གཤེན་རབ་མི་བོའི་མཛད་པར་བྱ་ལོ་དང་འབྲེལ་བའི་ཡིག་རྙིང་གི་ཁྲོད་དུ་ལོ་རྒྱུས་ཀྱི་གཏན་ཚིག
[ཟླ་ཚེས། 2022-07-28 21:32:20][རྩོམ་པ་པོ། ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
གཤེན་རབ་མི་བོའི་མཛད་པར་བྱ་ལོ་དང་འབྲེལ་བའི་ཡིག་རྙིང་གི་ཁྲོད་དུ་ལོ་རྒྱུས་ཀྱི་གཏན་ཚིག
གཏན་ཚིག་གཙོ་བོ། ཞང་ཞུང་། ཕུགབར། སྒོ། སྟོན་པ་གཤེན་རབ་མི་བོ། བྱ་ལོ། ཁྱུང་ལུང་རྔུལ་མཁར། རིན་ཆེན་ཀུན་འབུམ་ཁྲ་བོ། དོག་ལྷ་མགོན་པོའི་གསུང་།
ནང་དོན་གནད་བསྡུས། རིན་ཆེན་ཀུན་འབུམ་ཁྲ་བོ་དང་གཉའ་རབས་གླུ་གཞུང་དོག་ལྷ་མགོན་པོའི་གསུང་གཉིས་ཀ་ལས་གསུངས་པའི་བྱ་ལོ་ཞེས་པའི་ལོ་ཚིག་འདི་ཉིད་ནི་ཡོན་ཏན་གྱི་ཡུལ་དབུས་ཞང་ཞུང་ཕུག་པ་འོལ་མོ་ལུང་རིང་ནས་ཐོན་ཞིང་ཞང་ཞུང་བར་པ་ནས་ས་ཚིགས་ཀྱི་ཡུལ་དབུས་སུ་ཕེབས་ཏེ་ཞང་ཞུང་སྒོ་པ་ཁྱུང་ལུང་རྔུལ་མཁར་བཏབ་པའི་སྐོར་ལོ་རྒྱུས་གཏན་ཚིག་ཅིག་གམ་བདེན་དཔང་རྩ་ཆེན་ཡིན་པ་ཁོ་བོས་ངོས་འཛིན་བྱེད་པ་དང་འབྲེལ་བའི་དཔེ་རྙིང་གཉིས་པོར་མཚམས་སྦྱོར་ཞུ་བ་ཡིན།
དང་པོ། ཡིག་རྙིང་ནང་དུ་གསལ་བའི་བདེན་དཔང་གི་གཏན་ཚིག
དེའང་དཔལ་ཀུན་འབུམ་གོ་འབྱེད་ས་ལྷ་ཀུན་འབུམ་ཁྲ་བོ་ལས། དེ་ནས་སྟོན་པ་གཤེན་རབ་མི་བོས་བཀའ་སྩལ་པ། བདག་ཉིད་དང་པོར་སྐྱེ་བ་བཞེས་པར་མཛད་དེ། གཡུང་དྲུང་གསལ་བ་འོད་ཀྱི་གླིང་ཞེས་ཀྱང་བྱ། སྟག་གཟིག་ཡུལ་གྱི་སྙིང་པོ་ཡོན་ཏན་ཀྱི་ཡུལ་དབུས་ཞེས་ཀྱང་བྱ། གཤེན་ཡུལ་འོལ་མོ་ལུང་རིང་ཞེས་ཀྱང་བྱ། ཤམ་བྷ་ལའི་གནས་མཆོག་ཞེས་ཀྱང་བྱ། རི་བོ་གངས་བཟང་པོའི་ར་བ་ཞེས་ཀྱང་ཞེས་བྱ་བ་དེ་ན། དབུས་ཀྱི་གཡུང་དྲུང་དགུ་བརྩེགས་དཔལ་གྱི་རི་བོ། ཞེས་པ་སོགས་ནས་འོལ་མོ་ལུང་རིང་སྐོར་རྒྱ་ཆེན་གསུངས་པ་དང་། དེ་ནས་མར་ཀུན་འབུམ་ཁྲ་བོ་ལས། ཞང་ཞུང་སྐད་དུ། གུ་ཐུན་ཝེར་ཞི་ཙ་ན་གུ་བྷ། བོད་སྐད་དུ། ཀུན་ཐུབ་རྒྱལ་པོ་སྲུངས་པའི་ཀུན་འབུམ། དཔལ་ཀུན་འབུམ་གོ་འབྱེད་ལ་ཕྱག་འཚལ་ལོ། །དེ་ནས་སྟོན་པ་གཤེན་རབ་ཀྱིས། རྒུང་ལོ་བཅུ་བཞེས་ནས། སྐད་རིགས་མི་མཐུན་པ་སུམ་བརྒྱ་དྲུག་བཅུ་རུ་སྐད་བསྒྱུར་ལ། གཡུང་དྲུང་བོན་གྱི་བསྟན་པ་གཟུགས་པར་དགོངས་པས། འདབ་ཆགས་གི་རྒྱལ་པོ་ཁྱུང་ཆེན་ཅིག འདི་ལ་ཆིབ་ཀྱི་ཡེགེ་མགུལ་དུ་བཏག་ན་བྱུང་སྟེ། ལོ་བྱ་ལོའི་གཏན་ཚིག་ཀྱང་དེ་ནས་བྱུང་། ལྟ་བ་ཁྱུང་ཆེན་གྱི་གཏན་ཚིག་དེ་ནས་བྱུང་། རླབས་ཆེན་བྱ་ཁྱུང་དེ་ལ་བཅིབས་ནས་བོན་གྱི་བསྟན་པ་གཟུགས་སུ་གཤེགས་ནས། དང་པོ་ཞང་ཞུང་ཡུལ་དུ་བབ་པས། བསྟན་པ་ཞང་ཞུང་ལ་སྔ་བའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ཞང་ཞུང་བོན་གྱིས་རྒྱལ་པོར་ཐོགས་པ་ཡང་དེར་བསྲིད་དོ། །དེ་ལ་མས་གཤེགས་པ་ཁྲི་འདུལ་སྣང་རྩེ་དང་། ཁྲི་གང་གཡུ་རྩེ་དང་། ཡེ་གད་སྟག་རྩེ་དང་། ཁྲི་དང་ཁྲོམ་རྩེ་དང་། ཞང་ཞུང་བར་པའི་ཡུལ་དུ་བྱོན། དེ་ལས་མར་གཤེགས་པ། ཞང་ཞུང་སྒོ་པའི་ཡུལ། གཡུང་དྲུང་མུ་ལེའི་དབུས། སྟ་སྒོ་ཤེལ་གྱི་གང་ར། མ་ཕང་གཡུ་མཚོའི་ཁུག་པ། བཀྲ་ཤིས་བྱིན་དུ་ཆགས་པའི་སར། ཁྱུང་ལུང་སྤྲུལ་པའི་མཁར་ཅིག་བརྩིགས། མཐའ་འདུལ་མཁར་ཕྲན་བཅོ་བརྒྱད་བརྩིགས། ཡང་འདུལ་གསས་མཁར་སུམ་༼བརྒྱ་༽དྲུག་ཅུ་བརྩིགས། གཞི་འདུལ་མཆོད་རྟེན་སྟོང་དང་རྩ་བརྒྱད་བརྩིགས་ནས་ས་མནན་ནོ། །ཞེས་པ་ནས། དེ་རུ་ཞབས་ཕེབས་ནས། ཞང་ཞུང་བོན་ལ་འཕྲུལ་ངག་བོན་བཤད་ན། ཞང་ཞུང་གིས་རྒྱལ་ཁམས་སུ་གནས་པའི་སྐལ་ལྡན་བྱེ་བ་གྲངས་མེད་ཀུན། སྟོན་པའི་བཀའ་རྒྱུད་བྱིན་རླབས་མངོན་པར་སངས་རྒྱས་སོ། །ཞེས་གསུངས་ཤིང་བྱ་ལོ་པའི་གཏན་ཚིག་བྱུང་ཚུལ་དང་ཞང་ཞུང་ཕུགས་པ་ནས་ཞང་ཞུང་བར་པའི་ཡུལ་ནས་མར་རིམ་བཞིན་ཕེབས་ཏེ་ཞང་ཞུང་སྒོ་པའི་ཡུལ་དུ་ཞང་ཞུང་གི་ཆབ་དཔལ་རིག་འབྱོར་ལྟེ་བའི་མཁར་ཁྱུང་ལུང་རྔུལ་མཁར་ཆག་བཏབ་པ་དང་ཞང་ཞུང་ཡུལ་དུ་གཡུང་དྲུང་བོན་གསུངས་ཤིང་སངས་རྒྱས་ཀྱིབའབྲས་བུ་ཐོབ་པའི་སྐོར་སོགས་འཁོད། གཉའ་རབས་གླུ་གཞུང་དོག་ལྷ་མགོན་པོའི་གསུང་འཁྲུལ་མེད་ལས། སྟོན་པ་བཤེན་རབས་མེ་མོ་བྱ་ལོ་ལ་བྱོན། དོག་ལྷ་མགོན་པོ་བསྟན་པ་བར་མ་ལ་བྱོན། སྲིད་པའི་གཞུང་སྟག་གི་ལོ་ལ་གསུངས། ཞེས་གསུངས་པས་ཀུན་འབུམ་ཁྲ་བོ་ལས་སྟོན་པ་གཤེན་རབ་མི་བོ་བྱ་ལོར་གནས་འདིར་ཕེབས་ཤིང་ཁྱུང་ལུང་རྔུལ་མཁར་ཆག་བཏབ་པའི་ལོར་བྱ་ལོ་ཡིན་པ་དང་། གནས་འདིའི་གནའ་བོའི་གཉའ་རབས་གླུ་གཞུང་ལས་སྟོན་པ་གཤེན་རབས་མེ་མོ་བྱ་ལོ་བྱོན། ཞེས་འཁོད་པས་སྟོན་པ་གཤེན་རབ་མི་བོས་གནས་འདིར་བྱ་ལོར་ཕེབས་ཏེ་གནའ་བོའི་དུས་སུ་ཁྱུང་ལུང་རྔུལ་མཁར་ཆག་བཏབ་ལོའི་ལོ་རྟགས་བྱ་ལོ་མཐུན་འདུག་པས་ལོ་རྒྱུས་དངོས་ཀྱི་བདེན་དཔང་གལ་ཆེན་ཞིག་ཡིན་པར་འདོད་པ་མ་ཟད་གཏན་ཚིག་འདི་དག་གིས་ད་དུང་གསལ་བཤད་མང་པོ་བྱེད་ནུས་པ་ཡིན། གཤམ་དུ་ཡིག་རྙིང་རིན་ཆེན་ཀུན་འབུམ་ཁྲ་བ་དང་གཉའ་རབས་གླུ་གཞུང་གི་ཡིག་རྙིང་རྩ་ཆེན་གཉིས་པོར་མཚམས་སྦྱོར་འགའ་ཤས་ཞུ་འདོད་པ་ཡིན།
གཉིས་པ། ༡ རིན་ཆེན་ཀུན་འབུམ་ཁྲ་བོའི་མཚམས་སྦྱོར།
བོན་གྱི་བཀའ་འགྱུར་གྱི་དཀར་ཆག་ཁྲོད་དུ་བཀའ་གཏེར་དུ་མ་སོང་བའི་ཕྱི་རིག་པའི་བོན་སྡེ་གཙུག་ལག་དཔལ་འབུམ་དཀར་པོ་གླེམ་བམ་བརྒྱད་དང་། རིན་ཆེན་ཀུན་འབུམ་ཁྲ་བོ་གླེམ་བམ་གཉིས་ཡོད་པར་གསུངས་ཤིང་ཡིན་ནའང་ད་ལྟའི་བོན་གྱི་བཀའ་འགྱུར་ཁྲོད་དུ་གཙུག་ལག་དཔལ་འབུམ་དཀར་པོར་ལེའུ་དགུ་ཙམ་ལས་བཞུགས་མི་འདུག གཞན་དུ་ན་ད་དུང་ས་བདག་དཔལ་འབུམ་དཀར་པོ་ཐེག་པ་ཆེན་པོའི་མདོ་ལས་ལེའུ་བརྒྱ་རྩ་བརྒྱད་གླེམ་བམ་བརྒྱད་ཡོད་པར་གསུངས། གོ་འབུམ་གོ་འབྱེད་རྩ་བའི་རྒྱུད་དམ་རིན་ཆེན་ཀུན་འབུམ་ཁྲ་བོ་ཞེས་པ་འདིར་པོད་གཅིག་དཔེ་ཚན་ལྔ་བཞུགས།
དེའང་དཔེ་ཚན་དང་པོར། རིན་ཆེན་ཀུན་འབུམ་ཁྲ་བོ་ལ་སྟོན་པ་གཤེན་རབ་མི་བོའི་མཛད་རྣམ་ལ་ལེའུ་བཅུ་དགུ།
དཔེ་ཚན་གཉིས་པར། ཀུན་འབུམ་གོ་འབྱེད་རྒྱ་ཆེའི་མཆོད་པ་གླེང་གཞི་རྩིས་འགོ་རྣམ་པ་བདུན་སོགས་གཞུང་གི་གོ་རིམ་ལེའུ་སུམ་ཅུ།
དཔེ་ཚན་གསུམ་པར། ཀུན་འདུལ་ཆེན་པོའི་གླེང་གཞི་དང་བཟུངས། ཀུན་འདུལ་ལྕགས་ལྷའི་གཞུང་གི་ཉམས་ལེན་གོ་རིམ་བརྒྱད་བསྟན་པ། ཀུན་འདུལ་ལྕགས་ལྷའི་གཏོ་རྒྱུད་དང་རྩིས་འགོ་བདུན་བསྟན་པ། ཀུན་འདུལ་ཆེན་པོའི་ལྕགས་ལྷའི་འཕྲིན་ལས་གོ་རིམ་བཅུ་གཅིག་བསྟན་པ།
དཔེ་ཚན་བཞི་པ། ཀུན་སྒྲོལ་རླུང་ལྷའི་ལས་ཀུན་གླེང་གཞི་དང་དབྱིངས་ཕྱུག་གི་བཟུངས། ཀུན་སྒྲོལ་རླུང་ལྷའི་གཞུང་གི་སྤྱི་དོན་རྣམ་པ་གསུམ་ལེའུ་བཅུ་གསུམ། ཀུན་གྲོལ་འཁོར་ལོ་ཉམས་སུ་ལེན་ཆོ་གའི་རིམ་པ་ཉི་ཤུ་རྩ་གཉིས།
དཔེ་ཚན་ལྔ་པ། ཀུན་འཇོམས་རྒྱལ་པོ་ཆུ་ལྷའི་གླེང་གཞི་དང་ཆུ་ལྷའི་གཟུངས། ཀུན་འཇོམས་ཆུ་ལྷའི་གཞུང་སྤྱི་དོན་རྣམ་པ་གསུམ་དང་གཞུང་གི་སྦྱོར་དངོས་རྗེས་གསུམ་སོགས་བཀའ་རྟགས་བཅུ་གསུམ་དང་ཉམས་ལེན་གོ་རིམ་བཅུ་དགུ་བསྟན་པ། ཀུན་འཇོམས་ཆུ་ལྷའི་གཏོ་འབུམ་དང་རྩིས་འགོ་བདུན་བསྟན་པ། ཀུན་འཇོམས་ཆུ་ལྷའི་འཕྲིན་ལས་གོ་རིམ་བཅུ་གཅིག་བསྟན་པ་བཅས་སོ། །དཔེ་ཆ་འདི་ནི་བོན་བསྟན་དར་ནུབ་ཀྱི་དུས་སུ་ས་འོག་གཏེར་དུ་མ་སོང་བོན་སྡེ་རྩ་ཆེན་ཞིག་ཡིན། འདིའི་བརྒྱུད་རིམ་ནི། བོན་རྫོགས་སྤྲུལ་གསུམ་དང་ཡེ་དབང་དུས་འཁོར་རིག་ལྔས་དགོངས་པར་བརྒྱུད་དེ། རྣམ་མཁྱེན་རྒྱལ་བ་གཤེན་རབ་མི་བོས། ཞུ་འཁོར་འབྱུང་བའི་གཤེན་བརྒྱད། མཛད་གཤེན་དྲུག་ཅུ་རྩ་གཅིག གཡུང་དྲུང་སེམས་དཔའ་ལྔ་སྟོང་ལྔ་བརྒྱ། གདུང་སོབ་མུ་ཆོ་ལྡེམ་དྲུག་ལ་གསུངས་ཤིང་། དེས་མུ་ཆོས་སྟག་གཟིག་མཁས་ཆེ་གསུམ་ལ་དང་། དེས་རྒྱ་གར་ལྷ་བདག་སྔགས་གྲོལ། རྒྱ་ནག་ལེགས་ཏང་རྨང་པོ། ཕྲོམ་གཤེན་གསེར་ཐོག་ལྕེ་འབྱམས། ཞང་ཞུང་གྷ་ན་པྲ་ཏི་ལ་བརྒྱུད། དེས་བོད་ཀྱི་བོད་གཤེན་ཆེ་བརྒྱད་ལ་བརྒྱུད་ཅིང་དེ་ནས་བརྒྱུད་པ་འདི་ཡིན་ཞེས་ཁ་གསལ་མ་འཁོད་མོད། བོན་གྱི་ལོ་རྒྱུས་ཁྲོད་དུ་བོན་སྡེ་འདི་ཉིད་བཀའ་གཏེར་དུ་མ་སོང་བའི་བོན་སྡེ་ཞེས་ཡོངས་གྲགས་སུ་འཁོད་ཡོད། དེ་ནས་ཕྱིས་སུ་རྗེ་བཙུན་ཁྲོ་ཚང་འབྲུག་ལྷའི་ཕྱག་དུ་འབྱོར་ཞིང་རྗེ་བཙུན་ཁྲོ་འབྲུག་མཆོག་ནི་སྤྱི་ལོ་༩༥༦མེ་འབྲུག་ལོར་སྐུ་འཁྲུངས་ཤིང་དགུང་ལོ་བརྒྱ་དང་ཉི་ཤུ་བཞེས་ཏེ་སྤྱི་ལོ་༡༠༧༧མེ་སྦྲུལ་སྐུ་འདས་པ་ཡིན། དེ་ནས་ད་ལྟའི་བར་དུ་བརྒྱུད་པ་མ་ཆད་བཞུགས་པའི་བོན་སྡེ་རྩ་ཆེན་ཞིག་ཡིན་ནོ། །
ཡིག་རྙིང་གཉའ་རབས་གླུ་གཞུང་གི་འཚམས་སྦྱོར།
སྲིད་པ་གཉའ་རབས་ཀྱི་གླུ་གཞུང་འདི་དོག་ལྷ་མགོན་པོའི་གསུང་ཁྲུལ་མེད་ལེགསོ་ཞེས་པའི་དཔེ་རྙིང་འདི་ཉིད་ལ། དང་པོ་མ་ཀྲུའམ་གཤེགས་རབས། དེ་ནས་རྡུལ་བཀྲུགས། དེ་ནས་གདོང་ཚིག་དང་འབེ་གླུ་ཞེས་དྲི་བ་དང་དྲི་ལན་གྱིས་གླུ་གཞུང་རབས། གྲོ་ཤོད་གླུ་ཕྲེང་། མགྲོན་རབས། ཟམ་མོ་འགྲོན་རབས། ཟུར་སྐོལ་ཕྲན་ཚེགས། འབྲུས་རབས། སྐྱོགས་རབས། གདན་རབས། སྒོ་རབས། སྐུལ་ཞིང་གི་ཟུར་སྐལ་བཅས་གླུ་གཞུང་དངོས་ནས། ད་དུང་ཟུར་བཀོལ་ལ་ཐོ་རབས་བརྒྱད་ཅུ། སྲིད་པའི་ཐོ་མོ་ཆེའི་བཤད་པ། ཚེར་ཤིང་ལྡན་པ། ནམ་མཁའ་རྒྱང་བུ། ཤིང་སྐུལ་ཤིང་བྱ་སྐད་སྙན་གསུམ། སྲིད་པའི་རུས་སྦལ་འབྱོན་ཁུངས། འབྲུ་བཤད་སོགས་དང་ད་དུང་གླུ་ལ་དོན་ཚན་སུམ་ཅུ་སོ་དགུ་བཅས་ཡོད་ཅིང་། གཉའ་རབས་གླུ་གཞུང་གི་ཡིག་རྙིང་འདིའི་མ་དཔེ་ནི་དཔལ་ཞང་ཞུང་ཁྱུང་ལུང་རྔུལ་མཁར་གནའ་ཤུལ་གྱི་ཉེ་སར། མངའ་རིས་ཁུལ་སྒར་རྫོང་མོན་འཚེར་ནས་ཡིན་པའི་འདས་པོ་མེས་བསོད་ནམས་དབང་གྲགས་ཀྱི་ཡིན། ཁོང་གི་མེས་པོ་སྔགས་པ་ཚེ་རིང་དང་། ཨ་ཕ་ཉི་མ་ནོར་བུ་སོགས་ཡབ་མེས་གོང་མ་རྣམས་ནི་གཉའ་རབས་ཀྱི་གླུ་ལེན་མཁན་གྱི་གཉའ་རྒན་ཤ་དག་ཡིན་པ་དང་། དེ་བཞིན་ཁོང་དང་ཁོང་གི་གཅེན་པོ་འདས་པོ་མིག་དམར་གཉིས་ནི་གཉའ་རབས་གླུ་གཞུང་གི་གཉའ་རྒན་ཡིན་ཞིང་། ཁོང་སྤུན་གཉིས་ཀར་གཉའ་གླུ་ལ་ཤིན་ཏུ་དགའ་པོ་ཡོད་པས་རིག་གསར་སྐབས་སུ་ཆོས་དཔེ་རྩ་ཆེན་མང་པོ་གཞན་ལག་ཤོར་ཞིང་མེར་བསྲེགས་གཏོང་དགོས་བྱུང་མོད། གཉའ་རབས་གླུ་གཞུང་འདི་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་སྦས་བསྐུངས་དང་བདག་གཅེས་ཉར་ཚག་བྱས་ཏེ་མ་ཤོར་པ་ཙམ་ཞིག་བྱུང་འདུག དེ་ལྟར་ཡིག་རྙིང་འདི་ནི་ཆེས་གནའ་བོའི་དུས་ནས་བཟུང་ད་ལྟའི་བར་དུ་གླང་ཆེན་ཁ་འབབ་རྒྱུད་དུ་གཉའ་རབས་གླུ་གཞུང་འདི་ཉིད་མི་རབས་དང་མི་རབས་ནས་བརྒྱུད་དེ་དར་བས་ཁ་རྒྱུན་དུ། གླང་ཆེན་ཁ་འབབ་བཞུར་རྒྱུན་དུ་གུ་གེའི་གླུ་གཞུང་ཝ་མའི་ཁྱུག་ཆེན། ཅེས་འབོད་ལ་དབུ་སྡེབས་ལས་དོག་ལྷ་མགོན་པོའི་གསུང་ཁྲུལ་མེད། ཅེས་འཁོད་ཡོད་གནས་འདིའི་གནའ་བོའི་མེས་པོའི་ཤུལ་བཞག་ལྷག་མ་རྩ་ཆེན་ཞིག་ཡིན།
གཉའ་རབས་གླུ་གཞུང་གི་མཛད་པ་པོ་ནི། འདིའི་དབུ་སྡེབས་ལས། དོག་ལྷ་མགོན་པོའི་གསུང་ཁྲུལ་མེད་ལེགསོ། ཞེས་དང་། སྟོན་པ་བཤེན་རབས་མེ་མོ་བྱ་ལོ་ལ་བྱོན། དོག་ལྷ་མགོན་པོ་བསྟན་པ་བར་མ་ལ་བྱོན། སྲིད་པའི་གཞུང་སྟག་གི་ལོ་ལ་གསུངས། ཞེས་འཁོད་པར་གཞིག་ནས་གཉའ་རབས་གླུ་གཞུང་འདིའི་མཛད་པ་པོའམ་གསུངས་མཁན་ནི་དོག་ལྷ་མགོན་པོ་ཡིན་པའི་ཚུལ་གསལ། དོག་ལྷ་མགོན་པོ་ཞེས་པ་ནི་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་ཞིང་དེ་ནི་བོད་ཀྱི་ལོ་རྒྱུས་ཀྱི་ནང་དུ་ས་བླ་མགོན་བུའམ་དོག་ལྷ་མགོན་བུའམ་དོག་ལྷ་(ས་བླའམ་མགོན་ཤེས་ལྷ་བོན)བོན་པོ་ཞེས་མིང་འབྲི་སྟངས་མི་འདྲ་འགའ་ཞིག་འདུག་པར་འདི་ནི་དེ་དང་གཅིག་པ་ཡིན་པའི་ངོས་འཛིན་བྱས་ན་ཆོག་སྙམ། རྒྱུ་མཚན་ནི་གཉའ་རབས་གླུ་གཞུང་འདི་ཡི་ནང་ནས་དམུ་ཡི་རྗེ་རྒྱལ་ཞེས་དང་ཡེ་དང་སྐོས་ཆ་(ཕྱྭ)དང་རྨུ་རུ་གཉེན། ཞེས་པའིབཤད་སྲོལ་ལྟར་ན་ཡེ་གེ་ལྷ་གྱེས་ཅན་ནམ་སྟོད་ལྷ་རབས་ཅན་སོགས་གོང་གི་མི་སྣ་དང་འབྲེལ་བའི་ལོ་རྒྱུས་ཡིག་རྙིང་ཁག་གི་བཤད་ཚུལ་དང་འདྲ་པོ་འདུག་པས་སོ། །ཁོང་བྱོན་པའི་དུས་ཚིགས་ནི་ལོ་རྒྱུས་ཀྱི་ནང་དུ་བཤད་སྲོལ་ལྟར་ན། སྟོན་པ་གཤེན་རབ་མི་བོའི་སྐུ་ཚེ་གང་བོའི་རིང་དུ་བཀའ་འཁོར་ཐོག་མཐའ་བར་གསུམ་བསྐོར་བ་དང་། ཡང་ན་ཁོང་གིས་བསྟན་པའི་གནས་ཚད་ནི་སྐུ་གསུང་ཐུགས་ཀྱི་བསྟན་པ་རིམ་བཞིན་འབྱུང་བའི་ཚུལ་དབྱེ་རྒྱུ་ཡོད་པས། འདིར་བསྟན་པ་བར་མ་བྱོན་ཞེས་པའི་ཚིག་འདི་ལ་ལྟར་ན་བཀའ་འཁོར་བར་པའི་སྐབས་སུ་ཡིན་པའི་བཟོ་ཞིག་འདུག་ཀྱང་། དོག་ལྷ་མགོན་པོའམ་ས་བླ་མགོན་བུ་ནི་རྗེ་གཉའ་ཁྲི་བཙན་པོའི་སྤུན་མཆེད་དམ་གཉེན་ཉེ་ཡིན་པའི་ལོ་རྒྱུས་ཡོད་པ་གཤམ་གསལ་ལྟར། གླེང་གཞི་བསྟན་པའི་འབྱུང་ཁུངས་ལས། ས་བླ་བོན་པོ་ལ་སོགས་ཤེས་པ་ཅན་བཅུ་གཉིས་ཀྱིས། ཞེས་གསུངས་པས་སྤུ་རྒྱལ་གཉའ་ཁྲི་བཙན་པོ་གདན་འདྲེན་གནང་མཁན་གྱི་མི་སྣ་ཤེས་པ་བཅུ་གཉིས་ཀྱི་ཡ་གྱལ་ས་བླ་བོན་པོ(མགོན་ཤེས་ལྷ་བོན)ཞེས་ཡོད་པར་གསུངས། དེ་ལྟར་བསྟན་པ་བར་མ་བྱོན་ཞེས་གསུངས་པ་དེ་དོན་དངོས་སུ་སྤུ་རྒྱལ་གཉའ་ཁྲི་བཙན་པོ་ནི་སྟོན་པ་གཤེན་རབ་ཀྱིས་གསུང་གི་བསྟན་པའི་སྐབས་སུ་བྱོན་པའི་ལོ་རྒྱུས་ཡོད་པས་དེ་ལྟར་འཐད་སྙམ། ཆེས་གནའ་བོའི་དུས་སུ་གངས་ཅན་བསིལ་མའི་ལྗོངས་སུ་རིང་ལུགས་ཆེན་པོ་གསུམ་སྟེ་གཡུང་དྲུང་བོན་དང་། དམ་པ་ཆོས། གཙུག་ལག་གམ་སྐྱེ་བོ་མི་ཆོས་བཅས་གསུམ་དེ་རེ་རེ་ལའང་ནང་གསེས་གཞུང་ལུགས་མང་པོ་ཡོད་པའི་ནང་ནས། གླུ་གཞུང་འདི་ནི་གཙུག་ལག་གམ་སྐྱེ་བོ་མི་ཆོས་ཀྱི་གཞུང་ཞིག་ཡིན་ཞིང་། གཙུག་ལག་ཅེས་པའི་ཚིག་དེ་སྤྱིར་རིག་པའི་གནས་ལ་ཐམས་ཅད་ལ་གོ་ཞིང་བྱེ་བྲག་ཏུ་སྐྱེ་བོ་མི་ཆོས་ཞེས་ཚེ་འདིར་འཇིག་རྟེན་པ་གཙོ་བོར་བྱས་པའི་རིག་གནས་ལ་གོ་བ་ཡིན། སྤྱིར་རིག་པའི་གནས་ནི་བཟོ་རིག་པ་དང་། གསོ་བ་རིག་པ། སྒྲ་ཚད་རིག་པ། ཕྱི་རིག་པ། ནང་རིག་པ་བཅས་རིག་པའི་གནས་ཆེ་བ་ལྔ་ཡི་རྒྱུད་དང་གཞུང་ལུགས་གངས་ཅན་བསིམ་མོ་ལྗོངས་སུ་ཆེས་གནའ་བོའི་སྐབས་སུ་དར་ཡོད་པ་དང་། གཡུང་དྲུང་བོན་དང་དམ་པ་ཆོས་གཙུག་ལག་མི་ཆོས་གསུམ་ནི་གཅིག་ལ་གཅིག་བརྟེན་གྱི་་ཚུལ་དུ་ཕན་ཚུན་གྱི་འབྲེལ་བ་དམ་ཟབ་ཡོད་པ་ཡིན་པས། དེང་སྐབས་ཀྱི་བོད་རིག་པའི་ཞིབ་འཇུག་བྱེད་མཁན་ཕྱི་གླིང་བ་འགའ་ཞིག་གིས། ཏུང་ཧོང་ཡིག་རྙིང་ཁག་ལས། བོན་དང་གཙུག་ལག་ཅེས་འཁོད་པ་ལས་གཡུང་དྲུང་བོན་ཞེས་མཐོང་རྒྱུ་མི་འདུག་པར། བོད་ཡུལ་འདིར་གནའ་བོའི་དུས་སུ་བོན་པོའི་ཆོས་ལ་གཙུག་ལག་ཅེས་བརྗོད་པ་ལས་གཡུང་དྲུང་བོན་ཞེས་མི་བརྗོད་པའི་ཚུལ་གསུངས་མཁན་ཡོད་པར་འདུག་ཀྱང་། དེ་ནི་བོད་ཀྱི་ལོ་རྒྱུས་ཀྱི་སྒོ་ཙམ་མཐོང་བ་ནས་སྤེལ་བའི་གཏམ་ཞིག་ལས་ཆ་རྒྱུས་ཡོད་པའི་དཔྱད་གཏམ་ཞིག་ག་ལ་ཡིན། དེས་ན་གླུ་གཞུང་འདིའི་ཚིག་འགྲོས་སོགས་གང་ས་ཅིའི་ཐད་ལ་བལྟས་ནས་ཆེས་གནའ་བོའི་དུས་སུ་གཡུང་དྲུང་བོན་དང་གཙུག་ལག་མི་ཆོས་ཀྱི་གཞུང་ལས་བཏུས་ཤིང་ཕྱོགས་གཅིག་ཏུ་བཀོད་ཡོད་པ་ནི་གསལ་པོ་ཡིན་ངེས་ཀྱང་། ཕྱིས་སུ་རྒྱལ་བ་ཐུབ་པའི་དབང་པོའི་བསྟན་པ་བོད་དུ་དར་ཞིང་ལྷག་ཏུ་མངའ་རིས་ཀྱི་ཁུལ་འདིར་གུ་གེའི་རྒྱལ་རབས་རྣམས་ཀྱི་སྐབས་སུ་ཐུབ་བསྟན་ཤིན་ཏུ་དར་བས་དེའི་རིང་དུ། གཉའ་རབས་གླུ་གཞུང་འདི་ལའང་དུས་ཀྱི་འཕོ་འགྱུར་དང་མཐུན་པའི་སྒོ་ནས་ཐུབ་བསྟན་གྱི་གཞུང་ལུགས་དང་མཐུན་པའི་ཚིག་ཚོགས་བཅོས་ཏེ་ཁ་སྣོན་མཛད་ཡོད་པ་ནི་གླུ་གཞུང་འདི་ལ་བལྟས་ན་ཤེས་ནུས་པར་འདུག་གོ །
ཞང་ཞུང་ཁྱུང་ལུང་རྔུལ་མཁར་གྱི་གནས་སུ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་བྲིས་ཏེ་ཕུལ་བའོ། །སྤྱི་ལོ༢༠༢༢ ཟླ་༧ཚེས་༢༨ཉིན།