དབལ་རི་ཟུར་གསུམ་དང་དབལ་གྱི་བྲག་ཕུག་རོང་ཆེན་གནས་བཤད་ལུང་གི་སྙིང་པོ།

[ཟླ་ཚེས། 2020-04-12 15:52:55][རྩོམ་པ་པོ། རྒྱ་སྒོམ་ཤེས་རབ་ཕུན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  ལྷ་དང་གཤེན་དང་སྒྲུབ་པ་པོ་དབལ་བོན་སྟག་ལ་མེ་འབར་ལ་གུ་དུན་ཧྲུན་ནོ།།

  འདིར་དབལ་རི་ཟུར་གསུམ་དང་དབལ་གྱི་བྲག་ཕུག་རོང་ཆེན་གྱི་སྐོར་ནི་བོན་དཔེ་ཁག་ལ་ཤོད་ཚུལ་ཏོག་ཙམ་མི་འདྲ་བ་འགའ་ཤས་ཡོད་མོད། ཀུན་འབུམ་གོ་འབྱེད་དང་། ཕུར་པའི་རྒྱུད། རྫོགས་ཆེན་ཡེ་ཁྲི་མཐའ་སེལ་སོགས་དཔེ་རྙིང་རྩ་ཆེན་དག་གི་དགོངས་པ་གཅིག་ཏུ་བབས་པ་ལྟ་བུར་འདུག་ཅིང་། དེ་དང་གཙོར་འདོན་བྱས་པའི་སྒོ་ནས་དབལ་གྱི་བྲག་ཕུག་རོང་ཆེན་གྱི་མཚམས་སྦྱོར་དང་ས་གནས་ངོས་འཛིན་སྐོར་གྱི་དཔྱད་གཏམ་ཉུང་ངུ་ཞིག་གླེང་བར་འདོད་པ་ཡིན། དེའང་དབལ་རི་ཟུར་གསུམ་དང་དབལ་གྱི་བྲག་ཕུག་རོང་ཆེན་ཞེས་པ་ནི་དབལ་བོན་སྟག་ལ་མེ་འབར་གྱི་བསྒྲུབས་གནས་དང་སྲིན་པོ་འདའ་ཤ་གྷྲི་བ་བསྒྲལ་བའི་གནས་དང་། མ་རྒྱུད་གནས་ཆེན་བརྒྱ་དང་ཉི་ཤུ་ཡ་རྒྱལ་ཏེ། མ་རྒྱུད་སྒྲུབ་གཞུང་ལས། བྲག་ཕུག་རོང་ཆེན་མཁའ་འགྲོ་འབྲུག་གདོང་ལྔ། དབུས་ཕྱོགས་བྲག་ཕུག་རོང་ཆེན་མཁའ་འགྲོ་མ། ཞེས་དང་། ལྷོ་ཕྱོགས་དབལ་རི་ཟུར་གསུམ་མཁའ་འགྲོ་མ། ཞེས་བྱུང་བས་དབལ་གྱི་བྲག་ཕུག་རོང་ཆེན་དང་དབལ་གྱི་རི་བོ་ཟུར་གསུམ་གཉིས་པོར་ནང་གསེས་དབྱེ་བ་ཐ་དད་གསུངས། དེ་བཞིན་སྟོན་པ་གཤེན་རབ་མི་བོས་འཕྲུལ་གཤེན་གྱི་ཐེག་པ་གཏན་ལ་ཕབས་པའི་གནས་ཤིག་ཡིན་ལ། དམུ་རིགས་གདུང་རྒྱུད་རྒྱལ་པོ་སྡེ་དྲུག་གི་ནང་ནས་མཁའ་འགྱིང་གཉན་གྱི་ཡུལ་དང་ཞང་ཞུང་བར་པའི་མངའ་ཁོངས་ཀྱང་ཡིན་པར་འདོད་ཅིང་། འདི་ཚོའི་སྐོར་གྱི་ལོ་རྒྱུས་ཞིབ་པར་གླེང་བར་མི་བྱ་ཞིང་འདིར་དབལ་བོན་སྟག་ལ་མེ་འབར་དང་དེའི་སྒྲུབ་གནས་དབལ་གྱི་རི་བོ་ཟུར་གསུམ་གྱི་སྐོར་ལུང་གི་དགོངས་དོན་གཙོ་བོ་བྱས་ཏེ་འགོད་རྒྱུ་ཡིན། །

དང་པོ། གླེང་གཞི།

  དབལ་བོན་སྟག་ལ་མེ་འབར་གྱི་དབལ་གྱི་རི་བོ་ཟུར་གསུམ་ནས་སྲིན་པོ་དྷ་ཤ་གྷྲི་བ་བསྒྲལ་བའི་སྐོར། དེའང་བྱམས་མ་ཆེན་མོ་དགྲ་ཡི་འཇིགས་སྐྱོབ་མའི་གཟུངས་ལས། ཞང་ཞུང་སྐད་དུ། ཨེར་སངས་རླེ་སྨི་གྲན་ཙེ་ཧྲོ་ཙེ་ན་མ་པྲ་པ་ཏ། བོད་སྐད་དུ། བྱམས་མ་ཆེན་མོ་དགྲ་ཡི་འཇིགས་པ་སྐྱོབས་པའི་གཟུངས། ཡུམ་ཆེན་ཐུགས་རྗེ་བྱམས་མ་དགྲ་ཡི་འཇིགས་སྐྱོབས་མ་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། སྟོན་པ་གཤེན་རབ་མི་བོ་ནི། མོན་ཡུལ་འོལ་མའི་གླིང་། མཐིང་གུར་གཡུ་འཐིབས་ཀྱི་གསས་ཁང་ནས། བོན་བསྒོམ་མཛད་ཅིང་བཞུགས་ནས། ཡུལ་སྲིད་ཡུལ་ལྷ་མདངས་ན། ཡབ་ཡང་རྒྱལ་པོ་ལྷ་ཡི་རྒྱལ་པོ་དེས། ཁབ་སྟག་ཟ་ཧེ་ཏིང་མ་བཞེས་པ་ལ། སྲིན་ཛ་ལ་མེ་གདོང་བྱ་བ་ཞུགས་ནས། འཇིག་རྟེན་ཁམས་གསུམ་དུས་གཅིག་འཕུང་ལ་ཁད་དེ། འདུལ་བའི་གཉེན་དུ་གཡུང་དྲུང་ལྷ་ཡི་སྤྲུལ་པའི་སྲས་ཅིག་རུམ་ནས་བཏང་བས། མེ་ཕོ་སྟག་གི་ལོ། དཔྱིད་ཟླ་ར་བ་ས་ཕོ་སྟག་གི་ཚེས་གཅིག ལྕགས་ཕོ་སྟག་གི་དུས་ཚོད། ཐོ་རངས་ཆུ་ཕོ་སྟག་གི་ཐང་ངམ། ཤིང་ཕོ་སྟག་གི་ཚེས་ན། ལྷ་སྲིན་གྱི་བུ་གཉིས་འཁྲུངས། སྟག་གི་ཞོ་ཡིས་བསོས་ནས། སྐྱེས་ནས་སྤྱོད་པ་དགེ་སྡིག་ལ་མ་དུམ་སྟེ། སོ་སོར་འཐབ་པས་སྲིན་གྱི་བུ་ནི་སྲིན་ཡུལ་མེར་བ་མེར་ཤོད་ན། སྲིན་པོ་ཀར་མ་ཛ་ལ་སྟག་ཤེར་བྱ་བའི་གམ་དུ་བྲོས་ནས། སྲིན་དེའི་ཞལ་ནས་ཁྱོད་ནི་སྐྱེ་འགྲོ་སེམས་ཅན་གྱི་བདུད་བྱེད་ཅིང་། ལྷ་མ་སྲིན་སྡེ་བརྒྱད་ལ་དབང་ཆེ་བའི་སྲིན་པོ་དྷ་ཤ་གྷྲི་བ་བྱ་བ་ཡིན་པས། གདུག་པ་སྲིན་གྱིས་དབང་བསྐུར་ནས། ད་ལྷོ་འཛམ་བུ་གླིང་བྱ་བར་སེམས་ཅན་མིའི་བུ་ལ་ལས་ལོག་པ་དགེ་བ་ཞེས་བྱ་བ་སྤྱོད་པ་ཡོད་པས། ཁྱོད་སྲིན་ལ་རྩལ་ཆེ་བ་ཡིན་གྱི་མི་ལ་ཟ་བའི་སྲིན་པོ་གྱིས་ཤིག་ཟེར་ནས་བཏང་བས། ལྷོ་འཛམ་བུ་གླིང་གི་མི་ཀུན་ལ་གནོད་པ་བྱེད་པ་ནི། དགེ་བ་སྤྱོད་པའི་ལྷ་དང་གཤེན་གྱི་བུ་ནི། སྲིན་དམག་བྱེ་བ་ས་ཡས་མངོན་པར་ཟོས་སོ། ལྷའི་བུ་དང་ཡུམ་ནི་སྟོན་པ་གཤེན་རབ་ཀྱི་དྲུང་དུ་བྲོས་ནས། སྲིན་ལས་སྐྱབས་ཏུ་གསོལ་ཞེས་ཞུས་པས། སྟོན་པའི་ཞལ་ནས་ཁྱོད་ནི་སྐྱེ་འགྲོ་སེམས་ཅན་གྱི་དོན་བྱེད་ཅིང་ལྷ་མ་སྲིན་སྡེ་བརྒྱད་ལ་དབང་བརྩན་པའི་དབལ་བོན་སྟག་ལ་མེ་འབར་བྱ་བ་ཡིན་པས། དྲག་པོ་དབལ་གྱི་དབང་བསྐུར་ནས། ད་ལྷོ་འཛམ་བུ་གླིང་བྱ་བར་སེམས་ཅན་མིའི་བུ་ལ་ལས་བཟང་བ་དགེ་བ་སྤྱོད་པའི་གནས་ཡིན་པས། ཁྱོད་བོན་ལ་མཐུ་ཆེ་ཞིང་རྩལ་དྲག་པས། མི་ལ་གནོད་པའི་བདུད་དང་སྲིན་པོ་ཐུལ་ཅིག་གསུངས་ཏེ། དྲག་པོ་སྔགས་ཀྱི་ལུང་ཕོག་ནས་འཛམ་བུའི་གླིང་གི་ཕག་ནག་ཁྲོས་པའི་གནས་དབལ་གྱི་རི་བོ་ཟུར་གསུམ་ཟླ་གམ་གཏིང་རིང་གི་བྲག་ཕུག་ཏུ་དྲག་པོ་མཐུའི་སྒྲུབ་པ་ལ་ཞུགས་པས། གྲུབ་པའི་དུས་མེད་ཅིང་ཤིན་ཏུ་སྡུག་བསྔལ་ནས། སྲིན་གྱི་རྒྱལ་པོ་དྷ་ཤ་གྷྲི་བ་དང། བགེགས་ཀྱི་རྒྱལ་པོ་བྱིན་ན་ཡ་ག་དང་། བདུད་ཀྱི་རྒྱལ་པོ་གཏོ་བདུད་ནག་པོ་ཡིས། ལྷ་མ་སྲིན་སྡེ་བརྒྱད་ཀྱི་དམག་བསྡུས་ནས། ནམ་མཁའ་ལ་ལྟས་ངན་སྲིད་པའི་གཟའ་བཞི་ཤར། བར་སྣང་ལས་རྨ་འདངས་བསྐལ་བའི་མེ་འབར། ས་གཞི་ལས་སྐྱིན་འདངས་ཁྲག་གི་མཚོ་ལུད། བདུད་སྲིན་གཅན་སྤྱང་སྟག་གཟིག་བྱ་ཁྲ་རུ་སྤྲུལ་པས་དམག་གཏིབས། སྲོད་ལ་སྲིན་གྱིས་མཚོན་ཆའི་ཆར་ཕབ། དགུང་ལ་བདུད་ཀྱི་མུན་དམག་གིས་གཡུལ་འགྱེད། ཐོ་རངས་བགེགས་ཀྱི་ཆོ་འཕྲུལ་གྱིས་དཔུང་སྡུད་པས། ཉིད་ལ་མི་ཚུགས་པ་ཙམ་ལས་དུས་རྒྱུན་དུ་བསྐོར་ནས། ཤན་པ་འབུམ་སྡེས་འཛམ་གླིང་སེམས་ཅན་ཐམས་ཅད་ཟ་བ་ལ། བྱམས་མ་ཆེན་མོ་དེས་རབ་ཏུ་ཐུགས་རྗེས་མ་བཟོད་དེ། ཐུགས་རྗེ་བྱམས་མས་སྐུ་དངོས་སུ་བསྟན་ནས། སྟག་ལ་མེ་འབར་གྱི་གན་དུ་བྱོན་ནས་གསུངས་པ། དབལ་བོན་སྟག་ལ་མེ་འབར་ཁྱོད། ཅང་མེད་བྲག་ཕུག་སྟོང་པ་རུ། དྲག་པོ་རྩེ་གཅིག་དམིགས་པ་ཡི། རྟགས་དང་དྲོད་ཚད་མེད་པ་རུ། གྲུབ་པ་མེད་པར་ཅི་ལ་སྡོད། སྟག་ལ་མེ་འབར་ཀག་གིས་བཞེངས། ལྷ་མོ་དེའི་ཞབས་ལ་འདུད། སྟག་ལ་མེ་འབར་བདག་འདྲ་བ། དགྲ་རུ་ངན་པ་སྲིན་པོ་བྱུང་། ལས་སུ་ངན་པ་དྲག་པོ་བསྒྲུབས། གྲུབ་པ་མེད་པར་ནམ་ཡང་རྡུགས། བསྒྲུབས་པ་དྲག་པོ་མ་གྲུབ་ཀྱང་། མ་བསྒྲུབས་ཐུགས་རྗེ་བྱམས་མ་ཁྱོད། དྲག་པའི་ལས་གཅིག་མ་མཛད་ན། སྙིང་རྗེ་ཕྱོགས་གཅིག་དོན་གྱི་ནི། བདག་ལ་ཐུགས་རྗེ་ག་ན་རུང་། དེ་ལ་ལྷ་མོས་བཀའ་སྩལ་པ། དབལ་བོན་སྟག་ལ་མེ་འབར་ཁྱེད། སྔོན་གྱི་སྨོན་ལམ་དག་པ་དང་། ལས་དང་སྐལ་པའི་འཕེན་ཤུགས་དང་། བྱེད་དུ་བཅུག་པའི་ནུས་མཐུ་དང་། མོས་ཤིང་གདུང་བའི་ངང་རྟགས་དང་། བསམ་པ་དག་པའི་དམ་ཚིག་དང་། བརྟུལ་ཞུགས་བརྩོན་འགྲུས་འགྲུས་པ་ཡིས། ཕྲིན་ལས་དབལ་གྱི་དྲག་པོ་བསྒྲུབས། ལྷ་མོ་ཐུགས་རྗེ་བྱམས་མ་ངས། དྲག་པོའི་ལས་ལ་ང་མི་འཇུག དྲག་པོའི་ལས་ལ་ང་འཇུག་ན། སྙིང་རྗེ་མ་དང་འབྲལ་བར་འགྱུར། སྙིང་རྗེ་མ་དང་བྲལ་གྱུར་ན། མ་ཡིས་བུ་རྣམས་བོར་བ་ཡིན། འོན་ཀྱང་བླ་མེད་ཐེག་པའི་དོན། སྙིང་རྗེ་ཕྱོགས་གཅིག་མ་ལགས་ཏེ། སེམས་ཅན་སྤྱི་ཕན་དོན་ཆེད་དུ། གནམ་ས་བྲག་ལ་ཕུར་པ་ཐོབ། གྲུབ་ཚད་ཟིན་ནས་ཐུགས་རྗེ་ཡིས། འཁོར་བ་སྒྲོལ་བ་དེ་ཡིན་ནོ། ཞེས་གསུངས་ནས་ལྷ་མོ་ཡང་ནམ་མཁའ་ལ་འོད་དམར་ལྗང་དུ་ཡལ་ནས་སྣང་ལ་རང་བཞིན་མེད་པར་གྱུར་ཏོ། དེ་ནས་ལྷ་མོ་ཐུགས་རྗེ་སྤྲུལ་པས། བུད་མེད་མང་པོས་དྲག་པོའི་ཕུར་པ་འདྲིལ་ཞིང་བྱོན་ནས། དེ་ལ་སྟག་ལ་མེ་འབར་གྱི་གསོལ་པ། ཐུགས་རྗེ་བྱམས་མ་དྲིན་མོ་ཆེ། ལས་ལ་མངག་པའི་མཁའ་འགྲོ་མ། སྡོང་གྲོགས་མཛད་པའི་མ་སྲིང་ཁྱེད། གནས་ཆེན་ཉི་ཤུའི་སྲུང་མ་རྣམས། ལས་ཀྱི་སྲིན་པོའི་གཟུགས་བྱང་ལ། འཕྲིན་ལས་དྲག་པོའི་ཕུར་པ་ཐོབ། སྡིག་ཅན་སྲིན་པོ་བསྒྲལ་གྱུར་ན། སེམས་ཅན་ཐུགས་རྗེ་བཟུང་བ་ཡིན། གཞན་དོན་བྱང་ཆུབ་དེ་ཡིན་མོད། ཅེས་གསུངས་པས། ལྷ་མོ་རྣམས་ཀྱིས་དྲག་པོའི་ཕུར་པ་བཏབ་པས། སྲིན་པོ་དྷ་ཤ་གྷྲི་བ་ནི། ཐད་ཀར་བྲག་དེའུ་པོ་འགྱེལ་བ་བཞིན་དུ་སོང་། ཞེས་གསུངས་ཤིང་འདིར་དབལ་གྱི་རི་བོ་ཟུར་གསུམ་དང་དབལ་གྱི་བྲག་ཕུག་རོང་ཆེན་གྱི་གླེང་གཞིར་མཚམས་སྦྱོར་གྱི་ཚུལ་དུ་ཉུང་ངུ་ཙམ་ལས་རྒྱས་པ་དབལ་ཕུར་ནག་པོའི་རྒྱུད་རྣམས་ལས་གསལ་ཞིང་དབལ་བོན་སྟག་ལ་མེ་འབར་དང་སྲིན་པོ་དྷ་ཤ་གྷྲི་བ་གཉིས་པོ་འདི་ལྟ་བུའི་སྤུན་ཡིན་པའི་བཤད་ཚུལ་ཞིག་དང་གཞན་དུ་ན་སྤུན་མིན་པའི་བཤད་ཚུལ་ཞིག་ཀྱང་ཡོད་པ་ཡིན་ནོ། །

གཉིས་པ། དབལ་བོན་སྟག་ལ་མེ་འབར་གྱི་ཐུགས་དམ་དབལ་ཕུར་ནག་པོའི་བྱུང་ཁུངས་དང་བརྒྱུད་རིམ།

  དེའང་དབལ་ཕུར་ནག་པོའི་ཁ་བྱང་ལས། དབལ་གྱི་ཕུར་པ་ནག་པོའི་བོན་སྐོར་འདི་རྣམས། དང་པོ་ཅི་ལྟར་བརྒྱུད་པའི་ཁུངས་བསྟན་པ་ནི། དང་པོ་ཁ་བ་ནག་པོ་བོན་གྱི་དབྱིངས། རང་བཞིན་ལྷུན་གྱིས་གྲུབ་པའི་གསས་ཁང་། འོག་མིན་བདལ་བ་ཆེན་པོའི་ཕོ་བྲང་ནས། རང་བཞིན་དབྱིངས་ཀྱི་སྟོན་པ་མཁའ་འགྱིང་ལྷའི་རྒྱལ་པོ། ཐུགས་གསང་བའི་སྲིད་པ་ནས་དགོངས་འགུར་ལྷའི་བུམ་པ་ནས་འདྲིལ། ལྗགས་པདྨའི་དབང་པོ་ལ་བཀྲམ། གསུངས་ཚངས་པའི་གླིང་གྲགས་ནས་ཕྱུང་། ལས་དང་ཉོན་མོངས་པ་གནས་སུ་དག་པའི་གདངས་དབྱངས་ཀྱི། གྲུ་གསུམ་དགྱེས་པ་ཨེའི་གཞལ་ཡས་སུ། ལྷ་མོ་ཐུགས་རྗེ་བྱམས་མ། ཐུགས་རྗེ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་བཤད། དཔེ་མཐིང་གུར་གཡུ་འཐིབས་ཀྱི་གསས་ཁང་དུ། ལྷའི་སྟོན་པ་གཤེན་རབ་མི་བོ་ལ་བཤད། དེས་དྲག་པོ་འོད་མ་མཚལ་གྱི་ཡུལ་དུ། དབལ་བོན་སྟག་ལ་མེ་འབར་ལ་བཤད། ༡ དེས་དབལ་ཡུལ་ཐང་བརྒྱད་དུ། དབལ་བོན་ཁ་ཡལ་མེ་འབར་ལ་བཤད། ༢ དེས་སྟག་ཚལ་རྒོད་མ་ཁའི་ཡུལ་དུ། དབལ་བོན་གནོད་སྦྱིན་འདུལ་ལ་བཤད། ༣ དེས་དབལ་འབར་ལྷའི་ཡུལ་དུ། དབལ་བོན་འོད་སྤུངས་ལ་བཤད། ༤དེས་སྟག་རྩེ་ལྷའི་མཁར་དུ། དབལ་བོན་ཁྱུང་སླག་ཅན་ལ་བཤད། ༥ དེས་དབལ་ཡུལ་འོད་མའི་རྒྱལ་ཁམས་སུ། དབལ་བོན་སྟག་སླག་ཅན་ལ་བཤད། ༦ དེས་དྲུག་ཡུལ་སྟོད་དུ། གྲུ་གུའི་བོན་པོ་ཁ་ལ་མེ་འབར་ལ་བཤད། ༧དེས་འོལ་ཡུལ་འོལ་མཁར་དུ། འོལ་བོན་མིག་གཅིག་ལ་བཤད། ༨དེས་མུ་སྟེགས་ཁ་འབར་གྱི་ཡུལ་དུ། མུ་སྟེགས་བོན་པོ་ཏི་ཏི་མེ་སླག་ཅན་ལ་བཤད། ༩དེས་བྲམ་ཟེ་འཐིབ་གནོན་གྱི་ཡུལ་དུ། བྲམ་ཟེའི་བོན་པོ་ཁམ་པ་མེ་ལྕེ་ཅན་ལ་བཤད། ༡༠དེས་རྒྱ་གར་དུར་ཁྲོད་ཀྱི་གནས་སུ། རྒྱ་གར་གྱི་བོན་པོ་ཨ་ག་རུ་ནག་པོ་ལ་བཤད། ༡༡དེས་བལ་ཡུལ་ཐང་མ་ཐང་ཤོད་དུ། བལ་པོའི་བོན་པོ་ཙེ་ཙེ་ལྕེ་རིང་ལ་བཤད། ༡༢དེས་ཁ་ཆེའི་ཡུལ་དུ། ཁ་ཆེའི་བོན་པོ་དབལ་འབར་གྱང་ཏི་གསས་ལ་བཤད། ༡༣དེས་ལི་ཡུལ་ལྗང་ར་སྨུག་པོ་རུ། ལི་བོན་རྒྱུང་སྤུངས་ལ་བཤད། ༡༤དེས་ཞང་ཞུང་ཁྱུང་ལུང་དུ། ཞང་ཞུང་གི་བོན་པོ་ཏི་གསས་རྔེའུ་ཆུང་ཅན་ལ་བཤད། ༡༥བོད་ཡུལ་དབུས་ཀྱི་གསེར་ཕུག་ཏུ། སྨྲའི་བོན་པོ་སྐོ་ལོང་ལྷ་གསས་ལ་བཤད། ༡༦དེས་དབུས་ཀྱི་འཕེན་ཡུལ་སྟེང་དུ། འཕེན་ཡུལ་གྱི་བོན་པོ་ཁ་འབྱམ་ལྕགས་ཀྱི་བྱ་རུ་ཅན་ལ་བཤད། ༡༧དེས་རྒྱ་ཡུལ་འབྲིང་ཐང་དུ། རྒྱ་བོན་དབལ་བོན་ལྷའི་གསས་ལ་བཤད། ༡༨དེས་ཡར་ལྷའི་ཐང་ཤོད་ཀྱི་མཐིལ་དུ། བོད་ཀྱི་བོན་པོ་གསས་མཁར་མེ་འབར་ལ་བརྒྱུད་ཅིང་བཤད།( མཆན། དེ་ནི་སྒྲུབ་པ་པོ་དབལ་བཅོ་བརྒྱད་ཅེས་འབོད་པ་ཡིན།) སློབ་དཔོན་མཁས་པ་དེ་རྣམས་ཀྱི་ཐུགས་ཀྱི་ཡང་བཅུད། ཐུགས་རྗེས་བརྣག་པ་སྡེ་སྐོར་དོན་གསུམ་དུ་འཆམས་པ། བོད་ཡུལ་དབུས་སུ་མཁས་ཤིང་རིག་པ་ཆེ་བ། བླ་ཆེན་དྲན་པ་ནམ་མཁའ་ལ་བརྒྱུད་ཅིང་བཤད་དོ། བར་དེར་རྒྱལ་བློན་གདུག་པ་ཅན་གྱིས། གཡུང་དྲུང་གི་བོན་འཕྲུལ་ངག་བདེན་པ་བསྣུབ་པའི་དུས་དེར། བླ་ཆེན་དྲན་པ་ནམ་མཁས་ཐུགས་ཀྱིས་བརྣག་པ། དབལ་གྱི་ཕུར་པ་ནག་པོ་འདི་ལ། སྡེར་སྐོར་མན་ངག་གསུམ་དུ་ཡོད་པ་ལ། རྒྱུད་འགྲེལ་རྩ་བར་འཆམ་པ་ལུང་དོན་རྒྱས་པའི་སྡེ། ཕྲིན་ལས་ཉམས་སུ་བླང་བ་ལས་ཏིག་འགྲེལ་ཆུང་གི་སྐོར། ཐུགས་ཀྱི་བརྣགས་པ་མན་ངག་གསང་བའི་དོན་དང་གསུམ་གསུམ་མོ། དེ་ལ་རྒྱུད་འགྲེལ་རྩ་བར་འཆམ་པ་ལུང་དོན་རྒྱས་པའི་སྡེ་ནི། ལྕགས་ཀྱི་སྒྲོམ་བུ་ལ་ཁྲོ་ཆུའི་ཐེམ་རྒྱས་བཏབ་ཏེ། ཕོ་བྲང་དབུས་ཀྱིས་ཡངས་རྩེར་སྦས་སོ། ཐུགས་ཀྱི་བརྣག་པ་མན་ངག་གསང་བའི་དོན་ནི། བསེའི་སྒྲོམ་བུ་ལ་དངུལ་གྱི་སྤར་ཁབ་གསལ་ཏེ། འགྲན་བཟང་གི་གཙུག་ལག་ཁང་དུ་སྦས་སོ། གཏེར་སྦས་པའི་དུས་སུ། བོན་གཞུང་མི་འཁྱར་བའི་ཐེམ་ཡིག ངེས་པའི་རྩིས་བྱང་རེ་དང་ཆས་ནས་སྦས་སོ། ཞེས་གསུངས་ཤིང་རྒྱུད་འགྲེལ་རྩ་བར་འཆམ་པ་ལུང་དོན་རྒྱས་པའི་སྡེ་ལ། རྩ་བའི་རྒྱུད་ལྔ་དང་ཡན་ལག་རྒྱུད་བཞི་བཅས་རྒྱུད་དགུ། དོན་འདུས་རྩ་བའི་འགྲེལ་ཆེན་དང་། ཐབས་གསུམ་གནད་བཞི། འཆོང་ལྔ། དོན་དྲུག སྒྲུབ་ཆུང་ཉི་ཤུ་རྩ་གཅིག དྲག་པོ་ལས་ཀྱི་ཁ་ཚར་དགུ ཕྱིས་སུ་སྲས་མུ་དུག་བཙན་པོ་སྤ་དྲོར་སྤྱུགས་པའི་དུས་དེར། ཡབ་ཀྱི་དཀོར་མཛོད་བོན་དང་ཆོས་དང་སྨན་དང་དཀོར་ལ་སོགས་མང་དུ་བསྣམས་ཏེ། སྐུ་འཚོ་བའི་གཤེན་ཁྱུང་པོའི་བོན་པོ་གྱེར་ཟླ་མེད་གཉིས་ཀྱིས། སྤ་དྲོ་ཕུག་ཅལ་གྱི་གཡས་ཕྱོགས་བྲག་ལ་སྤས་ཤིང་། ཕྱི་ལོ་༡༠༣༨ས་སྟག་ལོར་སྤ་དྲོའི་གཏེར་མཛོད་ནས་ཁུ་ཚ་ཟླ་འོད་ཀྱིས་སྒོ་ཕྱེས་ནས། ལྷ་རྗེ་འགར་ལ་གཏེར་དངོས་གྲུབ་དུ་གནང་བ་ལས། ཅོ་སྟོན་སྐལ་ལྡན་ཤེས་རབ་ཀྱིས་ཞུས་ཏེ་བརྒྱུད་པའོ།། ཞེས་སོ།།

གསུམ་པ། དབལ་གྱི་རི་བོ་ཟུར་གསུམ་དང་དབལ་གྱི་བྲག་ཕུག་རོང་ཆེན་ཞེས་པའིགནས་དེ་གང་དུ་ཡོད་མིན་གྱི་སྐོར།

  ༡ དེ་ལྟ་བུའི་དབལ་བོན་སྟག་ལ་མེ་འབར་གྱི་བསྒྲུབས་གནས་འཛམ་བུའི་གླིང་གི་ཕག་ནག་ཁྲོས་པའི་གནས་དབལ་གྱི་རི་བོ་ཟུར་གསུམ་ཟླ་གམ་གཏིང་རིང་གི་བྲག་ཕུག་ཏུ་ཞེས་པའི་གནས་ནི་སྤྱིར་འཛམ་བུ་གླིང་དུ་ཡོད་པ་གོང་དུ་བསྟན་པ་ལྟར་དང་། ༢ སྒོས་སུ་འཛམ་བུ་གླིང་གི་ནང་ནས་ལྷོ་ནུབ་ཏུ་ཡོད་པ་བསྟན་པ་ནི། དབལ་ཕུར་ནག་པོ་གབ་པ་མངོན་ཕྱུང་སྟག་ལའི་སྐྱེ་རྒྱུད་ལས། འཛམ་བུ་གླིང་བཞི་ཐུགས་ལ་བཞག་ནས་ནི། དྲག་པོའི་གནས་སུ་ལྷོ་ནུབ་རི་ལ་བཙལ། ཁྱུང་གི་བྱ་ཁྲར་སྤྲུལ་ཏེ་གཤེགས་ཀྱིས་ལྡིང་། ཕག་ནག་འཁྲོས་པའི་ཡུལ་དུ་བྱོན། འཛམ་གླིང་བསྐོར་བས་ནུབ་ནས་གནས་གཅིག་སྙེད། སྤྲུལ་པས་འདུལ་བའི་དབལ་རི་ཟུར་གསུམ་ལ། ཡོན་ཏན་བཅུ་དང་ལྡན་པའི་གྲུ་གསུམ་རྫོགས། ཟླ་གམ་བར་དུ་དམར་ནག་གྲུ་གསུམ་བྲག་ཕུག་ཏུ། གཏོ་དང་མཐུན་ཏེ་དགོངས་པ་ཉམས་ཀྱི་བཞུགས། ཞེས་འབྱུང་བས། དབལ་བོན་སྟག་ལ་མེ་འབར་དེས། ཁྱུང་གི་བྱ་ཁྲ་ཆེན་པོ་ཞིག་ཏུ་སྐུ་བཞུགས་ནས། སུམ་ཅུ་རྩ་གསུམ་དགའ་ལྡན་ལྷ་ཡི་གནས་ན་ལྡིང་ཏེ། རི་བར་ཀྱི་ཕྱོགས་བཞིར་གླིང་བཞིར་འཇིག་རྟེན་ཉུལ་བ། དབང་དྲག་སྒྲུབ་གནས་མ་རྙེད་དེ། སླར་ལྷོ་ནུབ་མཚམས་སུ་ལྡིང་སྟེ་བྱོན་པས། སྤྲུལ་པ་འདུལ་བ་ཟུར་གསུམ་དབལ་གྱི་རི། ཕག་ནག་ཁྲོས་པ་རི་ཡི་ཡུལ། ཟླ་གམ་དམར་ནག་གི་བྲག་ཕུག ཤིན་ཏུ་འཇིགས་ཤིང་ཡ་ང་བའི་རྫོང་། གནས་དེའི་མཚན་ཉིད་བརྟགས་པས། གྲུ་གསུམ་སྲིན་པོའི་ཁ་ཞེས་ཀྱང་བྱ། གཤིན་རྗེའི་མགོ་གནོན་ཁྲོས་པའི་རི་ཟུར་ཞེས་ཀྱང་བྱ། བདུད་ཀྱི་རི་ནག་བསྙེན་པའི་གནས་ཞེས་ཀྱང་བྱ། དབལ་གྱི་རི་བོ་ཟུར་གསུམ་ཞེས་ཀྱང་བྱ། གནོད་སྦྱིན་དང་ས་བདག་འདུལ་བའི་གནས་ཞེས་ཀྱང་བྱ། གཅན་ཟན་སྡེར་འཛིངས་ཀྱི་རི་བོ་ཞེས་ཀྱང་བྱ། མ་བདུད་ཆུད་ཀྱི་མཚོ་སྐེམ་ཞེས་ཀྱང་བྱ་བར་གཟིགས་སོ། ཡོན་ཏན་ལ་བརྟགས་པས། རྩ་བ་ན་ཁྲག་དང་ཞག་གི་རོལ་མཚོས་སྐོར་བ་དང་། ལོགས་ལ་བྲག་དམར་ནག་དང་། ཚེར་མ་ཅན་གྱི་ནགས་གསེབ་ན། སྟག་དང་གཟིག་དང་དོམ་དང་། དྲེད་དང་ལྕེ་སྤྱང་ལས་སོགས། གཅན་ཟན་སྣ་ཚོགས་རྒྱུག་ཅིང་འགྲོལ་བ། བྲག་གི་རྩེ་མོ་རལ་གྲི་ཁ་གདང་པ་འདྲ་བའི་བར་དང་གསེབ་ན། བྱ་ཤ་ཟན་གྱི་རིགས་མང་པོ་དང་། ཁྲ་རིགས་སུམ་བརྒྱ་དྲུག་ཅུ་ལྡིང་ཞིང་འདེབས་པ། བར་སྣང་ལ་མེ་རི་སྨུག་ནག་ལམ་ལམ་ཤིག་ཤིག་འབར་བ། ནམ་མཁའ་ལ་ལྟས་ངན་སྲིད་པའི་གཟའ་བཞི་འཆར་བ་ནི། ཤར་ནས་དུ་བ་འཇུག་རིང་འཆར་བ་དང་། ལྷོ་ནས་སྟག་མགོ་མེ་འབར་འཆར་བ། ནུབ་ནས་སྦྲུལ་མགོ་ཆུ་འཁྱིལ་འཆར་བ། བྱང་ནས་གཡག་མགོ་རླུང་འཚུབས་འཆར་བ། འོག་ཕྱོགས་ཁྲག་དང་ཞག་གི་རྒྱ་མཚོ་ན་ཡང་། བདུད་དང་སྲིན་པོ་དང་། ཤ་ཟན་མོ་དང་། ས་བདག་ཕོ་མོ་དང་། ཀླུ་དང་ཀླུ་སྲིན་བསམ་གྱི་མི་ཁྱབ་པ། བྲག་ཕུག་དེ་ཡང་ཁ་ཟླ་གམ། གཏིང་གྲུ་གསུམ། མདོག་དམར་ནག གནས་དེ་ཡང་ཡིད་དང་མཐུན་ཞིང་དྲག་པོའི་ལས་སུ་རུང་བ། སྤྲུལ་པ་འབྱུང་བར་སླ་བ། རི་རབ་དབལ་དུ་ཆགས་པ། གདུལ་བྱ་བསྒྲལ་བར་བདེ་བ། སྲིན་མོའི་གདོང་བར་ཉེ་བ། ཕོ་ཉ་འགྱེད་པར་སླ་བ། དྲག་པོའི་གནས་སུ་གཏོང་བར་དགོངས་ཏེ། དང་པོ་དབལ་རི་ཟུར་གསུམ་གྱི་རྩེ་ལ་ཆགས་ཏེ་བཞུགས་པ་ལས། འཇིག་རྟེན་སྲིན་པོ་རང་རྒྱུད་ཀྱི་ཁྲ། བྱ་ཤ་ཟན་གྱི་རིགས་མང་པོ། ལ་ལས་མགོ་ནས་འདེགས། ལ་ལས་འོག་ནས་འཛིན། ལ་ལས་མགོ་ནས་འདྲེད། རྔམ་པའི་ང་རོ་དང་། མྱུར་བའི་དྲག་ཤུལ་དང་། འཛིན་པའི་སྙིང་སྡེར་གྱིས། ཀྲེང་ཀྲུང་གི་སྒྲ་སྒྲོགས་ཤིང་། ཤིན་ཏུ་གཏུག་པར་བྱུང་བ་ལ། ལས་དབལ་གྱི་རྒྱལ་པོ་དེས། སྲིན་པའི་བྱ་ཁྱུང་རི་ལོགས་ཙམ་ཞིག་ཏུ་སྐུ་སྤྲུལ་ནས། གཡུ་གཤོག་སྔོན་པོ་ནམ་མཁའི་མཐའ་དང་མཉམ་པར་གདེང་། གསེར་མིག་འཁྱིལ་པ་བཟློག གདུག་པ་བྱ་ཁྲའི་སྙིང་སྡེར་བཅུམ། བྱ་ཤ་ཟན་གོ་བོའི་སྒྲོ་རྩ་གཟིངས། གནས་ལྕགས་ཀྱི་མཆུ་ཕྱར་ཏེ། འཇིག་རྟེན་སྲིན་པོ་རང་རྒྱུད་ཀྱི་ཁྲ་དེ་དག་ཐམས་ཅད་དབང་དུ་བསྡུས་ཤིང་ཟིལ་གྱིས་མནན་པའི་ཕྱིར། ཞེས་དང་། དེའི་ཚེ་དེའི་དུས་ན། སྲིད་པའི་དབལ་བོན་སྟག་ལ་མེ་འབར་དེས། གནམ་ལྕགས་རི་བོ་རྫོང་ཆེན་དེ་ནི། ཡོན་ཏན་བཅུད་དང་ལྡན་པའི་གྲུ་གསུམ་མཁར། ཞེས་བྱ་སྟེ། དབལ་གྱི་རི་བོ་ཟུར་གསུམ་དུ་མཚན་གསོལ། རྫོང་ཕུག་དེ་ཡི་བྲག་ཕུག་དེ་ནི། དབལ་གྱི་བྲག་ཕུག་རོང་ཆེན་བྱ་བར་མཚན་གསོལ། ཞེས་གསུངས་པས་དྲག་པོའི་ལས་སྒྲུབ་པའི་གནས་དབལ་གྱི་རི་བོ་ཟུར་གསུམ་ལྟ་བུ་རི་རབ་གླིང་བཞི་གང་ལ་ཉུལ་བས་ཁོང་གིས་མ་རྙེད་ཅིང་སླར་ལོག་ཅིང་འཛམ་བུ་གླིང་གི་ལྷོ་ནུབ་ཏུ་ཡོད་པར་གསལ་བར་བསྟན། 

  ༣ ཡང་སྒོས་སུ་དབལ་གྱི་རི་བོ་ཟུར་གསུམ་ནི་འོལ་མོ་ལུང་རིང་གི་ལྷོ་ནུབ་ཡོད་པར་བསྟན་པ་ནི། དཔལ་ཀུན་འབུམ་གོ་འབྱེད་རྩ་བའི་རྒྱུད་ལས། སངས་རྒྱས་ཐམས་ཅད་ཀྱི་ཡབ། ཡེ་དབང་གི་ཞིང་ཁམས་བཀོད་པ། མཛད་པ་རིན་པོ་ཆེ་ཀུན་འབུམ་གོ་འབྱེད་ལས། བམ་པོ་གསུམ་པའོ། ཀ་ཁ་ག་ང་ཅ་ཆ་ཇ་ཉ་ཏ་ཐ་ད་ན་པ་ཕ་བ་མ་ཙ་ཚ་ཛ་ཝ་ཞ་ཟ་འ་ཡ་ར་ལ་ཤ་ས་ཧ་ཨ། ཀྴ་རཱི་ལཱི་ཥྚ་ཨི་ཨུ་ཨེ་ཨོ་ཨཾ་ཨ། ཞང་སྐད་ལ་ཀྴ་འགོ་རི་ར་སྟ། ལི་ཡ་དར། ཥྚ་ཤད་ཨ༔ ཚག་ཏྲག་ཙེག་ཡིན་ནོ། ཞང་ཞུང་སྐད་དུ། དྲུང་མུ་སླན་དེ་ཤོ་སུན་ཏི་གུ་བྷ། བོད་སྐད་དུ། གཡུང་དྲུང་ཞི་རྒྱས་དཔལ་ཀུན་འབུམ་གོ་འབྱེད་ཕྱག་འཚལ་ལོ། དེ་ནས་སྟོན་པ་གཤེན་རབ་མི་བོ་དགུང་ལོ་གསུམ་བཞེས་ནས། ཐབས་ལྔ་སྟོབས་དྲུག་ཅུ། རྫུ་འཕྲུལ་བཅུ་གསུམ་གྱི་བོན་ཐུགས་སུ་ཆུད་དེ། སྦྱོར་བ་ཡེ་ཤེས་ཀྱི་ཐབས། སྒྲོལ་བ་འཕྲིན་ལས་ཀྱི་ཐབས། སྤོར་བ་སངས་རྒྱས་ཀྱི་ཐབས། རྟོགས་པས་བདག་གྲོལ་བའི་ཐབས། གྲུབ་པས་གཞན་བསྒྲལ་བའི་ཐབས། རང་གྲོལ་ཐུགས་རྗེའི་སྟོབས་ཉི་ཤུ་སྟེ། རྫུ་འཕྲུལ་བཞེན་འདེབས་ཀྱི་སྟོབས་ཉི་ཤུ། བསགས་སྦྱོང་ལྷ་རྫས་ཀྱི་སྟོབས་ཉི་ཤུ། ཙོ་འཕེན་ཐོག་འབེབ་སྐྱི་འདང་དབབ་པ་ལས་སོགས་པ། མི་མེན་ལྷ་འདྲེའི་རྫུ་འཕྲུལ་བཅུ་གསུམ་ཐུགས་སུ་ཆུད་པས། འོལ་མོ་ལུང་རིང་གི་ནུབ་ཕྱོགས། བོན་པོའི་རིགས་བཙུན་པ་གནས་པའོ། ཁོ་མ་ནེའུ་ཆུང་པདྨ་འཇམ་པའི་གནས། བཀྲག་ལྡན་པདྨ་མེ་ལས་སྤྲུལ་པའི་ཞིང་ཁམས། མདོག་བཟང་དྲི་མེད་པདྨ་རབ་ཏུ་རྒྱས་པའི་གྲོང་ཁྱེར། བདེ་བ་རང་གྲུབ་པའི་གཙུག་ལག་ཆེན་པོ། བདེ་ལྡན་པད་མ་གེ་སར་རྒྱས་པའི་ཕོ་བྲང་། ཀླུའི་རྫུ་འཕྲུལ་དང་ལྡན་པའི་མངོན་པར་བརྩེགས་པའི་གནས། དེའི་ལྷོ་ནུབ་དཔལ་གྱི་རི་བོ་ཟུར་གསུམ། དབལ་གྱི་བྲག་ཕུག་རོང་ཆེན་ན། དབལ་བུ་ང་ཚ་རོགས་སུ་ཁྲིད་དེ། དགྲ་བགེགས་འདུལ་དུ་བྱོན་པ་ལས། ནགས་ཚལ་རྩུབ་མོའི་བྲག་ཁྲོད་ནས། རྔམ་པ་བཀྲ་གསལ་སྟག་ཅིག་བྱུང་། རྫུ་འཕྲུལ་ཐབས་ཀྱི་ཞགས་པས་བཟུང་། ཡེ་ཤེས་རྣོན་པོའི་མཚོན་གྱི་རྒྱུད་རང་གྲོལ་མཛད། ཕྱིའི་སྤུ་མཚལ་གྱིས། ལྷ་གསས་མང་པོའི་དབལ་སྐྱེད། ནང་གི་དོན་སྙིང་གི་ལྷ་སྲིན་སྡེ་བརྒྱད་དམ་ལ་བསྡུས། ལོ་སྟག་ལོའི་གཏན་ཚིག་ཀྱང་དེ་ནས་བྱུང་། དབལ་བོན་གྱིས་སྟག་གི་རྒྱལ་མཚན་འཛུགས་པའི་གཏན་ཚིག་དེ་ནས་བྱུང་། དྲག་པོ་སྔགས་ཀྱི་ཐུགས་རྗེས་སྒྲོལ་བའི་གཏན་ཚིགས་ཀྱང་དེ་ནས་བྱུང་ངོ་། ཞེས་འོལ་མོ་ལུང་རིང་གི་བྱང་ནུབ་ཏུ་གསས་ཁང་ཁོ་མ་ནེའུ་ཆུང་ཡོད་པ་དང་དེའི་བྱང་ནུབ་དབལ་གྱི་རི་བོ་ཟུར་གསུམ་དང་བྲག་ཕུག་རོང་ཆེན་ཡོད་པ་གསལ་བར་བསྟན། དེ་བཞིན་འོལ་མོ་ལུང་རིང་གི་ལྷོ་ནུབ་ཏུ་ཡོད་པར་གསུངས་བའི་སྐོར་ནི། མདོ་དྲི་མེད་ལས། དབལ་རི་དབལ་མཚོ་དབལ་གྱི་བྲག་ཕུག་ཅེས་བྱ་བ། རི་གཡུང་དྲུང་དགུ་བརྩེགས་ཀྱི་ལྷོ་ནུབ་ཏུ་བྱོན་ནས། དབལ་བོན་སྟག་ལ་མེ་འབར་དང་། དབལ་བུ་ང་ཚ་སྐྱོལ་པོ་དང་། ཞེས་དང་། ནགས་ཚལ་རྩུབ་མོའི་བྲག་ཁྲོད་ནས་རྔམ་པ་བཀྲ་གསལ་སྟག་གཅིག་བྱུང་བར། ཞེས་གསུངས་སོ། །

  ༤ ཁྱད་པར་དུ་དབལ་གྱི་བྲག་ཕུག་རོང་ཆེན་ཨུ་རྒྱན་གྱི་ཡུལ་ཡོད་པར་གསུངས་པ་ནི། རྫོགས་ཆེན་ཡེ་ཁྲི་མཐའ་སེལ་བཤད་གཞིའི་མཆོང་ལས། ཁྲོ་བོའི་དུས་ན་དབལ་གྱི་བྲག་ཕུག་རོང་ཅན་ནམ། དབལ་གྱི་བྲག་ཕུག་མེ་རླུང་འཐབས་༼ཨུ་རྒྱན་གྱི་ཡུལ་ན༽པའི་ཕུག་ལྟ་བུའོ། ཞེས་གསུངས་པ་དང་། ཨུ་རྒྱན་གྱི་ཡུལ་ནི་འོལ་མོ་ལུང་རིང་གི་ནུབ་ཕྱོགས་སུ་ཡོད་པ་དང་སྟོན་པའི་གཤེན་རབ་ཀྱི་སྐབས་སུ་ས་གནས་དེ། དམུ་རིགས་གདུང་བརྒྱུད་རྒྱལ་པོ་སྡེ་དྲུག་གི་ནང་ནས་མཁའ་འགྱིང་གཉན་གྱི་ཡུལ་ཡིན་པར་གསུངས་པ་ནི། ཁོད་པོ་བསྐལ་བཟང་ལས། རི་རྒྱལ་ལྷུན་པོའི་ལྷོ་ཕྱོགས་སུ། འཛམ་བུ་གླིང་གི་སོག་ཀ། ཁྱད་པར་འཕགས་པའི་ཚོགས་ཁང་། གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་ཞབས། ས་པདྨ་འདབ་བརྒྱད་ཀྱི་སྟེང་། གངས་དབལ་སོ་མདུང་རྩེའི་ར་བ། རི་དགུ་གཡུང་དྲུང་དགུ་བརྩེགས་ཀྱི་ཞོལ། གཤེན་ཡུལ་འོལ་མོ་ལུང་རིང་སྟེང་། གསས་མཁར་ཤམ་པོ་ལྷ་རྩེའི་གནས། སྐུ་མཁར་ཤམ་པོ་བར་པོ་སོ་བརྒྱད་འདིར། དྲ་མའི་སྲས་སུ་སྐུ་འཁྲུངས་སོ། ཞེས་དང་། ཤར་ཕྱོགས་རྒྱལ་པོ་ཧོས་ནི་དགེ་མཁས་དག་པའི་གླིང་། བྱང་ཕྱོགས་རྒྱལ་པོ་དཔོ་ནི་དགེ་ཁྲིམས་དག་པའི་གླིང་། ནུབ་ཕྱོགས་ཨུ་རྒྱན་རྒྱལ་པོ་རྣམ་དག་དབང་གིས་གླིང་། ལྷོ་ཕྱོགས་རྒྱལ་པོ(རྨངས་རིགས)ལས་སྤྱོད་ཁྲུས་ཀྱི་གླིང་། ཞེས་དང་དྲུང་མུ་བསྐལ་བཟང་ལའང་འདི་དང་གཅིག་པར་གསུངས། རྒྱུད་དུང་ལོ་ལྗོན་པ་ལས། རི་གཡུང་དྲུང་དགུ་བརྩེགས་ཀྱི་ཕྱོགས་བཞི་ནས་ཆུ་བོ་ཆེན་པོ་བཞི་འབབ། ཤར་ཕྱོགས་རྒྱལ་པོ་ཧོས་ཀྱི་རིགས་ཀྱིས་བཟུང་། ཞེས་དང་། བྱང་ཕྱོགས་རྒྱལ་པོ་དཔོའི་རིགས་ཀྱིས་འཛིན་། ཞེས་དང་། ནུབ་ཕྱོགས་རྒྱལ་པོ་གཉེན་གྱི་རིགས་ཀྱིས་བཟུང་། ཞེས་དང་། ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ཞེས་བྱ་བའོ། ཞེས་གསུངས་ཤིང་ཨུ་རྒྱན་དང་མཁའ་འགྱིང་གཉན་གྱི་ཡུལ་གཉིས་པོ་ནི་གཅིག་པ་ཡིན་པ་གསལ་བར་གསུངས་འདུག

  ༥ ཡང་དཔལ་གསང་འདུས་དོན་རྒྱུད། རྩོད་ཟློག་ཏན་ཏྲ་སོགས་ལུང་འགའ་ཞིག་ལས་དབུས་རི་རྒྱལ་ལྷུན་པོ་བྱས་པའི་ལྷོ་ནུབ་ལ་མཚལ་རི་ལྷ་ཡི་མདུན་ས་དང་དེའི་ལྷོ་ནུབ་དབལ་གྱི་བྲག་ཕུག་རོང་ཆེན་ཡོད་པའི་ཚུལ་གསལ་ཞིང་བཞེད་ཚུལ་དེ་ནི་གཏེར་གསར་བོན་སྐོར་ལ་མང་ངོ་། ། ཡིན་ནའང་དེའི་ཁུངས་ནི་གཡུ་ལུང་ཤེལ་བྲག་ལ་ཐུག་ཡོད་ཅིང་གཡུ་ལུང་ཤེལ་བྲག་ནི་རི་རྒྱལ་གྱི་ལྷོ་ནུབ་ལ་བཞེད་ཚུལ་ཞིག་དང་འཛམ་བུ་གླིང་ལ་ཡོད་པའི་ཚུལ་བཞེད་ཚུལ་གཉིས་ཡོད་ཅིང་། ཁོ་བོས་ནི་གཡུ་ལུང་ཤེལ་བྲག་ནི་འཛམ་བུ་གླིང་ལ་ཡོད་པའི་ཚུལ་དེ་ཁུངས་དག་པར་སེམས་ཤིང་། དེ་ལྟར་ན་དཔལ་གསང་འདུས་དོན་རྒྱུད། རྩོད་ཟློག་ཏན་ཏྲ་སོགས་ལས་གསལ་བ་ལྟར་དང་གོང་གི་ལུང་དེ་དག་དང་དགོངས་པ་གཅིག་ཏུ་བབས་ཡོད་པ་ཡིན་ནོ།།

བཞི་པ། དབལ་གྱི་བྲག་ཕུག་རོང་ཆེན་གྱི་ཆགས་ཚུལ་དང་འབྲེལ་བའི་ངོས་འཛིན་གྱི་སྐོར།

  ༡ ལུང་ནས་བྱུང་བའི་དབལ་གྱི་བྲག་ཕུག་རོང་ཆེན་གྱི་ཆགས་ཚུལ་སྐོར་ནི་གོང་གི་ལུང་ཚིག་དེ་དག་ལས་གསལ་ཞིང་དེ་བཞིན། དབལ་ཕུར་དོན་འདུས་རྩ་བའི་འགྲེལ་ཆེན་ལས། གནས་ཕུན་སུམ་ཚོགས་པ་ལ། སྤྱི་དོན་གསུམ་གྱིས་བསྟན་ཏེ། གནས་དེ་ཉིད་ཇི་ལྟར་གནས་པའི་གནས་ལུགས་བསྟན་པ་དང་། མཚན་བསྟན་པ་དང་། ཡོན་ཏན་བསྟན་པའོ། དེ་ལ་གནས་དེ་ཉིད་ཅི་ལྟར་གནས་པའི་གནས་ལུགས་བསྟན་པ་ནི། ཡུལ་ལྷོ་ནུབ་སྲིན་པོ་འདུལ་བའི་གླིང་། རྒྱ་མཚོ་ཆེན་པོའི་དཀྱིལ། དབལ་རི་ཟུར་གསུམ་དུ་འདུག་པ་ལ། རི་དེ་ཡི་རྩེ་མོ་ལ་དབལ་བྲག་དམར་ནག་སེར་ནག་མཐིང་ནག་ཏུ་འདུག་པ། རི་དེའི་རྐེད་ན་ཚེར་ནག་གདུག་པའི་ཚལ་སྣ་ཚོགས་ཡོད་པ། རྩ་བ་ན་མཚོ་དང་མཚེའུ་ཆུ་མིག་དང་། འབབ་ཆུ་ལ་སོགས་པ་འབབ་པ་ཡོད་པ། རི་དེའི་རྐེད་པ་ལ་བྲག་ཕུག་ཁ་ནུབ་ཏུ་བལྟ་བར་ཡོད་པ། གཏིང་ཟླ་གམ་དུ་འདུག་པ། ཁ་ཟུར་གསུམ་དུ་འདུག་པ། ཁ་དོག་དམར་ནག་ཏུ་འདུག་པ། དེ་ལྟར་གནས་དེ་ནི་སྔོན་གྱི་བྱིན་རླབས་ཐུགས་རྗེས་སྤྲུལ་པའི་གནས་ཡིན་ཞེའ་བྱའོ། གནས་དེའི་མཚན་བསྟན་པ་ནི། གྲུ་གསུམ་སྲིན་པོའི་ཁ་ཞེས་ཀྱང་བྱ། སྲིན་པོ་སྡུད་པའི་གཏུན་ཁུང་ཞེས་ཀྱང་བྱ། གཤིན་རྗེའི་མགོ་གནོན་ཁྲོས་པའི་རི་ཟུར་གསུམ་ཞེས་ཀྱང་བྱ། དབལ་གྱི་རི་བོ་ཟུར་གསུམ་ཞེས་ཀྱང་བྱ། གནོད་སྦྱིན་དང་ས་བདག་འདུལ་བའི་གནས་ཞེས་ཀྱང་བྱ། ལྕགས་ཀྱི་མེ་རི་སྦྲེང་པའི་གནས་ཞེས་ཀྱང་བྱ། ལྕགས་ཀྱི་བྱ་ཁྲ་སྤུངས་པའི་རི་བོ་ཞེས་ཀྱང་བྱ། གཅན་ཟན་སྡེར་འཛིང་རི་བོ་ཞེས་ཀྱང་བྱའོ། ཡོན་ཏན་བསྟན་པ་ནི། ཡོན་ཏན་བཅུ་དང་ལྡན་པ་གྲུ་གསུམ་ཁར་ཅེས་པ། རང་བཞིན་གནས་ཀྱི་ཡོན་ཏན་གསུམ། བདག་པོ་སྲུང་མའི་ཡོན་ཏན་གསུམ། སྤྲུལ་པ་རྟགས་ཀྱི་ཡོན་ཏན་བཞི་སྟེ་བཅུའོ། དེ་ལ་རང་བཞིན་གནས་ཀྱི་ཡོན་ཏན་གསུམ་ནི། མཁའ་ལ་གཟའ་སྐར་འཆར་བར་སྣང་དབལ་མེ་འབར། འོག་ན་མཚོ་རློབས་སྟེང་ན་ཀླུ་ཕྲུག་གནས་ཅེས་པ། གནས་དེའི་སྟེང་ཕྱོགས་ནམ་མཁའི་ཡོན་ཏན་དང་། བར་སྣང་གི་ཡོན་ཏན་དང་། འོག་ཕྱོགས་གཏིང་གི་ཡོན་ཏན་དང་གསུམ་མོ། དེ་ལ་གནས་དེའི་སྟེང་ཕྱོགས་ནམ་མཁའི་ཡོན་ཏན་ནི། དྲག་པོ་འགྲུབ་པའི་གནས་ཡིན་པའི་རྟགས་སུ། ནམ་མཁའ་ལ་ཕུང་བྱེད་སྲིད་པའི་གཟའ་བཞི་འཆར་ཏེ། ཤར་ནས་དུ་བ་འཇུག་རིང་གཟའ་བདུད་ཆེན་པོ་འཆར། ལྷོ་ནས་སྟག་མགོ་མེ་འབར་གཟའ་བདུད་ཆེན་པོར་འཆར། ནུབ་ནས་སྦྲུལ་མགོ་ཆུ་འཁྱིལ་གཟའ་བདུད་ཆེན་པོར་འཆར། བྱང་ནས་གཡག་མགོ་རླུང་འཚུབས་གཟའ་བདུད་ཆེན་པོར་འཆར། དེ་ལྟར་ཕུང་བྱེད་སྲིད་པའི་གཟའ་བཞིས། དྲག་པོའི་ལས་མྱུར་དུ་འགྲུབ་པར་བྱེད་པ། ནམ་མཁའི་ཡོན་ཏན་ནོ། བར་སྣང་གི་ཡོན་ཏན་ནི། དབལ་རི་དེའི་བར་སྣང་གི་ཐད་དྲངས་ལ། དབལ་གྱི་མེ་འོད་མཐིང་ནག་དང་། དཀར་ནག་དང་སྨུག་ནག་དང་། དམར་ནག་དང་སེར་ནག་ལ་སོགས་པ་བར་སྣང་ཀུན་དུ་འབར་ཞིང་གཏིབ་ཏེ། དཔེར་ན་ནམ་མཁའ་ལ་སྤྲིན་དམར་མཆེད་པ་ལྟ་བུའམ། བར་སྣང་ལ་རླུང་དམར་ལངས་པ་ལྟར་གནས་པ་ནི། བར་སྣང་གི་ཡོན་ཏན་ནོ། འོག་ཕྱོགས་གཏིང་གི་ཡོན་ཏན་ནི། དབལ་རི་དེའི་རྩ་བའམ། ཕྱོགས་མཚམས་ཀུན་ནས་སྲིད་པའི་རྒྱ་མཚོ་ཁ་དོག་རྩ་བ་འཁྲུགས་པ། གཞན་ཡང་རྒྱ་མཚོ་དང་མཚེའུའམ། ཆུ་མིག་དང་འབབ་ཆུ་ལ་སོགས་པ་མང་པོས་བསྐོར་ནས། དེ་ལ་ས་བདག་ཀླུ་གཉན་གྱི་གྲོང་ཁྱེར་རམ་གནས་བཅས་ནས་ཡོད་པ་ནི། འོག་ཕྱོགས་གཏིང་གི་ཡོན་ཏན་ནོ། དེ་ལ་རང་བཞིན་གནས་ཀྱི་ཡོན་ཏན་གསུམ་ཞེས་བྱའོ། བདག་པོ་སྲུང་མའི་ཡོན་ཏན་གསུམ་ནི། རྩེ་ལ་ཁྲ་ལྡིང་རྐེད་ལ་གཅན་སྤྱང་འགྲོལ། འོག་ན་དབལ་གྱི་མ་མོ་ཐིག་ལེར་འདུས་ཞེས་པ། དབལ་གྱི་རི་བོ་དེའི་རྩེ་མོ་བདག་པོ་དང་། དབལ་རི་རྐེད་པའི་བདག་པོ་དང་། འོག་གཏིང་རྩ་བའི་བདག་པོའོ། དེ་ལ་དབལ་རི་རྩེ་མོ་བདག་པོ་སྲུང་མའི་ཡོན་ཏན་ནི། དབལ་རི་དེའི་རྩེ་མོ་དབལ་བྲག་སྣ་ཚོགས་སུ་གནས་པ་ལ། ཁྲ་རིགས་མི་མཐུན་པ་སུམ་བརྒྱ་དྲུག་བཅུ་ལྡིང་ཞིང་འདེབས་པ། བྱ་ཤ་ཟན་གྱི་ཚོགས་འཁོར་ཞིང་འདུ་བ། ལྟས་ངན་གྱི་བྱ་རིགས་མང་པོ་མི་མཐུན་པ་རྒོད་ཅིང་མཁུན་པ། དེ་ལྟར་གནས་པའོ། དབལ་རི་རྐེད་པའི་བདག་པོ་སྲུང་མའི་ཡོན་ཏན་ནི། དབལ་རི་རྐེད་པ་ཚེར་ནག་གདུག་པའི་ཚལ་གསེབ་ན། གཅན་སྤྱང་དཀར་ནག་གི་ཚོགས་པ་མང་པོ་འཕུང་ཤིང་འདུ་བ། གཞན་ཡང་སེང་གེ་དམར་ནག་དང་། སྟག་སེར་ནག་དང་། གཟིག་སྔོ་ནག་དང་། དོམ་དང་དྲེད་དང་། འཕར་བ་ལ་སོགས་ཏེ་བསམ་གྱི་མི་ཁྱབ་པར་གནས་པའོ། འོག་གཏིང་རྩ་བའི་བདག་པོའི་སྲུང་མའི་ཡོན་ཏན་ནི། དབལ་རི་དེའི་རྩ་བ་སྲིད་པ་ཁྲག་གི་རྒྱ་མཚོ་གཏིང་ན། ཐིག་ལེ་ཉི་ཤུ་ལ་སོགས་པ་དང་། དབལ་མོ་དང་ཐང་མོ་དང་གྱད་མོ་དང་། གཟེ་མ་དང་གཞན་ཡང་ཀླུ་ཡི་མ་མོ་དང་། ས་བདག་མོ་དང་གནོད་སྦྱིན་མོ་དང་བདུད་མོ་ལ་སོགས་པ་བསམ་གྱི་མི་ཁྱབ་པར་གནས་པའོ། སྤྲུལ་པ་རྟགས་ཀྱི་ཡོན་ཏན་ནི་བཞི་སྟེ། དབལ་རི་དེའི་རྐེད་ན་བྲག་ཕུག་གནས་པ་ལ། ཁ་ཟླ་གམ་དུ་གནས་པའི་ཡོན་ཏན་དང་། གཏིང་གྲུ་གསུམ་དུ་གནས་པའི་ཡོན་ཏན་དང་། མདོག་དམར་ནག་དུ་གནས་པའི་ཡོན་ཏན་དང་། དེ་སྤྲུལ་པ་བྱིན་རླབས་ཀྱི་གནས་ཡིན་པའི་ཡོན་ཏན་དང་བཞིའོ། དེ་ལ་ཁ་ཟླ་གམ་དུ་འདུག་པ་ནི། ཐམས་ཅད་དབང་དུ་སྡུད་པའི་ཡོན་ཏན་ནོ། གཏིང་གྲུ་གསུམ་དུ་འདུག་པ་ནི། ཐམས་ཅད་ཁྲོ་རླག་ཆེན་པོར་གཏོང་བའི་ཡོན་ཏན་ནོ། མདོག་དམར་ནག་ཏུ་འདུག་པ་ནི། དབང་དྲག་གཉིས་ཀྱི་རྫུ་འཕྲུལ་གྱིས། སྣང་ཞིང་སྲིད་པ་ཐམས་ཅད་དབང་དུ་སྡུད་ཅིང་འཇོམས་པའོ་ཡོན་ཏན་ནོ། སྤྲུལ་པ་བྱིན་རླབས་ཀྱི་ཡོན་ཏན་ནི། སྔོན་ཡུལ་ལྷོ་ནུབ་ཀྱི་མཚམས། སྲིན་པོ་འདུག་པའི་གནས། བདུད་དང་གནོད་སྦྱིན་གྱི་གྲོང་ཁྱེར། བགེགས་དང་ལོག་འདྲེན་གྱི་རྟེན་ས་ཡིན་ལ། ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་འདུ་འཕྲོ་ཡི། ཕཊཿ ནག་པོ་རི་ལྡེགས་པ་ལྟ་བུའི་སྤྲུལ་པ་བཀྱེ་སྟེ་བྱིན་བརླབས་པས། དྲག་པོའི་ལས་ཐམས་ཅད་མཐར་ཕྱིན་པ་ནི། སྤྲུལ་པ་བྱིན་རླབས་ཀྱི་གནས་ཡིན་པའི་ཡོན་ཏན་ནོ། གཏོ་དང་མཐུན་དེ་དགོངས་པ་ཉམས་ཀྱི་བཞུགས་ཅེས་པ། གོང་མ་ལྟ་བུའི་ཡོན་ཏན་བཅུ་དང་ལྡན་པ་དེ་ནི། གཡུང་དྲུང་བོན་གྱི་གཏོ་དང་མཐུན། དགོངས་པ་ནི་བདུད་དང་སྲིན་པོའི་ལས་དང་ཉོན་མོངས་པ་ཐམས་ཅད་འདུལ་བར་དགོངས། ཉམས་ནི་གཏོ་དང་མཐུན་ཞིང་སྲུང་མ་འཁོར་བ། བསྒྲུབ་པ་སླ་བ། དངོས་གྲུབ་འབྱུང་བ། འབྲས་བུ་ཐོབ་པའི་གནས་ཡིན་པའི་ཕྱིར་བཞུགས་པའོ། དེས་གནས་ཕུན་སུམ་ཚོགས་ས་བསྟན་པའོ། ། ཡང་གསས་མཁར་རིན་པོ་ཆེ་སྦྱི་སྤུངས་དབལ་མོ་ལས་ཀྱི་འཕྱོང་ལས། དེ་ལ་སྟོན་པ་ནི། ཐུགས་རྗེའི་མངའ་བདག རྫུ་འཕྲུལ་ཀུན་གྱི་འབྱུང་གནས། དབལ་བོན་སྟག་ལ་མེ་འབར་གྱིས། གཤེན་ཐམས་ཅད་ཀྱི་ཐུགས་ཀྱི་ཀློང་བསྡུས་ནས་གནས་པས། སྟོན་པ་ཕུན་སུམ་འཚོགས་པའོ། ཞེས་དང་། དེ་ནས་དབལ་གྱི་སོ་རི་ནག་ལུང་བསྣོལ། རྩེ་ལ་གངས་བྲག་སྟག་སོར་གདམ་པ་འདྲ། སྐད་ལ་རྫ་ཤིང་འབྲོང་རུ་བསྣོལ་བ་འདྲ་བ། ལོགས་ལ་བྲག་དམར་མེ་འབར་བ་འདྲ་བ། རྩ་བ་མཚོ་སྔོན་དུད་པ་འཐུལ་བ། དབལ་གྱི་བྲག་ཕུག་རོང་ཅན་དུ། འདོད་ཆགས་དང་ཞེ་སྡང་གི་བུ་མོ་མེ་ཟ་གཅེན་དང་ཆུ་ཟ་གཅུང་བཏུལ་ཏེ། མ་བདུད་ཀྱི་ཟ་ལམ་བཅད། རྫུ་འཕྲུལ་གྱི་མ་མོ་དབང་དུ་བསྡུས། འཇིག་རྟེན་གྱི་སྨན་མོ་དམ་ལ་བཏགས། བདུད་ཤོར་བ་གཞོན་ནུ་དང་། སྲིན་མོ་མ་ཏྲང་ནག་མོ་བཏུལ་ཏེ། ཕྱ་སྲིད་སྐོས་གསུམ་གྱི་དཔའ་སྟང་གསོལ། མི་སྨྲ་གཤེན་གསུམ་གྱི་ཁ་ལོ་བསྒྱུར། འདྲི་སྲིན་བྱུར་གསུམ་གྱི་མགོ་བོ་མནན་ནས། རྫུ་འཕྲུལ་ཕུན་གསུམ་འཚོགས་པའི་གནས་སོ། ཞེས་གསུངས་པས་འདིའི་སྐོར་ལུང་ནས་བྱུང་བ་ལྟར། དབལ་གྱི་རི་བོ་ཟུར་གསུམ་དང་དབལ་གྱི་བྲག་ཕུག་རོང་ཆེན་གྱི་གནས་དེའི་ཁ་ཕྱོགས་ཀྱི་གནས་ཡུལ་དང་། གནས་དེའི་ཆགས་ཚུལ་ལམ་ཁྱད་བོན་ནི་བཀའ་ལུང་ལས་བྱུང་བ་ལྟར་ངོས་འཛིན་བྱེད་རྒྱུ་ནི་ཧ་ཅང་ཡིན་ཞིང་། གཞན་དུ་ན་དབལ་གྱི་བྲག་ཕུག་རོང་ཆེན་གྱི་གནས་ཚབ་དང་སྒྲུབ་པ་པོ་དབལ་སྟག་ལ་མེ་འབར་ཞེས། དབལ་གཤེན་སྟག་ལ་མེ་འབར་གྱི་རྗེས་འཇུག་ལ་དབལ་གྱི་བྲག་ཕུག་རོང་ཆེན་དང་གཤེན་དབལ་བོན་སྟག་ལ་མེ་འབར་དུ་ཡིན་པ་ངོས་འཛིན་བྱས་ན་ནོར་བ་རྒྱུན་འབྱམས་སུ་འགྲོ་བའི་ཉེན་ཁ་ཤིན་ཏུ་ན་ཆེ་བ་ཡིན་ནོ།།


༢ དབལ་གྱི་རི་བོ་ཟུར་གསུམ་ཞེས་ད་ལྟ་དངོས་སུ་ས་གནས་གང་ལ་ངོས་འཛིན་བྱེད་པ།

  དབལ་བོན་སྟག་ལ་མེ་འབར་གྱིས་དབལ་ཕུར་ནག་པོའི་སྒྲུབ་གནས་དབལ་གྱི་རི་བོ་ཟུར་གསུམ་ནི་ད་ལྟ་པ་ཀི་སི་ཐན་གྱི་གྲོང་ཁྱེར་ཕེ་ཤ་ཝར་(Peshwar)བྱང་ནུབ་ཀྱི་ལ་རྒྱབ་ཡོད་པའི་ཨེ་ལུམ་མོན་ཐིན་(Elum Mountain)ཞེས་པའི་རི་བོ་དེ་དབལ་གྱི་རི་བོ་ཟུར་གསུམ་ཡིན་པའི་ངོས་འཛིན་བྱེད་ཅིང་། རི་དེ་ནི་རྩེ་མོ་གངས་བྲག། སྐེད་པ་བྲག་དང་། རྫ་དང་། སྤང་ནག ནགས་ཚལ་སོགས་ཀྱིས་བསྐོར་བ་དང་། བྱ་རིགས་དང་གཅན་རིགས་སྲོག་ཆགས་། ཤིང་སྣ་དང་མེ་ཏོག་སྣ་ཚོགས་སོགས་སྐྱེ་དངོས་ཕུན་སུམ་ཚོགས་པའི་ཡུལ་ཞིག་ཡིན་པར་བཤད་ཅིང་། དེའི་རི་རྒྱུད་ཀྱི་བྱང་ནུབ་ལོགས་སུ་ཁ་ནུབ་ཕྱོགས་སུ་ཁ་བསྟན་པའི་རི་བོ་དེ་ལུང་པ་དང་ལུང་པའི་རྩེ་མོ་ནི་ཟུར་གསུམ་ཕྱི་ནང་སྦྲག་མ་ལྟ་བུར་ལྡན་ཞིང་། བྲག་གི་མདོག་དམར་པོ་ཡིན་པའི་རི་རྒྱུད་བསྣོལ་བ་དེ་ལ་རི་གདོང་འགའ་ཞིག་གྱེས་པ་དང་། རི་གདོང་གི་བྲག་ལ་སལ་སུལ་མང་བས་བྲག་དམར་པོ་དེ་དག་མེ་ལྕེ་མཆེད་པ་ལྟ་བུ་ཡོད་ཅིང་། ལུང་པ་དེའི་ཁ་ནུབ་ཕྱོགས་སུ་འཁོར་ཞིང་ལུང་ལག་གཉིས་ཀྱི་འདུས་མདོ་ལ་ཨི་ལུམ་ཁེ་དྷ་ར་བྷ་རི་ཁོ་ཌི(Amlok Dara Barikot)ཞེས་པའི་གྲོང་ཆུང་ཆུང་དེའི་ལྟག་ལ་ད་ལྟ་ཨི་ལུམ་ཁེ་དྷ་ར་སི་ཐུ་ཕ(Amlok Dara Stupa)ཞེས་པའི་མཆོད་རྟེན་ཞིག་རོ་ཞིག་ཡོད་པ་དེ་ནི་གནའ་བོའི་ཨོ་རྒྱན་ཡུལ་དུ་ནང་པའི་མཆོད་རྟེན་ཆེ་ཤོས་དེ་ཡིན་ཟེར། དེའི་ལྷོ་ནུབ་ཆུ་བོ་ས་ཝད་(Swat)ཀྱི་འགྲམ་དང་ཆུ་བོ་ཁ་ར་ཁར་ཁི་ཝོར་བ་རི་ཁོ་ཌི(Karakar Khwar Barikot)གྱི་འདུས་མདོ་ཡོད་པའི་བྷ་རི་ཁོ་ཌི(Barikot)ཞེས་པའི་གནའ་གྲོང་ཡོད་ཅིང་དེའི་རྒྱབ་རི་དེ་ཨེ་ལུམ་མོན་ཐིན་(Elum Mountain)ཞེས་པ་དེ་ཡིན། ཡུལ་དེ་དག་ལ་ཆུ་བོ་དང་ཆུ་ཕྲན། གྲོང་དང་གནའ་ཤུལ་མང་པོ་ཡོད། ཨེ་ལུམ་རི་བོ་ཤར་ཕྱོགས་ཀྱི་རི་རྒྱུད་ཟད་མཚམས་སུ་ཆུ་བོ་སིན་དྷུ་རྒྱ་མཚོ་ལྟར་འཁྱིལ་ཞིང་འབབ་ཅིང་། འདི་ལྟའི་ཨོ་རྒྱན་ཡུལ་གྱི་སྐོར་གྱི་མཚམས་སྦྱོར་གཤམ་ན་ལུང་འདྲེན་འགའ་ཞིག་འགོད་རྒྱུ་ཡིན། དེ་ལྟར་ཁོ་བོས་དབལ་གྱི་རི་བོ་ཟུར་གསུམ་ནི་ཨེ་ལུམ་མོན་ཐིན་(Elum Mountain)ཞེས་པ་ངོས་འཛིན་བྱེད་པའི་རྒྱུ་མཚན་ནི། གོང་དུ་གཡུང་དྲུང་བོན་གྱི་བཀའ་ལུང་ནང་ནས་གསལ་བ་བཞིན་དབལ་གྱི་རི་བོ་ཟུར་གསུམ་ཟླ་གམ་གཏིང་རིང་གི་བྲག་ཕུག་ཏུ་ཞེས་པའི་གནས་ནི་སྤྱིར་འཛམ་བུ་གླིང་དུ་ཡོད་པ་དང་། སྒོས་སུ་འཛམ་བུ་གླིང་གི་ནང་ནས་ལྷོ་ནུབ་ཏུ་ཡོད་པ། ཡང་སྒོས་སུ་འོལ་མོ་ལུང་རིང་གི་ལྷོ་ནུབ་ཡོད་པ། ཁྱད་པར་དུ་ཨུ་རྒྱན་གྱི་ཡུལ་ཡོད་པ་བཅས་ཡིན་དགོས་པ་སྣང་ཞིང་། ཨོ་རྒྱན་སྟག་ཚང་པའི་ལམ་ཡིག་ལས། ཨྱ་ལོམ་པེ་ལོམ་ཟེར་བའི་རི་དེ་འཛམ་བུ་གླིང་ན་དཔལ་གྱི་རི་བརྒྱད་ཡོད་པའི་ཡ་བ་གཅིག་ཡིན་ཟེར། ཞེས་གསུངས་ཤིང་དཔལ་གྱི་རི་བོ་ཞེས་དོན་དུ་དབལ་གྱི་རི་བོ་ཞེས་བརྗོད་ནས་མི་ཆོག་པ་མེད་ཅིང་དབལ་ཞེས་བོན་པོའི་ཐུན་མོང་མ་ཡིན་པའི་ཚིག་ཅིག་ཡིན་པས་བོད་རྒྱུད་ནང་བསྟན་ཚོས་དབལ་ཞེས་པའི་ཐ་སྙད་དེ་བེད་སྤྱོད་ཉུང་ཞིང་དེའི་ཚབ་ཏུ་དཔལ་ཞེས་བྲིས་པ་ལྟར་སྣང་བ་ཡིན། དེ་བཞིན་གནས་ཀྱི་ཆགས་ཚུལ་ལུང་དང་མཐུན་ཞིང་ཨེ་ལུམ་མོན་ཐིན་(Elum Mountain)ཞེས་པ་ནི། རྒྱ་གར་རིག་བྱེད་པའམ་བྲམ་ཟེའི་ཆོས་ལུགས། ཁ་ཆེའི་ཆོས་ལུགས་བཅས་ཐུན་མོང་གི་གནས་རི་བརྩི་བའི་རི་བོ་གྲགས་ཅན་ཡིན་པ་དང་། གཡུང་དྲུང་བོན་གྱི་མ་རྒྱུད་ཀྱི་གནས་ཆེན་ཉེར་བཞི་དང་། བོད་བརྒྱུད་ཐུབ་བསྟན་ལས་བྱུང་བའི་བདེ་མཆོག་གི་གནས་ཆེན་ཉེར་བཞིའི་སྐོར་གྱི་ཤོད་སྲོལ་ནི་འདྲ་མཚུངས་མང་པོ་ལྟར་སྣང་ལ། ས་གནས་འདིར་ལོ་ངོ་སྟོང་ཕྲག་གསུམ་བཞིའི་གཡན་གཡོན་གྱི་ལོ་རྒྱུས་ཀྱི་བདེན་དབང་ཡོད་པའི་ཆོས་ལུགས་རྒྱ་ཆེན་དར་མྱོང་བའི་གནའ་ཤུལ་མང་ཞིང་། བདེན་དཔང་ཡོད་པ་སོགས་གང་ས་ཅིའི་ཐད་དུ་བཤད་ནས་ལུང་དང་མཐུན་པ་ཞིག་ཡོད་པའི་ཕྱིར་ན་ངོས་འཛིན་བྱེད་འོས་པ་ཞིག་དང་དཔྱད་རིན་ཡོད་པ་ཞིག་ཡིན་པ་ནས་སོ།།

༣ ཨོ་རྒྱན་ཡུལ་ཞེས་པའི་ཡུལ་དེའི་ངོས་འཛིན་གྱི་སྐོར་ནི།

  དེ་ལྟར་བོན་གྱི་ལོ་རྒྱུས་ཁག་ལ་ལྟར་ན་ཨོ་རྒྱན་ཞེས་པའི་ཡུལ་དེ་ཐོག་མར་ཞང་ཞུང་བར་པ་རྒྱལ་མཁར་བ་ཆོད་ཀྱི་མངའ་ཁོངས། དམུ་རིགས་གདུང་རྒྱུད་རྒྱལ་པོ་སྡེ་དྲུག་གི་ནང་ཚན་མཁའ་འགྱིང་གཉན་གྱི་ཡུལ་ཡིན་པར་གསལ་བ་དང་། དེ་ནས་འཕོ་འགྱུར་མང་པོ་བརྒྱུད་དེ་རྒྱ་གར་གྱི་མངའ་ཁོངས་སུ་གྱུར་ཞིང་། ད་ལྟ་པ་ཀི་སི་ཐན་གྱི་མངའ་ཁོངས་སུ་ཨོ་རྒྱན་ཡུལ་ཡིན་པའི་ངོས་འཛིན་གནང་མཁན་ནི། ཨོ་རྒྱན་པ་ངག་དབང་རྒྱ་མཚོའི་ལམ་ཡིག་ལས། དེ་ནས་ལ་ཆེན་པོ་ཞིག་བརྒལ་ནས་ཀ་པུར་དུ་སླེབ། ལ་དེ་ཕན་ནས་ཨོ་རྒྱན་གྱི་ཡུལ་མང་དུ་སླེབ། དེ་ནས་ཉིན་གསུམ་ཕྱིན་པས་ཛོ་མོ་ཁ་ཌིར་སླེབ། དེ་ན་རྒྱལ་པོའི་ཕོ་བྲང་ཡོད། རྒྱལ་པོ་དེ་ལ་པདྨ་ག་ཡ་ཟེར། ཨོ་རྒྱན་ལ་ཡུལ་གྲུ་ཆེན་པོ་འབུམ་ཚོ་བདུན་ཡོད་ཟེར། དེ་ཐམས་ཅད་ལ་རྒྱལ་པོ་དེས་ལུང་སྒྱུར། རྒྱལ་པོ་དེ་དང་ཛོ་ཀི་བ་ལ་ནཱ་ཐ་གཉིས་ཞལ་འདྲིས་ཡོད་པའི་སྟབས་ཀྱིས་རྒྱལ་པོས་ས་མཁན་བཏང་། ཞག་ལྔ་ཕྱིན་པས་གླིང་ཤར་དུ་སླེབ། ཨྱ་ལོམ་པེ་ལོམ་ཟེར་བའི་རི་དེ་འཛམ་བུ་གླིང་ན་དཔལ་གྱི་རི་བརྒྱད་ཡོད་པའི་ཡ་བ་གཅིག་ཡིན་ཟེར། རི་དེའི་རྩ་བ་ལ་ཛཱ་ཏི་ལ་སོགས་པའི་སྨན་ཤིང་གི་ནགས། སྐད་པ་ལ་ཕར་ཆེར་ཙན་དན་དཀར་དམར་གྱི་ནགས་ཤིན་ཏུ་འཐུགཔ། དེའི་སྟོད་ན་གུར་ཀུམ་གྱི་ལྗོངས་ཡོད་པ་བཟའ་ཤིང་སྣ་ཚོགས་པ། ལར་འཛམ་བུ་གླིང་གི་གཞི་ལ་སྐྱེ་བ་ཐམས་ཅད་དེ་ལ་མི་སྐྱེ་བ་མེད་ཟེར། གུར་ཀུམ་གྱི་ལྗོངས་དཀྱིལ་ན་རྒྱལ་པོའི་ཁྲུས་ཀྱི་རྫིང་བུའི་མཐའ་ཐམས་ཅད་ལ་ཙན་དན་དམར་པོའི་ཤིང་བཟང་གི་ཟེའུ་ལྷ་ཁང་མང་དུ་ཡོད་པ་བཀོད་པ་ཕུན་སུམ་ཚོགས་པ་ཞིག་འདུག དུག་སྦྲུལ་སྟག་གཟིག་ལ་སོགས་པའི་གཅན་གཟན་དཔག་ཏུ་མེད་པ། ཤ་ར་ཎ། ཀྲིཥྞ་ས་ར་ལ་སོགས་པའི་རི་དྭགས་སྣ་ཚོགས་པ་རང་བཞིན་གྱིས་བག་ཕེབས་པ། ཀངྐ་ལ་སོགས་པའི་བྱ་རིགས་བགྲང་དུ་མེད་པ། རི་དེའི་རྩེ་མོ་གངས་རི་ཤིན་ཏུ་མཐོ་བ། ལར་རི་དེ་ལ་ཐུན་མོང་གི་ཡོན་ཏན་བསམ་ལས་འདས་པ་དང་། འཇའ་ལུས་གྲུབ་པའི་རྣལ་འབྱོར་ཕོ་མོ་དཔག་ཏུ་མེད་པ་བཞུགས་ཟེར། ཞེས་གསུངས་པ་དང་། དེ་བཞིན་དགེ་འདུན་ཆོས་འཕེལ་ཅན་གྱི་རྒྱ་གར་ལམ་ཡིག་ལས། སིན་དྷུ། ན་ག་ར་སྟེ་ཁ་ཆེའི་གྲོང་ཡིན། མ་ལ་ཝ། རཥྚ། གོང་དུ་བཤད་པའི་གྲོང་ཁྱེར་པ་ཊ་ལི་པུ་ཏྲ་ནི་པིལླི་རཱ་མ་ཡིན་ཞེས་བུ་སྟོན་དང་མཁས་གྲུབ་སོགས་ཀྱིས་གསུངས་། པིས་ཤ་ཝ་ནས་མ་ལ་གཱན་དུ་འགྲོ། དེ་ནས་རྐང་འགྲོས་ཀྱིས་སྭཏ་བྱ་བའི་ལུང་པ་སླེབས་ཤིང་དེ་ནི་ཨོ་རྒྱན་གྱི་གནས་ལྟེ་བ་དེ་ཡིན། སྭཏ་བྱ་བ་ཁ་ནས་བརྗོད་ཚེ་ས་བད་ཅེས་དྲི་དགོས་ཤིང་། བརྡ་མ་འཕྲོད་ན་རྒྱ་ཡིག་གམ་དབྱིན་ཡིག་(SWALLOW-NALey)འདི་བསྟན་ན་ཤེས། ཡུལ་དེར་ཨོ་ཊི་གྲམ་བྱ་བ་ཡོད་ཅིང་དེ་དྷཱུ་མ་ཐ་ལའི་གྲོང་ཡིན། དེ་ཡང་ཨོ་རྒྱན་གྱི་ཡུལ་འདི་ནི་ཤིན་ཏུ་གྲགས་ཆེ་བའི་རྒྱུ་མཚན་གྱིས་ངོ་མཚར་བའི་གཏམ་རྒྱུད་སྣ་ཚོགས་ཀྱིས་གཡོགས་ཏེ། ཐོས་རྒྱ་ཆུང་ཞིང་ཧར་ལ་དགའ་བའི་མི་མང་པོ་ཞིག་གིས་ནི་ངེད་ཀྱིས་སྨྲས་པ་འདི་ལ་ཡིད་ཆེས་པར་དཀའ་མོད་ཀྱི། ཆེས་སྔ་མོའི་དུས་ན་ཕྱོགས་འདིར་དངོས་སུ་བྱོན་ཞིང་ལམ་ཡིག་བྲིས་པ། ཐང་གི་གོང་མའི་ཕོ་ཉ་༼ཟུང་ཡུན་༽དང་། ནུབ་ཕྱོགས་ཀྱི་རྒྱལ་པོ་༼ཨི་ལེགས་སན་དྷར་༽དང་། རྒྱའི་བཙུན་པ་༼ཕ་ཝེན་༽གཉིས་སོགས་ཀྱི་ལམ་ཡིག་ཕྲ་ཞིབ་སྐད་རིགས་གཞན་དུ་ཡོད་པ་རྣམས་ནི་སྨ་མ་དགོས་ལ། རེ་ཞིག་རང་ཅག་བོད་ཀྱི་ཡུལ་འདི་ནས་ཀྱང་། ད་ལྟའི་མི་ལོ་དྲུག་བརྒྱ་ལྷག་གི་སྔ་རོལ་དུ། རྗེ་རྒོད་ཚང་པའི་བུ་ཆེན་དང་། ཀརྨ་རང་བྱུང་པའི་སློབ་དཔོན་དུ་གྱུར་པ་གྲུབ་ཐོབ་ཨོ་རྒྱན་པ་རིན་ཆེན་དཔལ་དེ། ཟླ་བོ་དཔལ་ཡེ་འཁྲིད། དབྱུག་པ་ཕྱག་ཏུ་ཐོགས། ཞབས་ས་ལ་བཙུགས་ཏེ་འགྲོ་བ་མི་ཡི་ལུགས་སུ་གནས་འདིར་བྱོན་འདུག་པ་དེའི་ལམ་ཡིག་རྒྱས་པ་དང་། དེ་འོག་ལོ་སུམ་བརྒྱའི་རྗེས་སུ་འདིར་བྱོན་པ་སྟག་རས་ངག་དབང་རྒྱ་མཚོ་གཉིས་ཀའི་རྣམ་ཐར་ལ་གཟིགས་དང་། ལམ་བར་གྱི་གྲོང་དང་ཚྭ་ཁ་ལ་སོགས་པ་ཕལ་མོ་ཆེ་ད་དུང་ཡང་ངོས་ཟིན་པ་ཡོད། གཞན་ཡང་གུ་རུ་ལྷོ་ཕྱོགས་པ་སངས་རྒྱས་མགོན་པོ། དར་སེང་བའི་སློབ་མ་རས་པ་རྡོ་རྗེ་དཔལ། རྒྱལ་ཁམས་པ་དཀོན་མཆོག་རྒྱལ་པོ་རྣམས་ཡུལ་འདིར་དངོས་སུ་བྱོན་པ་ཡིན་འདུག་པས། དངོས་སུ་འགྲོ་འདོད་ན་དངོས་སུ་ཕེབས་པ་ཚོའི་གསུང་ལ་མཉན་པར་འཚལ། མི་འཁྲུལ་བའི་ས་རྟགས་གཞན་ནི་ཕར་ཞོག། སྔར་གྱི་ལམ་ཡིག་དེ་ཐམས་ཅད་ན་གསུངས་པའི་ཨོ་རྒྱན་གྱི་རི་བོ་༼ཨི་ལམ་པརྦ་ཏ་༽དེང་སང་ཡང་ཀླ་ཀློ་དང་མུ་སྟེགས་པ་རྣམས་ལོ་ལྟར་འགྲོ་བའི་གནས་ཆེན་ཡིན་པ་འདི་ཀས་ཀྱང་ཆོག གལ་ཏེ་ཁོ་བོས་བདེན་པ་ངོ་སྤྲོད་བྱད་པ་འདི་ལ་ཡིད་མ་ཆེས་ན། ཨོ་རྒྱན་བྱ་བ་དེ་གནས་དང་ས་གར་ཡོད་མི་ཤེས་པ། རི་ཐམས་ཅད་རུས་པ་དང་། ཆུ་ཐམས་ཅད་ཁྲག་ཏུ་འབབ་པ། ཚེ་འདིར་མ་ཟད་ཕྱི་མ་ཡང་མི་སླེབས་པའི་ས་ཞིག་ཏུ་གྱིས་དང་། མི་ཕལ་ཆེར་གྱིས་ཁམས་ལ་དེ་འཕྲོད་པ་སྣང་། འོ་ན་གནས་འདིར་མཇལ་ས་ཅི་ཞིག་ཡོད་ཅེ་ན། མཐོ་ཡེ་རེ་བ་དང་ཁྲ་ལམ་མེ་བ་ཅི་ཡང་མེད། མངྒ་ལོར་བྱ་བའི་གྲོང་དེ་ཨོ་རྒྱན་པ་གཉིས་ཀས་གསུངས་པའི་མངྒ་ཝ་རའི་གྲོང་ཡིན། རི་ཨི་ལའི་སྐེད་དུ་ཡོད་པའི་ཕ་བོང་དཀར་པོ་དེ་རྣམས་བྱང་སེམས་ཀྱིས་ཚིགས་བཅད་ཕྱེད་ཀྱི་ཕྱིར་སྐུ་བཏང་བའི་གནས་དང་། ལུང་སྨད་༼ཤང་ཀར་དྷར་༽གྱི་གྲོང་གི་ཉེ་འཁོར་གྱི་མཆོད་རྟེན་ཆེན་པོ་དེ་རྒྱལ་པོ་ཕྱོགས་སྡེས་བཞེངས་པའི་སྟོན་པའི་རིང་བསྲེལ་གྱེ་མཆོད་རྟེན་ཡིན་ཞེས་རྒྱའི་བཙུན་པའི་ལམ་ཡིག་ཏུ་གསལ། དེ་ལ་སོགས་པའི་མཆོད་རྟེན་རྙིང་པ་ཤིན་ཏུ་མང་ཞིང་། ཡུལ་དེའི་སྐད་དུ་མཆོད་རྟེན་ལ་གྷུམ་པར་འབོད་པས་གྷུམ་པ་རྣམས་འཇལ་བར་ཞུ།། ཞེས་གསུངས་ཤིང་ཨོ་རྒྱན་ཡུལ་གྱི་སྐོར་ལ་ད་ལྟ་མཁས་པ་ཚོས་ངོས་འཛིན་བྱེད་སྲོལ་མི་འདྲ་ཡོད་ཅིང་དེ་ཚོ་རེ་རེ་བཞིན་གྱི་སྐོར་འདིར་ཡིག་ཚོགས་མང་བར་དོག་ཅིང་ཁོ་བོས་བཤད་སྲོལ་འདི་ལ་ཁུངས་དག་པར་རྩིས་ཏེ་བཀོད་པ་ཡིན་ནོ།།

༤ ཞར་བྱུང་དཔྱད་གཞི།

  ཀྲུང་གོའི་བོད་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་པའི་མཁར་རྨེའུ་བསམ་གཏན་གྱིས་མདའ་དང་འཕང་སྟོད་ཆ་(ཤ༢༩༥)ལས། ཡི་དམ་ཕུར་པའི་སྐོར་འཁོད་ཅིང་སྟག་ལ་མེ་འབར་སྐོར་གྱི་གཏམ་རྒྱུད་དང་ར་མ་ཎའི་རྟོགས་བརྗོད་གཉིས་ཀྱི་བར་ལ་འབྲེལ་བ་ཡོད་པ་ལྟར་སྣང་ཡང་ཞེས་ལྡེམས་དགོངས་སམ་དཔྱད་གཞིའི་ཚུལ་དུ་གསུངས་ཡོད་པས། དེའང་སྟག་ལ་མེ་འབར་དང་ར་མ་ཎ་གཉིས་པོ་ནི་མཐའ་གཅིག་ཏུ་མི་སྣ་གཅིག་ཡིན་པ་ནི་ཧ་ཅང་ཤོད་དུ་དཀའ་མོད། ཡིན་ནའང་གཏམ་རྒྱུད་དེ་གཉིས་ཀྱི་ཕན་ཚུན་དུ་ཤན་ཆེན་པོ་ཐེབས་ཡོད་པ་ནི་སྨོས་མེད་ཡིན་སྙམ་ཞིང་། འདིར་དེའི་སྐོར་ཞིབ་ཕྲའི་དཔྱད་སྡུར་བྱེད་རྒྱུ་མིན། ཡིན་ནའང་དཔྱད་གཞིའི་ཚུལ་དུ་གཏམ་རྒྱུད་ཁྲོད་ཀྱི་མི་སྣ་འགའ་ཞིག་དྲངས་ནས། བོན་གྱི་ཤོད་སྲོལ་ལྟར་སྟག་ལ་མེ་འབར་དང་འབྲེལ་བའི་ལྷ་དང་མི་སྣ་རྩ་ཆེན་ཁག་གཅིག་མཚན་ནི། དབལ་བོན་སྟག་ལ་མེ་འབར་འབྲེལ་བའི་སྐོར་ནི། ཡབ་རྒྱལ་པོ་ལྷ་ཡི་རྒྱལ་པོ་དེས། ཡུམ་སྟག་ཟ་ཧེ་ཏིང་མ། དབལ་ཆེན་མཁའ་འགྱིང་ཁྲོ་བོ་སོགས་འཕྲིན་ལས་ཕུར་པའི་ལྷ་ཚོགས་རྣམས་དང་། ལྷ་མོ་ཐུགས་རྗེ་བྱམས་མ། སྟོན་པ་གཤེན་རབ་མི་བོ། དབལ་བོན་སྟག་ལ་མེ་འབར། ཡུམ་ཆེན་སྲིད་པའི་རྒྱལ་མོ། ལྕམ་ཅིག་དཔལ་ལྷ་མོ། (མིང་རྣམས་གྲངས་ནི། ལྷ་མོ་ཉི་འབར་མ། ནག་མོ་ཆེན་མོ་རེ་མ་ཏི། དཔལ་ལྡན་ནག་མོ། དབལ་མོ་འཇིགས་བྱེད་མ། ཟླ་བ་འཛིན་པ་སྲིན་མོ། ) སྲིན་པོའི་རྒྱལ་པོ་དྷ་ཤ་གྷྲི་བ་དང་འབྲེལ་བའི་སྐོར་ནི། སྲིན་པོ་ཤ་སྟག་གར་བ། སྲིན་པོ་གར་མ་ཛ་ལའམ་ཛ་ལ་མེ་གདོང་། ཡག་ཤ་ཁོ་རེའམ་ཡགྴ་འབར་བ། མ་ཧ་ལེགས་ལྡན། སྟེང་ཕྱོགས་ས་བདག་ལས་གྲུབ་པའི་སྲིན་པོའི་རྒྱལ་པོ་དྷ་ཤ་གྷྲི་བ་དང་། ཚང་པའི་མ་མོ་ཁྲག་གདོང་མའོ། འོག་ཕྱོགས་ནས་གཏི་མུག་ལས། གྲུབ་པའི་བགེགས་ཀྱི་རྒྱལ་པོ་བྱིན་ན་ཡ་ག་དང་། ས་བདག་ནག་མོ་བུམ་གདོང་མའོ། དབུས་ནས་མ་རིག་པ་ལས་གྲུབ་པའི་བདུད་ནག་པོ་བཀྲག་མེད་དང་། མ་བདུད་ནག་མོ་འཛུམ་མེད་དོ། ཤར་ནས་ཞེ་སྡང་ལས་གྲུབ་པའི་བདུད་ཤོར་བ་གཞོན་ནུ་དང་། དྲི་ཟ་ཁ་འབར་མའོ། ལྷོ་ནས་ང་རྒྱལ་ལས་གྲུབ་པའི་གཤིན་རྗེ་དམྱལ་བ་ཐིག་འདེབས་དང་། གཤིན་རྗེ་ནག་པོ་གསོད་བྱེད་དོ། ནུབ་ཏུ་འདོད་ཆགས་གྲུབ་པའི་ཀླུ་བདུད་མེར་བ་ཆུ་འཁྱིལ་དང་། ཀླུ་མོ་འཛེ་གདོང་སྦྲུལ་རལ་ཅན་ནོ། བྱང་ན་འཕྲག་དོག་ལས་གྲུབ་པའི་གནོད་སྦྱིན་ཧ་ལ་གདོང་བརྒྱད་དང་། གནོད་སྦྱིན་མོ་དྲག་ཤུལ་ཅན་ནོ། ལྷོ་ཤར་ནས་ལོག་འདྲེན་ལས་གྲུབ་པའི་མེ་ལྷ་ཨག་ནེ་དང་། དྲང་སྲོང་མེ་འབུད་མའོ། ལྷོ་ནུབ་ནས་གདུག་པ་ལས་གྲུབ་པའི་བདུད་འཁོར་བ་གཏིང་ནག་དང་། སྲིན་མོ་ཁྲག་འཐུང་མའོ། བྱང་ནུབ་ནས་ཁྱབ་འཇུག་ལས་གྲུབ་པའི་རླུང་ལྷ་འཐོར་བ་དང་། འབུད་བྱེད་འཁྲོ་ཚིག་མའོ། བྱང་ཤར་ནས་དྲག་པོ་ལས་གྲུབ་པའི་བདེན་བྲལ་ཧེ་ན་རེ་ག་དང་། ཨ་ཤ་ནག་མོའོ། དེ་དག་ཀྱང་དྲེགས་པས་གང་ཞིང་རྣོ་གཅོད་ཀྱི་མཚོན་ཆ་ཐོགས་ཏེ། གདུག་རྩུབ་ཀྱི་མཚོན་ཆ་གནས་སོ། དེ་དག་གི་ཕོ་ཉ་དང་སྤྲུལ་པ་ནི་འདི་དག་གོ ཞེས་སོ།།

  འདིར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན་པའི་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་སྒྲུང་རབས་ཕྱོགས་བསྒྲིགས་ལས་ར་མ་ནའི་རབས་དང་འབྲེལ་བའི་མི་སྣ་ནི། ལྷའིདྲང་སྲོང་དང་དཔལ་ལྷ་མོའི་སྲས་རྣམ་ཐོས་སྲས། སྲིན་པོའི་སྡེ་ཚན་སྲིད་གསུམ་དབང་བའི་རྒྱལ་པོ་ཡག་ཤ་ཀོ་རེ་ནི། མེས་ཚངས་པ་དང་ཚངས་པའི་སྲས་པྀ་ཤུ་ར་སེ། བྲམ་འཛེ་(ཟེ)ར་ཏ་ན། ཡག་ཤ་ཀོ་རའི་བུ་མ་ལྱ་པན་ཏ(མལ་ཧྱན་པན་ཏ)། དེའི་བུ་མོ་མེ་ག་སི་ན་དང་ལྷའི་དྲང་སྲོང་ང་བཤོས་པའི་སྲས་གསུམ་སྟེ། ཆེ་བ་མདའ་ཤ་གྲི་བ། འབྲིང་པོ་ཨམ་པ་ཀར་ན། ཐ་ཆུང་བྀ་རི་ན་ཤ། མེས་ཚངས་པས་བུ་ཆེ་བ་མདའ་ཤ་གྲི་བ་བྱམས་ཏེ་མགོ་བཅུ་བྱིན་པས་མགྲིན་བཅུའོ། དབང་ཕྱུག་ཆེན་པོ། མ་ཧ་དེ་བ་དང་བཙུན་མོ་ཨུ་པ་དེ། བློན་པོ་པྲ་ཧ་སྟེ། ལྷའི་བུ་རྣམས། མདའ་ཤ་གྲི་བ་དེའི་བཙུན་མོ་གཉིས་ལ་བུ་མོ་བཙས་ཤིང་ཆུ་ལ་སྐུར་བར་རྒྱ་གར་ཞིང་པས་རྙེད་པར་རོལ་རྙེད་མའོ། མདའ་ཤའི་བུ་ནི་ཐུ་བོ། འཛམ་གླིང་དབང་བསྒྱུར་རྒྱལ་པོ་ཤིང་རྟ་བཅུ་པས་གངས་ཏི་སེ་ལ་དགྲ་བཅོམ་ལྔ་བརྒྱ་ལ་མཆོད་པ་བྱས་ཤིང་། བཙུན་མོ་ཆུན་མ་ལ་སྲས་ར་མ་ན་དང་། བཙུན་མོ་གནང་ཅེན་སྲས་ལག་ཤ་ན། རོལ་རྙེད་མའི་མིང་ལྷ་མོ་སི་ཏ་བཏགས་ཞིང་རྒྱལ་པོ་ར་མ་ནའི་བཙུན་མོའོ། སྲས་ལ་བ། ཀུ་ཤ། ཡག་ཤ་ཁོ་རེའི་བློན་མ་རུ་ཙེ། མདའ་ཤ་གྲི་བའི་སྲིང་མོ་པུར་པ་ལ། སྤྲེལ་བུའི་རྒྱལ་པོ་བུ་མགྲིན་བཟང་དང་། ཡང་སྤྲེལ་བུ་འབའ་ལི། པག་ཤུ། སིན་ཏུ། ཧ་ནུ་མན་ཏ་བཅས་སྤུན་གསུམ། དཔལ་ལྷ་མོ་གཙུག་རྒྱལ་སྒེག་མོ། ཡང་སྲིན་པོ་ཤམ་རྣ། ལྷ་ཡི་དབང་པོ། རྒྱལ་པོ་བེན་བ་ལ་སོགས་འདུག་ཅིང་དེ་ལྟར་སྟག་ལ་མེ་འབར་དང་ན་མ་ཎའི་གཏམ་རྒྱུད་གཉིས་ཕན་ཚུན་ཞིབ་སྡུར་བྱེད་པར་འདིར་ཡིག་ཚོགས་མང་དྲག་པས་གནས་སྐབས་འདི་ཙམ་དུ་མཚམས་འཇོག་རྒྱུ་ཡིན་ནོ།།

དཔལ་ཞང་ཞུང་ཁྱུང་ལུང་རྔུལ་མཁར་ཐུགས་བསྟན་གཟི་འབར་མདོ་སྔགས་གྲགས་རྒྱས་གླིང་དུ་རྒྱ་སྒོམ་ཤེས་རབ་ཕུན་ཚོགས་ཀྱིས་༢༠༢༠ ཟླ༤ ཚེས་༡༡ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།