ནི་ཐང་སན་ལམ་ཡིག་ལས། དེ་ནས་ལྷོ་ངོས་སུ་རྒྱང་གྲག་སུམ་སྟོང་ཙམ་ཕྱིན་པ་ན་མ་ར་ཀུ་ཊའི་ཡུལ་ལོ། །ཞེས་ན། རྒྱ་མཚོ་དང་ཉེ་བས་རིན་པོ་ཆེའི་རིགས་མང་པོ་འདུ་ཞིང་ཚོགས་པ། ཞེས་དང་། གྲོང་ཁྱེར་གྱི་ཤར་ཕྱོགས་སུ་རི་མ་ལ་ཡ་ཡོད་དོ། །དེ་ནི་བགྲོད་དཀའ་བ་རྩུབ་པ་རྡོ་དང་གསེག་མས་གཏམ་པ་བྲག་ཕུག་ཟབ་མོ་དང་འགའ་ཞིག་སངས་ཐལ་དུ་ཡོད་པ། དེར་ཙནྡ་དང་ཙན་ད་ན་ཞེས་པའི་ཤིང་གི་ནགས་ཚལ་ཡོད་དོ། །ཞེས་པ་ནི་ད་ལྟའི་རྒྱ་གར་ལྷོ་ཕྱོགས་མ་ལ་ཀཱུ་ཊའི་ཡུལ་གྱི་ལྷོ་ཕྱོགས་སུ་ཡོད་པའི་རི་བོ་གྷ་ཏ་ལ་ཞེས་པ་དེ་ཡིན་པར་བརྗོད་ཅིང་། ཡུལ་ཁམས་དེ་དག་ནི་ད་ལྟའི་རྒྱ་གར་གྱི་ལྷོ་ཤར་གྱི་རྒྱུད་ལ་ཡིན། མདོར་ན་མདོ་དྲི་མེད་ཀྱི་དགོངས་དོན་ལྟར་ན་ལྷོ་ཤར་རི་བོ་མ་ལ་ཡ་དང་ཆུ་བོ་གསེར་ལྡན་རྒྱུད་ཀྱི་ཡུལ་དེ་གར་ཆེན་ཤག་གི་ཡུལ་ལ་ངོས་འཛིན་ཁ་གསལ་གནང་འདུག་ཅིང་། མཛད་མདོ་གཞན་དག་ཏུ་འོལ་མོ་ལུང་རིང་གི་ཞིང་བཀོད་ཀྱི་གྲལ་དུ་གར་གསས་ཤག་གི་ཡུལ་ཞེས་འཁོད་མེད་པས། འདི་ནི་གདུང་བརྒྱུད་རྒྱལ་པོ་སྡེ་དྲུག་གི་གྲལ་དུ་གར་གསས་ཤག་ཡུལ་བགྲང་པ་ཙམ་ལས། ཞང་ཞུང་འོལ་མོ་ལུང་རིང་གི་ཁོངས་སུ་གར་གསས་ཤག་ཡུལ་རྩི་གི་མེད་པར་ཤེས་དགོས། གཞན་དུ་ན་ཆུ་བོ་གསེར་ལྡན་ནི་བོད་ཀྱི་འབྲི་ཆུ་དང་ཆུ་འགོ་གཅིག་མཚོ་བྱང་མདོ་ལ་རྫོང་དུ་ཐུག་ཡོད་པའི་པཱ་པོའོ་ཧེ(八宝河)ལ་ཆུ་བོ་གསེར་ལྡན་དུ་འབོད་ཀྱང་གར་གསས་ཤག་ཡུལ་ནི་མ་ཡིན་ནོ། །

  ༣ ཧོས་རིགས་གསས་རྗེའི་ཡུལ་ཧོས་མོ་གླིང་དྲུག་ནི། མདོ་འདུས་ལས། ནུབ་ཕྱོགས་བྲམ་ཟེ་གཙང་མའི་གླིང་། ཆུ་བོ་གྱིམ་ཤང་ཕྱི་ནང་འབབ། གཡས་ན་བྲམ་ཟེ་ཧོས་མོ་གླིང་། རི་ནི་ཧོས་རུ་རྩེ་མཐོ་ཡོད། གཡོན་ན་འབྲི་མིག་དགུ་སྐོར་མཚོ་ཡི་གླིང་། སྟོན་པས་ཀླུ་ལ་བོན་བཤད་ས། ཞེས་དང་། བྱང་ཤར་ཧོས་མོ་གླིང་དྲུག་སྟེ། ཧོས་དང་བ་ཡིད་རིང་གནས། ཀུན་འབུམ་གོ་འབྱེད་ལས། བྱང་ཤར་ཧོས་མོ་གླིང་དྲུག་སྟེ། ཞེས་དང་། མི་ཡུལ་སྐྱི་འཐིང་གི་སྙིང་པོ། འོལ་མོ་ལུང་རིང་གི་བྱང་ཕྱོགས། རྟེན་ལ་མཚན་གསོལ་པ་ཤམ་པོ་ལྷ་རྩེ། ཡུལ་ལ་མཚན་གསོལ་པ་ཤམ་བྷ་ལའི་གནས་ཆེན། གནས་ལ་མཚན་གསོལ་པ་ཁྲི་སྨོན་རྒྱལ་བཞེད། ཅེས་དང་། བྱང་ཕྱོགས་ཤམ་པོ་ལྷ་རྩེ་ལ་ཉེ་བས། ཤམ་བྷ་ལའི་རྒྱལ་ཁམས་འབྱུང་བ་ཆུ་ལས་གྲུབ་པ་འཁོར་ལོའི་རིགས་སུ་སྤྲུལ་པའི་ཞིང་ཁམས། ཞེས་དང་། བྲམ་ཟེའི་རིགས་གཙང་མའི་ཡུལ་དེའི་གྲོང་ཁྱེར་ཆེན་པོ་སུམ་འབུམ། རྒྱལ་པོ་ཧོས་རིགས་རབ་ཏུ་འབྱུང་བ། ཞེས་བྱུང་ཞིང་ཧོས་ཡུལ་གྱི་སྐོར་ལ་ཕྱོགས་དང་ཆུ་བོའི་ཤོད་ཚུལ་མི་འདྲ་བ་ཏོག་ཙམ་འདུག་ཅིང་། དོན་དུ་འོལ་གླིང་གི་བྱང་མི་ཡུལ་སྐྱི་འཐིང་གི་སྙིང་པོ་ཆུ་བོ་གྱིམ་ཤང་གི་རྒྱུད་དུ་ངེས་པས། དེའང་ནུབ་ཏུ་རྨ་བྱའི་ཁ་ནས་ཆུ་བོ་གྱིམ་ཤང་འབབ། ཅེས་དང་། མདོ་འདུས་ལ་སི་ཏ་བྱང་ཕྱོགས་རྨ་བྱའི་ཁ་ནས་འབབ། ཅེས་དང་། གཟེར་མིག་ཏུ་གཡུང་དྲུང་གཙུག་གཤེན་རྒྱལ་ཧོས་དང་བ་ཡིད་རིང་གི་མཆོད་གནས་སུ་ཕེབས་པའི་སྐབས་སུ་ཆུ་བོ་གྱིམ་ཤང་ནག་པོ་དང་ཆུ་བོ་སེང་གྷ་ནག་པོ་ཞེས་རེས་མོས་འཁོད་པས། དེ་བཞིན་ཆུ་བོ་གྱིམ་ཤང་ནི་སྟོན་པ་དཀའ་ཐུབ་མཛད་སའི་འོལ་གླིང་ལུང་རིང་བྱང་ནུབ་ཟད་མཚམས་མེ་ཏོག་གླིང་། ཆུ་སེང་གའི་ཐིག་པ་རེ། ཞེས་སོགས་བྱུང་བ་ན་དེ་ལྟར་ཆུ་བོ་སི་ཏ་དང་ཆུ་བོ་སེང་གྷ་ཆུ་བོ་གྱིམ་ཤང་བཅས་ནི་ཆུ་ལག་གི་ཁྱད་པར་ཙམ་ལས་དོན་དུ་མིང་གི་རྣམ་གྲངས་ཡིན་པར་འདུག་ཅིང་ཆུ་བོ་གྱིམ་ཤང་ངམ་སི་ཏའི་སྐོར་ནི། ཐང་སན་ལམ་ཡིག་ལས། ཨུ་ཤའི་ཡུལ་དང་། དེའི་ལྷོ་ཤར་སིདྷིའི་ཀླུང་ཆེན་གཞོལ་བར། གྲོང་ཁྱེར་དེའི་ནུབ་བྱང་དུ་རི་བོ་ཆེན་པོ་ངོ་མཚར་གྱི་བཀོད་པ་ཡོད། རི་དེ་རྡོ་དབྱིབས་སྣ་ཚོགས་པ་དཀྱུས་མ་དང་མི་འདྲ་སྟེ། ཞེས་དང་། རྩེ་མོར་མཆོད་རྟེན་བཟོད་ཁྱད་དུ་འཕགས་ལྟ་བུ་དང་། ཞེས་སོགས་ནས་རི་དེར་སྟོན་པ་སངས་རྒྱས་འོད་སྲུང་གི་སྐབས་སུ་འགོག་སྙོགས་སུ་བཞུགས་པའི་སྐོར་སོགས་ཁོ་བོས་བྲིས་པའི་«ཐང་སན་བླ་མའི་ལམ་ཡིག་དང་འཛམ་གླིང་རྒྱས་བཤད་གྱི་དགོངས་པ་ལྟར་འཛམ་གླིང་གི་དབུས་ལྟེ་དང་ཆུ་བོ་ཆེན་པོ་བཞིའི་སྐོར»ཞེས་པ་དེར་བྲིས་ཡོད། མདོར་ན་ཆུ་བོ་སིདྷིའམ་སི་ཏའི་ཆུ་འགོ་ནི་སྦལ་ཏིའི་ནུབ་ངོས་ཕ་སྨིར་མཐོ་སྒང་ནས་འབབ་པའི་ཐའི་ཁུང་ན་ཕུའུ་ཆུ་བོའམ་རྨ་བྱ་ཆུ་བོ་དང་། ཡེ་འར་ཆང་ཆུ་བོ་སོགས་འདྲེས་ཏེ། ཤིང་ཅང་གི་ཡེ་ཁྲེང་དང་ཁ་ཧྲིའི་གཞུང་ན་གཤག་ཅིང་། ཤིང་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཁོངས་ཀྱི་ཆུ་བོ་དང་ཆུ་ཕྲན་ཡོད་ཚད་མཉམ་དུ་འདྲེས། མཐར་ཤིང་ཅང་གི་ཁོངས་སུ་ཡོད་པའི་པ་ཡིན་ཁོ་ལོ་སོག་རིགས་རང་སྐྱོང་ཁུལ་གྱི་བོ་སི་ཐངའོ་མཚོ་ནང་དུ་བབས་ཡོད། དེ་ལྟར་ཆུ་བོ་གྱིམ་ཤང་གི་ཆུ་བོ་དང་ཆུ་ཕྲན་དང་བཅས་པའི་རྒྱུད་ནི་ཧོས་མོ་གླིང་དྲུག་གམ་ཧོས་རིགས་གསས་རྗེའི་ཡུལ་ལ་ངོས་འཛིན་བྱེད་ཅིང་དེའི་གཡས་ན་བྲམ་ཟེ་ཧོས་མོ་གླིང་དང་ཧོས་རི་རྩེ་མཐོ་དང་། གཡོན་ན་འབྲི་མིག་དགུ་སྐོར་མཚོ་ཡི་གླིང་སྟོན་པས་ཀླུ་ལ་བོན་བཤད་ས་ཡོད་པར་གསུངས་སོ། །

  ༤ དཔོ་རིགས་གསས་རྗེའི་ཡུལ་ཁྲི་དང་འབྱམས་པ་ནི། ཀུན་འབུམ་གོ་འབྱེད་ལས། ལྷོ་ཤར་ཁྲི་དང་འབྱམས་པ་དང་། སྨན་འབུམ་ལ་ལྷོ་ནས་ཁྲི་དང་འཇམ་པ་དང་། མདོ་འདུས་ལ་ལྷོ་ན་ཡུལ་ཁྲི་ཏིང་འབྱམས་པ་རིན་ཆེན་སྤུངས་རི། གཡས་ན་སྨྲ་མི་གྲོང་བདུན། གཡོན་ན་ཕྲ་མོ་ཁྲི་འོད་སྡིག་ཅན་མི་དགུ་དྲངས་སའོ། །ཞེས་མདོ་དྲི་མེད་ལའང་དེ་དང་ཆ་མཐུན་པར་གསུངས། མདོར་ན་དཔོ་རྗེ་འབར་བའི་སྒྲོན་མའི་དབང་བསྒྱུར་ཡུལ་ཁྲི་དང་འབྱམས་པ་དེ་འོལ་གླིང་གི་ལྷོ་ངོས་བྷ་དག་ཤན་གྱི་རྒྱུད་ཅིག་ལ་ཡིན་ངེས་སུ་འདུག་ཀྱང་གསལ་བར་མ་ཤེས་པས་ཞིབ་པར་བརྗོད་མ་ཤེས་ཤིང་། མདོར་ན་ཞང་ཞུང་ཕུགས་བར་སོ་མཚམས་ཀྱི་ནང་ངོས་ཕུགས་པའི་ལྷོ་ངོས་ཤིག་ཡིན་ངེས་སོ། །

  ༥ རྒོད་གསས་རྒྱ་ཡི་ཡུལ་རྒྱ་ལག་འོད་མའི་གླིང་ནི། མདོ་འདུས་ལེའུ་ཉེར་གཉིས་པ་ལས། ཤར་ལྷོ་རྒྱ་ལག་འོད་མ་གླིང་། །རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་གནས། །ཞེས་རྒྱ་ལག་འོད་མ་་ཤར་ལྷོར་ཡོད་པར་གསལ་མོད་ལེའུ་བཅུ་གཅིག་པ་ལས། འོལ་མོ་ལུང་རིང་ནུབ་ཕྱོགས་སུ། ཡུལ་ནི་རྒྱ་ལག་འོ་མའི་གླིང་། ཞེས་དང་དེ་བཞིན་སྟོན་པའི་མཛད་མདོ་རྒྱས་བསྡུས་ཁག་དང་རྣམ་རྒྱལ་གཟུངས་ཆེན་དང་འབྲེལ་བའི་བོན་དཔེ་ཁག་ལས། རྒྱ་ཀོང་ཙེའི་ཡུལ་རྒྱ་ལག་འོད་མའི་གླིང་ནི་ནུབ་ཕྱོས་སུ་ཡོད་པར་གསུངས་པ་ནི་གཅིག་མཚུངས་སུ་ཡིན། མདོ་དྲི་མེད་ལྟར་ན་ད་དུང་རྒོད་རྗེ་རྒྱ་ཡི་ཡུལ་དུ་ཆུ་བོ་གྱིམ་ཤང་ཟེར་བའི་ཆུ་བོ་གཅིག་ཡོད་པར་གསལ། ཁོ་བོས་ནི་ཡུལ་རྒྱ་ལག་འོད་མའི་གླིང་ནི་བྷ་ལག་སྟེ་དེང་གི་ཐ་ཇིག་ཁེ་སི་སན་གྱི་རྒྱལ་ས་དྷུ་ཤན་བྷའི་རྒྱུད་ལ་ལྟེ་བ་བྱས་པའི་ཨུ་ཟ་བྷི་ཁི་སི་ཐན་གྱི་རྒྱུད་ལ་ངོས་འཛིན་བྱེད། འདིའི་སྐོར་བཤད་འགྱུར་དུ་ཐོ་གར་ཏེ་ཀུ་ཤ་ནའི་རྒྱལ་རབས་ཀྱི་སྐབས་སུ་གསལ། མདོར་ན་ཐོག་མར་རྒྱ་ལག་འོད་མའི་གླིང་ངམ་བྷ་ལག་ཅེས་དང་ཕྱིས་སུ་ཐོ་གར་གྱི་ཡུལ་ཞེས་འབོད་པར་སེམས། ད་དུང་རྒྱ་ལག་འོད་མའི་གླིང་ངམ་ཐོ་གར་གྱི་མངའ་ཁོངས་སུ་ཡོད་པའི་ཤ་ཀའི་ཡུལ་ཏེ། ད་ལྟ་སི་ཨེར་ཆུ་བོ(XierRier)འམ་ཨི་རིའི་གཙང་པོ་ཞེས་ཐ་ཇིག་ཁེ་སི་ཐན་གྱི་རྒྱལ་སའི་ཤར་འགྲམ་ནས་ནུབ་ཏུ་བབས་ཤིང་། ཨ་ལ་སི་ཁེ་རྒྱ་མཚོ་ལ་ཆུ་བོ་པཀྵུ་དང་མཉམ་པོར་འདྲེས་ཡོད་པ་དེའི་རྒྱུད་ཀྱི་ལུང་གཞུང་དུ། གནའ་བོའི་དུས་སུ་ཤ་ཀ(Saka)འི་མི་རིགས་སྡོད་གནས་ཡིན་ཞིང་མི་རིགས་དེས་སྤྱི་ལོ་གོང་གི་༨༩ཙམ་རྒྱ་གར་བཙན་འཛུལ་བྱས་པའི་སྐོར་སོགས་མཁས་དབང་ཁང་དཀར་གྱིས་གསུངས། དེ་ནི་གསོ་རིག་སྨན་འབུམ་གླེང་གཞི་ལས། བྱང་ནུབ་ཀ་ར་ཤ་ཀའི་ཡུལ་ལོ། ནུབ་ཏུ་རྒོད་རྗེ་རྒྱའི་ཡུལ། ཞེས་མཉམ་དུ་བྱུང་ཞིང་མདོ་དྲི་མེད་ལའང་ཀར་ཤ་ཀའི་ཡུལ་ཞེས་འཁོད་པར་དཔྱད་གཞིའི་རིན་ཐང་གལ་ཆེན་ཞིག དེ་ལྟར་ན་ཀ་ར་ཤ་ཀའི་ཡུལ་ནི་དེང་གི་ཧ་སག་སི་ཐན་གྱི་ལྷོ་རྒྱུད་ལ་ཡིན་ནོ། །

  ༦ གཉན་མཁའ་འགྱིང་གི་ཡུལ་སྣང་ལྡན་འབུམ་གླིང་དང་གཏོ་ཡུལ་འོད་མ་འབྱམས་སྐྱ་ནི། ༡ གོ་སྡེ་དང་ཁོད་པོ་སྐལ་བཟང་གཉིས་ཀ་ལས། འོལ་མོ་ལུང་རིང་གི་ཕྱོགས་བཞིའི་ཧོས་དཔོ་སོགས་ཡུལ་བཞི་བཤད་པའི་སྐབས་སུ། ནུབ་ཕྱོགས་ཨུ་རྒྱན་རྒྱལ་པོ་རྣམ་དག་དབང་གིས་གླིང་། ཞེས་དང་། རྒྱུད་དུང་ལོ་ལྗོན་པ་ལས། རི་གཡུང་དྲུང་དགུ་བརྩེགས་ཀྱི་ཕྱོགས་བཞི་ནས་ཆུ་བོ་ཆེན་པོ་བཞི་འབབ། ཞེས་དང་། ནུབ་ཕྱོགས་རྒྱལ་པོ་གཉན་གྱི་རིགས་ཀྱིས་བཟུང་། པད་མ་བརྩིགས་པའི་མཆོད་རྟེན་བརྒྱ་རྩ་བརྒྱད་རང་འབྱུང་དུ་ཡོད་པ། རི་ཡང་པད་མའི་དབྱིབས་སུ་ཡོད། བྲག་ཀྱང་པད་མའི་དབྱིབས་སུ་ཡོད། ཤིང་ཡང་པད་མའི་དབྱིབས་སུ་ཡོད། མི་ཡང་པད་མའི་དབྱིབས་སུ་སྐྱེའོ། །ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ཞེས་བྱ་བའོ། ཞེས་གསུངས་ཤིང་ཨུ་རྒྱན་དང་མཁའ་འགྱིང་གཉན་གྱི་ཡུལ་གཉིས་པོ་ནི་གཅིག་པ་ཡིན་པ་གསལ་བར་གསུངས་པ་ན། ཨུ་རྒྱན་གྱི་ཡུལ་ནི་ཆུ་བོ་པཀྴུའི་ལྷོ་བརྒྱུད་དེང་གི་ཨ་ཧྥུ་ག་ནི་སི་ཐན་གྱི་ཤར་རྒྱུད་དུ་ཡིན་པ་དང་། ༢ དེའི་བྱང་དུ་མཁའ་འགྱིང་གཉན་གྱི་གདུང་ལས་ཆད་ཅིང་སྡིག་ཅན་གཏོ་བུ་དོད་དེ་དང་གཏོ་ཡི་ཡུལ་འོད་མ་འབྱམ་སྐྱ་ནི་ཆུ་བོ་པཀྴུའི་འགྲམ་དུ་ཆགས་པར་གསལ་བར་གསུངས་པས་ཆུ་བོ་པཀྴུའི་རྒྱུད་ནི་ཨ་ཧྥུ་ག་ནི་སི་ཐན་དང་བྱང་དང་ཏུར་མན་སི་ཐན་གྱི་ཤར་བརྒྱུད་ལ་ཡིན་ཞིང་། དེ་ལ་མདོ་འདུས་སུ་གཏོ་བུ་འཁོར་བ་དྲངས་ས་ནི་ཡུལ་ཕྲ་མོ་གླིང་དྲུག་ཅེས་བྱུང་ཞིང་ཆུ་བོ་པཀྴུའི་ལྷོ་རྒྱུད་ལ་ངོས་འཛིན་བྱེད་ཅིང་དེང་གི་ཨ་ཧྥུ་ག་ནི་སི་ཐན་གྱི་ནུབ་རྒྱུད་དང་ཏུར་མན་སི་ཐན་གྱི་བྱང་ཤར་རྒྱུད་ལ་ཡིན་ངེས་སོ། །

  ༧ ཞར་བྱུང་འདིར་གལ་ཆེ་བ་ཞིག་ནི་བདུད་ཁྱབ་པ་ལག་རིང་གི་ཡུལ་མུན་པ་ཟེར་ལྡན་ཞེས་དེ་ནི། མདོ་གཟེར་མིག་ལས། གཟུགས་ཁམས་ལྷའི་ཐ་མ་ཚངས་རིས་ཀྱི་ཐད་ཀ་ནས་བྱང་ཕྱོགས་སུ་དཔག་ཚད་གཅིག་བརྒྱ་དང་བརྒྱད་ཀྱི་ཐད་ན། མུན་པའི་གཡུང་དྲུང་ཟེར་ལྡན་གྱི་རྒྱལ་ཁམས་བྱ་བ་ཡོད་དེ། མུན་པའི་དམག་ནག་འཁོར་ལོའི་ནང་ན། སྔོན་གྱི་སྨོད་པའི་དབང་གིས་བདུད་རྒྱ་ལག་ཐོད་རྗེའི་བུ། བདུད་ཁྱབ་པ་ལག་རིང་བྱ་བ་ཤིན་དུ་ཡང་མ་དགའ་བའི་སེམས་སྐྱེས་ཏེ། ཞེས་དང་། མདོ་དྲི་མེད་ལེའུ་སོ་བདུན་པ་ལས། གནས་མཆོག་འོལ་མོ་ལུང་རིང་གི། བྱང་ཤར་ཟད་མཚམས་མེ་ཏོག་གི་གླིང་ནས་དཔག་ཚད་བརྒྱ་དང་རྩ་བརྒྱད་མཚམས་ན། བདུད་ཡུལ་མུན་པའི་གླིང་ཆེན་བྱ་བ་ཡོད་དེ། ཞེས་དང་། མུན་པ་གཡུང་དྲུང་ཟེར་ལྡན་གྱི་གླིང་དེར་བདུད་རྗེ་རྒྱ་ལག་ཐོད་རྗེ་དང་དེའི་སྲས་བདུད་རྗེ་ཁྱབ་པ་ལག་རིང་གི་ཡུལ་དང་དེའི་ཕྱོགས་བཞིར་བདུད་རྒྱལ་བཞིའི་ཡུལ་མཚམས་བཞིར་བྱང་ཤར་ན་ལྟ་ཉན་མིག་རྣོན་རྣ་གསང་གི་གླིང་དང་། ལྷོ་ཤར་ན་ཤོར་བ་རྐྱ་བདུན་འཇབ་བུའི་གླིང་། ཞེས་བྱུང་བ་དང་བདུད་ཕྲུལ་ཤོར་བ་རྐྱ་བདུན་གྱིས་གཤེན་གྱི་རྟ་བདུན་རྐུས་པའི་སྐབས་སུ་ཁྱབ་པས་ཧོར་གེ་སར་དྲུག་ཁྲོམ་གྱི་དམག་གི་དཔུང་བསྐུལ་བའི་ཚུལ་གྱི་བྱུང་རབས་དེ་ལ་དཔྱད་ན། མདོར་ན་བདུད་རྗེ་ཁྱབ་པའི་ཡུལ་ནི་འོལ་མོ་ལུང་རིང་ཟད་མཚམས་བྱང་དང་བྱང་ཤར་གྱི་ཐག་དེ་ཙམ་མི་རིང་སར་ཡོད་ངེས་པས། དེ་ནི་དེང་གི་ཧ་སག་སི་ཐན་དང་སོག་པོའི་རྒྱུད་དེ་གནའ་བོའི་བྷ་དྷ་ཧོར་གྱི་རྒྱལ་ཁམས་ལ་ངོས་འཛིན་བྱས་ན་མི་འགྲིག་པ་མི་འདུག་སྟེ། མདོ་འདུས་ལེའུ་བཅུ་གཉིས་པ་ལས། གྲོགས་པོ་མ་བརྟགས་ལས་གྱི་དགྲ། ཧོར་ཕྲུག་ཤོར་བ་རྐྱ་བདུན་གྱིས། །སྟོན་པའི་རྟ་བདུན་ཁྱེར་ན་སོང་། །ཞེས་བདུད་ཕྲུག་ཤོར་བ་རྐྱ་བདུན་ནི་ཧོར་ཕྲུག་ཡིན་པ་གསལ་བར་གསུངས་པས་སོ། །དེ་ལྟར་འོལ་གླིང་གི་ཞིང་བཀོད་ཀྱི་སྐབས་སུ་སྟོན་པའི་མཛད་མདོ་ཁག་དང་བོན་གྱི་དཔེ་ཆ་ཁག་ལས་རྒྱལ་ཁམས་དང་ཡུལ་གྱི་ཆགས་ཚུལ་ཕྱོགས་མཚམས་ཀྱི་དབྱེ་ཚུལ་མི་འདྲ་བ་འགའ་ཞིག་འདུག་པས། གོང་གི་ཡུལ་ཁམས་དེ་དག་ནི་རྩ་བའི་ཆ་ནས་ད་ལྟ་ངོས་འཛིན་བྱེད་ཐུབ་པའི་ཆུ་བོ་དང་དེའི་འབབ་རྒྱུད་དང་། ཡུལ། རི་བོ་སོགས་ལ་གཞི་འཛིན་ཏེ་ངོས་འཛིན་བྱས་པ་ཞིག་ཡིན། ཡུལ་ཁམས་དེ་དག་ནི་དུས་རབས་མི་འདྲ་བ་དང་རྒྱལ་ཁམས་སོ་སོས་ཡུལ་ཁམས་དེ་ལ་མིང་གི་འཕོ་འགྱུར་དང་ས་ཁྱོན་ཆེ་ཆུང་སོགས་རྩི་ལུགས་མི་འདྲ་བ་མང་པོ་བྱུང་ཡོད་པ་ནི་མངོན་གསལ་ཞིག་རེད་འདུག་པས། འདི་ནི་ཁོ་བོས་དཔེ་མང་དཔྱད་སྡུར་བྱས་པའི་ཉིང་བཅུད་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པའི་སྒོ་ནས་འདོད་ཕྱོགས་ཤིག་ཡིན། འདིར་གདུང་བརྒྱུད་རྒྱལ་པོ་སྡེ་དྲུག་དང་འབྲེལ་བའི་ཡུལ་འགའ་ཤས་ངོས་འཛིན་བྱས་པ་ལས་ད་དུང་ཡུལ་མང་པོ་ཞིག་ངོས་འཛིན་བྱེད་ཐུབ་པར་འདུག་ཀྱང་ཡུལ་རེ་རེ་བཞིན་གྱི་ངོ་སྤྲོད་ནི་སྐབས་བབས་ཀྱི་གླེང་བྱ་མིན་པས་འདིར་ཞིབ་ཚགས་ཀྱིས་སྤྲོས་པ་སྐྱུང་བ་ཡིན་ནོ། །

  སྨྲས་པ། མཐོ་སྒང་བསིལ་ལྗོངས་སྣོད་བཅུད་བྱུང་བའི་ཚུལ། །མེས་པོའི་སྙིང་ནོར་དཔེ་ཧྲུལ་བཞུགས་པ་ལ། །ཤ་རུས་དེ་ལས་བྱུང་བའི་གངས་ཅན་པས། །ལོག་པར་མ་མཐོང་བདག་གིར་བཞེས་ཤིག་ཀྱེེ། །བར་སྐབས་ངལ་གསོ་བའི་ཚིགས་སུ་བཅད་པའོ། །


གཉིས་པ། སྟོན་པ་གཤེན་རབ་མི་བོ་ཕེབས་ལམ་འབྲེལ་བའི་དག་ཤ་དུང་སྒོའི་སྐོར།

  དེའང་སྤྱིར་རི་བོ་གངས་བཟང་པོ་ར་བ་དེ་གོང་གི་བར་ཏིའམ་སྦལ་ཏིའི་རྒྱུད་དུ་ལྟེ་བར་བྱས་པའི་ཕྱོགས་མཚམས་སུ་འགྲོ་ལམ་མམ་སྒོ་མང་པོ་ཡོད་པ་ནི་མངོན་གསལ་ཞིག་ཡིན་ནའང་། འདིར་བོད་ཀྱི་ལོ་རྒྱུས་ཁག་ཏུ་འཁོད་པའི་བྷ་དག་ཤན་གྱི་གངས་རྒྱུད་ཀྱི་ཤར་ངོས་ཟད་མཚམས་སུ་དག་ཤ་དུང་སྒོ་ཡོད་པ་དང་། ཡང་ནུབ་ངོས་ཟད་མཚམས་སུ་ཟོམ་ཤང་སྟེ་ལྕགས་སྒོ་ཞིག་ཡོད་པར་ཤེས་དགོས་རྒྱུ་ནི་གལ་ཆེན་ཞིག་ཡིན་ནོ། །

  ༡ དེའང་དག་ཤ་དུང་སྒོ་ནི། ཀུན་འབུམ་གོ་འབྱེད་དུ་སྟོན་པ་ཞང་ཞུང་དུ་ཕེབས་ལམ་ལ་ཞང་ཞུང་བར་པ་སྒོ་པའི་སྐོར་འཁོད་པ་དང་། མཛད་མདོ་གཟེར་མིག་ཏུ་སྟོན་པ་བོད་དུ་ཕེབས་ལམ་དུ་བོད་དང་སྟག་གཟིག་གི་སོ་མཚམས་དང་བོད་ཀྱི་ཆུ་བོ་བཞི་འདུས་ཀྱི་འགོ་བོ་དང་། རྩ་རྒྱུད་ཉི་སྒྲོན་དུ། དབལ་སོ་གངས་ར་ལ། རྟག་གཟིགས་ཡུལ་དང་ཞང་ཞུང་ཡུལ་གྱི་བར་དུ། འདོམ་གང་སྒོ་གཅིག་ཡོད། བར་དེར་གཅན་འཕྲང་མུན་གླིང་ཉིན་ལམ་དགུ་དགུ་ཡོད་པའོ། །ཞེས་དང་། བོད་དང་ཞང་ཞུང་རྟག་གཟིགས་གི་རུ་མཚམས། ཞེས་དང་། དབལ་སོ་གངས་ར་ན། ཞང་ཞུང་སྟག་གཟིག་ས་མཚམས་འདོམ་གང་སྒོ་གཅིག་ཡོད། དེའི་ཕར་ནང་ལྕགས་རི་ཆེན་པོ་ལ། ཉི་ཟེར་མདའ་ལམ་དྲང་བས་འདོམ་གསུམ་ཚད་གྱི་སྒོ། སྒོ་སྲུང་མི་སྡེ་དཔུང་བཅས་མང་པོ་བྱེད། དེའི་ཕར་ནང་མུ་ཁྱུད་བདལ་པའི་མཚོ། གཟིངས་ཆེན་ཤན་ལ་རླུང་གིས་བསྐྱོད་ནས་བགྲོད། དེའི་ཕར་ནང་འོལ་མོ་གཤེན་རབ་ཡུལ། བོད་འབངས་བདུད་འཁོར་འབངས་སུ་ཆད་དེ་ཕྱིན། ཁྱབ་པ་མ་འདུལ་སྤྱོད་ལམ་དུལ་ཚུལ་སྟོན། སྟོན་པས་བོད་ཁམས་འགྲོ་དོན་མཐར་ཕྱིན་ནོ། །ཞེས་སོགས་གསལ་བ་ལས་གོང་གི་དཔེ་ཆ་དེ་དག་ལ་དག་ཤ་དུང་གི་སྒོའི་སྐོར་འཁོད་མེད་མོད། མཛད་མདོ་དྲི་མེད་ལེའུ་སོ་དགུ་པ་ལས། གཤེན་ཡུལ་འོལ་མོ་ལུང་རིང་དང་། །དག་ཤ་དུང་སྒོ་ཡན་ཆད་དུ། །བདུད་ཀྱི་ཁ་བ་ཡས་མར་གཏིབས། ཞེས་དང་། བདུད་ཀྱི་རྫུ་འཕྲུལ་གྱིས་བསྐྱོད་ནས། བྱང་ནུབ་དག་ཤ་དུང་སྒོའི་གླིང་ཆེན་གྱི་འགྲམ་དུ་ཕེབས་སོ། །ཞེས་དང་། སྟོན་པའི་ཐུགས་ལས་ཉི་ཟེར་གྱི་མདའ་ལམ་དྲངས་ནས། བདུད་ཀྱི་ཁ་བ་ཡང་ཡས་མར་ཞུ་ནས། ཤར་ལྷོ་རྒྱ་མོ་མོ་ཁྲོམ་གླིང་ནས། དག་ཤ་དུང་གི་སྒོ་མོ་ལ་གཤེགས་སོ། །ཞེས་དང་། ཟ་ཧོར་དང་སྟག་གཟིག་སོ་མཚམས་སུ། དག་ཤ་དུང་གི་སྒོ་འགྲམ་དུ། རྒྱ་མཚོ་ཆེན་པོའི་དཀྱིལ་དུ། པདྨའི་སྡོང་པོ་སྐྱེས་སྟེ། བཀྲ་ཤིས་གྱིས་ས་རྟགས་སུ་བཞགས་སོ། །ཞེས་བྱུང་བས། དེའང་འོལ་གླིང་གི་ལྷོ་ཤར་གྱི་དག་ཤ་དུང་སྒོ་དེ་རྒྱ་མོ་མོ་ཁྲོམ་གླིང་ངམ་ཟ་ཧོར་དང་སྟག་གཟིག་སོ་མཚམས་སུ་ཡོད་པ་གསལ་བའི་ཟ་ཧོར་ཞེས་པ་དེ་ནི། ལོ་རྒྱུས་ཁག་ཏུ་ཟ་ཧོར་གྱི་མཁན་པོ་བོ་དྷི་ས་ཏོ་དང་ཇོ་བོ་རྗེ་ཨ་ཏི་ཤའི་ཕ་ཡུལ་བྷང་གྷ་ལའམ་མེང་ཅ་ལ་ངོས་འཛིན་པའི་ཟ་ཧོར་དེ་འདི་མིན་ཞིང་། འདི་ནི་བོན་གྱི་ལོ་རྒྱུས་རྣམས་སུ། ཐོ་གར་ཨོ་རྒྱན་བྲུ་ཤ་ཟ་ཧོར་ཡུལ་གྱི་རིག་འཛིན་མཁའ་འགྲོ་ཞེས་བྱུང་བའི་ཟ་ཧོར་ནི་རྒྱ་གར་གྱི་ནུབ་ཕྱོགས་སུ་ཟ་ཧོར་ཡོད་པར་གསལ་བ་དེ་ཡིན། དེས་ན་འདིའི་སྐབས་སུ་ཟ་ཧོར་ནི་སྔོན་གྱི་དུས་སུ་ཞང་ཞུང་བར་པ་རྒྱལ་མཁར་བ་ཆོད་དང་དེང་སྐབས་སུ་རྒྱ་གར་ཧི་མ་ཅལ་གྱི་མངའ་ཁོངས་གླང་ཆེན་གཙང་པོའི་ནུབ་ངོས་དང་། ཀ་ཤི་སྨིར་གྱི་ལྷོ་ཤར། པ་ཀི་སི་ཐན་གྱི་ཤར་ངོས་སེང་གེ་གཙང་པོའི་བར་དུ་ཡོད་པའི་ལ་ཧོར(Lahore)ཞེས་འབོད་པ་དེ་ཡིན། སྤུ་རྒྱལ་སྲོང་བཙན་སྐབས་ཀྱི་ཞང་ཞུང་ཁྲི་སྡེ་སྟོད་སྨད་ལ་སྟོད་ཀྱི་སྟོང་སྡེའི་ནང་ནས་བ་ག་སྟོང་བུ་ཆུང་ཞེས་པའི་ས་གནས་ཀྱང་འདི་ལ་ངོས་འཛིན་བྱེད། གོང་དུ་ཟ་ཧོར་དང་སྟག་གཟིག་སོ་མཚམས་ཟེར་མོད་དོན་དུ་ཞང་ཞུང་བར་པ་རྒྱལ་མཁར་བ་ཆོད་དང་ཕུགས་པ་སྟག་གཟིག་འོལ་གླིང་བར་གྱི་སོ་མཚམས་སུ་གོ་དགོས། རྒྱུ་མཚན་ནི་ཟ་ཧོར་ཞེས་པའི་ཐ་སྙད་དེ་ཅུང་ཙམ་ཕྱིས་སུ་ཡིན་པར་འདོད། དེའང་ཞང་ཞུང་བར་པའི་རྒྱལ་པོ་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་སྒྲུབ་གནས་མ་རྒྱུད་ཀྱི་གངས་ཆེན་རིགས་ལྔ་ནི། ཟ་ཧོར་གྱི་བྱང་དང་ཟངས་དཀར་གྱི་ལྷོ་དེའི་བར་ལ་ཡོད་ཅིང་། སྲིན་རྡོ་བར་སྣང་ནི་འདིའི་ཉེ་སྐོར་ལ་ཡོད་པ་ནི་ཁྱུང་སྤྲུལ་རིན་པོ་ཆེའི་རྣམ་ཐར་དང་། དེ་བསྟན་འབྱུང་སྐལ་བཟང་འགྲིན་རྒྱན་དུ་ཞང་ཞུང་བར་པའི་སྐོར་ཁ་གསལ་འཁོད་ཡོད། འདིར་བ་དག་ཤ་དུང་གི་སྒོ་མོ་ཁ་ཆེའི་རྒྱུད་ལ་ཡིན་པའི་སྒྲུབ་བྱེད་གལ་ཆེན་ཞིག་ནི། ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་ལས། དེ་ཡང་ལྷ་ནཱ་ག་ར་ཛཱས་ཁ་ཆེའི་ཡུལ་པ་དག་ཤ་དུང་གི་སྒོ་མོ་ནས་བཟོ་རིགས་མཁས་པ་མང་པོ་བོས་སྟེ། ཐུབ་པ་དག་ཤ་ནས་ཐོག་དྲངས་ལི་སྐུ་ཆེ་བ་རྣམས་དང་། ཞེས་འཁོད་པས་པ་དག་ཤ་དུང་གི་སྒོ་མོ་ཞེས་ས་གནས་གང་དུ་ཡོད་མིན་གྱི་སྒྲུབ་བྱེད་འདི་གཅིག་པུས་ཀྱང་ཆོག་འདུག གྲུབ་དབང་བསྟན་འཛིན་རིན་ཆེན་གྱི་རང་རྣམ་ལས། རོང་ཆེན་དེར་ཕྱིན་མཐའ་མི་ལམ་བརྒྱུད་ནས། སྔོན་ཚེ་སྟོན་པའི་བྱིན་གྱིས་བརླབས་པ་ཡིས། ལ་དྭག་དག་ཤ་དུང་གི་སྒོ་མོ་ཕྱིན། གར་ཤ་མཁའ་འགྲོ་མཚོ་མཆོག་པདྨ་མཇལ། གར་ཤ་མཁའ་འགྲོའི་གླིང་ཞེས་དེ་རུ་ཡང་། གར་ཤའི་འཕགས་པ་འགྲོ་བ་དྲུག་སྒྲོལ་ཞེས། གཙུག་ལག་ཁང་དང་ཀ་མ་རུ་པའི་བྲག དེ་ལ་རྒྱལ་བ་རྒྱ་མཚོའི་རང་བྱོན་པ། མི་ཚད་ལྡན་པའི་ཕྱག་ན་བུམ་ཆུ་འབབ། མཐའ་རུ་རིགས་དྲུག་གྲོང་ཁྱེར་ཆགས་ཚུལ་གྱིས། བསེ་རག་ཡི་དྭགས་ཁ་རུ་མངོན་འབེབ་འདུག སྔོན་གྱི་མཁའ་འགྲོའི་ཆགས་ཚུལ་བཀོད་པ་རྣམས། མཁའ་འགྲོའི་སྐུ་འདྲ་སྨང་ར་ཨག་ཙོམ་ཅན། མི་ཚད་ཙམ་ཡང་མང་དུ་མཇལ་རྒྱུ་འདུག མཚོ་མཆོག་པདྨ་ཅན་གྱི་བཀོད་པ་ནི། སྔོན་ཚེ་སངས་རྒྱས་སྟོན་པས་བྱིན་གྱིས་བརླབས་པའི་གནས། པདྨ་མེ་བྲག་ཞེས་བྱ་དེ་རུ་ཕྱིན། མཚོ་ཞིང་མདའ་རྒྱང་ཚད་དུ་མཐའ་ལ་ཡང་། ལྕགས་རིའི་སྐོར་ཞིང་ཕྱོགས་བཞིར་འཁོར་བ་ལ། གང་མཇལ་དེ་ལ་བྱིན་རླབས་ཞུ་ཆོག་འདུག ཅེས་གསུངས་པས་གྲུབ་དབང་མཆོག་གིས། མདོ་དྲི་མེད་དུ། དག་ཤ་དུང་སྒོ་དང་སྟག་གཟིག་དང་ཞང་ཞུང་གི་ས་མཚམས་སུ་པདྨ་མེ་བྲག་ལ། སྐུ་གསུམ་མེ་ལྷའི་དཀྱིལ་འཁོར་གསལ་བ། བཀྲ་ཤིས་ཤིས་པའི་ས་རྟགས་སུ་བཞགས་སོ། །ཞེས་པ་དེར་ཡོད་པའི་ངོས་འཛིན་གསལ་པོར་གནང་འདུག་པས་སོ། །མདོར་ན་སྟོན་པ་གཤེན་རབ་ཞང་ཞུང་ཡུལ་དབུས་སམ་བོད་དུ་ཚུར་ཕེབས་ལམ་ནི་འདི་ཡིན་པར་ངེས་ལ། ཤར་རྫ་ཅན་བདེ་ཆེན་ཞིང་སྨོན་གྱི་འགྲེལ་ལས། གངས་དབལ་སོ་ཅན་ལ་སྟོན་པ་གཙོ་འཁོར་ལྔ་བོད་དུ་བྱོན་པའི་ཤུལ་འདོམ་གང་ཙམ་གྱི་སྒོ་གཅིག་དོད་པ་ལ། བར་དེར་མུན་ལམ་གཅན་འཕྲང་དགུ་དགུ་ཡོད་པར་བཤད་པ་ནི་རིའི་ཁོང་སེང་ངོ་། འཛམ་གླིང་མཁས་པའི་རྒྱན་དྲུག་ལ་སོགས་རིག་འཛིན་ལོ་པཎ་རྣམས་ཀྱི་བོན་ཐམས་ཅད་ཀྱི་སྒོ་དེ་ལས་དྲངས་བའོ། །ཞེས་ཀྱང་བྱུང་བས་སོ། །དེ་བཞིན་ཆུ་བོ་སིན་དྷུའི་རྒྱུད་དུ་ལམ་འཕྲང་ཡོད་པ་དང་རྡོ་སྒོ་ཆེན་པོ་ཞེས་པ་ཞིག་ཡོད་པའི་སྐོར་ནི་ཀུང་མགོན་སྐྱབས་ཀྱི་བསྒྱུར་བའི་ཐང་སན་ལམ་ཡིག་ལས། གྲོང་ཁྱེར་མངྒ་ལ་ནས་བྱང་ཤར་མཚམས་སུ་རི་ཀླུང་འགའ་བརྒལ་བ་ན་སིན་དྷུའི་ཀླུང་འགྲམ་བརྒྱུད་དེ་འགྲོ་བའི་ལམ་ཤིན་ཏུ་བགྲོད་དཀའ་ཞིང་། སྐབས་འགའ་ཞིག་ལྕགས་ཐག་ལ་ཤིང་ལེབ་བཏགས་པ་དང་། སྐབས་འགའ་ཤིང་སྐམ་པོའི་ཡལ་ག་ལ་ཤིང་ལེབ་ཀྱི་ཐེམ་སྐས་བཏགས་པ། སྐབས་འགའ་ཤིག་ཏུ་ཤིང་རིང་པོའི་སྣེ་གཉིས་པ་ལ་བཙུགས་ཏེ་བར་སྟོང་བཞག་པའི་བར་དུ་ས་རྡོ་ཤིང་སོགས་ཅི་རིགས་པ་བཏགས་པ་ལ་ལམ་ཤིན་ཏུ་བགྲོད་དཀའ་བ་རྒྱང་གྲག་སྟོང་ཕྲག་གཅིག་ཕྱིན་པ་ན་ཐ་རི་ར་ཞེས་བྱ་བའི་ཐང་དུ་སླེབས་སོ། །ཞེས་ནས། ཐང་པོ་ཆེ་དེ་ལས་ཤར་དུ་སྔར་སྨོས་པ་བཞིན་བགྲོད་དཀའ་བའི་ལམ་རྒྱང་གྲག་ལྔ་བརྒྱ་ལྷག་ཕྱིན་པ་ན་བ་རུ་རའི(བྲུ་ཤ)ཡུལ་སླེབས་སོ། །ཞེས་སོགས་ཡུལ་རཀྵ་ཤི་ར་དང་། ཀླུའི་ཨེ་ལས་འདབ་ཀྱི་མཚོ། གཏེར་ཆེན་བཞི་འབྱུང་གནས། སིངྡ་ག་པཱུ་རའི་ཡུལ། དྲང་སྲོང་གོས་དཀར་ཅན་གྱི་ལོ་རྒྱུས་དང་ལྷ་ཁང་། དེ་ནས་ཆུ་ཀླུང་སིན་དྷུ་བརྒལ་ནས་ཤར་ལྷོའི་མཚམས་སུ་རྒྱང་གྲག་ཉིས་བརྒྱ་ཙམ་བརྒལ་བ་ན། རྡོ་སྒོ་ཆེན་ཆེན་པོ་ཞེས་བྱ་བར་སླེབས་སྟེ། དེ་ནི་སྔོན་བདག་ཅག་གི་སྟོན་པ་རྒྱལ་བུ་མ་ཧཱ་པརྤ་གྱུར་པ་ན་སྟན(སྟག)མོ་ལ་སྦྱིན་པར་བཏང་བའི་གནས་སོ། །ཞེས་བྱུང་བ་དང་དེ་བཞིན་ཧྥ་ཤཱན་ལམ་ཡིག་ཏུ་ཆུ་བོ་སིན་དྷུའི་བྲག་ལ་འཕྲེད་དུ་བཅད་པའི་ཐེམ་སྐས་བདུན་བརྒྱ་ལྷག་གི་འཕྲང་སོགས་ཀྱི་སྐོར་འཁོད་འདུག གོང་དུ་རྩ་རྒྱུད་ཉི་སྒྲོན་ལས། ཉི་ཟེར་མདའ་ལམ་དྲང་བས་འདོམ་གསུམ་ཚད་གྱི་སྒོ། སྒོ་སྲུང་མི་སྡེ་དཔུང་བཅས་མང་པོ་བྱེད། དེའི་ཕར་ནང་མུ་ཁྱུད་བདལ་པའི་མཚོ། གཟིངས་ཆེན་ཤན་ལ་རླུང་གིས་བསྐྱོད་ནས་བགྲོད། དེའི་ཕར་ནང་འོལ་མོ་གཤེན་རབ་ཡུལ། ཞེས་འཁོད་པའི་གཟིངས་ཆེན་བསྐྱོད་སའི་མུ་ཁྱུད་བདལ་བའི་མཚོ་ནི་རུ་ཐོག་གི་ཟོམ་ཤང་ལྕགས་མཚོ་སྟེ་སྤང་གང་མཚོ་ནས་ལ་དྭགས་ཤ་ཡག་གཙང་པོ་དང་འབྲེལ་སེང་གེ་ཁ་འབབ་ཀྱི་བཞུར་རྒྱུན་ལ་གོ་དགོས་པར་སེམས། དེས་ན་སྟོན་པ་གཤེན་རབ་ཕར་ཕེབས་ལམ་ནི་མཚོའམ་ཆུ་བོའི་རྒྱུད་དུ་གཟིངས་གི་ནང་དུ་བསྐྱོད་པར་གསལ་བས་སོ། །་

  ༢ བྷ་དག་ཤན་དང་དེའི་ནུབ་ངོས་སུ་ལྕགས་སྒོ་དང་ཟོམ་ཤང་གི་སྐོར་ནི། ཐང་སན་ལམ་ཡིག་ལས། དེ་ནས་ལྷོ་ནུབ་ཕྱོགས་སུ་རྒྱང་གྲག་ཉིས་བརྒྱ་ལྷག་ཙམ་བགྲོད་པ་ན་བྲག་འཇིགས་སུ་རུང་བ་ལམ་འཕྲང་དོགས་ལ་གྱ་གྱུ་ཅན་ཤིན་ཏུ་བགྲོད་དཀའ་བ་ཡོད་དོ། །ལྕགས་ཀྱི་སྒོ་ཞེས་ཟེར་བའི་རྒྱུ་མཚན་ནི། ཞེས་ནས། རྒྱ་ནག་གི་སྐད་དུ་ཐེ་མིན་སྟེ་ལྕགས་ཀྱི་སྒོ་གླེགས་སུ་གྲགས་པའི་ལམ་འཕྲང་དོགས་སོ། དེ་ཐོན་པ་ན་དྷུ་ཧྭ་ར(དུ་རུ་ཥྐ)སྟེ་ཐོད་དཀར(བྷོ་ལག)གྱི་ཡུལ་དེ་ནི་ལྷོ་བྱང་ངོས་སུ་ལེ་བར་ཆིག་སྟོང་ལྷག ཤར་ནུབ་ངོས་སུ་རྒྱང་གྲག་སུམ་སྟོང་ལྷག་པ་ཤར་དུ་བཙོང་ལ་ལ་བརྟེན་པ། ཞེས་གསལ་བས་བཙོང་ལའི་རི་བརྒྱུད་དམ་བྷ་དག་ཤན་གྱི་ནུབ་བརྒྱུད་དུ་ཐོད་གར་གྱི་ཡུལ་ལ་སྒོ་གཅིག་ཡོད་པ་ཁ་གསལ་འཁོད་ཀྱང་དག་ཤ་དུང་སྒོ་ནི་མ་ཡིན། །ཡིན་ནའང་རེ་འགས་སྟོན་པ་བོད་དུ་ཕེབས་ལམ་ནི་འོལ་གླིང་གི་བྱང་ནུབ་སྒོ་གཅིག་ཡོད་པ་དེ་ཡིན་པར་འདོད་ཅིང་དེ་ལྟར་སྣ་ཁ་མི་འདྲ་གཉིས་ལྟ་བུ་བཞེད་མཁན་ཡོད་ཅིང་དེ་ལྟར་བྱུང་དོན་ནི། མདོ་འདུས་དང་སྨན་འབུམ་སོགས་དེ་འབྲེལ་དཔེ་ཁ་ཁག་ལ་རྒྱ་མོ་མོ་ཁྲོམ་གླིང་ནི་ནུབ་ཕྱོགས་སུ་ཡོད་པར་ཁ་གསལ་འཁོད་པ་དང་། མདོ་དྲི་མེད་ལས། ཤར་ལྷོ་རྒྱ་མོ་མོ་ཁྲོམ་གླིང་ནས། དག་ཤ་དུང་གི་སྒོ་མོ་ལ་གཤེགས་སོ། ཞེས་མཉམ་དུ་བྱུང་བས་དག་ཤ་དུང་སྒོ་ནི་ནུབ་ཏུ་ཡོད་པར་འདུག་སྙམ་ཡོད་པ་འདྲ། དེ་ནི་དག་ཤ་དུང་སྒོ་ལྷོ་ཤར་ཟ་ཧོར་དུ་ཡོད་པ་དང་། བྱང་ནུབ་རྒྱ་མོ་མོ་ཁྲོམ་གླིང་དུ་ཡོད་པ་བཅས་གཉིས་ཀ་ཡོང་ཐབས་མེད་པ་ཞིག་ཞིང་དེ་ནི་དྲི་མེད་ལས་རྒྱ་མོ་མོ་ཁྲོམ་གླིང་ལྷོ་ཤར་དུ་བཞེད་པའི་རྐྱེན་གྱིས་འགོ་འཁྲུགས་པ་འདྲ། མདོར་ན་སྟོན་པ་ཕེབས་ལམ་ནི་ལྷོ་ཤར་དུ་ཡིན་པར་ངེས་སོ། །

  སྨྲས་པ། གནའ་བོའི་ལོ་རྒྱུས་རིན་ཆེན་ཚལ་ཆེན་དེར། །དྲང་ངེས་བརྗོད་ལ་དཔྱད་པར་མ་ཤེས་ན། །རིག་པ་དཔེ་ཐོག་ལུས་པའི་མི་བུ་ཚོ། །རིན་ཆེན་དམན་མཆོག་བྱུང་འདེབས་མ་ཤེས་མཚུངས། །ཞེས་ངལ་གསོ་བའི་ཚིགས་སུ་བཅད་པའོ། །

གསུམ་པ། རི་བོ་གངས་བཟང་པོའི་ལྷོ་ནུབ་ཀྱི་རྒྱུད་བྷ་དག་ཤན་དང་འབྲེལ་བའི་ལོ་རྒྱུས་བྱུང་རིམ་གྱི་སྐོར།

  ༡ གོང་དུ་བཤད་པ་ལྟར་རི་བོ་གངས་བཟང་པོའི་ར་བ་གཡུང་དྲུང་གསལ་བ་འོད་ཀྱི་གླིང་ངམ་འོལ་མོ་གླིང་ཆེན་ཞེས་འདི་དང་ཐོག་ཞང་ཞུང་ཁྲི་རྗེ་ཝེར་ལ་རྗེའི་སྐབས་སུ་སྟོན་པ་གཤེན་རབ་མི་བོ་ནས་བཟུང་ཀོང་ཚ་གཡུང་དྲུང་དབང་ལྡན་སོགས་དམུ་རིགས་གདུང་བརྒྱུད་ཀྱིས་དབང་སྒྱུར་ཞིང་ཞང་ཞུང་གི་མངའ་ཁོངས་སུ་གནས་ཤིང་། ཞང་ཞུང་སྟག་སྣ་གཟི་བརྗིད་རྒྱལ་པོའི་སྐབས་སུ་ཁོང་གི་སྲས་སྐལ་སྙ་ཆེན་ལི་ཤུ་སྟག་རིང་གིས། བོན་གྱི་བསྟན་རྩིས་ཀུན་ཡོངས་གྲགས་ལྟར་སྤྱི་ལོའི་གོང་ལོ་༥༥༢ལོར་སྟག་གཟིག་འོལ་མོ་ལུང་རིང་གི་གཡུང་དྲུང་དགུ་བརྩེགས་ནས་བོན་སྡེ་ཁྲི་ཕྲག་གདན་དྲངས་ཤིང་ཞང་ཞུང་དང་བོད་ཡུལ་རྒྱ་ནག་སོགས་ལ་སྤེལ་བ་དང་། དེ་ནས་སྤྱི་ལོའི་གོང་ལོ་༥༣༠གཡས་གཡོན་དུ་སྟག་གཟིག་བཙན་རྒྱལ་གྱིས་ཞང་ཞུང་ལ་བཙན་འཛུལ་བྱས་ཀྱང་། ཞང་ཞུང་སྒོ་ཕུགས་བར་གསུམ་གྱི་ལྷ་དང་དམག་གིས་སྟག་གཟིག་ཁྲི་ཏོ་རྒྱལ་པོའམ་ཁུ་རུ་སི་ཆམ་ལ་ཕབ་པའི་སྐོར་ནི་གེ་ཁོད་ཀྱི་སྒྲུབ་སྐོར་ནང་དུ་གསལ་བ་ལྟར་ཁོ་བོས«;ཞང་ཞུང་གཟི་བརྗིད་རྒྱལ་པོའི་སྐབས་སུ་སྟག་གཟིག་བཙན་འཛུལ་བྱས་པའི་སྐོར་ལ་རོབ་ཙམ་གླེང་བ» ཞེས་བཀོད་ཡོད་པས་དེར་གཟིགས། མི་རེ་འགས་སྟག་གཟིག་འོལ་མོ་ལུང་རིང་ཞེས་བརྗོད་པའི་སྐབས་སུ་སྟག་གཟིག་བཙན་རྒྱལ་ལ་གོ་བ་ལེན་དགོས་པ་ཨ་ཡིན་ན་སྙམ་མཁན་ཡོད་པར་འདུག་སྟེ་དེ་ནི་བོན་གྱི་དཔེ་ཆ་རྒྱུས་མངའ་མེད་པའི་སྐྱོན་དུ་རེད། དེའི་གཉིས་ནི་ཡུལ་ཁམས་སོ་སོར་ཡིན་པ་བོན་དཔེ་ཁག་ལས་ཁ་གསལ་འཁོད་ཡོད་ཅིང་། དེ་ལྟར་ཞང་ཞུང་ཕུགས་པ་སྟག་གཟིག་འོལ་གླིང་དང་སྟག་གཟིག་བཙན་རྒྱལ་གཉིས་སོ་སོར་ཡིན་ཞིང་དེ་ཐ་དད་དུ་དབྱེ་མ་ཤེས་ན་ལོ་རྒྱུས་འཆད་ཐབས་མེད་དོ། །སྤྱིར་ཞང་ཞུང་སྒོ་ཕུགས་བར་གསུམ་དར་ཞིང་རྒྱས་སྒང་ཏེ་ཡང་རྩེར་སླེབས་པའི་དུས་ནི་སྟོན་པ་གཤེན་རབ་དང་དུས་མཉམ་པའི་སྲིད་པའི་རྗེ་ཁྲི་ཝེར་ལ་རྗེ་གསེར་གྱི་བྱ་རུ་ཅན་གྱི་སྐབས་ནས་སྲིད་པའི་རྗེ་སྟག་སྣ་གཟི་བརྗིད་རྒྱལ་པོ་བར་དུ་ཡིན་པ་ཁོ་བོས་འདོད་པ་ཡིན། དེའི་བར་དུ་མ་མཐའ་ཡང་ལོ་གཅིག་སྟོང་ལྷག་ཟིན་ཡོད། དེའི་རྗེས་སྟག་གཟིག་བཙན་རྒྱལ་དྷི་ར་སི་ཁྲི་རབས་ཀྱི་སྐབས་དང་། ཨེག་ལེག་སཎ་རྡར་གྱི་སྐབས་དང་། རྒྱ་གར་རྨ་བྱའི་རྒྱལ་རབས་ཀྱི་སྐབས་དང་། ཤ་ཀ་དང་པར་ཐི་ཨ་མི་རིགས་ཀྱིས་སྔ་ཕྱིའི་བཙན་འཛུལ་སྐབས་སུ་ཞང་ཞུང་གི་མངའ་ཁོངས་ཞང་ཞུང་བར་པའི་ས་ཆ་མང་དག་ཅིག་ཤོར་བ་དང་། ཞང་ཞུང་ཕུགས་པ་སྟག་གཟིག་འོལ་གླིང་གི་བྷ་དག་ཤན་དང་འབྲེལ་བའི་ས་ཆ་འགའ་ཤས་ཁོ་ཚོས་བཟུང་ཡོད་པར་འདུག་ཀྱང་གངས་བཟང་པོའི་ལྟེ་བའི་ཁུལ་དུ་འཛུལ་ཡོད་པའི་ལོ་རྒྱུས་ཁུངས་དག་ཅིག་མ་མཐོང་། །དེ་ནས་བཟུང་ཞང་ཞུང་ཉམས་འགོ་བཙུགས་ཤིང་མཐོ་སྒང་བསིལ་མོའི་ལྗོངས་འདིར་རྒྱལ་ཕྲན་སིལ་མ་བཞི་བཅུ་སོགས་རྒྱལ་ཕྲན་མང་པོ་ཞིག་གྱེས་པ་ཞིག་མིན་ནམ་སྙམ་པ་ཡིན། །ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་ཞང་ཞུང་དར་ཞིང་རྒྱས་སྒང་ནི་སྲོང་བཙན་དུས་མཉམ་གྱི་ལིག་མི་རྐྱ་ལྡེའུ་སྐབས་སུ་ཡིན་པར་འདོད་མོད་དེ་ནི་དར་ཞིང་རྒྱས་སྒང་མ་ཡིན་ཞིང་འཇུག་སྒྲིལ་སྒང་ཡིན་པ་ལོས་ཀྱང་ཤེས་སོ། །

  ༢ ཐོ་གར་ཏེ་ཀུ་ཤ་ནའི་མི་རིགས། དེའང་རི་བོ་གངས་བཟང་པོའི་ནང་དུ་འཛུལ་མཁན་ཐོག་མར་ནི་ཐོ་གར་ཏེ་ཀུ་ཤ་ཎའི་མི་རིགས་དེ་ཡིན་པ་འདྲ། །ཐོ་གར། ཀུ་ཤ་ན། ཡུའུ་ཧྲི(月氏)མིང་གི་རྣམ་གྲངས་སུ་འདོད། དེའང་ཁོ་བོས་ལྟར་ན་ཀུ་ཤ་ནའི་མི་རིགས་ནི་ཐོ་གར་ན་ཡིན་པ་དང་དེའི་ཁུངས་ནི་དམུ་རིགས་གདུང་རྒྱུད་རྒྱལ་པོ་སྡེ་དྲུག་གི་ནང་ཚན་རྒྱ་ཡི་རྒྱལ་པོ་ཀོང་ཙེ་འཕྲུལ་རྒྱལ་དང་འབྲེལ་བའི་མི་བརྒྱུད་ཀྱི་མངའ་ཁོངས་སུ་ཡིན་པར་འདོད་ཅིང་། ཁོ་ཚོའི་གནས་ཡུལ་ཐོག་མར་གནས་ཡུལ་ནི་འོལ་མོ་ལུང་རིང་གི་ནུབ་ཕྱོགས་ཡུལ་རྒྱ་ལག་འོད་མའི་གླིང་ཞེས་པ་ནི་དེང་གི་ཐ་ཇིག་ཁེ་སི་སན་གྱི་རྒྱལ་ས་དྷུ་ཤན་བྷ་ལྟེ་བར་བྱས་པའི་རྒྱུད་ལ་ངོས་འཛིན་བྱེད་ཅིང་། གནའ་དུས་སུ་དེའི་ཚོ་པ་ཁག་གཅིག་ཤར་དུ་གྱེས་ཏེ་ག་ཅུ་རྒྱ་ཡི་ཡུལ་ཞེས། དེང་གི་ཀན་སུན་གྱི་ཏུན་ཧོང་རྒྱུད་ལ་གནས་གཞི་བཅས་པར་ཀོང་ཙེ་འཕྲུལ་རྒྱལ་གྱི་གདུང་རྒྱུད་ཕྱི་མའི་དབང་བསྒྱུར་ཡུལ་གནའ་བོའི་ག་ཅུ་རྒྱའི་ཡུལ་ཞེས་པ་དེ་ཡིན། ཀོང་ཙེ་མི་བརྒྱུད་ཀྱི་ཚོ་པ་དེ་དག་ཤར་དུ་གྱེས་དོན་ནི་ཁོ་བོས་དཔྱད་ནས། སྟག་གཟིག་བཙན་རྒྱལ་དྷི་ར་སི་ཁྲི་རབས་ཀྱི་སྐབས་སུ་བཙན་འཛུལ་བྱས་རྐྱེན་གྱེས་དགོས་བྱུང་བ་ཞིག་མིན་ནམ་སྙམ། རྒྱུ་མཚན་ནི་ཞང་ཞུང་སྟག་སྣ་རྒྱལ་པོའི་སྐབས་སུ་སྟག་གཟིག་རྒྱལ་པོ་ཁུ་རུ་སི་ཆམ་ལ་ཕབ་ཅིང་ལྷའི་རྟེན་མཁར་འོག་ཏུ་གནན་རྐྱེན་དུ། སྟག་གཟིག་བཙན་རྒྱལ་དྷི་ར་སིའི་སྐབས་སུ་དགྲ་ཤ་བླངས་ཏེ་ཁོ་ཚོ་ཡུར་གྱར་དུ་འགྲོ་དགོས་བྱུང་བ་ཞིག་མིན་ནམ་སེམས། ཐོ་གར་རམ་ཀུ་ཤ་ནའི་མི་རིགས་ནི་ཀོང་ཙེའི་མི་བརྒྱུད་ཡིན་པའི་སྒྲུབ་བྱེད་ནི། བོན་གྱི་ལོ་རྒྱུས་སུ་ཀོང་ཙེའི་རྒྱལ་བརྒྱུད་ནི་རྒྱ་དཀར་ནག་རྒྱལ་པོར་གྱེས་པའི་ལོ་རྒྱུས་ཡོད་པ་དང་། ཀོང་ཙེའི་མི་རྒྱུད་ཀྱིས་དབང་བསྒྱུར་ཡུལ་ག་ཅུ་རྒྱ་ཡུལ་ཞེས་པའི་ཡུལ་དེ་ཡུའུ་ཧྲིའི(月氏)མི་རིགས་ཀྱི་གནས་ཡུལ་ས་ཆ་གཅིག་ཏུ་ཡིན་པ་མ་ཟད། ཀུ་ཤ་ན་སྟེ་ཐོ་གར་གྱི་རྒྱལ་རབས་ཀྱི་སྐབས་སུ་ཀོང་ཙེ་འཕྲུལ་རྒྱལ་སེམས་དཔའི་ཆས་ལུགས་ཅན་མང་པོ་བཞེང་སྲོལ་དར་ཡོད་པ་སོགས་སྒྲུབ་བྱེད་མང་དག་ཅིག་ཡོད་ཀྱང་གནས་སྐབས་འདིར་ཡིག་ཚོགས་མང་དོག་ཅིང་འཇོག་པ་ཡིན། ཡང་མི་རིགས་དེ་ཕྱིར་རྗེས་ཐོ་གར་དུ་ལོག་པའི་སྐོར་ནི། ཐོ་གར་བ་དང་། སོག་པོ་སྟེ་ཞུང་ནུ་མི་རིགས་ཀྱི་བར་ལ་འཐབ་འཁྲུག་མང་པོ་རྒྱབ་པའི་མཐར། ཐོ་གར་བ་ཕམ་སྟེ་མི་རིགས་དེ་སྤྱི་ལོའི་གོང་ལོ་༡༢༩ཙམ་ལ་ཡང་ཕྱི་རྗེས་ནུབ་ཏུ་གནས་སྤོ་བྱས་ཏེ་ཕ་སྨིར་མཐོ་སྒང་བྱང་ངོས་རྒྱུད་ཅིང་ཆུ་བོ་པཀྵུ་སྟེ་ཨོག་སོ་གཙང་པོའམ(Oxus)ཨ་མུན་གཙང་པོ་བྱང་ཕྱོགས་ཀྱི་བྷག་ཏྲི་ཞེས་པའི་ཡུལ་དུ་གཞིས་བཅས་ཤིང་མི་སྡེ་ཚོ་པ་ལྔ་གྱེས་པ་དང་། དེའི་ནང་ཚན་ཀུ་ཤ་ནའི་མི་རིགས་དེ་ནུས་ཤུགས་ཇེ་རྒྱས་སུ་ཕྱིན་ཏེ་ས་ཆ་དེར་གནས་པའི་བྷག་ཏྲི་ཨ་དང་། ཤ་ཀ། པར་ཐི་ཨ་མི་རིགས་བཅས་དབང་དུ་བསྡུས་ཏེ་རྒྱལ་ཁབ་བཙུགས་པའི་ཚུལ་ནི་མཁས་དབང་ཁང་དཀར་མཆོག་གིས་གསུངས། ས་ཆ་དེ་ནི་བོད་ཀྱི་ལོ་རྒྱུས་ཁག་ཏུ་གསལ་བའི་ཐོ་གར་ཞེས་པ་དེ་ཡིན་པས་ཀུ་ཤ་ནའི་རྒྱལ་ཁབ་ཅེས་པ་འདི་ལ་བོད་སྐད་དུ། ཐོད་གར། ཐོད་དཀར། ཐོ་གར། ཐོ་དཀར་ཞེས་སོགས་འབྲི་ལུགས་མི་འདྲ་བ་འགའ་ཞིག་ཡོད། བོད་ཀྱི་ལོ་རྒྱུས་ཁག་ཏུ་ཡུལ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་བོད་ཀྱི་ཤར་མཐར་རྒྱ་མོ་ཁྱི་ཁྱོ་དང་ཐོད་གར་ཡོད་པའི་ཚུལ་གསལ་བས། དོན་དངོས་སུ་དེ་ནི་ཐོ་གར་བའི་གནས་སྤོའི་རྒྱུད་རིམ་ཞིག་ཡིན་པར་ངེས་ཤིང་། རྒྱ་ནག་གི་ལོ་རྒྱུས་སུ་བྱེས་དེར་ཀུ་ཤ་ནའི་རྒྱལ་ཁབ་ལ་ཏཱ་ཡུའུ་ཧྲི(大月氏)དང་། ཏུན་ཧོང་དུ་གཞིས་སྡོད་ལ་ཡུའུ་ཧྲི(月氏)ཞེས་བྱུང་བས། དེ་ལྟར་ཡུལ་དེ་ཤར་ནུབ་གཉིས་སུ་བྱུང་བ་ལྟར་ལོ་རྒྱུས་ཁག་ཏུ་ཐོ་གར་ནི་ཤར་དང་ནུབ་གཉིས་ཀ་ལ་ཡོད་པར་བཤད་པའི་རྒྱུ་མཚན་དེས་བྱས་པར་འདོད། གང་ལྟར་ཡང་ཐོད་གར་ཏེ་ཀུ་ཤ་ནའི་རྒྱལ་ཁབ་ཀྱིས་ཕ་སྨིར་མཐོ་སྒང་གི་ནུབ་རྒྱུད་ཚང་མ་དབང་དུ་བསྡུས་ཤིང་དུས་རབས་དང་པོའི་དུས་འཇུག་ཏུ་རྒྱལ་གར་གྱི་ནུབ་བྱང་ཕར་ཆེར་བ་དེ་དབང་དུ་བསྡུས་པས། ཀུ་ཤ་ནའི་རྒྱལ་རབས་དང་རྒྱལ་པོ་ཀ་ནི་ཤྐ་ནི་རྒྱ་གར་གྱི་རྒྱལ་རབས་དང་རྒྱལ་པོའི་ཁོངས་སུའང་རྩིས་ཡོད། དོན་དངོས་སུ་ཀུ་ཤ་ནའི་རྒྱལ་རབས་ཞེས་པ་དེ་ཐོ་གར་བ་ཞིག་ལས། དེ་ལྟར་རྒྱ་གར་གྱི་རྒྱལ་རབས་ཤིག་མིན་པ་ནི་ཟུར་བསྟན་ལེབ་མཐོང་ཡིན་པས་རྒྱ་གར་གྱི་ཁོངས་སུ་བགྲང་ཐབས་མེད། དེ་བཞིན་ཀུ་ཤ་ནའི་རྒྱལ་རབས་སྐབས་སུ་དེའི་མངའ་ཁོངས་ཀྱི་དགེ་འདུན་པས་ཕ་སྨིར་མཐོ་སྒང་ནས་ཐེག་པ་ཆེན་པོའི་གྲུབ་མཐའ་ཁྱེར་ཏེ་རྒྱ་ནག་ཧན་ཤར་མའི་སྐབས་སུ་དྲ་སྤེལ་བ་ནི་དོན་དངོས་ཀྱི་ལོ་རྒྱུས་ཤིག་ཡིན། དེའི་སྐབས་སུ་རྒྱ་གར་དུ་ཐེག་པ་ཆེན་པོའི་གྲུབ་མཐའ་བྱུང་མེད་པའི་སྐོར་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་སོགས་དེང་གི་ལོ་རྒྱུས་ཡང་དག་སྨྲ་བ་པོ་ཕར་ཆེ་བ་དེས་བཞེད་བཞིན་པ་ནི་ཀུན་གྱིས་ཤེས་གསལ་ལྟར་རེད། དེ་བཞིན་གོང་གི་ཀུ་ཤ་ནའི་ཚོ་པའི་མཉམ་དུ་འ་ཞའི་རིགས་ཡོད་པར་ངེས་ཏེ། མནོ་བསམ་བརྒལ་བརྟག་ལས། སུའེ་ཙེར་རྒྱལ་ཁབ་ཀྱི་འབུམ་རམས་པ་སེ་ཝན་ཧན་ཏིན(Sven Hedin)གྱིས་མཛད་པའི་«ཨེ་ཤ་ཡའི་ཇེ་ཐང་མྱུལ་དཔྱད་ཟིན་ཐོ»ལས། སྤྱི་ལོའི་གོང་གི་ལོ་༡༥༨སྐབས། ཐོ་གར་མི་རིགས་ནི་མཚོ་སྔོན་གྱི་པུ་ལོང་ཇིར་ཀོ(Bolungirgol) མཚོ་འགྲམ་དུ་འཚོ། ཕྱིས་སུ་ནུབ་ཕྱོགས་ཐོ་གར་རི་སྠན(Tochr-istan)དུ་སྐྱ་སྤོས། ཁ་ལ་པོའི་ཐ་དང་ཧྲན་མཱ་ཏན་གྱིས་རྟག་དཔྱད་བྱས་པ་ཞིག་ཏུ། ཐོ་གར་མི་རིགས་གནའ་རབས་མངའ་ཐང་རྒྱས་ཤིང་སྐབས་ཤིག་སྟོབས་འབྱོར་ལྡན། མི་རིགས་དེ་ནི་བོད་མིའི་རྒྱུད་པ་ཡིན་ནོ། །ཞེས་བྱུང་བས་མཚོ་སྔོན་གྱི་པུ་ལོང་ཇིར་ཀོ(Bolungirgol) མཚོ་འགྲམ་དུ་འཚོ་ནི་དེང་གི་མཚོ་ནུབ་ཁུལ་དུ་ཡིན་པར་བཤད་ཅིང་། རྒྱལ་པོ་བཀའ་ཐང་ལས། རྒྱལ་པོ་གྲི་གུམ་བཙན་པོའི་སྐུ་རིང་ལ༔ ཏ་ཟིག་འ་ཞའི་བོན་པོ་གདན་དྲངས་ནས༔ ལྡེའུ་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས། གྲི་གུམ་བཙན་པོ་དང་ཁབ་ཀླུ་བཙུན་བཟའ་མེར་ལྕམ་དུ་བཤོས་པའི་སྲས། གཅེན་ཤ་ཁྲི། འབྲིང་ཉ་ཁྲི། གཅུང་བྱ་ཁྲིའོ། དེའི་དུས་སུ་ཡུ་འགུར(རྡེའུ་ཇོ་སྲས་ཀྱིས་ཆོས་འབྱུང་དུ། ཡུལ་གྱུར་རྣ་པ་ཞེས་འཁོད)སྣ་ས་སྣ་བྱ་བ་མུ་སྟེགས་བྱེ་བྲག་པའི་བོན་པོ་ཝ་ཞ་བྱ་བ་གཅིག་ལ་བོན་བྱུང་སྟེ། ཞེས་དང་། ཆོས་འབྱུང་མཁས་པའི་དགའ་སྟོནjདེ་ཚེ་རྒྱ་གར་ཡུལ་དང་སྟག་གཟིག་མཚམས།།གུ་རུ་ཝ་ཏ་ཅེས་བྱའི་ཡུལ་ཁམས་ནས།།མུ་སྟེགས་བོན་པོ་འ་ཞ་ཞེས་པ་བྱུང༌། །གནམ་ལ་འཕུར་ཞིང་ཁ་ནས་མངོན་ཤེས་སྨྲ། །ཞེས་སོགས་བོད་ཀྱི་ཆོས་འབྱུང་ཁག་གི་ནང་དུ་གསལ་བ་ལྟར། དེ་ནི་གོང་གི་ཐོ་གར་ཏེ་ཀུ་ཤ་ན་ཚོ་པ་ལྔའི་ནང་དུ་འ་ཞ་ཡོད་པར་ངེས་ཤིང་དེའི་སྐབས་སུ་རྒྱ་གར་དུ་ཐེག་ཆེན་དར་མེད་པས། ཐེག་པ་ཆེན་པོའི་གྲུབ་མཐའ་ལའང་དེའི་སྐབས་སུ་མུ་སྟེགས་བྱེད་བྲག་པའི་བོན་པོ་ཞེས་མུ་སྟེགས་བྱེ་བྲག་སྨྲ་བའི་ཁོངས་སུ་རྩིས་པའམ་བཏགས་ཡོད་པའི་ཚོད་དུ་སྣང་བས་དཔྱད་གཞི་གལ་ཆེན་ཞིག་རེད། གྲི་གུམ་བཙན་པོ་དང་སྤུ་ལྡེ་གུང་རྒྱལ་ནི་སྤྱི་ལོའི་དུས་རབས་དང་པོའི་གཡས་གཡོན་གྱི་མི་སྣ་ཞིག་ཏུ་ངེས་པས་དུས་རབས་དང་བསྟུན་ཕེར་ཡོད། དེ་ལྟར་ལོ་རྒྱུས་ཁག་ལ་དཔྱད་ནས་ཐོ་གར་བ་ཏེ་ཀུ་ཤ་ནའི་རྒྱལ་རབས་ཀྱི་སྐབས་སུ་རི་བོ་གངས་བཟང་པོའི་ནུབ་དང་ལྷོ་ངོས་སུ་དབང་བསྒྱུར་བྱས་པ་ཙམ་ལས། དབུས་རྒྱུད་ཀྱི་སྦལ་ཏི་དང་དེ་འབྲེལ་གྱི་ཤར་རྒྱུད་ནི་ཞང་ཞུང་གི་མངའ་ཁོངས་སུ་སྔར་མུས་སུ་གནས་ཡོད་པར་ངེས། དེའི་རྗེས་སུ་མ་ཁའི་ཡུལ་དུ་མུ་སྟེགས་བྱེད་རྩིས་བཟུང་། ཞེས་བྱུང་བ་ལྟར་དབྱི་སི་ལེམ་གྱི་སྟོན་པ་མུའུ་ཧན་མོ་ཏིས་ཨ་རབ་རྒྱལ་ཁབ་བཙུགས་ཤིང་སྤྱི་ལོ་༦༣༢ལོ་ནས་༧༧༥ལོའི་བར་དུ་ཨ་རབ་ཀྱིས་ཤར་དུ་རྒྱ་བསྐྱེད་དེ་ཨ་རབ་ཀྱི་དུ་རུ་ཁ་ཡིས་ཐོ་གར་གྱི་ས་ཆ་མང་པོ་ཞིག་ཁོ་ཚོས་བཟུང་ཡོད། དུས་རབས་དེའི་དེའི་གཡས་གཡོན་དུ་སྟག་གཟིག་འོལ་གླིང་ངམ་ཤམ་བྷ་ལའི་དུས་འཁོར་གྱི་རྩིས་མ་ཁའི་ཡུལ་དུ་བསྒྱུར་ཞིང་དེ་ལ་བྱེད་རྩིས་ཞེས་བརྗོད་པའམ་ཡང་ན་མ་ཁ་ལ་གྲུབ་རྩིས་དང་བྱེད་རྩིས་གཉིས་ཀ་ཡོད་པའང་བརྗོད། །གུང་མགོན་པོ་སྐྱབས་ཀྱིས་བསྒྱུར་བའི་ཐང་སན་ལམ་ཡིག་ལ་གསལ་བའི་དྷུ་ཧྭ་ར་ཞེས་པ་དེ་ལ་དུ་རུ་ཁ་ཞེས་གོ་དགོས་པ་དང་། སྟག་ཟིག་ཞེས་པ་དེར་གྲུ་གུ་ལ་གོ་དགོས་ཤིང་དེའི་སྐབས་སུ་རི་བོ་གངས་བཟང་པོ་སྟེ་ཕ་སྨིར་མཐོ་སྒང་གི་བྱང་ནུབ་རྒྱུད་ནི་དྲུ་གུ་ནུབ་མའི་རྒྱལ་ཁབ་ཀྱི་དབང་བསྒྱུར་བྱེད་ཡུལ་ལྟ་བུ་ཞིག་ཆགས་ཡོད།

  ༣ བྲུ་ཤ། བྲུ་ཁའི་ཡུལ་ཞེས་པ་ནི་ཐོག་མར་འོལ་གླིང་ལྷོ་ངོས་སུ་ཆུ་བོ་པཀྴུ་འབབ་པའི་གཡས་ན་སྟོབས་ཆེན་གྱད་ཀྱི་ཡུལ། གཡོན་ན་གཙུག་རྗེ་རྒྱལ་པོའི་ཡུལ། ཞེས་གསལ་བ་དེ་ནི་བོད་ཀྱི་ལོ་རྒྱུས་ཁག་ཏུ་གསལ་བའི་བྲུ་ཤའི་ཡུལ་ཞེས་པ་དང་རྒྱ་ནག་གི་ཐང་ཡིག་ཏུ་བྲུ་ཤ་ཆུང་བ་དེ་གཙུག་རྗེའི་ཡུལ་ཡིན་པར་འདོད་དེ། རྒྱུ་མཚན་ནི་བྲུ་ཤ་གཙུག་གི་དྭངས་མ་ཡིན། ཞེས་བོན་གྱི་ལོ་རྒྱུས་ཁག་ཏུ་ཡོངས་གྲགས་ཡིན་པ་མ་ཟད་གཙུག་རྗེ་རྒྱལ་པོའི་ཡུལ་ནི་ཆུ་བོ་པཀྵུའི་གཡོན་དུ་ཡོད་པ་འཁོད་པ་བཞིན། ཆུ་བོ་པཀྵུ་ནི་དང་ཐོག་བྱང་དུ་ཁ་གཏད་ཅིང་དེ་ནས་ཤར་ལྷོར་བབས་ཤིང་བྲུ་ཤ་ཆུང་བའི་ནུབ་ངོས་ནས་ནུབ་ཏུ་ཁ་གཏད་དེ་འབབ་བཞིན་ཡོད་པ་ནི་ད་ལྟ་མངོན་སུམ་པ་ཡིན་པས་སོ། །དེ་ནི་རྒྱལ་པོ་ཀ་ནི་ཥྐའི་རྗེས་སུ་ཐོད་གར་བ་ཏེ་ཀུ་ཤ་ནའི་ནུས་ཤུགས་ཇེ་ཆུང་དུ་ཕྱིན་ཏེ་དུས་རབས་གསུམ་པའི་སྐབས་སུ་རྒྱ་གར་བྱང་ཕྱོགས་ཀྱི་ས་ཁུལ་གྱི་རྒྱལ་པོ་ཆུང་ཆུང་ཞིག་ཡིན་པའི་སྐོར་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་གསུང་ལ་གསལ། བོན་གྱི་ལོ་རྒྱུས་ཁག་གི་བྲུ་ཤའི་ཁུངས་ནི་ལྷ་དབང་བརྒྱ་བྱིན་གྱི་སྲས་ལྷ་བུ་དྲི་མེད་མཛེས་པ་ཞེས་བྱ་བ་དེ་འཛམ་གླིང་མི་ཡུལ་ཐོད་གར་གྱི་གསས་ཁང་གི་རྩེ་ལ་བབས་པར། ཐོད་གར་རྒྱལ་གྱི་རྒྱལ་པོ་སད་ཝེར་གསལ་འབར་ཞེས་པ་དེས་མཁར་ནང་དུ་གདན་དྲངས་ཤིང་མཚན་མཁན་གྱིས་གནམ་ནས་ས་ལ་བྲུལ་བས་བྲུ། ཞེས་བྲུ་ཤ་གནམ་གསས་སྤྱི་བརྟོལ་ཞེས་བཏགས་པ་དང་། ཁོང་གིས་བདུད་ངམ་ལེན་ནག་པོ་བསྒྲལ་ཞིང་ཡུལ་ཁམས་བདེ་ལ་བཀོད་ཅིང་། ཡུལ་དེར་ཐེག་པ་ཆེན་པོའི་བོན་བསྟན་ཏེ་རྟོགས་པ་ཤར་ཞིང་གྲུབ་ཐོབ་མང་དུ་བྱུང་བ་དང་། དེ་ནས་ཐོད་གར་གྱི་རྒྱལ་པོ་སད་ཝེར་གསལ་འབར་གྱིས་རྒྱལ་སྲིད་ཐམས་ཅད་ཁོང་ལ་ཕུལ་བས་ཡུལ་སྡེ་ཀུན་གྱི་མངའ་མཛད་པར་གསལ་ཞིང་། དེ་ལྟར་བྲུ་ཤ་ཞེས་བྲུ་ཤ་གནམ་གསས་སྤྱི་བརྟོལ་གྱི་མཚན་ཐོག་ཏུ་བཏགས་པའི་སྐོར་འཁོད་ཡོད། ཁོང་གི་སྲས་བརྒྱུད་དུ་གཅེན་ལྔ་གཅུང་བཞི་ཡོད་པར་གཅུང་བཞི་ནི་མངའ་རིས་རྒྱལ་པོ་རྩོད་སྡེ་ཞེས་བྱུང་མོད་དོན་དུ་མངའ་རིས་རྒྱལ་པོ་རྩེ་ལྡེ་ཡིན་པར་འདུག་ཅིང་ཁོ་ཚོ་སྔར་འཁོན་པ་དང་ཕྱིས་སུ་དད་ནས་མངའ་རིས་སུ་སྤྱན་དྲངས་ནས་རྩེ་ལྡེའི་མཆོད་གནས་སུ་བཀུར་བ་དང་། བཅུང་བཞིའི་ཡ་གྱལ་གཡུང་དྲུང་རྒྱལ་མཚན་ཞེས་གཙང་དུ་བྱོན་ཏེ་གཙང་དུ་བྲུའི་གདུང་རབས་བྱུང་ཚུལ་ནི་བོན་གྱི་ལོ་རྒྱུས་ཁག་ཏུ་ཡོངས་གྲགས་ལྟར་དང་། དེ་བཞིན་དྲང་དོན་སྒྲོན་མ་མུན་སེལ་ལས་གཏམ་རྒྱུད་བརྡའི་གཟེར་བུ་ལྟར། སྐྱབས་འགྲོའི་ཡོན་ཏན་བརྗོད་པའི་སྐབས་སུ། པུ་རོང་རྒྱལ་པོ་དང་གར་ལོག་དང་འཐབ་པས་བྲུ་ཤའི་དྲང་སྲོང་བདེ་བ་རྒྱས་ཀྱིས་སྐྱབས་འགྲོ་རྣམ་གསུམ་པུ་རོང་མིའི་འཕྲག་པར་བཏགས་པས་གནོད་པ་དང་སྨས་པ་མ་བྱུང་བའི་སྐོར་དེ་འདི་དང་མཚུངས། ཡིན་ནའང་ལོ་རྒྱུས་འགའ་ཤས་ནང་དུ་བྲུ་ཤ་གནམ་གསས་ནི་གྲི་གུམ་བཙན་པོས་བོན་བསྣུབས་སྐབས་སུ་ཡོད་པར་གསལ་བ་དེ་ནི་མཚན་འདྲ་བའི་མི་སྣ་སོ་སོར་ཞིག་ཡིན་ན་མ་གཏོགས་ལོ་རྒྱུས་ཀྱི་འགོ་འཁྲུགས་པ་འདྲ། བྲུ་ཤ་གནམ་གསས་ནས་མི་རབས་གསུམ་ཙམ་གྱི་སྐབས་སུ་མངའ་རིས་རྒྱལ་པོ་རྩེ་ལྡེ་དང་དུས་མཉམ་ཡིན་པས་གྲི་གུམ་བཙན་པོའི་སྐབས་སུ་བྲུ་ཤ་གནམ་གསས་ཡོད་དཀའ། གང་ལྟར་ཐོ་གར་བ་ཏེ་ཀུ་ཤ་ནའི་རྒྱལ་རབས་ཀྱི་འཇུག་ཏུ་ཐོད་གར་གྱི་རྒྱལ་པོ་སད་ཝེར་གསལ་འབར་གྱི་རྒྱལ་ཁམས་དེ་བྲུ་ཤ་གནམ་གསས་ལ་ཕུལ་ཞིང་བྲུ་ཤའི་རྒྱལ་རབས་འགོ་བཙུགས་པར་ངོས་འཛིན་མི་བྱེད་ཐབས་མེད་ཡིན། རྒྱུ་མཚན་ནི་བྲུ་ཤ་ཞེས་པའི་ཡུལ་དེ་ཁོང་གི་མཚན་ཐོག་ནས་ཐོགས་པས་སོ། །བྲུ་ཤའི་རྒྱལ་ཕྲན་ནི་རྒྱ་ནག་ཐང་དང་བོད་བཙན་པོའི་སྐབས་སུ་རེས་མོས་དབང་དུ་བསྡུ་མྱོང་ཡོད་ནའང་། ཕྱིས་སུ་མངའ་རིས་རྒྱལ་པོ་རྩེ་ལྡེའི་བར་དུ་བྲུ་ཤའི་ཡུལ་དུ་བྲུ་ཤ་ཨོ་རྒྱན་ཐོད་གར་གྱི་ཡུལ་དུ་བོན་གཤེན་མང་པོ་བཞུགས་ཤིང་བོན་བསྟན་དར་ཡོད་པའི་སྐོར་ནི་རྫོགས་ཆེན་ཡེ་ཁྲི་དང་། ནམ་མཁའ་འཕྲུལ་མཛོད། དྲང་དོན་མུན་སེལ་སྒྲོན་མ། ཐེག་རིམ་རྩ་འགྲེལ། མགར་ཕུར། ཀླུ་མཆོད་འོ་མའི་རྒྱ་མཚོ་སོགས་ལས་འཁོད་ཡོད། །བྲུ་ཤའི་རྒྱལ་ཕྲན་དེ་བོད་བཙན་པོའི་སྐབས་སུ་དབང་དུ་བསྡུས་པའི་སྐོར་ནི། ཏུང་ཧོང་ཡིག་རྙིང་དུ། སྦྲུལ་གྱྀ(༧༠༥)ལོ་ལ་བབས་སྟེ། བཙན་པོ་སྲས་རྒྱལ་གཙུག་རུམ(ཁྲི་ལྡེ་གཙུག་བཙན་ནམ་མེས་ཨག་ཚོམ)དང་། ཕྱྀ་ཁྲྀ་མ་ལོད་དྲོན་ན་བཞུགས། ཞེས་ནས། བྱང་ཕྱོགས་ཀྱི་དྲུ་གུ་ཀུན་ཀྱང་འདུས་ལ། ཏ་ཆྀག་ལ་ཐུག་པ་མན་ཆད་་་་ཅེས་དང་། (སྤྱི་ལོ༧༣༢)བཙན་ཡུལ་དུ་རྒྱའྀ་ཕོ་ཉ་ལྀ་ཁེང་དང་། ཏ་ཆིག་དང་དུར་གྱྀས་ཕོ་ཉས་ཕྱག་འཙལད། ཅེས་དང་། གླང་གྀ(༧༣༧)ལོ་ལ། བཙན་པོའི་ཕོ་བྲང་དྲོན་གྱྀ་མང་སྟེ་ལུང་ན་བཞུགས། བློན་སྐྱེས་བཟང་སྡོང་ཙབ་གྱྀས། བྲུ་ཞའི་ཡུལ་དུ་དྲངས། ཞེས་དང་། བྲུ་ཞའྀ་རྒྱལ་པོ་ཕབ་སྟེ་ཕྱག་འཚལད། ཅེས་ནས། འབྲུགྀ་ལོ(༧༤༠)ལ། ཞེས་ནས། ཇེ་བ་ཁྲྀ་མ་ལོད་བྲུ་ཞ་རྗེ་ལ་བག་མར་བཏང་། ཞེས་སོགས་དང་། དེ་བཞིན་རྡེའུ་ཇོ་སྲས་ཀྱིས་ཆོས་འབྱུང་ལས། འདུས་སྲོང་མང་པོ་རྗེའི་སྲས་ཁྲི་སྡེ་བཙུགས་བཙན་་་། ཞེས་ནས། ནུབ་ཕྱོགས་བ་དན་ཤ་དུང་གི་ལ་རྒྱུད་ལ་གཏུགས། བྱང་ཕྱོགས་ཧབ་ཤི་རྣོ་རིངས་ཡ་ཟི་མུན་པ་ཐང་ལ་གཏུགས། དེ་ཡང་ཆུང་ནས་རྒྱ་བསྐྱེད་པ་་་་། ཞེས་ནས། ནུབ་ཕྱོགས་ཟོམ་ཤང་ལ་གཏུགས་ཏེ་རི་ཉ་སྟང་མ་འདྲ་ལ་གཏུཊ། བྱང་ཕྱོགས་ཕ་བོང་རྡོ་རྗེ་འདྲ་བ་འཇལ་མ་གླུ་ལེན་ལ་གཏུགས། དེ་ཡང་ཆུང་ནས་རྒྱ་བསྐྱེད་པ་་་་། ཞེས་སོགས་འཁོད་པས་ བ་དན་ཤ་དུང་གི་ལ་རྒྱུད་ལ་གཏུགས་ཞེས་བྷ་དག་ཤན་གྱི་ལ་རྒྱུད་དང་། ད་དུང་དེའི་ནུབ་ཕྱོགས་སུ་ཟོམ་ཤང་ལ་གཏུགས་ཞེས་ཁ་གསལ་འཁོད་འདུག་པས་གོང་དུ་ཐང་སན་ལམ་ཡིག་གི་ལྕགས་སྒོ་ཞེས་པ་དེ་དང་འདིའི་ཟོམ་ཤང་ཞེས་ནང་དོན་གཅིག་ཏུ་བབས་འདུག་སྟེ། ཞང་ཞུང་གི་སྐད་དུ་ལྕགས་ལ་ཟོམ་ཤང་ཞེས་བྱུང་བས་སོ། །ཡིན་ནའང་ཆོས་འབྱུང་མཁས་དགའ་ལས། བར་པ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན། །མེ་ཕོ་ཁྱི་ལ་སྐུ་འཁྲུངས་བཅུ་གཉིས་དུས། །ཡབ་འདས་ལོ་དེ་ཉིད་ལ་རྒྱལ་སར་བཏོན། ཞེས་དང་། བྱང་ཧོར་གྱི་སོ་མཚམས་བྱེ་མ་སྒང་རིང་ཉ་རྨང་མའི་རྒྱབ་འདྲ་བ་ལ་གཏུགས། ནུབ་སྟག་གཟིག་གི་སོ་མཚམས་སྤ་སྟག་ཤ་དུང་གི་སྒོ་མོ་ལ་གཏུགས། ལྷོ་ཕྱོགས་བྲམ་ཟེའི་ཡུལ་ལས་བརྒལ་བར་གཏུགས་སྟེ། ཞེས་འཁོད་པ་དེ་ནི་གོང་དུ་རྡེའུ་ཆོས་བྱུང་གསལ་བ་དེ་ཁྲི་ལྡེ་གཙུག་བཙན་ཏེ་མེས་ཨག་ཚོམ་གྱི་སྐབས་སུ་ཡིན་ཞིང་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ས་ཆ་དེ་དག་ཤོར་ཞིང་རྗེས་སུ་ཁྲི་རལ་པའི་སྐབས་སུ་བྷ་དག་ཤན་དུང་གི་སྒོ་མོ་ལ་གཏུགས་ཏེ་ཕྱི་རྗེས་སུ་ཐོབ་པ་ཞིག་ཡིན་ཏེ། དེའང་སྒྲགས་པ་རིན་ཆེན་གླིང་གྲགས་ལས། ཁྲི་སྲོང་སྡེ་བཙན་ལ་ཆོས་ཀྱི་ཡོན་ཏན་བརྗོད་ནས། །ཞེས་ནས། ་་་བྲེ་དཔལ་བློོས་ཀྱིས་སྟག་གཟིགིས།་ཁ་མ་ནོན། སྟོད་ཀྱི་མཁར་༤ཤོར། པ་དག་ཤ་དང་བུ་ཏིང་དུ་གླིང་ལོག་བྱུང་། ་་་ཞེས་དང་། ད་རྗེའི་འགུར་ལྷ་སྐྱབ་འཚལ། སྐུ་སྒྲ་བོནོོའི་འདུལ་འཚལ། ་་་ཞེས་ནས། སྟགཟིགིས་བོན་པོ་བ་ཐག་ཤ་ནས་དྷ་གིས། སྟགཟིགས་དབང་དུ་བསྡུསྷོ། །སྟགཟིགིས་བོན་པོ་ཟ་རང་མེ་བྷར་ཁ་གནོན་དུ་བཞགོ། ཅེས་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་སྟོད་ཀྱི་མཁར་བཞི་ཤོར་ཞིང་བྷ་དག་ཤན་དང་བུ་ཏིང་གླིང་ལོག་བྱུང་བའི་སྐོར་འཁོད་པས་སོ། །དེས་ན་མེས་ཨག་ཚོམ་སྐབས་སུ་ཟོམ་ཤང་ལ་གཏུགས་ཞེས་ཐང་སན་ལམ་ཡིག་ལྟར་ལྕགས་སྒོའི་རྒྱུད་ལ་གོ་ཞིང་ཁྲི་སྲོང་ལྡེ་བཙན་ཁྲི་རལ་པའི་སྐབས་སུ་་སྤ་སྟག་ཤ་དུང་གི་སྒོ་མོ་ལ་གཏུགས། ཞེས་དེ་ནི་གོང་དུ་གསལ་བའི་བྷ་དག་ཤན་དུང་གི་སྒོ་མོ་དེ་ཁ་ཆེའི་ཡུལ་དེ་ལ་གོ་དགོས་པ་ནི་མི་བུ་སུས་ཀྱང་གོ་བ་ལེན་ཤེས་ས་རེད། །དེ་བཞིན་མངའ་རིས་སྐོར་གསུམ་རྩི་ལུགས་གཅིག་ལྟར་ན། འཆིམ་མམ་ལི། བྲུ་ཤ། སྦལ་ཏི་གསུམ་སྐོར་གཅིག་རྩིས་ཡོད་པ་མ་ཟད་ཕྱིས་ཀྱི་ཞང་ཞུང་རྫོང་དྲུག་གི་ནང་ཚན་སྦལ་ཏི་ཧྲང་རྫོང་ཞེས་དེར་ཡོད་པས། ཡུལ་ཁམས་དེ་དག་ཞང་ཞུང་གི་སྐབས་སུ་མ་ཟད་བོད་བཙན་པོའི་སྐབས་སུའང་བོད་ཀྱི་མངའ་ཁོངས་སུ་རྩིས་ཡོད་ཅིང་འདིར་བྲུ་ཤའི་སྐོར་ཙམ་གྱིས་མཐུན་པར་བྱས་ཡོད། །སྤྱི་ལོ་༨༦༧ལོར་དབང་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་སྟག་གཟིག་འོལ་གླིང་ངམ་ཤམ་བྷ་ལ་ནས་རྒྱ་གར་ལ་བསྒྱུར་བ་དང་༡༠༢༧ལོར་རྒྱ་གར་ནས་བོད་དུ་བསྒྱུར་ཏེ་རབ་བྱུང་དང་པོ་ཚུགས། དེ་ནས་སོག་པོ་ཇིང་གིར་རྒྱལ་པོའི་ཚ་བོ་ཧུ་ལའི་ཧུ་ཡིས་༡༢༥༨ལོར་ཨ་རབ་ཨ་བྷ་སི་གོང་མའི་རྒྱལ་ཁབ་བསྣུབས་ཏེ། སོག་པོས་ཨེལ་ཧན་གྱི་རྒྱལ་ཁབ་བཙུགས་ཤིང་དབྱི་སི་ལེམ་གྱི་གྲུབ་མཐའ་དར་བའི་མཐུན་རྐྱེན་དུ་གྱུར་ཞིང་ནུབ་རྒྱུད་དུ་ནང་པ་སངས་རྒྱས་པའི་གྲུབ་མཐའ་རིམ་བཞིན་ནུབ་པ་ཞིག་རེད་དོ། །

  ༤ བྷ་དག་ཤན་གྱི་རྒྱལ་ཁབ་ཀྱི་སྐོར། བྷ་དག་ཤན་གྱི་རྒྱུད་དུ་དུས་རབས་བཅུ་གསུམ་པའི་ནང་དུ་རྒྱལ་པོ་ནི་ཨིག་ལེག་སན་ཌར་དང་པར་སིག་རྒྱལ་པོའི་གདུང་བརྒྱུད་ལ་ཆད་པ་དང་། དབྱི་སི་ལེམ་གྱི་གྲུབ་མཐའ་འཛིན་པའི་བྷ་དག་ཤན་ཞེས་པའི་རྒྱལ་རབས་ཞིག་བྱུང་མྱོང་ཡོད་པའི་ཚུལ་ནི། ལོ་རྒྱུས་སྨྲ་བ་རྒན་རུ་ཐོག་འདར་ཚ་ཁྱུང་བདག་གིས་བརྩམས་པའི་«ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པའི་མཆན་འགྲེལ་ཏི་སེའི་འགུལ་རྒྱན»ལས། 34 ཁ་ཆེའི་ཡུལ་པ་དག་ཤ་ཞེས་པ་འདི། མངའ་རིས་ཀྱི་གུར་གྱམ་མདོ་སྔགས་གྲགས་རྒྱས་གླིང་ཕྱག་བཏབ་མཁན་མཁས་དབང་གྱ་རྒྱ་ཁྱུང་སྤྲུལ་ནམ་མཁའ་རྡོ་རྗེས་དབུ་འདྲེན་མཛད་དེ། མཁས་དབང་དཔལ་ཚུལ་དང་། དགེ་སློང་བསྟན་འཛིན་དབང་གྲགས་སོགས་ཀྱིས་ཐོག་དྲངས་པའི་བོན་ཕྱོགས་ཀྱི་མཁས་མང་བསྐངས་ནས་མཛད་པའི་བོན་གྱི་ལོ་རྒྱུས་ཡི་གེ། བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་བསྐལ་བཟང་མགྲིན་རྒྱན་ཞེས་པར། ནུབ་ཕྱོགས་སྟག་གཟིག་དབུས་ཀྱི་གངས་ཅན་བར། ལ་མཐོན་དག་ཤ་དུང་གི་སྒོ་འདྲས་བཅད། ཅེས་གསུངས་པའི་དག་ཤ་ཞེས་པ་དེ་དང་། ཡང་བོན་གྱི་མཁས་པ་དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་འཛམ་གླིང་ཡུལ་བཤད་དུ། ཞང་ཞུང་ཕུག་པ་ནི། གངས་ཏི་སིའི་ནུབ་ཕྱོགས་ཟླ་བ་གསུམ་ལྷག་གི་ལམ་ན་མེ་སག་གི་པར་ཟིག་དང་། བྷ་དག་ཤན་དང་། བྷ་ལག་སོགས་ཡོད། ཅེས་གསུངས་པའི་བྷ་དག་ཤན་ཞེས་པ་དེའང་དེ་དང་གཅིག་ལགས། ཕྱི་རྒྱལ་གྱི་སྐད་དུ་Badakshan (བདཀྵན)དང་། རྒྱ་ཡིག་ནས་བྲིས་པའི་ཐང་ཟན་བླ་མའི་ལམ་ཡིག་སོགས་སུ་མིང་གི་རྣམས་གྲངས་སྣ་ཚོགས་པ་འཁོད་དེ། 钵铎创那(འབོ་ཏོ་ཧྲོང་ན) 波多叉拏(པུའོ་ཏོ་ཁྲ་ན) 巴达哈商(བྷ་ཏཱ་ཧཱ་ཧྲང) 八答黑商(བྷ་ཏཱ་ཧའའི་ཧྲང) 䥽特山(བྷ་ཐེ་ཧྲན)ཞེས་པ་སོགས་བྱུང་བའི་གྲོང་ཁྱེར་དེ་མིན་ནམ་སྙམ། དེའི་ས་དམིགས་ལྟ་བུ་ནི། གནའ་ཨོ་རྒྱན་གྱི་ཆ་དང་། དེང་ལྟར་ན་ཨབ་གྷ་ནི་སྠིན(阿富汗)གྱི་བྱང་ཤར་རྒྱུད་དུ་གནས་པའི་ཧྥེ་ཛབ་དྷེ (Faizabad法札巴德)ཞེས་པའི་གྲོང་ཁྱེར་དེའི་ཤར་ཕྱོགས་དང་། ཆུ་བོ་གྲགས་ཅན་ཨུ་ཧུ་ཞེས་པའམ། ཡང་ན་ཨ་མུ་དྷརྱ(Oxus/Amu-DarYa/乌浒河或阿姆河)ཞེས་འབོད་པའི་ཆུ་ཆེན་དེའི་ཆུ་ལག་པན་ཇ(Panj) (པཀྴུ)གཙང་པོ་དང་ཁོག་ཆ(Kokcha)གཙང་པོའི་རྒྱུད་དུ་ཁེལ་བ་དང་། གནའི་དུས་ཐོ་གར(Tokhar火罗,睹货罗)གྱི་ས་ཡིན། ཞེས་དང་། ཨ་རབ་ཀྱི་མཁས་པ་ཞིག་གིས་དུས་རབས་བཅུ་གསུམ་པའི་ནང་བྲིས་པའི་འཛམ་གླིང་ཡུལ་གྲུ་དུ་མའི་ཡུལ་བཤད་ཅེས་པར། བྷ་དག་ཤན(巴达赫上尚Badakhshan)ནི་སྐྱེ་བོ་མང་པོ་མགུ་བ་སྐྱེ་བའི་རྒྱལ་ཁབ་ཅིག་དང་། ཚོང་པ་རྒྱུན་དུ་སླེབས་པའི་ས་ཞིག་ལགས། དེར་དངུལ་དང་། གསེར། རྡོ་སེ་འབྲུ། (石榴石)བཻཌཱུརྱ(青金石)སོགས་ཐོན། ཡུལ་དེའི་གླ་རྩི(麝香)ནི་སྤུ་རྒྱལ་བོད་ནས་ཁྱེར་ཡོང་བ་ལགས། ཞེས་གསུངས་སོ། །

  སྨྲས་པ། གནའ་དེང་ཟུང་འབྲེལ་ཤེས་བྱའི་ནམ་འཕང་གིས། །གནའ་བོའི་ལོ་རྒྱུས་ཁོབས་སུ་ཆུད་དགོས་ཚེ། །ལོ་རྒྱུས་རིག་པའི་གཤོག་རླབས་བསྐྱོད་པ་ལས། །འདབ་ཆགས་གཤོག་ཐོག་མ་བྲེད་ལྷོད་དེ་བཞུགས། །ལུང་དང་རིག་པའི་དྲང་གཏམ་བརྗོད་པ་ལ། །འགའ་ཞིག་ཉོན་དབང་སྨྲེ་ངག་འདོན་པ་དེར། །འཇིག་རྟེན་གཤིས་སུ་གྲུབ་པར་རང་སར་འཇོག །འོན་ཏང་བདེན་པར་སྨྲ་བ་ཁོ་བོའི་གཤིས། །འདི་ནི་དཔྱད་ཅིང་ལྷག་བསམ་གྱིས་འབད་ཀྱང་། །ཟག་མེད་ཡེ་ཤེས་མངོན་དུ་མ་གྱུར་པས། །སྐྱོན་དང་ནོར་འཁྲུལ་བྱུང་རིགས་སྙིང་ནས་མཐོལ། །དགེ་བས་ལོ་རྒྱུས་རིག་པའི་གསོས་སུ་ཤོག །

  ཅེས་གཤེན་རབ་ཀྱི་འཁྲུངས་ཡུལ་འོལ་གླིང་དང་འབྲེལ་བའི་ལོ་རྒྱུས་འདི་དག་གི་སྐོར་གནས་སྐབས་སུ་འཇོག་པར་སྙམ་མོད། འོལ་མོ་ལུང་རིང་གི་སྐོར་གླེང་མཁན་མང་ཞིང་མི་མང་པོ་ཞིག་གིས་དཔེ་ཆ་ལ་ཞིབ་ལྟ་མི་བྱེད་ཅིང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མི་ཤེས་པ་དང་། འགའ་ཞིག་ནི་ཀླད་པ་སླ་བས་གྲགས་རྗེས་སུ་འབྲང་ཆེས་པ་དང་། འགའ་ཞིག་གིས་ཆོས་ལུགས་དང་འབྲེལ་བའི་དཔེ་ཆ་ལ་ཡིད་ཆེས་མེད་པར་ཁ་ཕྱོགས་དབེན་པའི་ལ་རྒྱའི་རྗེས་སུ་རྒྱུག་མཁན་མང་བ་དང་། འགའ་ཞིག་གིས་གྲུབ་མཐའི་ཕྱོགས་རིས་ཀྱིས་འོལ་མོ་ལུང་རིང་ནི་ལྷོ་ཁ་ལ་ཡིན་པའི་སྒྲུབ་བྱེད་བཀོད་ཅི་ཐུབ་བྱེད་དེ་ལོག་སེམས་འཆང་བ་སོགས་ལོ་རྒྱུས་ལོག་ལམ་དུ་འགྲོ་བའི་རྐྱེན་མང་བས། ཁོ་བོས་མཚམས་སྦྱོར་འདི་ཉིད་དཔེ་མང་གི་ཉིང་བཅུད་བླངས་ཏེ་སྤྲོས་པ་སྐྱུང་ཞིང་ཐོག་མའི་མཚམས་སྦྱོར་གྱི་ཚུལ་དུ་སྤེལ་བར་འདོད་ཅིང་དཔལ་ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་གནས་སུ་སྟོན་ཁའི་དུས་མཆོད་ཚོགས་བཞིན་པའི་བར་གསེང་དུ་རྒྱ་སྒོམ་ཤེས་རབ་ཕུན་ཚོགས་ཀྱིས་བྲིས་དེ་སྤེལ་བའོ། །སྤྱི་ལོ༢༠༢༢ཟླ༡༠ཚེས་༡༩ཉིན། །ཐ་ཚན་མུ་ཙུག་སྨར་རོ། །

  དཔྱད་གཞིའི་ཡིག་ཆ།

  «གཡུང་དྲུང་བོན་གྱི་བཀའ་འགྱུར།» ཀུན་གྲོལ་ལྷ་སྲས་ཅན་པོད་བརྒྱ་དང་བདུན་ཅུ་དོན་བརྒྱད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

  «གཡུང་དྲུང་བོན་གྱི་བཀའ་འགྱུར།» སྟེང་ཆེན་དགོན་པ་ཅན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

  «གཡུང་དྲུང་བོན་གྱི་བརྟེན་འགྱུར།» ཞེས་སོག་སྡེ་སྤྲུལ་སྐུ་ཅན་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས་པོད་སུམ་བརྒྱ་ཉི་ཤུ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

  «འཛམ་གླིང་གི་ཆོས་ལུགས་ཁག་བཅུའི་ངོ་སྤྲོད་བློ་གསལ་བུང་བའི་དགའ་སྟོན།» ཆུ་དཀར་པདྨ་རྡོ་རྗེས་བཏུས། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།

  «སྐྱབས་རྗེ་མཁས་གྲུབ་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྣམ་ཐར་དབྱར་སྐྱེས་རྔ་དབྱངས།» ཁྱུང་སྤྲུལ་མཆོག་དང་དཔལ་ལྡན་ཚུལ་ཁྲིམས་ཟུང་གིས་བརྩམས། དཔེ་གཟུགས་སྣ་རིང་མ། རྒྱ་གར་ཧི་མ་ཅར་དྷི་ཧ་ལིས་ཀྱིས་རྡོ་པར།

  «སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་བཟང་འགྲིན་རྒྱན།» མཁས་དབང་དཔལ་ལྡན་ཚུལ་ཁྲིམས་སོགས་ཀྱིས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

  «ཆེན་པོ་ཧཱན་གུར་གྱི་བཙུན་པ་ཕཱཧྱིན་འཕགས་ཡུལ་དུ་འགྲིམས་པའི་རྣམ་ཐར་རྒྱལ་བསྟན་འབྱུང་ཁུངས་ཀུན་གསལ་འཕྲུལ་གྱི་མེ་མོང་། ཡང་ན། ཧྥ་ཤཱན་ལམ་ཡིག» སོག་པོ་བློ་བཟང་རྟ་དབྱངས་ཀྱིས་ཧོར་ཡིག་ནས་བསྒྱུར། གློག་དེབ།

  «ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག ཡང་ན། ཐང་སན་ཙན་ལམ་ཡིག» ཐང་སན་ཙན་དང་པེན་ཅིས་བརྩམས། རྒྱ་ཡིག་ཅན་དང་། དེ་བཞིན་བོད་སྒྱུར་ལག་བྲིས་དབུ་ཅན་སྣ་རིང་མ། གུང་མགོན་པོ་སྐྱབས་ཀྱིས་བསྒྱུར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། གློག་དེབ།

  «བསྒྲགས་པ་རིན་ཆེན་གླིང་གྲགས།» དབུ་མེད་བྲིས་མ། གློག་དེབ།

  «བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ།» པོད་བཅུ་ཅན་གྱི་མདོ་འདུས་སོགས། ཀན་སུའུ་རིག་གནས་དཔེ་སྐུན་ཁང་།

  «ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྣམ་ཐར་རྒྱས་པའི་མཆན་འགྲེལ་ཏི་སེའི་མགུལ་རྒྱན།» འདར་ཚ་ཁྱུང་བདག ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། གློག་དེབ།

  «འཛམ་གླིང་གནའ་རབས་ལོ་རྒྱུས་ཀྱི་གཏམ་རྒྱུད།» དེབ་ཕྲེང་གསུམ། སུང་ཧྲན་དང་ཧྲིང་ཀྲི་ཀོང་གིས་རྩོམ་སྒྲིག་བྱས། ཡོན་ཏན་དང་ཡེ་ཤེས་སྒྲོལ་མས་བསྒྱུར། མི་རིགས་དཔེ་སྐྲུན་ཁང་། གློག་དེབ།

  «འཛམ་གླིང་གི་ཤེས་རིག་གི་བྱུང་བ་མདོ་ཙམ་བརྗོད་པ།» རབ་བརྟན་ཚེ་རིང་སོགས་ཀྱིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

  «ཀྲུང་གོ་ལོ་རྒྱུས་བྱུང་བ་ཀུན་ལས་བཏུས་པ།» རབ་བརྟན་ཚེ་རིང་སོགས་ཀྱིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

  «དུང་དཀར་ཚིག་མཛོད་ཆེན་མོ།» ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།

  «ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི་གསུང་འབུམ།» པོད་བཅུ་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

  «དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།» དེབ་ཕྲེང་གསུམ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

  «མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ།» བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

  «ཆོས་འབྱུང་ཆེན་མོ» ལྡེའུ་ཇོ་སྲས་ཀྱིས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། གློག་དེབ།

  «ཏུང་ཧོང་ཡིག་རྙིང་ལས་བྱུང་བ་བོད་བཙན་པོའི་རྒྱལ་རབས» འབྲི་གུང་སྐྱབས་མགོན་ཆེ་ཚང་། བསྐྱར་པར།

  «བཀའ་ཐང་སྡེ་ལྔ» ཡར་རྗེ་ཨུ་རྒྱན་གླིང་པའི་གཏེར་མ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

  «འཛམ་གླིང་གནའ་རབས་ལོ་རྒྱུས་ཀྱི་གཏམ་རྒྱུད།» དེབ་ཕྲེང་གསུམ་པ། སུང་ཧྲན་དང་ཧྲིང་ཀྲི་ཀོང་གིས་རྩོམ་སྒྲིག་བྱས། ཡོན་ཏན་དང་ཡེ་ཤེས་སྒྲོལ་མས་བསྒྱུར། མི་རིགས་དཔེ་སྐྲུན་ཁང་། གློག་དེབ།

  «འཛམ་གླིང་གི་ཤེས་རིག་གི་བྱུང་བ་མདོ་ཙམ་བརྗོད་པ།» རབ་བརྟན་ཚེ་རིང་སོགས་ཀྱིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

  «ཀྲུང་གོའི་ལོ་རྒྱུས་བྱུང་བ་ཀུན་ལས་བཏུས་པ།» རབ་བརྟན་ཚེ་རིང་སོགས་ཀྱིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

  «དུང་དཀར་ཚིག་མཛོད་ཆེན་མོ།» ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།

  «འཛམ་གླིང་གི་ལོ་རྒྱུས་ཀུན་ལས་བཏུས་པ་རབ་གསལ་གསེར་གྱི་མེ་ལོང་།» སྟོད་ཆ། སྨད་ཆ། ཕུན་ནོར་གྱིས་རྩོམ་བསྒྱུར་བྱས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།