ཀུན་རིག་ལས་བཞི་སྤྱི་དྲིལ་དཀྱིལ་འཁོར་སྐབས་ཀྱི་སྡེ་བརྒྱད་བཀོད་ཚུལ་ལ་ཅུང་ཟད་དཔྱད་པ།

[ཟླ་ཚེས། 2020-04-04 09:08:48][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དེ་ཡང་ལས་བཞི་སྤྱི་དྲིལ་སྐབས་ཀྱི་སྡེ་བརྒྱད་བཀོད་ལུགས་ལ་མཁས་པ་སོ་སོའི་བཞེད་པ་མི་འདྲ་བ་ཇི་ཙམ་བྱུང་ཡོད་པའི་སྐོར་ལ་མཁན་ཉི་མའི«སྦྱིན་སྲེག་ཆེན་མོའི་ཐིག་རྩ་མདོར་བསྡུས་སྣང་གསལ་སྒྲོན་མེ»ལས། “སྡེ་བརྒྱད་ཀྱི་དཀྱིལ་འཁོར་ལའང་། ཁ་ཅིག་གིས་ཡར་ཟུར་དང་མར་ཟུར་གཉིས་སུ་བཀོད་པ་སོགས། བཀོད་ལུགས་མི་འདྲ་བ་གསུམ་བཞི་འདུག”ཅེས་པ་ལྟར་ན་ལུགས་མི་འདྲ་བ་གསུམ་མམ་བཞི་ཙམ་ཡོད་པར་གསལ། ཡིན་ནའང་ད་ལྟ་མཇལ་དུ་ཡོད་པ་ནི་ལྷ་སོགས་སྡེ་བརྒྱད་རྣམས་ལས་བཞིའི་དཀྱིལ་འཁོར་གྱི་གཡས་གཡོན་ནམ་ཡར་ཟུར་མར་ཟུར་དུ་བཀོད་པ་དང་། ཕྱི་ཟུར་དང་ནང་ཟུར་དུ་བཀོད་པ་གཉིས་སུ་གྲངས་ངེས་པ་ལྟར་སྣང་བས་འདིར་ཡང་དེ་བཞིན་དཔྱད་པ་ལ།
གཅིག  ལས་བཞིའི་ཡར་ཟུར་མར་ཟུར་རམ་གཡས་གཡོན་དུ་བཀོད་པ།
    ལས་བཞི་སོ་སོའི་གཡས་གཡོན་ནམ་ཡར་མར་གྱི་ཟུར་གཉིས་སུ་སྡེ་བརྒྱད་བཀོད་པའི་ལུགས་ལ་སྐྱབས་སྟོན་སོགས་ཀྱིས་བཞེད་པར་གསུངས་ཀྱང་དེ་སྔོན་དེ་འདྲའི་སྐྱབས་སྟོན་གྱི་ཡིག་ཆ་མ་མཇལ་རུང་དེ་དང་མཐུན་པའི་གསལ་ཁ་ཅན་ནི་སྤྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི«ལས་བཞི་རྒྱུན་ལྔའི་ལག་ལེན་སྣང་གསལ་མེ་ལོང་ལས་ལེའུ་གསུམ་པ་མེ་ཐབ་རྡུལ་ཚོན་གྱི་རིམ་པ»ཞེས་པ་ལས། “ལྷོ་གླིང་རྒྱས་པའི་ཡར་ཟུར་རམ། །ལྷོ་ནུབ་ཕྱོགས་དེར་ལྷ་ཡི་དལ་བྲི་སྟེ།  །ཞེས་དང་།  མར་ཟུར་ལྷོ་ཤར་ཕྱོགས་དེར་ལྷ་མིན་དལ། །ཞེས་པ་ནས།  དེ་ལྟར་སྡེ་བརྒྱད་བཀོད་ལུགས་མི་མཐུན་པ། །མང་ཡང་ཁོ་བོས་འདིར་བཤད་ལུང་མཐུན་ཡིན། །”ཞེས་གསུངས་ཤིང་སྤྱིར་ལུགས་འདྲ་མིན་ཡོད་པ་ལས“འདིར་བཤད་ལུང་མཐུན་ཡིན”ཞེས་པ་ལྟར་ན་འདི་ནི་ཁུངས་ཐུབ་ཀྱི་ལུང་ཞིག་གི་དགོངས་དོན་ཡིན་པར་གསལ་ཡང་ལུང་དེ་དངོས་སུ་དྲངས་མི་འདུག  མ་གཞི་ལུགས་འདི་དང་མཐུན་པ་བཀའ་འམ་སྔོན་བྱོན་མཁས་པའི་གསུང་གཞན་པའང་ཡོད་སྲིད་ལ། ད་ལྟ་མཇལ་དུ་ཡོད་པའི་ཡིག་ཆ་ཁག་ལས་གྱེར་མི་ཉི་འོད་ཀྱི་བྱང་དྭངས་ར་ནས་གཏེར་དུ་ཐོན་པའི།  «ལས་བཞི་རྒྱུན་ལྔའི་འཕྱོང་ཁོང་འགྲེལ་ལས་བྱང»ཞེས་པ་ལས།   “དེ་ཡང་རྒྱས་པ་ལ་ལྷ་དང་ལྷ་མེན།  ཞི་བ་ལ་བདུད་དང་གཟའ་སྐར།  དྲག་པོ་ལ་དམུ་དང་མཚམས། དབང་ལ་ཀླུ་དང་གཉན།”   ཞེས་གསུངས་འདུག་པ་འདི་ཉིད་ཡིན་ཡང་སྲིད་པ་ནི་ལུང་ཚིག་ལ་བརྟགས་ན་ཤེས་ནུས་པས་ཡིན། དེ་ལྟར་གྱི་ཞི་རྒྱས་དབང་དྲག་གི་གཡས་གཡོན་ནམ་ཡར་མར་གྱི་ཟུར་གཉིས་སུ་བཀོད་པ་དཔེ་རིས་ཟུར་དུ་བྲིས་ཡོད་པས་ངོས་འཛིན་སླ། དཀྱིལ་འཁོར་ཐིག་རྩ་དེ་དང་མཐུན་པ་ཁོང་གིས་མཛད་པའི«ལས་བཞིའི་མངོན་རྟོགས»ལས།  “དེ་ལྟར་ཞི་རྒྱས་དབང་དྲག་རྒྱུན་གྱི་ཕོ་བྲང་ཆེན་པོ་ཕྱོགས་བཞིར་དབུས་ལྔར་གསལ་བའི། ལྷོ་ཕྱོགས་རྒྱས་པའི་ཡར་ཟུར་ལྷོ་ནུབ་ཕྱོགས་སུ། ལྷ་ཡི་དཀྱིལ་འཁོར་དུ།  ཞེས་པ་ནས། མར་ཟུར་ལྷོ་ཤར་ཕྱོགས་སུ། ལྷ་མིན་གྱི་དཀྱིལ་འཁོར་དུ།”  ཞེས་པ་སོགས་གསལ།  ཞིབ་ཏུ་བསམ་ན་གནད་དོན་འདི་ནི་གལ་ཆེན་ཞིག་སྟེ།  དཀྱིལ་འཁོར་འབྲི་བཀོད་ནི་མངོན་རྟོགས་སྒོམ་པའི་ཆེད་ཡིན་ཞིང་།  གལ་ཏེ་དཀྱིལ་འཁོར་འབྲི་བཀོད་དང་མངོན་རྟོགས་སྒོམ་ཚུལ་གཉིས་མི་མཐུན་པར་འདྲེ་ཤར་སྒོ་དང་གླུད་ནུབ་སྒོ་ཞེས་པའི་དཔེ་ལྟར་གྱུར་ན་ནོར་བ་མངོན་ཚབས་ཆེ་བ་ཞིག་མ་ཡིན་ནམ།  འོན་ཏེ་དེང་སང་སྤྱི་ཚོགས་འུར་ཟིང་གི་ཁྲོད་དུ་མང་ཕལ་ཆེ་བ་འདི་རིགས་ཉམས་སུ་ལེན་རྒྱུ་ལྟ་ཅི། དཔྱད་པ་ཙམ་ཡང་གཏོང་མཁན་ཉུང་ཚད་དུ་སྣང་ངོ་། །གང་ལྟར་དཀྱིལ་འཁོར་འབྲི་བཀོད་དང་། མངོན་རྟོགས་སྒོམ་ཚུལ་གཉིས་མཐུན་དགོས་རྒྱུ་ནི་རྩ་བའི་གནད་གལ་ཆེན་ཞིག་ཡིན་ལ་ཁོ་བོས་དེ་སྔོན་མཇལ་བའི་སྡེ་བརྒྱད་དཀྱིལ་འཁོར་དུ་འབྲི་བཀོད་དང་མངོན་རྟོགས་སྒོམ་ཚུལ་གཉིས་མཐུན་པ་ཁ་གསལ་ཅན་འདི་ལས་གཞན་མ་མཇལ་མོད།  རྒྱ་ཆེ་བའི་བོན་དཔེ་ཁྲོད་དུ་མེད་པ་ནི་ག་ལ་ཡིན།
གཉིས།  ལས་བཞིའི་ཕྱི་ཟུར་ནང་ཟུར་དུ་བཀོད་པ། 
    དེ་ཡང་མཁན་ཉི་མས་ལུགས་འདི་བཞིན་མཛད་མཁན་འགྲོ་མགོན་བློ་གྲོས་དང་རྗེ་རིན་པོ་ཆེ་སོགས་ཡིན་པར་གསུངས་ཀྱང་དེ་སྔོན་འགྲོ་མགོན་དང་རྗེའི་ཡིག་ཆ་དེ་དག་མ་མཇལ་ཞིང་།  གཉོས་རྒྱལ་གྱིས་མཛད་པ«ལས་བཞི་རྒྱུན་ལྔ་སྦྱིན་སྲེག་གི་མཆོང་གི་གསལ་བྱེད»ཅེས་པ་ཞིག་བཞུགས་འདུག་པའི་ནང་དུའང་དེའི་སྐོར་གསལ་ཁ་ཅན་མི་འདུག  དེས་ན་མཁན་ཉི་མའི«སྦྱིན་སྲེག་ཆེན་མོའི་ཐིག་རྩ་མདོར་བསྡུས་སྣང་གསལ་སྒྲོན་མེ»ཞེས་པ་ལས།  “མཚམས་བཞིའི་གླིང་བརྒྱད་ལའང་།  འཁོར་ལོ་གླིང་ཕྲན་བཞིར་བཅད་པའི་ནང་ཟུར་བཞིའི་ལྷོ་ཤར་དུ་ལྷ་ཡི་དཀྱིལ་འཁོར།  བྱང་ཤར་དུ་ལྷ་མེན་གྱི་དཀྱིལ་འཁོར། བྱང་ནུབ་ཏུ་གཟའ་ཡི་དཀྱིལ་འཁོར། ལྷོ་ནུབ་ཏུ་བདུད་ཀྱི་དཀྱིལ་འཁོར། ཕྱི་ཟུར་བཞིའི་ལྷོ་ཤར་དུ་དམུ་ཡི་དལ། བྱང་ཤར་དུ་འཚམས་ཀྱི་དལ། བྱང་ནུབ་ཏུ་གཉེན་གྱི་དལ། ལྷོ་ནུབ་ཀླུ་ཡི་དཀྱིལ་འཁོར།”  ཞེས་དང་།  “འདི་ནི་འགྲོ་མགོན་བློ་གྲོས་དང་མཉམ་མེད་རིན་པོ་ཆེའི་ཕྱག་ལེན་ལྟར་འཁྲུལ་མེད་བཀོད་པ་ཡིན་ནོ། །”ཞེས་འདིའི་ཁུངས་ནི་འགྲོ་མགོན་དང་རྗེ་གཉིས་ལ་བཅོལ་བར་གསུངས་པ་ལས་དེའི་གོང་གི་རྒྱུད་གང་ཞིག་ལ་བཅོལ་བར་མ་གསལ་རུང་།  དཔྱད་ན་འདིའི་ཁུངས་ཀྱང་གོང་གསལ«ལས་བཞི་རྒྱུན་ལྔའི་འཕྱོང་ཁོང་འགྲེལ་ལས་བྱང»འདི་ཉིད་ཡིན་པར་འདུག་སྟེ།  དེ་ཉིད་ལས།  “ཕྱི་སྐོར་ཕྱོགས་བཞི་མཚམས་བཞི་ལ། ལྷ་མ་སྲིན་སྡེ་བརྒྱད་ཀྱི་དཀྱིལ་འཁོར་བྲི་སྟེ།  ཤར་ཕྱོགས་སུ་དབུས་ལྟེ་བ་དཀར་པོ་ལ་པདྨ་འདབ་བརྒྱད་དུ་བྲི། ད་ཡི་ཕྱི་རིམ་དུ་པདྨ་འདབ་མ་བཅུ་དྲུག་ཏུ་བྲིའོ། །དེ་ནི་ལྷ་ཆེན་པོ་དགུ་དང་།  སྲས་བཅུ་དྲུག་གི་གདན་ནོ། །ཞེས་པ་ནས།  ལྷོ་ནུབ་ཏུ་ལྟེ་བ་དཀར་པོ་ལ་པདྨ་འདབ་བརྒྱད་དུ་བྲི།  ཕྱི་རིམ་རིན་ཆེན་འཁྱིལ་པ་བཞི་བྲི།  དེ་ནི་ཀླུ་ཆེན་དང་ས་བདག་ཆེན་མོ་བཞི་ཡི་གདན་ནོ། །”ཞེས་ཤར་དུ་ལྷ།  བྱང་དུ་མིན། ནུབ་ཏུ་གཟའ་སྐར།  ལྷོ་རུ་བདུད།  ལྷོ་ཤར་དུ་དམུ།  བྱང་ཤར་དུ་འཚམས།  བྱང་ནུབ་ཏུ་གཉན།  ལྷོ་ནུབ་ཏུ་ཀླུ་བཅས་བཀོད་དགོས་པར་གསལ་བ་ལྟར་དང་།  གོང་གི་མཁན་ཉི་མའི་བཞེད་པ་གཉིས་དཔྱད་ན་མཐུན་འདུག  གཞན་ཡང་ཁྱུང་སྤྲུལ་རིན་པོ་ཆེས་མཛད་པའི«ཕྱི་ནང་གསང་གསུམ་དཀྱིལ་འཁོར་འབྲི་ཐབས་རབ་འབྱམས་རིག་པའི་སྒོ་འབྱེད»ལས།  “མཚམས་བཞིར་སྡེ་བརྒྱད་དལ་ལ་ཡང་། །བཞེད་ལུགས་འདྲ་མིན་གཉིས་ཡོད་དེ། །འགྲོ་མགོན་སོགས་ཀྱི་ཕྱི་ནང་དང་།  །སྐྱབས་སྟོན་སོགས་ཀྱི་གཡས་གཡོན་ནམ། །ཡར་ཟུར་མར་ཟུར་བཤད་པ་སྟེ། །གཉིས་ཀར་མཁས་བཞེད་ཁྱད་མེད་པས། །”ཞེས་ལུགས་གཉིས་ཀར་འཐད་ཕྱོགས་སུ་བཞེད་པ་དང་།  ཡང་། “མཚམས་བཞིར་གླིང་ཆུང་བརྒྱད་པོ་ནི། །ཕྱི་ནང་སྦྲག་མར་བྱེད་པའི་ལུགས། །ལྟར་འཐད་ལྷོ་ཤར་ནང་མ་ལ། །ལྷ་ཡི་དཀྱིལ་འཁོར་ཕྱི་མར་དམུ། །བྱང་ཤར་ནང་མ་ལྷ་མིན་དལ། །ཕྱི་མར་འཚམས་ཀྱི་དཀྱིལ་འཁོར་འགོད། །བྱང་ནུབ་ནང་མ་གཟའ་སྐར་དལ། །ཕྱི་མ་གཉན་ལ་ལྷོ་ནུབ་ནང་། །བདུད་དང་ཕྱི་མ་ཀླུ་ཡི་དལ། །”ཞེས་ཕྱི་ནང་དུ་བྱེད་པ་འཐད་ཕྱོགས་སུ་མཛད་འདུག་ཅིང་།  དེའི་དཔེ་རིས་ཀྱང་ཟུར་དུ་བཀོད་པ་ལྟར་ཤེས་སླའོ། །
གསུམ།  དེ་དག་ལ་ཅུང་ཟད་དཔྱད་པ།
      དེ་ལྟར་སྡེ་བརྒྱད་བཀོད་ལུགས་མི་འདྲ་བ་གཉིས་སུ་བྱུང་བ་ལས་ཁྱུང་སྤྲུལ་རིན་པོ་ཆེའི་ཐིག་རྩ་ལས།  “གཉིས་ཀར་མཁས་བཞེད་ཁྱད་མེད་པས། །”ཞེས་ལུགས་གཉིས་ཀ་མཁས་པའི་བཞེད་པ་ཡིན་པས་གང་བྱས་འཐད་པར་གསུངས་ཤིང་།  འོན་ཀྱང་དེའི་རྒྱུ་མཚན་རྒྱས་བཤད་གནང་མི་འདུག་རུང་སྐྱང་སྤྲུལ་གྱིས“འདིར་བཤད་ལུང་མཐུན་ཡིན”ཞེས་ལུང་ལ་ཁུངས་བཅོལ་བར་དངོས་སུ་གསལ།  འོ་ན་འགྲོ་མགོན་སོགས་ཀྱི་ལུགས་དེའི་ཁུངས་ལུང་མེད་པ་ཡིན་ནམ་ཞེ་ན་དེ་ཡང་མ་ངེས་ཏེ། གོང་དུ་ཁོང་འགྲེལ་གྱི་ལུང་དྲངས་པ་དེ་ལྟར་ངེས་ཤིང་།  མདོར་ན་ལུགས་གཉིས་པོ་མི་འདྲ་བའི་རྒྱུ་མཚན་ནི་ཁོང་འགྲེལ་གྱི་ལུང་ཚིག་གོང་འོག་གཉིས་པོ་སྐབས་དོན་མི་འདྲ་བའི་དབང་གིས་དེ་ལྟར་ཞལ་མི་མཐུན་པར་གྱུར་ཡོད་པ་འདྲ་ཞིང་།  ད་དུང་སྐབས་དོན་གང་ཞིག་གཙོ་མིན་སོགས་ལས་འཕྲོས་ཏེ་དཔྱད་རྒྱུ་ཡང་ཡོད་མོད།  རང་གི་གོ་ཚུལ་ཙམ་ལ་སྐྱབས་སྟོན་སོགས་ཀྱི་བཞེད་པ་དེ་རྒྱུ་མཚན་ཆེ་འདུག་སྙམ་སྟེ། དེ་ནི་སྡེ་བརྒྱད་ཕྱོགས་མཚམས་སུ་བཀོད་པ་ནི་སྡེ་བརྒྱད་རྒྱུན་དགུའི་སྐབས་དང་།  ལས་བཞི་སོ་སོར་སྦྱར་བ་ནི་སྤྱི་དྲིལ་སྐབས་སུ་ཡིན་པ་ལྟར།  འདིར་སྤྱི་དྲིལ་སྐབས་ཡིན་པས་སྤྱིར་ཁོང་འགྲེལ་དུ་སྡེ་བརྒྱད་བཀོད་ཚུལ་ལུགས་འགའ་ཞིག་བྱུང་བའི་ནང་སྐབས་དོན་སོ་སོར་གང་ཞིག་གཙོ་བོར་བཟུང་དགོས་པའི་གནད་ཀྱིས་གྲུབ་པར་སྙམ། འཕྲོས་དོན་གཞན་ཞིག་ནི་གོང་བཤད་ལྟར་དཀྱིལ་འཁོར་འབྲི་ཐབས་དང་མངོན་རྟོགས་སྒོམ་ཚུལ་གཉིས་ཀ་འགྲིག་པ་ནི་སྐྱང་སྤྲུལ་ཅན་ཙམ་དུ་ཟད་ལ།   གཞན་དེང་དུས་ཀུན་རིག་བྲུ་ལུགས་སོགས་ཀྱི་སྡེ་བརྒྱད་སྐབས«དྲག་པོའི་མངོན་རྟོགས»ཤིག་འདུག་པ་དེའི་མཇུག་ཏུ། “དེ་ནས་སྡེ་བརྒྱད་སྤྱན་དྲངས་སྐབས་སུ་འདི་ལྟར་བསམ་སྟེ།  ལྷ་དང་ལྷ་མིན་གཟའ་དང་རྒྱུན་སྐར་དང་། དམུ་བདུད་འཚམས་གསུམ་ས་བདག་ཀླུ་གཉན་སོགས།  སྡེ་བརྒྱད་རྣམས་ཕྱོགས་བཅུ་ཀུན་ནས་སྤྱན་དྲངས་སྤྲིན་བཞིན་དུ་བྱོན་ནས། ཞེས་པ་ནས། ལྕགས་རི་ལ་སོགས་ཕྱོགས་མཚམས་སུ། རང་རང་པདྨ་དང་འཁོར་ལོ་རིན་པོ་ཆེའི་གདན་ལ་བཞུགས་པར་བསམ།”  ཞེས་པ་ཙམ་ལས་ལས་བཞིའི་དཀྱིལ་འཁོར་གྱི་ཡར་མར་རམ་ཡང་ན་ཕྱི་ནང་གི་ཟུར་གང་ཞིག་ཏུ་སྒོམ་དགོས་པའི་ཁ་གསལ་ཅན་ནི་མ་མཇལ་ཏོ། །དེས་ན་འདི་འདྲའི་དཀྱིལ་འཁོར་དུ་བཀོད་པ་དང་མཐུན་པའི་མངོན་རྟོགས་ཐད་ཀར་སྦྱར་དུ་ཡོད་པ་ཞིག་ཡོད་ན་ལེགས་སམ་སྙམ་མོ། ། ༢༠༢༠་༣་༡༧
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།