ལྷག་བསམ་རླབས་ཀྱིས་འཕྱོ་བའི་མཛད་བཟང་མུ་ཏིག་ཕྲེང་བ།
[ཟླ་ཚེས། 2020-09-15 00:43:48][རྩོམ་པ་པོ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བའི་སྟེང་གི་གཏམ་བཤད།
ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།
ས་གནས། མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་དུང་དཀར་དགོན་པ།
དུས་ཚོད། ༢༠༢༠ལོའི་ཟླ༩ཚེས་༨ཉིན།
བཀུར་བར་འོས་པའི་མཚན་འཛིན་ཚོགས་གཙོ་དང་། ཚོགས་གཙོ་སྐུ་གཞོན། བློ་འདྲི་མི་སྣ། དྲུང་ཡིག་རྒན་གཞོན། རྒྱུན་ལས་ལས་འཛིན་རྣམ་པ། འདི་ནས་ངས་ཚོགས་གཙོའི་གྲོས་ཚོགས་ཀྱི་བཀའ་མངགས་ལྟར་དུ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ནས་རབ་བྱུང་ངུར་སྨྲིག་གི་སྡེ་དང་། རིག་འཛིན་དབལ་བོན་གྱི་སྡེ། ལྷ་ཤེས་གྲོང་བོན་གྱི་སྡེ། མི་སྐྱ་ཕོ་མོའི་སྡེ་བཅས་ལས་གྲུབ་པའམ། ཡང་ན་སྟོན་འཁོར་འདུ་བ་རྣམ་བཞི་གང་རུང་གི་ཁྱབ་ཁོངས་ནས་ཕེབས་པའི་གཡུང་དྲུང་སྤུན་གྲོགས་ཐམས་ཅད་སྤྲོ་བ་ཆེན་པོའི་ངང་ནས་བསུ་བ་དང་འབྲེལ་ཏེ། བོན་གྱི་སྡོངས་གྲོགས་བོན་གྱིས་བྱེད་ཅེས་གསང་བདག་གྲུབ་ཐོབ་བརྒྱ་རྩའི་ཡ་གྱལ། རིག་འཛིན་ཆེན་པོ་སྟོང་རྒྱུང་མཐུ་ཆེན་གྱི་ཞལ་སྔ་ནས་གསུངས་པའི་དགོངས་དོན་ལྟར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་སྨིན་གྲོལ་དུང་དཀར་གཤེན་བསྟན་དར་རྒྱས་གླིང་དང་། ཆབ་འགག་རྐ་གསར་བོན་མང་སྟེ། མདོ་སྔགས་ཉི་ཟླ་ཟུང་དུ་འབྲེལ་བའི་སྡེ་དགོན་འདི་གཉིས་ཀྱི་རིས་སུ་མ་ཆད་པའི་བསྟན་སྦྱིན་སེར་སྐྱ་ཕོ་མོ་ཡོངས་ཀྱི་འབད་བརྩོན་དང་། ལྷག་པར་དུ། བསྟན་འགྲོའི་དཔུང་གཉེན་དམ་པ་བྱ་འཕུར་གཡུང་དྲུང་ཉི་མ་རྒྱལ་མཚན་མཆོག་གིས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བ་འཚོགས་པར་རྒྱུན་མཐུད་དེ་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་པས་མཚོན། གོང་བརྗོད་འབྲེལ་ཡོད་ཚང་མས་དོན་འདིར་ཐུན་མོང་གིས་ཤུགས་ཆེན་གྱི་རྒྱབ་སྐྱོར་གནང་བ་ལ་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།
གཅིག ཞང་ཞུང་ཤེས་རིག་གི་གནས་བབ་དང་འབྲེལ་བའི་མཉམ་འབྲེལ་ལྷན་ཚོགས་ཀྱི་དོན་སྙིང་སྐོར།
ཚང་མས་མཁྱེན་གསལ་བཞིན་རང་རྒྱལ་གྱི་ཆོས་ལུགས་དེ་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་ནི། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་མཛུབ་སྟོན་བྱས་པའི་ཁ་ཕྱོགས་ཡང་དག་པ་ཡིན་ལ། དེ་ནི་ཀྲུང་གོའི་ནང་བསྟན་གྱི་ཟབ་ཅིང་རིང་བའི་ལོ་རྒྱུས་ཀྱི་དོན་སྙིང་དང་མཐུན་པ། དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་པའི་འགན་འཁྲི་རྨད་དུ་བྱུང་བ་ཞིག་ཡིན་པ་ལྟར། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་བྱེད་པའི་སྲིད་ཇུས་བཟང་པོའི་དགོངས་དོན་དང་མཐུན་པའི་སྒོ་ནས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་སྔར་རྒྱུན་ལྟར་བསྐོང་འཚོགས་བྱས་པ་འདི་ཡང་། ཀྲུང་གོའི་ནང་བསྟན་ལ་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཀྲུང་གོའི་ཞང་ཞུང་རིག་གནས་འོད་ཟེར་འཕྲོ་བའི་ལམ་ཆེན་སྟེང་བསྐྱོད་པར་དེ་ལ་དགོས་ངེས་ཀྱི་མཐུན་རྐྱེན་བསྐྲུན་པའི་རིག་གཞུང་དཔྱད་གླེང་གི་ཁོར་ཡུག་བཟང་པོ་ཞིག་ཏུ་གྱུར་ཡོད། ཞང་ཞུང་རིག་གནས་ནི་མདོ་དབུས་མཐོ་སྒང་སྟེང་གི་ས་སྐྱེས་རྡོ་སྐྱེས་ལྟ་བུའི་རིག་གནས་ཤིག་ཡིན་ཏེ། བོད་མི་རིགས་ཀྱི་གནའ་རབས་ལོ་རྒྱུས་དང་རིག་གཞུང་གི་མ་ཡུམ་ལྟ་བུར་ཆགས་ཡོད་པའི་ཁར། འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ཚེ། ཞང་ཞུང་ཤེས་རིག་གིས་བོད་ཀྱི་འགྲོ་བ་རྣམས་ཤེས་རབ་འབར་བའི་སྤྱི་ཚོགས་ལ་སླེབས་པར་བྱས་ཡོད་ཅིང་། གནའ་བོའི་མི་རིགས་འདིའི་ཆོས་རིག་གཙུག་ལག་གི་དཔལ་ཡོན་གྱི་འོད་རླབས་རིང་མོ་གང་ཞིག ཕྱོགས་བཞིའི་རྒྱལ་ཁམས་ཀྱི་ཁྱོན་ན་མཚན་སྙན་མངའ་ཐང་གིས་ཀུན་ནས་ཡོངས་སུ་མཐོ་བ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་ཆེས་ཆེར་བཏོན། ལོ་རྒྱུས་ལ་འགྱུར་བ་ཇི་ལྟར་རྒོད་ཀྱང་། རི་བོ་གངས་ཅན་པའི་ཕ་མེས་ཡང་མེས་གཙོས་པའི་དེ་དག་གི་རྗེས་རབས་པ་མང་པོ་ཞིག་གིས། རང་གི་སྲོག་དང་བསྡོས་ཏེ་རིན་ཆེན་གསེར་ལས་བྲིན་པའི་བོད་ཀྱི་ཤེས་རིག་དེ་ཉིད་རྒྱུན་འཛིན་དང་དར་སྤེལ་གང་ལེགས་བྱེད་པ་བརྒྱུད་ནས། ད་ལྟ་བོད་ཀྱི་ལོ་རྒྱུས་སྨྲ་བའི་རྒྱལ་ཁབ་ཕྱི་ནང་གི་དཔྱོད་ལྡན་མཁས་པའི་ཁྲོད་ན་ཞང་ཞུང་རིག་གནས་ལ་མ་བསྐུལ་དང་བླང་གིས་མཐོང་སྟངས་གསར་བ་ཞིག་ཆགས་ཏེ་དོ་སྣང་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་ལྟར་ཡིན་ཞིང་། འདི་ནི་ང་ཚོའི་བསམ་བློའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་སུ་བཟུང་ཆོག་ལ། ཞང་ཞུང་ཤེས་རིག་གི་ངོ་བོ་དང་དེའི་རླབས་རྒྱུན། དེའི་ལོ་རྒྱུས། དེའི་སྙིང་སྟོབས། དེའི་ཕྱི་ནང་གསང་གསུམ་གྱི་དགེ་མཚན་ཅི་ཡོད་སྔོག་འདོན་བྱེད་པའི་གཟི་བརྗིད་ཀྱི་འོས་འགན་ང་ཚོ་མི་རེ་རེ་ཡི་ཕྲག་སྟེང་དུ་བབ་ཡོད་པས། ཞང་ཞུང་ཤེས་རིག་གི་རིན་ཐང་ལྟ་བའི་སྐོར་ལ་མུ་མཐུད་དཔྱད་བརྗོད་དང་དེའི་དགེ་མཚན་གྱི་ནུས་པ་སྔོག་འདོན་བྱེད་ཆེད་ང་ཚོ་འདི་ལྟར་འཚོགས་ཏེ། བོད་མེས་པོའི་གནའ་རབས་རིག་གཞུང་གི་དཔལ་ཡོན་འདི་ལྟར་ཟབ་ས་ནས་གླེང་བ་ནི། རིག་གནས་རང་རྟོན་གྱི་བསམ་བློའི་ནང་དོན་ཆ་ནས་ལྟོས་ཚེ་འདི་ནི་དངོས་ཡོད་ཀྱི་དོན་སྙིང་ལྡན་ཞིང་། བོད་ཀྱི་རིག་གཞུང་ཕྱོགས་ཡོང་ནས་རྒྱུན་འཛིན་གནང་བའི་ཐད་ཀྱི་ཞབས་ཞུ་རྣལ་མ་ཞིག་ཏུ་ལོ་རྒྱུས་ཀྱིས་ཁས་ལེན་སྟེར་ངེས་ཡིན་པ་མ་ཟད། བོན་བསྟན་འཕེལ་བའི་བརྒྱུད་རིམ་ཁྲོད་སྤྱི་དོན་མཉམ་གླེང་བྱེད་པའི་ལོ་རྒྱུས་ཀྱི་ལེའུ་གསར་བ་ཞིག་ཡིན་པས། སྤྱི་ཚོགས་ཀྱི་གྲུ་ཟུར་མང་པོ་ནས་བོན་གྱི་བསྟན་པའི་གནས་བབ་ལ་ཐུགས་ཁུར་དང་། ཞང་ཞུང་ཤེས་རིག་གི་གནས་བབ་ལ་མཐོང་སྣང་སྔར་ལས་ལྷག་པ་འབྱུང་བའི་གལ་ཆེའི་ཤུགས་རྐྱེན་ཐེབས་རྒྱུ་ངེས་ཅན་ཡིན།
ལྷག་པར་དུ་ང་ཚོ་དགའ་འོས་པ་ཞིག་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བའི་སྙན་ཞུའི་ནང་། ཚད་མཐོའི་རིག་གནས་ཀྱི་གདེང་ཚོད་མེད་པ་དང་། རིག་གནས་དར་རྒྱས་གོང་འཕེལ་མེད་ན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་མི་སྲིད། ཅེས་པའི་དགོངས་དོན་ལྟར། རང་རེའི་གཡུང་དྲུང་བོན་གྱི་གྲུབ་མཐའི་ཆ་ལ་ཡང་། རྒྱལ་ཁབ་དང་སྲིད་གཞུང་རིམ་པས་ཡང་དག་པའི་སྲིད་ཇུས་ཀྱི་བརྩེ་གཟིགས་ཚད་མེད་འོག་ཏུ། གདེང་འཇོག་དང་། ཚད་མཐོ། ལས་འཆར། དྲང་བཞག རྒྱབ་སྐྱོར་བཅས་ཡོད་པའི་སྒོ་ནས། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་ད་ལོ་བོན་གྱི་སློབ་མ་བསྡུ་ཚད་གྲུབ་མཐའ་གཞན་དང་བསྡུར་ན་མང་པོའི་གྲས་སུ་སླེབས་པ་དང་། བོན་གྱི་གཞུང་ཆེན་བཀའ་པོད་རྣམ་ལྔས་མཚོན་པའི་དཔེ་དེབ་བཅུ་བཞི་མཐོ་རིམ་ནང་བསྟན་བསླབ་དེབ་ཀྱི་གྲས་སུ་བཞག་སྟེ་དངོས་སུ་པར་བསྐྲུན་བྱེད་བཞིན་ཡོད་པ་དང་། དེ་བཞིན་དུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་ཞང་བོད་རིག་གནས་དཔེ་ཚོགས་ཀྱི་ཐད་ལ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྒྱལ་ཁབ་གནད་ཆའི་དཔེ་སྐྲུན་འཆར་བཀོད་ལས་གཞི་དང་། མི་རིགས་སྐད་ཡིག་དཔེ་སྐྲུན་གྱི་ཆེད་སྤྱོད་རོགས་དངུལ་ལས་གཞི། བོད་ལྗོངས་ནག་ཆུའི་སྦྲ་ཆེན་དང་ཉི་མ་རྫོང་གི་རྒྱུད་གཅིག་ལམ་གཅིག་ཅེས་པའི་རིག་གནས་འཛུགས་སྐྲུན་གྱི་ལས་གཞིའི་རྣམ་གྲངས་ཀྱིས་རྒྱབ་སྐྱོར་ཐོབ་པ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་ལས་གཞི་གལ་ཆེན། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོར། རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རོགས་སྐྱོར་ལས་གཞིའི་རྣམ་གྲངས་ཐོབ་པ་དང་། ཞང་བོད་ཚིག་མཛོད་ཆེན་མོའི་པར་སྐྲུན་ལས་གཞི་ལ། རྒྱལ་ཁབ་རིམ་པའི་མི་རིགས་ཡིག་ཆའི་དཔེ་སྐྲུན་མ་དངུལ་རོགས་སྐྱོར་གྱི་རྣམ་གྲངས་དང་། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་བསླབ་དེབ་ཀྱི་གྲས་སུ། བོན་གྱི་ལམ་རིམ་བློ་སྦྱོང་གི་དེབ་ལྔ་པར་སྐྲུན་ལས་འཆར་ཐོབ་པ་སོགས་ནི། ཏང་དང་རྒྱལ་ཁབ་ཀྱིས་ཞང་བོད་རིག་གནས་ལ་མཐོང་ཆེན་བྱས་ཏེ་ལས་གཞི་གལ་ཆེན་འདི་དག་ལ་རྒྱབ་སྐྱོར་ཚད་མེད་བྱས་ཡོད་ཐོག བསྟུན་མར་ལོ་ངོ་དུ་མའི་རིང་ལ། ཞང་ཞུང་རིག་གནས་རྒྱལ་སྤྱིའི་དཔྱད་གླེང་ཚོགས་འདུ་དང་། ཁྱུང་རིག་གནས་དཔྱད་གླེང་ཚོགས་འདུ་སྐབས་དུ་མར་སྤེལ་བ་འདིས་ཀྱང་། རྒྱལ་ཁབ་དང་སྲིད་གཞུང་རིམ་པའི་མགོ་ཁྲིད་རྣམས་ལ། ཕྱོགས་རིས་དང་སྒེར་སེམས་ཀྱི་ལངས་ཕྱོགས་གཏན་ནས་མེད་པར། སྤྱི་མཐུན་གྱི་བསམ་བློ་དང་། རོགས་འདེགས་ཀྱི་ནུས་ཤུགས། མི་རིགས་ལ་བརྩེ་སེམས། རིག་གཞུང་ཉམས་གསོ། ཤེས་རིག་དར་སྤེལ། དམངས་ལ་ཕན་འབྲས་རྒྱ་ཆེན་པོ་སྐྲུན་བཞིན་པ་ནི་ང་ཚོའི་ཁ་ཞེ་གཉིས་མེད་ཀྱི་སེམས་གཏིང་ནས་ངེས་པར་དུ་ཤེས་དགོས་པ་ཡིན།
དུས་རབས་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྟུན་ནས་འགྲོ་བ་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་བསྐྲུན་པ་དང་། མིའི་རིགས་ཀྱི་བསམ་བློའི་ལྟ་སྤྱོད་ཀྱིས་མ་འདང་པའི་རྨོངས་པའམ་ཞན་ཆའི་རིགས་རྣམས་ཤེས་རབ་ཀྱིས་སེལ་བར་བྱེད་ཅིང་། གནས་ལུགས་དང་འབྲེལ་བའི་ཚེ་སྲོག་གི་རིན་ཐང་ལྟ་བའི་གོ་རྟོགས་མཐོར་འདེགས་བྱེད་པ་ལ་རང་སྟེང་གི་ནུས་པ་འདོན་སྤེལ་བྱ་རྒྱུ་ནི། ཞང་ཞུང་ཤེས་རིག་གི་སྲོག་ཤིང་ཡིན་པའི་གཡུང་དྲུང་བོན་གྱི་དགོངས་དོན་གལ་ཆེན་ཞིག་ཏུ་གླེང་བརྗོད་བྱས་ཆོག དེ་བས་ཁྱེད་རྣམ་པ་སུ་ཡིན་ཡང་དགོས་པ་དང་རྒྱུ་མཚན་དེ་དག་ལ་རྒྱ་ཆེ་ས་ནས་གཟིགས་ཤིང་། གཏིང་ཟབ་ས་ནས་དམིགས་ཡུལ་ཡོད་པ་ཅན་འབའ་ཞིག་སྟེ། རྒྱལ་བ་གཤེན་རབ་མི་བོའི་བསྟན་པའི་སྤྱི་དོན་ཀྱི་ཀ་ཆེན་མཐའ་ནས་ཡར་ལ་ཇི་ལྟར་འདེགས་པར་ཕན་ཚུན་མཐུན་ལམ་དཔུང་པ་མཉམ་གཤིབ་བྱེད་པ་མཚོན་ཕྱིར། ལེ་བར་བརྒྱ་ཕྲག་དང་སྟོང་ཕྲག་གིས་བར་ཆོད་པའི་ལམ་གྱི་དཀའ་ཚེགས་མང་པོ་ཁྱད་དུ་གསད་ཅིང་། དཔལ་འབྱོར་གྱི་འགྲོ་གྲོན་མང་པོ་བློ་ཡིས་བཏང་ནས། སྐུ་བརྗིད་པོ་ཡང་མོ་དང་། ཐུགས་བྲེལ་པོ་ལྷོད་ཆགས་སུ་མཛད་དེ། འདི་ལྟར་བསྟན་པའི་སྤྱི་དོན་གླེང་བར་ཕེབས་བྱུང་བ་ནི། དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་འདིར། གཡུང་དྲུང་བོན་གྱི་བསྟན་པའི་སྤྱི་དོན་ལ་ཐུགས་དཔྱད་དང་ནུས་པ་འདོན་མཁན་གྱི་སྐྱེ་བོ་དུ་མ་བྱུང་དང་འབྱོན་ངེས་ཡིན་པའི་མདུན་ལྗོངས་གསལ་སྟོན་བྱས་པ་ཞིག་དང་། བོན་འབངས་སྤྱི་ཡི་ཐུན་མོང་གི་ལས་དབང་ཐད་ནས་བགྲོ་གླེང་དང་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མཐོང་བས་རང་སེམས་ལ་སྤྲོ་བ་ཚད་མེད་འཕེལ་བར་འདུག་ཅིང་། འདིར་ཕེབས་ཀྱི་མང་པོ་ཞིག་ལ་ང་དང་གཅིག་མཚུངས་ཀྱི་སེམས་ཚོར་ཐེབས་ཡོད་པ་གདོན་མི་ཟ། ཕྱོགས་གཞན་ཞིག་གི་ཆ་ནས་བཤད་ན། སྤྱི་ཚོགས་ནི་ནམ་ཡང་རྙོག་འཛིང་གི་རང་བཞིན་ཅན་དུ་གནས་ཡོད་པ་ཞིག་ཡིན་སྟབས། ཐུན་མོང་གི་ལས་དབང་ཕྱོགས་སུ་ཁ་གཏད་དེ་འདི་ལྟར་ལྷན་འཛོམས་ངང་བྱ་བ་ཁ་ཤས་སྙིང་རུས་ཀྱིས་ཕྲག་ཏུ་འཁྱེར་བ་ལ། མཐུན་ལམ་གྱི་སེམས་ཤུགས་ཧ་ཅང་སྐྱོ་བོ་ཡིན་པ་ཅན་རེ་གཉིས་ཀྱིས། བསམ་པ་རྣམ་པར་དག་མ་དག་ཅི་རིགས་ཀྱི་རྐྱེན་པས། ང་ཚོ་ལ་གླེང་ཕྱོགས་འདྲ་མིན་བཟོ་མཁན་འདྲ་ཡོང་ནའང་ཐང་སྲིད་མོད། དེ་ནི་ཁོང་ཚོ་དང་ང་ཚོའི་བར་གྱི་བསམ་བློའི་སྙིང་སྟོབས་མི་འདྲ་ས་མཚོན་པའི་མི་བུ་སོ་སོའི་སྒེར་ཚུགས་ཀྱི་སྣང་བརྙན་ཕྱི་རུ་མངོན་པ་ཙམ་དུ་བརྗོད་ཐུབ།
གཉིས། མཉམ་འབྲེལ་ལྷན་ཚོགས་ཀྱི་འདས་པའི་ལོ་ངོ་གཅིག་གི་བྱ་བར་ཕྱིར་རྟོག་བྱས་པ།
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བ་ནི། མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་ལས་འགན་གཙོ་གྲས་ཁག ཐོག་མའི་དམིགས་འབེན་ལྟར་ལེགས་འགྲུབ་ཡོངས་པའི་བརྩོན་པ་མཐའ་འཁྱོལ་བ་ཞིག་བྱེད་ཅིང་། སྐབས་གསུམ་པའི་འབྱུང་འགྱུར་གྱི་བྱ་བཞག་གང་ཡོད་རིགས་རྣམས། འོད་སྟོང་འབར་བའི་ངང་མདུན་དུ་བསྐྱོད་པར་སྐུལ་འདེད་གཏོང་བྱེད་ཀྱི་འགག་རྩའི་ཚོགས་འདུ་ཞིག་ཏུ་གྱུར་ཡོད། ཕྲན་རང་ཉིད་ཚུད་པའི་ལས་ཀྱི་སྣེ་མོ་བ་ཡོངས་ལ་མཚོན་ན། སྐབས་གཅིག་རིང་ཚད་ལོ་ངོ་དྲུག་ཡིན་པའི་ལོ་ངོ་ཧྲིལ་བོ་ལྔ་དེ་རིང་ནས་བཟུང་སྔར་སོང་ལོ་རྒྱུས་ཀྱི་ཁོངས་སུ་བསྡུས་ཏེ་མཇུག་སྡོམ་འཚོལ་དགོས་པའི་སྐབས་ལ་འཁེལ་བ་དང་། མ་འོངས་པའི་ལོ་ངོ་གཅིག་གི་ནང་དུ། དེ་སྔོན་གྱི་ལས་ཀའི་རིགས་གང་ཞིག་ལ་ཁ་གསབ་དང་ལེགས་བཅོས་རྒྱག་དགོས་མིན་ཐད་ནས་ནོར་བ་བཅོས་ཞིང་འཁྲུལ་བ་ཡོ་བསྲང་བྱེད་ཆོག་པའི་འབྱུང་འགྱུར་གྱི་ལོ་གཅིག་པུར་ཆགས་ཡོད་པ་ལགས་ན། གོང་འོག་བར་གསུམ་ཚང་མས་བསྟན་དོན་འཕེལ་རྒྱས་ཀྱི་ཆེད་དུ་མུ་མཐུད་ནས་མཛད་བཟང་གི་ལེགས་སྐྱེས་སྔར་ལས་ལྷག་པ་ཞིག་འབུལ་རོགས་ཞུ་རྒྱུ་ཡིན།
འཕེལ་རྒྱས་ལ་འདི་ཞེས་པའི་ཚད་དང་མཐའ་མེད་པ་ལྟར། ལོ་རྒྱུས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་མདུན་ནས་མདུན་དུ་བསྐྱོད་པའི་རང་བྱུང་གི་ཆོས་ཉིད་ལ་མཐོ་དམན་བར་མ་སུ་ཞིག་གིས་བཅོས་རྒྱུ་མེད་རུང་། ལྷན་རྒྱས་ནས་ཕ་ནོར་བུ་འཛིན་དང་། བསྟན་པ་རྗེས་བཞག་ཟེར་བའི་དཔེ་ལྟར། སྐབས་གསུམ་པའི་མི་སྣ་བརྗེ་སྤོར་གྱི་སྐོར་ལ་དེང་ནས་བཟུང་ཐུགས་བསམ་ཞིབ་བཞེས་དང་བགྲོ་གླེང་ཡང་ཡང་གནང་དགོས་པའི་སྐབས་སུ་བབ་ཡོད། འདིའི་སྐོར་ཡང་བསྐྱར་གཤམ་ནས་ཆེད་དུ་གླེང་རྒྱུ་ཡིན།
རྣམ་པ་ཚོ། འདས་པའི་ལོ་ངོ་གཅིག་རིང་གི་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲུབ་འབྲས་ཁག་ལ་ཕྱོགས་སྡོམ་རོབ་ཙམ་བྱས་ན། བསྟན་པ་སྤྱི་ལ་སྨན་པའི་ལས་དོན་རེ་གཉིས་ལེགས་འགྲུབ་བྱུང་ཡོད་པ་སྟེ། གཅིག་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་འབོད་སྐུལ་ཞུས་པ་ལ། སྤྱི་དོན་གྱི་ཐུགས་སྟོབས་གཟེངས་སུ་བརླིང་བའི་མི་བུ་མང་པོས་དོན་འདིར་ཤུགས་སྣོན་མཛད་པ་ལྟར། ༢༠༢༠ལོའི་ཟླ༡ཚེས༡༡ཉིན་སྤོས་ངད་ལྡན་པའི་ཁྲི་འདུ་གྲོང་ཁྱེར་ལ། གཡུང་དྲུང་བོན་གྱི་བསྟན་པ་འདི་ལ་དུས་ཀྱི་གཉན་འཕྲང་རེ་རེའི་སྐབས་སུ་མཛད་རྗེས་ཅན་གྱི་སྐྱེས་བུ་རླབས་ཆེན་ཁ་ཤས་བྱོན་ནས་བསྟན་པ་རྨང་ནས་གསོས་པར་མཛད་པ་ལས། བོན་གྱི་ལོ་རྒྱུས་དེབ་ཐེར་རྒྱ་མཚོའི་ཁྲོད་དུ་ཏི་སེ་གངས་ཀྱི་ལྷུན་པོ་ཇི་བཞིན་རང་གཞན་ཡོངས་ལ་ངོམ་སོ་ཆེ་བའི་རྗེ་བླ་མ་ངེས་པ་དོན་གྱི་བསྟན་པའི་བདག་ཉིད་ཆེན་པོ་སྟེ། གསང་གསུམ་བོན་གྱི་མཛོད་འཛིན་༧སྨྲ་བའི་སེང་ཆེན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་སྐུ་ཚེའི་ཞབས་པད་བསྐལ་བ་རྒྱ་མཚོའི་ཡུན་དུ་བརྟན་ཞིང་། གཞལ་དཀའི་གསང་གསུམ་མཛད་འཕྲིན་གྱི་འོད་རླབས་ལྷར་བཅས་སྐྱེ་དགུའི་བསོད་ནམས་ཀྱི་དཔལ་དུ་ནུབ་མེད་རྟག་ཏུ་འབར་བའི་བརྟན་བཞུགས་མཛད་སྒོ་གཟབ་རྒྱས་ངང་སྤེལ་བ་དང་། དེ་ནི་བོན་བསྟན་འཕེལ་རིམ་གྱི་ལོ་རྒྱུས་ཐོག་གང་ཟག་གཅིག་གི་རླབས་ཆེན་གྱི་མཛད་པ་ལ། རྒྱ་ཆེའི་བོན་འབངས་ཡོངས་ཀྱིས་སེམས་ཁོང་ནས་ངོས་ལེན་གྱི་བསྔགས་བརྗོད་དང་ཐུགས་རྗེ་ལེགས་གསོལ་ཞུས་པའི་ལོ་རྒྱུས་ཀྱི་རྡོ་རིང་ཆེན་མོ་ཞིག་ཏུ་བཟུང་ཆོག
གཉིས་ནས་རང་བྱུང་གི་གོད་ཆགས་དང་ནད་ཡམས་ཀྱི་གནོད་འཚེའི་མདུན་དུ་ཚེ་སྲོག་གི་རིན་ཐང་ལ་དབྱེ་བ་མེད་རུང་། རྒྱལ་ཁབ་དང་མང་ཚོགས་ཀྱི་བཀའ་དྲིན་བཟོ་བ་ནི་མི་ཡུལ་ནང་བསྟན་གྱི་བསམ་བློའི་གཙོ་གནད་གཅིག་ཏུ་ཆགས་ཡོད། དེ་བས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་པའི་མི་སྣ་ཀུན་གྱིས་གྲོས་བསྡུར་བྱས་པ་བརྒྱུད་དེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཞི་བདེ་སྨོན་ལམ་ཆེན་མོས་ལོ་མང་རིང་དགེ་རྩའི་ཐེབས་དངུལ་དུ་བསགས་ཡོད་པའི་ནང་ནས། ༢༠༢༠ལོའི་ཟླ༢ཚེས་༢༤ཉིན་ཏོག་དབྱིབས་ནད་དུག་གསར་བས་གནོད་ཐེབས་ས་ཁུལ་ཝུའུ་ཧན་གྲོང་ཁྱེར་ལ། བོན་འབངས་ཡོངས་ཀྱི་ངོས་ནས་སྒོར་འབུམ་གཅིག་བརྩེ་སེམས་ཞལ་འདེབས་སུ་ཕུལ་བ་ཡིན་ཞིང་། དེ་དང་བསྟུན་རྒྱལ་ཁྲིམས་བརྩི་སྲུང་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བདེ་འཇགས་སོགས་ལ་ཕན་པའི་སྐུལ་འདེད་དུ་དམིགས་ཏེ། རྒྱ་ཆེའི་དད་ལྡན་མང་ཚོགས་ཡོངས་ཀྱིས་རིམས་ནད་སྔོན་འགོག་ཐད་ནས། ཏང་གི་ཁྲིམས་མཐུན་དམངས་སྐྱོང་གི་སྲིད་ཇུས་བཟང་པོ་དགའ་ཞིང་གུས་པའི་ངང་དང་ལེན་བྱེད་དགོས་པའི་འབོད་སྐུལ་དྲག་ཏུ་ཞུས་པ་མ་ཟད། དགོན་སྡེ་རྣམས་ལ་སྐུལ་སློང་བྱས་ཏེ་རིམས་ནད་གདུག་པ་ཅན་གྱིས་སྲོག་འཕྲོག་པའི་འདས་པོ་དག་ལ། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་དུས་ལྟར་བསྔོ་བ་སྨོན་ལམ་གནད་སྨིན་ཐེབས་པར་བྱས་པའི་འཕྲིན་ལས་རྒྱ་ཆེ་བ། རྒྱུན་རིང་བ། སྣ་ཚོགས་སུ་འབྱུང་བ་བཅས་ཀྱི་བྱེད་ཐབས་ལག་ལེན་དུ་བསྟར་བའི་སྐུལ་འདེད་བྱས་པ་ཡིན།
གསུམ་ནས་ཕྱི་ནང་གི་མཁྱེན་ལྡན་ཡོངས་ལ་རིན་ཐང་ཆེ་བའི་དབལ་ཁྱུང་བཀའ་འགྱུར་ཆ་ཚང་བཤེར་འབེབས་ཀྱི་བྱ་བ་དམིགས་འབེན་ལྟར་ལེགས་འགྲུབ་བྱུང་ཡོད། ལྟོས་བཅས་ཀྱིས་བཤད་ན་དུས་རབས་ཉི་ཤུ་དང་ཉེར་གཅིག་པའི་ནང་འདིར། བོན་གྱི་ཆོས་དང་རིག་གཞུང་ལ་དོ་སྣང་དང་ཞིབ་འཇུག་གི་རྦ་རླབས་གསར་བ་ཞིག་འཕྱུར་བཞིན་ཡོད། དེ་དང་བསྟུན་རྒྱལ་ཁོངས་དང་མི་རིགས་མི་འདྲ་བའི་དཔྱོད་ལྡན་མང་པོ་ཞིག་གི་སོམ་ཉིའི་མདུད་རྒྱ་ཡེ་ནས་གྲོལ་བར་བྱེད་པ་དང་། དོན་འདིར་ཡུན་རིང་རེ་སྒུག་བྱས་པའི་རྒྱ་ཆེའི་ཀློག་པ་པོ་དག་ལ་མཚོན་ན་བསོད་ནམས་ཀྱི་བགོ་སྐལ་བཟང་པོ་ཞིག་ཏུ་བཤད་ཆོག་པ་མ་ཟད། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་ཀྱི་དཔེ་བསྡུར་ཆ་རྐྱེན་སོགས་དགོས་པ་དང་རྒྱུ་མཚན་དུ་མར་དམིགས་ཏེ། དེ་སྔོན་ཀུན་གྱི་སྤྱན་སྔར་དངོས་སུ་སོན་དཀའ་བའི་ཁམས་ཉག་རོང་དབལ་ཁྱུང་དགོན་པའི་བཀའ་འགྱུར་ལག་བྲིས་ཆ་ཚང་ཅན་དེ་ཉིད་མ་དཔེ་ཇི་མ་ཇི་བཞིན་གློག་ཀླད་ནང་བཤེར་འབེབས་ཀྱི་ལས་ཀ་ཡོངས་སུ་མཇུག་རྫོགས་པར་གྲུབ་ཡོད། ལོ་ངོ་བརྒྱ་ཕྲག་གི་ཡར་སྔོན་ནས་བྲིས་པའི་ཡིག་རྙིང་རྩ་ཆེན་ཉག་རོང་དབལ་ཁྱུང་དགོན་པའི་བཀའ་འགྱུར་འདི་ལྟར་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་བཤེར་འབེབས་གནང་ཆོག་པར་མཛད་པ་འདིས་ཀྱང་། དུས་རབས་ཉེར་གཅིག་པའི་ནང་གི་བོན་པོ་རྣམས་སྤྱི་དོན་ཐད། མཐུན་ལམ་དཔུང་བ་ཆིག་སྒྲིལ་གནང་བཞིན་ཡོད་པ་མཚོན་པའི་ལོ་རྒྱུས་ཀྱི་སྣང་ཚུལ་དགའ་འོས་པ་ཞིག་བསྐྲུན། དེ་བས་གོ་སྐབས་འདི་དང་བསྟུན་ཏེ། ཁམས་ཉག་རོང་དབལ་ཁྱུང་དགོན་པའི་རེ་སྨོན་ཆོད་སེམས་དང་ཁྱད་འཕགས་མཛད་བཟང་གི་ཕྱག་རྒྱུན་དེ་ལས། མི་སྒེར་ཙམ་མ་ཡིན་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ལ་འདི་ལྟར་མཐོང་ཆེན་བྱས་པར། བསྟན་པའི་གཟི་བརྗིད་ཅིག་ཏུ་སྣང་བ་ལགས་ན། ཁོང་རྣམ་པས་བསྟན་དོན་དུ་བཅངས་པའི་ལྷག་བསམ་ལ་རང་ཅག་གིས་སྙིང་དབུས་ནས་གུས་བཀུར་དང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
གོང་སྨོས་སྤྱི་དོན་དེ་དག་གི་ཁར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བའི་ཆེད་དུ། ལོ་སྔོན་མར་གྲོས་ཆོད་བདུན་བཞག་ཡོད་པ་རྣམས་གཞི་རྩའི་ཆ་ནས་ཕན་འབྲས་ཡག་པོ་དང་བཅས་ལེགས་འགྲུབ་བྱུང་ལ་ཉེ། དེ་ཡང་གྲོས་ཆོད་དང་པོ་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག་གཏན་འབེབས་རྩོམ་སྒྲིག་ཚན་ཁག་གིས་མཚོན་པ་དང་། གྲོས་ཆོད་གཉིས་པ་བཀའ་འགྱུར་ལྷ་སྐུ་གཏེར་རྟགས་འགན་ལེན་རྩོམ་སྒྲིག་ཚན་ཁག་དང་། གྲོས་ཆོད་གསུམ་པ་བཀའ་འགྱུར་དཔེ་གཟུགས་ཇུས་འགོད་ལས་གཉེར་རྩོམ་སྒྲིག་ཚན་ཁག གྲོས་ཆོད་བཞི་བ་བཀའ་འགྱུར་ཟུར་བཀོད་དེབ་ཕྲེང་རྩོམ་སྒྲིག་ཚན་ཁག་སོགས་ཀྱི་བྱ་བའི་སྐོར་རྣམས་བདེ་བླག་ངང་དོན་འཁྱོལ་ཡོང་བར། ཚན་ཁག་སོ་སོའི་ཚན་གཙོ་དང་། དྲུང་ཡིག་པ། རྩོམ་སྒྲིག་མི་སྣ་བཅས་ནས་རང་རང་སྐུ་སྒེར་གྱི་ཕྱག་ལས་ལ་ཐུགས་བྲེལ་ཅི་འདྲ་ཆེ་ཡང་། བོན་བསྟན་ཤེས་རིག་འཛིན་སྐྱོང་དང་དར་སྤེལ་ལ་བཅངས་པའི་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ། བསྟན་དོན་དུ་སྔར་ལས་ལྷག་པའི་སྲི་ཞུའི་ཕྱག་ལས་གཟབ་ནན་གྱིས་བསྒྲུབས་དང་སྒྲུབ་བཞིན་པའི་ལས་ཀའི་ཚུལ་རྣམས་ནི། སྤྱི་དོན་གྱི་བདེ་སྡུག་ལ་ཤུགས་སྣོན་ཡོང་བར་མང་པོས་མཐོང་བཞག་སྟེ་རེ་བ་བརྒྱབ་པ་ལྟར། རང་ཉིད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་མི་སྣ་ཞིག་ཏུ་འོས་འདེམས་བྱས་ཡོད་པའི་ཆ་ནས་ཞིབ་ཏུ་བསམ་ན། རང་རེའི་དག་གིས་སྣང་ཆུང་གིས་གོ་མེད་ཚོར་མེད་དུ་འཇོག་མི་རུང་ཞིང་མི་འོས་པ་ལྟ་བུའི་གནས་ཞིག་ཏུ་ཆགས་ཡོད། དེས་མ་ཚད་གྲོས་ཆོད་ལྔ་བ་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གསུམ་པ་འཚོགས་ཡུལ་གྱི་ཐད་ནས་རྟོགས་ལྡན་དགོན་པ་ལ་ཡར་ཞུ་འབུལ་རྒྱུ་དང་། གྲོས་ཆོད་དྲུག་པ་སྐྱབས་རྗེ་རྒྱལ་བ་གཤེན་སྲས་རིན་པོ་ཆེ་མཆོག་གི་སྐུ་ཚེའི་ཞབས་པད་བསྐལ་བརྒྱར་བརྟན་ཆེད་བརྟན་བཞུགས་མཎྡལ་སྐུ་གསུང་ཐུགས་རྟེན་རྒྱས་འབུལ་ཞུ་རྒྱུ། གྲོས་ཆོད་བདུན་པ་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་རྒྱལ་རོང་ནས་འཚོགས་རྒྱུ་བཅས་ལ་མུ་མཐུད་དུ་འབད་བརྩོན་བྱེད་བཞིན་པ་ལྟར་ཡིན། རྣམ་པ་ཚོ། སྤྱི་དོན་ནི་མ་ཡུམ་ས་སྒང་ལྟ་བུ་ཞིག་ཡིན་པའི་དབང་དུ་བཏང་ན། ང་ཚོའི་འཚོ་གནས་ཀྱི་འབྱུང་ཁུངས་སུ་གྱུར་བའི་མ་ཡུམ་ས་སྒང་ལ་གཅེས་སྤྲས་དང་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གང་ཟག་སུ་དང་གང་ལ་ཡང་གཅིག་མཚུངས་སུ་བབས་ཡོད་པ་ནང་བཞིན། ལྷན་རྒྱས་ནས་སངས་རྒྱས་ཀྱི་གསུང་གི་འཕྲིན་ལས་ཆེས་ཆེར་འཕེལ་ཕྱིར། སྤྱི་དོན་གྱི་རྨང་གཞི་འདིའི་ཐོག་ནས། ཞང་བོད་ཤེས་རིག་དར་སྤེལ་དུ་གཏོང་བའི་ཐུགས་སྟོབས་སྔར་བས་ཤུགས་ཆེར་བཏང་སྟེ་སྤྱི་ཕན་གྱི་ཕྱག་ལས་གནང་བའི་གོམ་ཁ་མདུན་ཕྱོགས་སུ་སྤོ་ཐུབ་ཚེ། རྒྱལ་བ་གཤེན་རབ་མི་བོའི་བསྟན་པའི་ལས་ཀླུང་གི་དབུ་འཕང་དུས་དང་བསྟུན་ཏེ་དགུང་དུ་འདེགས་ཐུབ་ངེས་ཡིན།
གསུམ། ཕྱིས་ཀྱི་ལས་དོན་གལ་ཆེན་རེ་གཉིས་ཅིས་ཀྱང་མཐའ་འཁྱོལ་བྱེད་དགོས་པའི་སྐོར།
རྒྱུན་ལྡན་གྱི་ལས་ཀ་ཆེ་ཆུང་གང་ཐད་ནས་བསམ་ཀྱང་། དང་པོ་མེད་པ་ནས་ཡོད་པ་དང་། རིམ་གྱིས་ཡོད་པ་དེ་ཉིད་ཀྱང་འཐུས་ཚང་ཞིང་ཚད་ལྡན་གྱི་ལམ་དུ་བསྐྱོད་པར་བྱས་ནས། ད་གཟོད་འཕེལ་རྒྱས་བྱུང་བ་ཞིག་ཡིན་པ་ནང་བཞིན། གྱེར་བསྟན་སྤྱིའི་ལོ་རྒྱུས་ཀྱི་ཉག་ཕྲ་སའི་གནས་བབ་ཐད་ནས། གཡུང་དྲུང་སྤུན་གྲོགས་སོ་སོའི་བར་ཕན་ཚུན་གདུང་སེམས་མཉམ་བསྐྱལ་བྱེད་པར་བསམ་བློ་བརྗེ་རེས་ཀྱི་བགྲོ་གླེང་ལྷུག་སྩོལ་གནང་ཐོག རྒྱ་ཆེའི་བོན་དད་སེར་སྐྱ་ཡོངས་ཀྱིས་མཛའ་བརྩེ་མཐུན་ལམ་གོང་དུ་སྤེལ་བའི་ཧུར་བརྩོན་རང་བཞིན་ལ་སྐུལ་འདེད་ཀྱི་ཤུགས་སྣོན་པ་དང་། ལྷག་པར་དུ། རང་ནུས་ཕྲ་མོ་གང་ཡོད་བསྟན་པའི་གཟི་བརྗིད་དང་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་འདོན་སྤེལ་བྱེད་ས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཕྲིན་ལས་བཟང་པོའི་འོག་ཏུ། འཕེལ་མཚམས་ནམ་ཡང་མི་འཇོག་པའི་སྒོ་ནས་བོད་རིག་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལ། རང་ཅག་ཐུན་མོང་གི་སྟོབས་ཤུགས་ཕྱོགས་བསྡུས་བྱས་པ་བརྒྱུད་ནས་བྱ་བ་ཁ་ཤས་བསྒྲུབས་ཡོད་པ་དང་། གྲུབ་འབྲས་ཀྱང་ཅི་ལ་གང་འཚམས་བླངས་ཡོད་མོད། ཡབ་མེས་ཀྱིས་སྤེལ་ཞིང་བརྒྱུད་འོངས་པ་སྟེ་བོད་པ་རང་གི་ཤ་ཁྲག་རུས་གསུམ་ལས་མཆེད་པའི་ཞང་བོད་ཤེས་རིག་འཛིན་སྐྱོང་དང་དར་སྤེལ་ཐད་ལྷག་བསམ་ཟོལ་མེད་ཀྱིས་ཞབས་ཞུ་ཅི་ནུས་རེ་མུ་མཐུད་དུ་བསྒྲུབ་ཨེ་ཐུབ་ལ་དམིགས་ནས། སྤྱི་དོན་ལ་འབད་པ་གནང་རྒྱུ་ནི་ལས་སླ་མོ་ཞིག་ཡིན་མིན་གང་ལྟར་ཡང་། གཤམ་དུ་ཁོ་བོས་མ་འོངས་ལོ་གཅིག་རིང་གི་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་ལས་ཀ་གཙོ་བོའི་ཐད་ནས་རང་གི་བསམ་ཚུལ་འགའ་ཞུ་རྒྱུ་ཡིན།
༡ ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་དཔེ་གཟུགས་ལྟར་པར་སྐྲུན་བྱེད་པ་ལ། ཐོག་མའི་འཆར་གཞི་ནང་བཞིན་བསྡུར་མཆན་གྱི་རིགས་རྣམས་གཙང་སེལ་བཟོ་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཐེངས་འདིའི་བཀའ་འགྱུར་པར་སྐྲུན་གྱི་ལས་གཞི་ནི་སྐྱབས་རྗེ་མཁན་སློབ་གཤེན་གསུམ་གྱི་དགོངས་པ་ཟབ་མོ་གཞིར་བཞག་གི་འོག་ཏུ། མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་ལས་གཞི་གཙོ་བོར་གཏན་དུ་འཁེལ་རྗེས་སུ། རྒྱ་ཆེའི་ཤེས་ལྡན་པ་དང་གཏོང་ཕོད་ཆེ་བའི་ལྷག་བསམ་ཅན་མང་པོས་དོན་འདིར་གང་ལ་དེར་བསྟུན་གྱི་རོགས་མགོན་ཤུགས་ཆེན་གནང་བ་ལས་གྲུབ་པའི་འབྲས་བུ་ཞིག་ཡིན། སྐྱབས་རྗེ་རྒྱལ་བ་གཤེན་སྲས་རིན་པོ་ཆེ་མཆོག་གི་རྒྱ་ཆེ་རྒྱང་རིང་གི་དགོངས་གཞི་ལྟར་ན། བཀའ་འགྱུར་དཔེ་གཟུགས་ཅན་ནི་ལྷ་སྲས་བཀའ་འགྱུར་གྱི་གྲངས་ཀ་ལྟར་གླེགས་བམ་༡༧༨བྱས་ནས་པར་དུ་འདེབས་འཆར་ལས། བཀའ་འགྱུར་དེབ་གཟུགས་ཅན་གྱི་པར་རྩའི་ནང་གི་བསྡུར་མཆན་དང་ཐེ་ཚོམ་ཅན་གྱི་རིགས་ལ་སྒྲིག་ཞུ་བས་གསལ་བཤད་བྲིས་ཡོད་པ་རྣམས་སྐབས་འདིར་གཞུང་རང་ངོས་ནས་གཅོད་པར་བྱེད་ཅིང་། ཆད་པའི་སྐོར་རིགས་སྐབས་ཐོབ་ལྟར་གཞུང་རང་ངོས་ལ་མཐུད་པ་སོགས་ཀྱི་ལས་འགན་ལེགས་འགྲུབ་ཡོང་ཕྱིར། བཀའ་འགྱུར་པར་རྩ་དག་བཟོ་རྩོམ་སྒྲིག་ཚན་ཁག་ཟུར་དུ་བཙུགས་ཏེ། རླབས་པོ་ཆེ་ཕྱག་ལས་འདི་ཉིད་མངོན་འགྱུར་བྱེད་པར་ཤུགས་ཆེ་རུ་གཏོང་རྒྱུ་ནི་ཅིས་ཀྱང་གཡོལ་དུ་མེད་པས། བསྒྲུབ་དགོས་པའི་བྱ་བ་འདི་ལ་ལྷན་རྒྱས་ནས་ཐུགས་བསམ་ཞིབ་བཞེས་དང་བཅས་ཐག་གཅོད་རང་བཞིན་གྱི་རོགས་མགོན་གནད་སྨིན་ལྷུག་སྩོལ་གནང་བའི་རེ་བ་ཞུ་རྒྱུ་ཡིན།
༢ བཀའ་འགྱུར་དཔེ་གཟུགས་སུ་པར་སྐྲུན་བྱེད་པའི་མ་དངུལ་གྱི་མཐུན་རྐྱེན་ལ་སྨན་ཕྱིར། ཞལ་འདེབས་དགེ་རྩ་འབུལ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་ཚང་མས་དོན་འདིར་ཤུགས་སྣོན་བརྒྱག་དགོས་པ་སྟེ། ཀུན་གྱིས་མཁྱེན་གསལ་ལྟར། སྐྱབས་རྗེ་རྒྱལ་བ་གཤེན་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས། ལས་གཞི་འདི་ལ་ཁ་གཡང་འཐེན་པའི་འཁྲབ་སྟོན་བྱས་པ་ཙམ་མ་ཡིན་པར། སྐུ་དངོས་ཀྱིས་བཀའ་འགྱུར་ལས་གཞིའི་མ་དངུལ་ཐད་དམངས་སྒོར་འབུམ་ཕྲག་གཉིས་ཆེད་བསྩལ་གནང་བའི་བཀའ་དྲིན་བླ་མེད་བསྐྱངས་པ་མ་ཟད། སྤྱི་ལོ་༢༠༡༧ལོར་ལྷ་ས་ནས་ཁོང་གིས་ད་དུང་བསྟན་ལ་ལྷག་བསམ་དཀར་བའི་སྐྱེ་བོ་མང་པོར་ཆེད་དུ་འབོད་སྐུལ་བྱས་ཏེ། ཁོ་བོ་ཅག་ལ་ཞལ་འདེབས་ཀྱི་གསོག་དངུལ་བསྡུ་བའི་རོགས་མགོན་བླ་མེད་མཛད། དེའི་སྟེང་སྙིགས་དུས་ཀྱི་དྲང་སྲོང་ཆེན་པོ་མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་ནས་དམངས་སྒོར་འབུམ་ལྔ་ལྷག་གིས་ཞལ་འདེབས་གནང་བས་མཚོན་ཏེ། བོད་ཡུལ་སྟོད་སྨད་བར་གསུམ་ན་འཚོ་ཞིང་བཞུགས་པའི་བླ་སྤྲུལ་མཁན་དགེ་དང་། མི་བུ་ལྷག་བསམ་ཅན་དུ་མས་བསྟན་པའི་ལས་ཀླུང་དང་འབྲེལ་བའི་བྱ་བཞག་འདིའི་ཐད་རྒྱ་མཚོར་ཆུ་ཐིགས་ཞེས་པའི་དཔེ་ལྟར་ཅི་འབྱོར་མ་དངུལ་གྱི་མཆོད་པའི་རོགས་མགོན་ཕུལ་དང་འབུལ་བར་བརྩོན་བཞིན་ཡོད་མོད། ལས་གཞི་འདི་སྒྲུབ་པ་ལ་མ་དངུལ་གྱི་འགྲོ་གྲོན་ཤིན་ཏུ་ཕོན་ཆེ་ཡིན་སྟབས། བཀའ་འགྱུར་དཔེ་གཟུགས་ལྟར་པར་དུ་འདེབས་པའི་མ་དངུལ་གྱི་དཀའ་ཁག་སེལ་ཕྱིར། དཔར་སྐྲུན་འགྲོ་གྲོན་ཐད་ནས་བསམ་པ་དགེ་བ་ཅན་གང་ན་སུ་བཞུགས་རྣམས་ཀྱིས་དོན་འདིར་མུ་མཐུད་དུ་གཅེས་སེམས་འབྲེལ་འཇོག་མཛད་རྒྱུ་གལ་ཆེན་དུ་མཐོང་ཡང་། དེ་ལྟར་འབོད་སྐུལ་བྱས་ཚེ། ཏང་གི་སྲིད་ཇུས་ཀྱི་དགོངས་དོན་དང་མཐུན་པ་ཡིན་མིན་གྱི་ཆ་ལ་ཚང་མས་རང་རང་གི་དགོངས་ཚུལ་ལྷུག་བརྗོད་གནང་བ་དང་འབྲེལ་ཏེ། གནད་དོན་འདི་ཉིད་ཇི་ལྟར་ཐག་གཅོད་བྱས་ན་འགྲིག་ཅིང་འོས་འཚམས་ཡོང་བའི་ཐད་ལ་བགྲོ་གླེང་ཡོང་བའི་རེ་བ་ཞུ་རྒྱུ་ཡིན།
༣ བཀའ་འགྱུར་སྒྲིག་ཞུ་བ་དག་གིས་བྲིས་པའི་བཀའ་འགྱུར་སྐོར་གྱི་དཔྱད་རྩོམ་རིགས་རྣམས། ད་ལོའི་ཞང་ཞུང་ཤེས་རིག་ཞིབ་འཇུག་སྟེང་ཆེད་འགོད་གནང་རྒྱུའི་བསམ་ཚུལ་འདོན་པ། ལོ་སྔོན་མའི་གྲོས་ཆོད་ལྟར་ན་བཀའ་འགྱུར་སྒྲིག་ཞུ་བ་རྣམ་པས་བྲིས་པའི་དཔྱད་རྩོམ་ཅི་འབྱོར་སྐོར་བཀའ་འགྱུར་ལས་གཞི་དང་འབྲེལ་བའི་ཟུར་བཀོད་ལྷན་ཐབས་དེབ་ཕྲེང་དུ་བསྡུས་ཏེ་པར་བསྐྲུན་བྱ་རྒྱུ་ཐག་གིས་བཅད་པ་ཡིན་མོད། རྩོམ་འབྲི་བ་སོ་སོས་དཔྱད་རྩོམ་འབྲི་ལུགས་ཐད་ཀྱི་དགོངས་པ་བཞེས་སྟངས་སྐོར་ལ་བསམ་བློ་གཅིག་གྱུར་བྱུང་མེད་པ་དང་། དཔྱད་རྩོམ་ཁ་ཤས་ཡི་གེ་མང་ཉུང་གི་གྲངས་འབོར་གྱི་ཐད་ནས་གཞལ་ཚེ་ཡིག་གྲངས་ཧ་ཅང་ཉུང་དྲག་པའི་གནས་ཚུལ་མངོན་གསལ་ཡིན་ཞིང་། རྩོམ་ཡིག་རེ་གཉིས་ཤིག་དེང་གི་རྩོམ་འབྲིའི་སྒྲོམ་གཞི་དང་བསྡུར་ཚེ་དཔྱད་རྩོམ་ཚད་ལྡན་གྱི་གྲས་སུ་འཇོག་ཆོག་མིན་ཐད་ནས་སྒྲོ་འདོགས་མ་ཆོད་པའི་གནས་ཚུལ་རེ་གཉིས་ལྷག་ཡོད་པ་ཐོས་པས། གང་ལྟར་བཀའ་འགྱུར་སྒྲིག་ཞུ་དང་འབྲེལ་བའི་ཐེངས་འདིའི་ཆེད་རྩོམ་ཡོད་དོ་ཅོག་ལ་ནང་གསེས་ཀྱི་དབྱེ་འབྱེད་ཅི་ཡང་མ་བྱས་པའི་སྒོ་ནས། ཆེད་རྩོམ་དེ་རིགས་ད་ལོའི་ཞང་ཞུང་ཤེས་རིག་ཞིབ་འཇུག་སྟེང་བཀོད་དེ་རྒྱལ་ཕྱི་ནང་གི་རྒྱ་ཆེའི་ཀློག་པ་པོའི་སྤྱན་སྔར་ཕུལ་ཚེ་འོས་ཤིང་འཚམས་པ་ཞིག་ཏུ་ཁོ་བོས་འདོད་ཀྱང་། ལོ་སྔོན་མའི་གྲོས་ཆོད་ལ་འགྱུར་བ་བཏང་ན་གནས་ཚུལ་གཞན་དག་ཐད་གང་འདྲ་ཡོང་མིན་སྐོར་ནས་གདེང་ཚོད་ཅི་ཡང་མེད་སྟབས། བསྟན་པའི་སྤྱི་དོན་གྱི་གཞོག་འདེགས་ཡིན་པའི་གནད་དོན་འདིའི་སྐོར་ལ་ལྷན་རྒྱས་ཀྱིས་ཡང་བསྐྱར་བགྲོ་གླེང་ཟབ་རྒྱས་གནང་རྒྱུའི་རེ་བསྐུལ་ཞུས་པ་ཡིན།
༤ ལོ་རྗེས་མའི་ཚོགས་གཙོའི་ཚོགས་འདུ་ས་གནས་གང་དུ་ཇི་ལྟར་བསྐོང་འཚོགས་གནང་བའི་སྐོར་ཐག་གཅོད་བྱེད་རྒྱུ། བོད་ཀྱི་ལོ་རྒྱུས་འཕེལ་རིམ་གྱི་གྱོང་གུད་ཁྲོད་ནས་བོན་གྱི་བསྟན་པའི་གནས་བབ་ལ་ཉམས་ཉེས་ཚབས་ཆེན་རབ་དང་རིམ་པར་ཐེབས་ཏེ། གནས་སྐབས་ཤིག་ལ་བོན་པོ་རྣམས་སྤྱི་ཚོགས་ཀྱི་བས་མཐའ་ཅན་ན་ཕན་ཚུན་གྱི་གནས་སྟངས་སྐོར་ལ་རྒྱུས་ལོན་དང་བསམ་གཞིག་གནང་བའི་འགན་འཁྲིའི་སེམས་ཤུགས་ཅི་ཡང་མེད་ཐོག ཁ་ཐོར་ཉམ་ཆུང་དང་ཐབས་སྡུག་གུ་དོག་གི་བསམ་བློའི་ངང་སྤྱི་སེམས་ཀྱི་འདུ་ཤེས་བག་ལ་ཞ་བར་བྱས་ཏེ་སྡོད་དགོས་པའི་སྐལ་ངན་ཤར་ཡང་། དུས་རབས་ཉེར་གཅིག་པའི་དཀྱོགས་མཚམས་འདིར་སླེབས་པ་ན། ཡུལ་དུས་གནས་བབ་དང་ཁོར་ཡུག་འགྱུར་ལྡོག་ལས་ཤུགས་རྐྱེན་ངེས་ཅན་ཐེབས་པའི་འོག བོན་བསྟན་ཤེས་རིག་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་ལ་བརྩོན་པའི་བསྟན་འཛིན་སྐྱེས་ཆེན་དང་མཁས་དབང་མང་པོ་ཞིག་གིས་དུས་རབས་ལ་ཁ་ཕྱོགས་ཏེ་ཡར་རྒྱས་ལྷུར་ལེན་བྱེད་པ་ལས། རང་ཉིད་ཁོ་ནའི་མཚན་སྙན་རྒྱས་ཐབས་ཡོང་བར་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་མཁས་པོ་ཙམ་དང་། རང་གི་ཡུལ་ལུང་གཅིག་པུའི་དགོན་སྡེ་མངའ་ཐང་གི་མགོ་རྣ་འབའ་ཞིག་གི་ཆེད་དུ་བརྩོན་པའི་འཕྲིན་ལས་ཀྱི་རྒྱུན་བསྐྱངས་དང་སྐྱོང་བའི་ཐུགས་སྟོབས་འཆང་བ་དེ་ཙམ་མ་ཡིན་པར། རྒྱལ་བ་གཤེན་རབ་མི་བོའི་བསྟན་པ་སྤྱི་ཡི་གནས་བབ་ཀྱི་སྐྱིད་སྡུག་ཐད་ནས། དེ་ལ་རང་ནུས་གང་ཚོད་སྒོས་ཐུགས་ཁུར་གནང་དགོས་པའི་གོ་རྟོགས་ལྟོས་བཅས་ཀྱིས་སད་པ་དང་བསྟུན་ཏེ། བཀུར་འོས་ལྷན་རྒྱས་ནས་ཞང་བོད་ཤེས་རིག་འཕེལ་རྒྱས་ཀྱི་མདུན་ལྗོངས་ཆེད་དུ། ལོ་ནས་ལོ་བཞིན་འདི་ལྟར་འབད་ཅིང་བརྩོན་པའི་ལས་འཆར་གྱི་ཁོངས་ནས། ལོ་རྗེས་མའི་ཚོགས་གཙོའི་ཚོགས་འདུ་ནི་མཉམ་འབྲེལ་ལྷན་ཚོགས་སྐབས་གསུམ་པའི་བྱ་བཞག་བདེ་བླག་ངང་མདུན་བསྐྱོད་ཡོང་བར་སྐུལ་མ་གཏོང་བྱེད་ཀྱི་འགག་རྩའི་དུས་སྐབས་གལ་ཆེན་ཞིག་ལ་ཆགས་ཡོད། དེ་བས། ལས་གཞི་འདིའི་རྒྱུན་ཇི་ལྟར་གཅེས་འཛིན་དར་སྤེལ་གཏོང་ཕྱོགས་དང་འབྲེལ་བའི་ཚོགས་གཙོའི་ཚོགས་འདུ་ས་གནས་གང་དུ་ཇི་ལྟར་བསྐོང་འཚོགས་གནང་རྒྱུའི་སྐོར་དང་། ཅིས་ཀྱང་མེ་ཏོག་མཉམ་བཞད་ཀྱི་བྱེད་ཕྱོགས་བཞིན་བསྟན་དོན་མཉམ་གླེང་ལ་སྣེ་ཁྲིད་བྱེད་པར་ཤེས་འཇོན་ནུས་གསུམ་གྱི་ཡོན་ཏན་མཐོ་བའི་མི་སྣའི་དཔུང་སྡེ་གསར་བ་འདེམས་བསྐོ་སོགས་ཀྱི་ཐད་དུ། སྔ་ཙམ་ནས་བཟུང་འབྱུང་འགྱུར་ལ་འོད་སྣང་སྩོལ་བའི་ཐུགས་དཔྱད་ཞིབ་གཏོང་གནང་རྒྱུ་ལྷན་རྒྱས་ལ་རེ་སྐུལ་ལྷག་བསམ་དག་པས་ཞུས་པ་ཡིན་ནོ། །
༥ གཡུང་དྲུང་བོན་གྱི་བཀའ་འགྱུར་རྗེས་ཤུལ་འཚོལ་བའི་ཡུལ་དངོས་རིག་གཞུང་དཔྱད་གླེང་དུ་བསྐྱོད་པ་ལ། དེའི་བྱེད་སྒོ་གཙོ་སྐྱོང་ལས་སྒྲུབ་ཚན་ཁག་འཛུགས་པར་གྲོས་ཞིབ་གནང་རྒྱུ། བོད་ཡིག་དཔེ་སྐྲུན་བྱ་བའི་ལོ་རྒྱུས་ཀྱི་ཁྱབ་ཁོངས་ཁྲོད་ནས་གཞལ་ཚེ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་མཉམ་འབྲེལ་ལྷན་ཚོགས་གཉིས་མཉམ་འབྲེལ་གྱི་སྒོ་ནས་གཉེར་བཞིན་པའི་བོན་གྱི་བཀའ་འགྱུར་པར་སྐྲུན་གྱི་ལས་གཞི་འདི་ཉིད། ཞང་ཞུང་ཤེས་རིག་སྲུང་སྐྱོབ་དང་དར་སྤེལ་ཐད་ཀྱི་རྩིག་རྨང་འདིང་བའི་ལས་ཀའི་ཆ་རྐྱེན་དུ་དམིགས་ཏེ། ༢༠༡༨ལོར་རྒྱལ་ཁབ་དཔེ་སྐྲུན་མ་དངུལ་རོགས་སྐྱོར་འཆར་འགོད་སྡེ་ཁག་གིས་རྒྱལ་ཁབ་རིམ་པའི་པར་སྐྲུན་ལས་གཞིའི་ཁོངས་སུ་ཆོག་མཆན་སྤྲད་པ་ནི། བོན་གྱི་ཤེས་རིག་ལོ་རྒྱུས་ཙམ་དུ་མ་ཟད་བོད་ཀྱི་ལོ་རྒྱུས་སྤྱིའི་ཆ་ནས་བསམ་ཡང་གླེང་རིན་ཡོད་པའི་བྱ་བ་འགངས་ཆེན་ཞིག་ཡིན། ཐོག་མའི་འཆར་གཞི་ལྟར་༢༠༢༡ལོར། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་ཆ་ཚང་དཔར་དུ་བསྐྲུན་རྒྱུ་ཡིན་ལ། འདི་ནི་མདོ་དབུས་ཁམས་གསུམ་དང་རྒྱལ་ཁབ་ཕྱི་ནང་གང་སར་ཡོད་པའི་གཡུང་དྲུང་བོན་གྱི་དགོན་སྡེ་བཞི་བརྒྱ་ལྷག་ལ་མཚོན་ནས་གླེང་ན་ལོ་རྒྱུས་གསར་བའི་རིན་ཐང་གི་དོན་སྙིང་ལྡན་ཡོད། སྤྱི་ལོ་༡༧༣༥ཡས་མས་སུ་རྒྱལ་རོང་ཁྲོ་ཆེན་རྒྱལ་བོ་ཀུན་དགའ་ནོར་བུའི་སྐུ་ཚེ་གཅིག་གི་ཡུན་ལ་བཞེངས་པའི་བོན་གྱི་བཀའ་འགྱུར་རྒྱལ་རོང་ཁྲོ་སྐྱབས་ཤིང་པར་ཅན་མཚོན་དཔེར་བཟུང་ནས། ཆུ་ཆེན་ཟངས་པར་མ་དང་། དེ་བཞིན་ད་ལྟའི་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་མ་ཕྱི་ལྷ་སྲས་བཀའ་འགྱུར་དུ་འབོད་པའི་ཕྱི་མོ་སྟེ། ལོ་རྒྱུས་ཐོག་རིག་གནས་གསར་བརྗེ་མཇུག་བསྡུས་རྗེས་སུ་བོད་ཁུལ་ཡོངས་ན་བོན་གྱི་བཀའ་འགྱུར་ཅུང་ཆ་ཚང་ཅན་གཅིག་པུར་གྱུར་བའི་ཁམས་ཉག་རོང་དབལ་ཁྱུང་བཀའ་འགྱུར་སོགས་ཀྱི་རིག་གཞུང་རིན་ཐང་གི་རྗེས་ཤུལ་འཚོལ་བར། བོན་གྱི་བཀའ་འགྱུར་དཔར་བཞེངས་དང་གཅེས་གཉེར་སྲུང་སྐྱོབ་ཀྱི་འཕྲིན་ལས་ཆེས་ཆེར་སྤེལ་བའི་བོད་ཀྱི་གནའ་བོའི་ཡུལ་ལུང་དེ་དག་ལ་ཡུལ་དངོས་རིག་གཞུང་རྟོག་ཞིབ་ཏུ་བསྐྱོད་པའི་ལས་གཞི་སྤེལ་ཏེ། སྔར་ལས་ལྷག་པའི་མི་མང་པོ་ཞིག་གིས་བོན་གྱི་བསྟན་པ་ཚུད་པའི་ཞང་ཞུང་ཤེས་རིག་གི་གནས་བབ་ལ་རྒྱུས་ལོན་དང་ཐུགས་ཁུར་བྱེད་པའི་སེམས་ཤུགས་ཆེ་རུ་གཏོང་བ་མ་ཟད། མཛེས་སྡུག་དང་དཔལ་ཡོན་ལྡན་པའི་སྤྱི་ཚོགས་དར་རྒྱས་ལ་ཞང་ཞུང་ཤེས་རིག་རང་སྟེང་ནས་ཀྱང་། ལོ་རྒྱུས་ཀྱི་འགན་འཁྲི་ལྟར་དོན་དེར་ཞབས་འདེགས་དགེ་མཚན་ལྡན་པ་འབུལ་རྒྱུ་ལྟེ་བར་བཟུང་བའི་རིག་གཞུང་བྱེད་སྒོ་སྤེལ་རྒྱུའི་གྲོས་འགོ་བཏོན་པ་ལ། མཁྱེན་ཡངས་ལྷན་རྒྱས་ཀྱིས་དོན་འདིར་ཕན་པའི་དགོངས་འཆར་སློབ་སྟོན་གནད་སྨིན་ཐུགས་འདོགས་ཡོད་པ་ཞུ་ཞུ།
རྣམ་པ་ཚོ། གྱེར་བསྟན་ལོ་རྒྱུས་ཀྱི་འཕེལ་རིམ་ཧྲིལ་བོའི་ཆ་ནས་བལྟས་ཚེ། གཡུང་དྲུང་བོན་གྱི་བསྟན་པ་ནི་བྱུང་བའི་ཁུངས་བཙུན་པ་དང་། ལོ་རྒྱུས་ཀྱི་རྒྱུན་རིང་ལ། མདོ་སྔགས་རྫོགས་གསུམ་རིག་གནས་དང་བཅས་པའི་གཞུང་ལུགས་ཀྱི་ཆ་ནས་ནང་དོན་གཏིང་ཟབ་ཅིང་ངོ་བོ་ཕུན་སུམ་ཚོགས་པར་བཞུགས་ཡོད་པ་མ་ཟད། བོད་མི་རིགས་ཀྱི་སྐད་ཡིག་དང་གཞི་རྩའི་རིག་གཞུང་ཚུད་པའི་ཡུལ་སྲོལ་གོམས་གཤིས་བཅས་ཀྱི་འབྱུང་ཁུངས་སམ་མ་རྩ་གལ་ཆེན་དུ་གྱུར་སྟབས། བཙན་པོའི་རྒྱལ་རབས་རིམ་བྱུང་གི་སྐབས་བོད་ཁམས་ཡོངས་རྫོགས་ཀྱིས་དད་པ་བྱེད་ཡུལ་དུ་གྱུར་བའི་མེས་པོའི་ཕ་ནོར་རྩ་ཆེན་དུ་ཆགས་ཏེ། ཞང་བོད་ཤེས་རིག་གི་འོད་རླབས་ཀྱིས་མདོ་དབུས་མཐོ་སྒང་གི་ལོ་རྒྱུས་གསེར་ནག་གི་གླེགས་བམ་ལ་བཞེངས་པར་བྱས། ད་ལྟའང་འཛམ་གླིང་འདིར་ཤེས་རིག་བདག་དབང་གི་འགྲན་རྩོད་དྲག་ཏུ་འཕྱུར་བའི་གླེང་ཕྱོགས་དེའི་ཁྱབ་ཁོངས་ཁྲོད་ནས་ཚུར་ལྟོས་ཚེ། ཞང་ཞུང་ཤེས་རིག་ནི་མདོ་དབུས་མཐོ་སྒང་གི་ས་གནས་ཉིང་བཅུད་ཀྱི་ཁྱད་བོན་མངོན་པར་བཀྲ་ཞིང་། བོད་མི་རིགས་ཀྱི་མཚར་སྡུག་འོད་སྟོང་འབར་བའི་ཤེས་རབ་ཀྱི་རླབས་རྒྱུན་དང་ཡུན་རིང་ལོ་རྒྱུས་ཀྱི་གཏིང་གཞི་ཟབ་མོ་མཚོན་པར། འགྲོ་བ་མིའི་ཤེས་རིག་ནོར་བུའི་བང་མཛོད་ནང་འོད་སྟོང་འབར་བཞིན་ཡོད་པ་འདིས། མཉམ་འབྲེལ་ལྷན་ཚོགས་འདི་ཉིད་ཞང་ཞུང་རིག་གནས་ཀྱི་སྙིང་སྟོབས་དང་འགྲོགས་ནས། མིའི་རིགས་ཀྱི་ཆོས་རིག་བསམ་བློའི་དཔལ་ཡོན་འཕེལ་རྒྱས་ཆེད་གོམ་པ་རེ་རེ་བཞིན་མདུན་སྐྱོད་བྱེད་དགོས་པ་དེ་མཚོན་ཡོད། མི་རྣམས་ཀྱི་རེ་སྨོན་བྱེད་སའི་དཔལ་ཡོན་འཕེལ་རྒྱས་དང་། འཆམ་མཐུན་མཉམ་གནས། འཚེ་མེད་ཞི་བདེ་ཆེན་པོའི་མངའ་ཐང་གི་འོད་རླབས་བཅས་ནི་དུས་གཏན་ཏུ་ཉམས་པ་མེད་པར་གྱུར་ཅིག
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བར་གཡུར་དུ་ཟ་བའི་གྲུབ་འབྲས་དང་བཅས་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ། ཐུགས་རྗེ་ཆེ།