བྱུང་ཁུངས་ཀྱི་མདོ་ཞེས་པ་མདོ་འདུས་ཡིན་ནམ།
[ཟླ་ཚེས། 2020-02-16 15:20:27][རྩོམ་པ་པོ། བསྟན་འཛིན་གཙུག་ཕུད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ནང་དོན་གནད་བསྡུས། མཁས་དབང་ཀུན་གྲོལ་གྲགས་པ་དང་ཀུན་མཁྱེན་ཉི་མ་རྣམ་གཉིས་ཀྱིས་བཀའ་འགྱུར་དཀར་ཆག་ལས། དུས་གསུམ་སངས་རྒྱས་བྱུང་ཁུངས་ཀྱི་མདོ་ནི། སྟོན་པའི་མཛད་མདོ་བསྡུས་པ་མདོ་འདུས་ཡིན་པར་གསུངས་པར་བརྟེན་ང་ཚོས་དེ་གཉིས་དབྱེར་མེད་དུ་འཁྲུལ་ནས་བསྡད་ཡོད་ཀྱང་། དོན་ངོ་མ་བྱུང་ཁུངས་ཀྱི་མདོ་ནི་དེང་དུས་བཀའ་འགྱུར་ཁྲོད་དུ་བཞུགས་པའི་མདོ་འདུས་འདི་ཉིད་གཏན་ནས་མིན་པ་མ་ཟད། མདོ་གཟེར་མིག་ཀྱང་མ་ཡིན་པ་དང་། བྱུང་ཁུངས་ཀྱི་མདོ་ངོ་མ་དེ་ད་ལྟ་བཞུགས་ཡོད་མེད་བཙལ་དགོས་ཚུལ་བརྗོད་པ་དེའོ། །
བརྡ་ཆད་གཙོ་བོ། མདོ། ལེའུ། དུམ་པ།
༡ བྱུང་ཁུངས་ཀྱི་མདོ།
བྱུང་ཁུངས་ཀྱི་མདོ་ནི་མདོ་སྡེ་ཆེན་པོ་བཞི་ཡི་ནང་ཚན་དུས་གསུམ་སངས་རྒྱས་བྱུང་ཁུངས་ཀྱི་མདོ་ཞེས་པ་དེ་ཡིན་ཅིང་། །དེ་ཡང་མཚན་ལ་མདོ་གཟེར་མིག་དང་། བསྒྲགས་གླིང་། སྲིད་པ་རྒྱུད་ཀྱི་ཁ་བྱང་། སྤ་བསྟན་རྒྱལ་བཟང་པོའི་བསྟན་འབྱུང་དར་རྒྱས་གསལ་སྒྲོན། ཀུན་གྲོལ་གྲགས་པའི་(༡༧༠༠ འཁྲུངས)དཀར་ཆག་ཉི་འབུམ་བཅས་ལས་དུས་གསུམ་གཤེན་རབ་བྱུང་ཁུངས་ཀྱི་མདོ་ཞེས་དང་། སྣོད་རྟེན་འབྱུང་བ་ཆགས་འཇིག་གི་མདོ་ལས་དུས་གསུམ་སྟོན་པ་བྱུང་ཁུངས་ཀྱི་མདོ་ཞེས་དང་། མཁན་ཆེན་ཉི་མའི་(༡༨༡༣-༡༨༧༠) བཀའ་འགྱུར་དཀར་ཆག་ལས། དུས་གསུམ་སངས་རྒྱས་བྱུང་ཁུངས་ཀྱི་མདོ་ཞེས་དང་། སྒ་སྟོན་(༡༢༣༨ འཁྲུངས།)གྱིས་བདེན་པའི་མཛོད་ཕུགས་ལས། བྱུང་ཁུངས་ཀྱི་མདོ་ཞེས་བྲིས་འདུག་པ་རྣམས་མཚོན་འབོད་སྟང་ཙམ་མ་གཏོགས་དཔེ་ཆ་གཅིག་རང་ཡིན་པར་སེམས། མདོ་འདི་ཀུན་གྲོལ་ལྷ་སྲས་ཀྱིས་དཔར་བ་སོགས་དེང་དུས་བཀའ་འགྱུར་ཁག་ནང་མ་བཞུགས་པར་བརྟེན། མཇལ་ཡུལ་མ་གྱུར་པས་འདི་འདྲ་ཡོད་ཅེས་བརྗོད་པར་དཀའ་ན་ཡང་། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། “དུས་གསུམ་གཤེན་རབ་བྱུང་ཁུངས་ཀྱི་མདོ་ལ་དུམ་པ་དྲུག་ཡོད།” 1ཅེས་དང་། སྣོད་རྟེན་འབྱུང་བ་ཆག་འཇིག་གི་མདོ་ལས། “དུས་གསུམ་སྟོན་པ་བྱུང་ཁུངས་ཀྱི་མདོ་ལས་སྔ་རབས་འདས་པ་དང་ལྡན་པ་ནས་སླད་ཀྱི་བར་ལེའུ་ནི་བཅོ་བརྒྱད་ཡོད་པར་སྟོན།”2 ཞེས་དང་། མདོ་གཟེར་མིག་ལས། “འདས་དང་མ་བྱོན་གཉིས་ཀའི་གཏན་ཚིགས་ནི་དུས་གསུམ་གཤེན་རབ་བྱུང་ཁུངས་ཀྱི་མདོ་ཡི་ནང་ནས་ཞིབ་པའོ། །”3 ཞེས་དང་། བསྒྲགས་པ་རིན་ཆེན་གླིང་གྲགས་ལས། 4“སྟོང་རྩ་གཉིས་པའི་ཡུལ་དང་། རིགས་དང་། ཡབ་ཡུམ་དང་། སྲས་དང་། དུས་དང་། འཁོར་དང་། འདུལ་ཞིང་དང་། ཚེ་ཚད་དང་། བསོད་ནམས་འཕེལ་འགྲིབ་དང་། འཕྲིན་ལས་དང་། སྐུ་གདུང་དང་། སྤྲུལ་བ་དང་། བསྟན་པ་དར་རྒྱས་རྣམས་ཇི་ལྟར་བྱུང་བ་ནི། དུས་གསུམ་གཤེན་རབ་འབྱུང་ཁུངས་ཀྱི་མདོ་ནས་ཞིབ་ཅིང་རྒྱས་པའོ། །”ཞེས་དང་། སྤ་བསྟན་རྒྱལ་བཟང་པོས་དར་རྒྱས་གསལ་སྒྲོན་ལས། “གཤེན་རབ་བྱུང་ཁུངས་ཀྱི་མདོ་ནི། སེམས་བསྐྱེད་ཆེ་ཆུང་གིས་འཕྲིན་ལས་རྒྱ་ཆེ་ཆུང་སྟོན་པའོ། །” 5ཞེས་གསུངས་པ་རྣམས་ལ་བལྟས་ན་དུས་གསུམ་སངས་རྒྱས་བྱུང་ཁུངས་མདོ་ནི། དུམ་པ་དྲུག་དང་ལེའུ་བཅོ་བརྒྱད་ཡོད་པར་ཆ་འཇོག་ཆོག་པ་མ་ཟད། སྔར་བྱོན་སྟོན་པ་རབས་བདུན་དང་། ད་ལྟའི་སྟོན་པ་གཤེན་རབ་མི་བོ། མ་འོངས་འབྱོན་འགྱུར་གྱི་སྟོན་པ་ཐང་མ་མེ་སྒྲོན་སོགས་འདས་མ་ད་གསུམ་ཀྱི་སྟོན་པའམ། སྐལ་བཟང་སངས་རྒྱས་སྟོང་རྩ་གཉིས་ཀྱི་ཡབ་ཡུམ་སྲས་གསུམ། ཡུལ་མཁར་འཁོར་འབངས། མཛད་འཕྲིན་ཡོན་ཏན་སོགས། མདོར་ན་དུས་གསུམ་སངས་རྒྱས་རྣམས་ཀྱི་རྣམ་ཐར་ཞིབ་ཆ་ཡོད་པའི་བཀའ་བྱིན་ཅན་ཞིག་ཡིན་པ་གོ་ཐུབ་པར་འདུག་པས། སྟོན་པའི་མཛད་མདོ་རྒྱས་འབྲིང་བསྡུས་སོགས་མང་པོ་ཡོད་པ་ལས་རྒྱས་ཤོས་གཅིག་འདི་ཡིན་པར་སེམས།
༢ མདོ་འདུས།
མདོ་འདུས་ལ་མཛད་མདོ་བསྡུས་པ་དང་། མདོ་འདུས། མདོ་འདུས་པ་རིན་པོ་ཆེ། མདོ་འདུས་པ་རིན་པོ་ཆེའི་རྒྱུད། ལྷ་ཡི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་སོགས་མཚན་མི་འདྲ་འགའ་ཤས་སྣང་རུང་དོན་དུ་གཅིག་ཅིང་། དེང་དུས་བཀའ་འགྱུར་ཁྲོད་ཀྱི་མཚན་ཆ་ཚང་ལ་《མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ་བཞུགས་སོ། །》ཞེས་པའོ།།ཀུན་གྲོལ་གྲགས་པས་དུས་རབས་བཅོ་བརྒྱད་ནང་དུ་མཛད་པའི་དཀར་ཆག་ཉི་འབུམ་ལས། 6“བསམ་ཡས་མཆོད་རྟེན་དམར་པོ་ནས་པང་ཀུ་རིན་ཆེན་དང་དྲེ་རྒྱ་ར་ཙ་སྟེ་བནྡེ་མི་གཉིས་ཀྱི་དངོས་གྲུབ་ཏུ་རྙེད་པའི་མདོ་བཞི་ཡོད་པའི་ནང་ནས། དུས་གསུམ་གཤེན་རབ་བྱུང་ཁུངས་ཀྱི་མདོ་འདུས་པ་རིན་པོ་ཆེ་ལ། གླེང་གཞི་ཕུན་སུམ་ཚོགས་པ་མདོའི་ལེའུ། ཕྱི་སྣོད་ཇི་ལྟར་ཆགས་པའི་ལེའུ། ནང་བཅུད་སེམས་ཅན་སྐྱེ་འཆིའི་ལས་འབྲས་བསྟན་པའི་ལེའུ། བདེ་བར་གཤེགས་པ་སྟོང་གིས་ལུང་བསྟན་པའི་ལེའུ། གྲུབ་པ་གཤེན་དགུའི་སེམས་བསྐྱེད་ལུང་བསྟན་ཐོབ་པའི་ལེའུ། དུས་གསུམ་སྟོན་པ་ཇི་ལྟར་བྱོན་པའི་ལེའུ། སྟོན་པ་གཤེན་རབ་སྐྱེས་རབས་ཀྱི་ལེའུ། སྟོན་པ་འཁྲུངས་པའི་ལེའུ། ཧོས་བཟའ་རྒྱལ་མེད་ཁབ་ཏུ་བཞེས་ནས་སྲས་འཁྲུངས་པའི་ལེའུ། དཔོ་བཟའ་ཐང་མོ་ཁབ་ཏུ་བཞེས་པའི་ལེའུ། བསྟན་པ་རྣམ་གསུམ་རྗེས་སུ་བཞག་པའི་ལེའུ། སྟོན་པ་ལ་བདུད་ཀྱི་ཆོ་འཕྲུལ་བསྟན་པའི་ལེའུ། མངོན་པར་རྫོགས་པ་སངས་རྒྱས་པའི་ལེའུ། སྟོན་པས་བོན་གྱི་འཁོར་ལོ་བསྐོར་བའི་ལེའུ། གཏོ་བུ་འབུམ་སངས་ཀྱིས་གྱེར་དོན་ཞུས་པའི་ལེའུ། མཛོད་གནས་ཀྱི་ལེའུ། སྟོན་པས་གསང་བ་མདོ་སྡུད་ལ་ལུང་བསྟན་པའི་ལེའུ། གསང་བ་མདོ་བསྡུད་ཀྱི་མདོ་སྡེ་བཀོད་པའི་ལེའུ། དགེ་བའི་རྩ་བ་རྒྱ་ཆེར་བསྔོས་པའི་ལེའུ། མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་འོལ་མོའི་གླིང་དུ་མཛད་པའི་ལེའུ། སྟོན་པ་ལ་བདུད་ཀྱི་ཆོ་འཕྲུལ་བསྟན་པའི་ལེའུ། སྟོན་པ་གཤེན་རབ་ཞིང་གི་བཀོད་པའི་ལེའུ། སྟོན་པའི་བསྟན་པ་རྗེས་སུ་བཞག་པའི་ལེའུ། སྟོན་པ་མྱ་ངན་ལས་འདས་པའི་ལེའུ་དང་ཉེར་བཞི་ཡོད།”ཅེས་དང་། ཀུན་མཁྱེན་ཉི་མས་དུས་རབ་བཅུ་དགུའི་ནང་མཛད་པའི་བཀའ་འགྱུར་དཀར་ཆག་ལས། 7“མཛད་མདོ་བསྡུས་པ་བསམ་ཡས་མཆོད་རྟེན་དམར་པོ་ནས་ཨ་ཙ་ར་མི་གཉིས་ཀྱིས་རྙེད་པའི་མདོ་བཞིའི་ནང་ཚན་དུས་གསུམ་སངས་རྒྱས་བྱུང་ཁུངས་ཀྱི་མདོ་འམ་མདོ་འདུས་སུ་གྲགས་པ་ལེའུ་ཉེར་བཞི་པ།”ཅེས་གསུངས་པ་ལྟར་ན་མཁས་དབང་རྣམ་གཉིས་ཀྱིས་བྱུང་ཁུངས་མདོ་ནི་མདོ་འདུས་ལ་ངོས་འཛིན་པ་དང་ལེའུ་གྲངས་ཉེར་བཞི་ཡོད་པ་སོགས་བཞེད་པ་གཅིག་མཚུངས་སུ་སྣང་མོད། དེ་ནི་དེང་དུས་ང་ཚོའི་མཇལ་ཡུལ་ལ་《མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ་བཞུགས་སོ། །》 ཞེས་པ་སྟོན་པ་གཤེན་རབ་ཀྱི་མཛད་པ་གཙོར་སྟོན་བྱས་པའི་དུམ་པ་ཆུང་ཆུང་ལེའུ་ཉེར་བཞི་ཅན་འདི་ཡིན་པ་མ་གཏོགས་དུས་གསུམ་གཤེན་རབ་བྱུང་ཁུངས་ཀྱི་མདོ་མ་ཡིན། མདོ་འདི་དང་བྱུང་ཁུངས་ཀྱི་མདོ་སོགས་བོན་གྱི་མདོ་བཞིའི་གཏེར་གནས་དང་། གཏེར་ཐོན་ཚུལ་བསྟན་དོན་ཁྱད་པར་སོགས་ཀྱི་སྐོར། ཕྲན་ནས་《བྱུང་ཁུངས་ཀྱི་མདོ་ཡི་སྐོར་གླེང་བ།》 ཞེས་པ་ཅུང་ཞིབ་ཆ་ཅན་ཞིག་གངས་ལྗོངས་ཤེས་རིག་དུས་དེབ་བདུན་པའི་ཁར་བཀོད་ཟིན་པས་འདི་ནས་མི་སྤྲོས།
༣ གནས་སྟངས་དངོས་ཀྱི་སྡོམ།
གོང་དུ་དྲངས་པའི་ལུང་ཚིག་ལས་ཁ་གསལ་པོར་གྱུར་པ་ནི། པོད་ཚད་ཆ་ནས་བྱུང་ཁུངས་མདོ་ནི་དུམ་པ་དྲུག་ལ་ལེའུ་བཅོ་བརྒྱད་ཡོད་པ་དང་། མདོ་འདུས་དུམ་པ་གཅིག་ལ་ལེའུ་ཉེར་བཞི་ཡོད་པ། བསྟན་དོན་ཆ་ནས་བྱུང་ཁུངས་ཀྱི་མདོས་འདས་མ་ད་གསུམ་མམ། སངས་རྒྱས་སྟོང་རྩ་གཉིས་འཕྲིན་ལས་རྒྱ་ཆེ་ཆུང་སོགས་རྣམ་ཐར་ཞིབ་རྒྱས་བསྟན་ཡོད་པ་དང་། མདོ་འདུས་ཀྱིས་ད་ལྟའི་སྟོན་པའི་མཛད་པ་གཙོར་སྟོན་བྱས་པ་ལས་གཞན་མ་ཡིན་པ་དེ་རེད། རྒྱུ་མཚན་གཞན་ཞིག་ནི་དེ་སྔོན་མཁས་པ་རྣམས་ཀྱིས་བྱུང་ཁུངས་མདོ་ལས་ལུང་འདྲེན་བྱས་པ་ཕྲན་གྱིས་ཆེར་མ་མཐོང་མོད། མཁས་མཆོག་སྒ་སྟོན་གྱིས་བདེན་པའི་མཛོད་ཕུགས་ནང་ལ་མདོ་འདུས་དང་བྱུང་ཁུངས་མདོ་གཉིས་ཀ་ལས་ལུང་འདྲེན་བྱས་པ་ཁ་ཤས་འདུག་པ་འདིར་དཔེ་མཚོན་ཙམ་དུ་དྲངས་ན།《བདེན་པའི་མཛོད་ཕུགས་རྣམ་པར་འབྱེད་པའི་ལྡེ་མིག》8ཤོག་ངོས། ༨༧“མདོ་འདུས་ལས། ཕྱི་སྣོད་བསྐལ་པ་གཅིག་ཏུ་ཆགས། ནང་བཅུད་བསྐལ་པ་བཅུ་དགུ་ཆགས།” ཤོག་ངོས་༩༩ ལས། “མདོ་འདུས་ལས་ཀྱང་། སྣང་བ་དགེ་བ་ཀུན་ཤེས་གསུམ། ལེགས་པ་སྙོམས་པ་བྱམས་པ་གསུམ། དག་པ་གསལ་བ་ཤེས་པ་གསུམ། ཞེས་དང་། མཚན་རབས་དང་པོ་དགུ་རུ་བྱུང་།”སོགས་མདོ་འདུས་ལས་ལུང་ཚིག་མང་པོ་དྲངས་འདུག་པ་རྣམས་དེང་འདུས་བཀའ་འགྱུར་ཁྲོད་ཀྱི་མདོ་འདུས་ནང་ལའང་འདུག བྱུང་ཁུངས་མདོ་ལས་ལུང་དྲངས་པ་གོང་གི་མཛོད་འགྲེལ་ཤོག་ངོས། ༨༢ལས།“འབྱུང་ཁུངས་མདོ་ལས་ས་ཡ་བཅུ་ལ་བྱེ་བ་བཤད་པར་”གསུང་པ་དང་། ཤོག་ངོས་༨༦ལས། “བྱུང་ཁུངས་ཀྱི་མདོ་ལས། བདག་ནི་སེམས་ཅན་མི་རྣམས་ཀྱི་ཚེ་ལོ་བརྒྱ་ཐུབ་པའི་དུས་སུ་སྟོན་པ་ལ་བྱོན་པ་ཡིན་ཏེ། སུམ་ཅུ་སྐུ་ཡིས་འདུལ། སུམ་ཅུ་གསུང་གིས་འདུལ། སུམ་ཅུ་ཐུགས་ཀྱིས་འདུལ། དེ་ལྟར་དགུ་བཅུ་ལོན་ནས་ཚེ་ལོ་བཅུ་ལ་ཐུག” ཅེས་པ་དང་། ༡༠༠ “འབྱུང་ཁུངས་མདོ་ལས་ཀྱང་། ཆགས་འཇིག་ལྔ་བརྒྱ་ལྔ་བརྒྱའི་བར་རེ། བར་གྱི་བསྐལ་པ་ཕྲ་མོ་རེ་ཡིས་བྱ། ལས་དང་ཐུགས་རྗེའི་དབང་གིས་འཇིག་རྟེན་ཁམས་འདི་ཡང་། ཡམ་ཡོམ་ཤིན་ཏུ་གཡོས་ཀྱིན་མཐོ་བཅད་ཟུར་བསྙལ་ཙམ་རེ་འཇིག་པའོ། །” “འབྱུང་ཁུངས་མདོ་ལས། སྟོན་པའི་མིང་ནི་དྲག་རྩུབ་བསྐལ་པ་སྟེ། བདེར་གཤེགས་མཐུ་ལྡན་སྟོབས་ཀྱི་མཆོག སྟོང་དང་མཉམ་པར་གཅིག་གི་མཐུ་དང་སྟོབས་འབྱུང་སྟེ། དེའི་དུས་སུ་སེམས་ཅན་ལས་ཞན་པས། ནད་མུག་མཚོན་དང་མེ་བདུན་ཆུ་གཅིག་གིས། སེམས་ཅན་ལས་ཟད་ཐུགས་རྗེ་དོང་སྤྲུག་བྱེད་པའོ། །”ཞེས་སོགས་བྱུང་ཁུངས་ལས་ལུང་དྲང་པ་གཅིག་ཀྱང་མདོ་འདུས་ནང་ལ་མི་འདུག་ལ། མདོ་འདུས་ནི་རྩོམ་ལུས་ཚིག་བཅད་ཡིན་པ་དང་། བྱུང་ཁུངས་ལས་དྲངས་པ་རྣམས་ཚིག་ལྷུག་ཏུ་སྣང་བས་བྱུང་ཁུངས་ཀྱི་མདོ་ཞེས་པ་མདོ་འདུས་མ་ཡིན་པ་ཤེས་ནུས་སོ། །གཞན་ཡང་མཛད་མདོ་འབྲིང་པོ་གཟེར་མིག་གི་མཚན་ཟུར་དུ་བྱུང་ཁུངས་ཀྱི་མདོ་ཡིས་ཟིན་པ་དང་། སྒ་སྟོན་གྱིས་བྱུང་ཁུངས་མདོ་ལས་ལུང་འདྲེན་བྱས་པའི་ཚིག་དོན་ཕལ་ཆེར་མདོ་གཟེར་མིག་ནང་ལས་འབྱུང་ཞིང་། ལེའུ་གྲངས་ཆ་འདྲ་བར་བརྟེན། བྱུང་ཁུངས་ཀྱི་མདོ་ཟེར་བ་མདོ་གཟེར་མིག་མིན་ནམ་སྙམ་པའི་དོགས་པ་བྱུང་དང་འབྱུང་བཞིན་མཆིས་མོད། དེ་ཡང་ཞིབ་པར་དཔྱད་ན་མདོ་གཟེར་མིག་རང་བྱུང་ཁུངས་ཀྱི་མདོ་ལས་བཏུས་པའི་རྒྱུ་མཚན་གྱིས། བྱུང་ཁུངས་ཀྱི་མདོ་ཡི་ཚིག་རྣམས་གཟེར་མིག་ལས་བྱུང་ཞིང་མཚན་ཟུར་ཆགས་པ་མ་གཏོགས། བྱུང་ཁུངས་ཀྱི་མདོ་ཉིད་མདོ་གཟེར་མིག་ཡིན་པའི་རྒྱུ་མཚན་མ་ཡིན་སྙམ་སྟེ། 《མདོ་གཟེར་མིག》ལས། 9“འདུས་པ་རིན་པོ་ཆེའི་རྒྱུད་འདི་ནི། མདོ་སྡེ་ཆེན་པོ་བཞི་ཡི་ནང་ནས་དུས་གསུམ་གཤེན་རབ་བྱུང་ཁུངས་ཀྱི་མདོར་གཏོགས་སོ། །”ཞེས་དང་། “འདས་དང་མ་བྱོན་པ་གཉིས་ཀའི་གཏན་ཚིགས་ནི། དུས་གསུམ་གཤེན་རབ་བྱུང་ཁུངས་ཀྱི་མདོའི་ནང་ན་ཞིབ་པའོ། །འདུས་པ་འདི་ནི་མདོའི་ནང་ནས་བཏུས་ཀྱིན་བཀོལ་བའོ། །” ཞེས་དང་། 《ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་འགྲེལ།》10ལས། “རང་སྐྱ་ཐུབ་མ་ཐུབ་དོན་གང་བྱེད་ལ་རག རྒྱུད་གཞན་ལ་ལྟོས་སམ་མ་ལྟོས་ལ་བྱེད་ན། མདོ་འདུས་པ་རིན་པོ་འདི་ཡང་བརྟེན་པར་འགྱུར་ཏེ། དུས་གསུམ་གཤེན་རབ་བྱུང་ཁུངས་ཀྱི་མདོ་ལས་བཏུས་པའོ། །”ཞེས། མདོ་གཟེར་མིག་བྱུང་ཁུངས་ཀྱི་མདོར་གཏོགས་པ་དང་། བྱུང་ཁུངས་མདོ་ལས་བཏུས་པ་དང་། བྱུང་ཁུངས་མདོས་དུས་གསུམ་སངས་རྒྱས་རྣམས་ཀྱི་རྣམ་ཐར་ཞིབ་ཆར་བསྟན་ཡོད་ཚུལ་གསུངས་པ་ལས་། མདོ་གཉིས་གཅིག་པ་ཡིན་པའི་རྒྱུ་མཚན་མ་དམིགས་ལ། །མདོ་གཟེར་མིག་དུམ་པ་གཅིག་ལས་མེད་ཅིང་། བསྟན་དོན་ཀྱང་ད་ལྟའི་སྟོན་པའི་མཛད་རྣམ་གཙོར་སྟོན་བྱས་པ་མ་གཏོགས། འདས་མ་འོངས་གཉིས་ཀྱི་སྐལ་བཟང་སངས་རྒྱས་རྣམས་ཀྱི་རྣམ་ཐར་ཞིབ་བསྟན་མེད་པ་མངོན་དུ་མཐོང་བར་འདུག་པས་བྱུང་ཁུངས་ཀྱི་མདོ་ནི་མདོ་གཟེར་མིག་མིན་པར་སྨྲ་སྤོབས་སོ། །སྒ་སྟོན་རིན་པོ་ཆེས་ཀྱང་བདེན་པའི་མཛོད་ཕུགས་ནང་ནས་ལུང་འདྲེན་གནང་སྐབས་བྱུང་ཁུངས་ཀྱི་མདོ་ལ་བྱུང་ཁུངས་ཀྱི་མདོ་ཞེས་དྲངས་པ་དང་། མཛོད་ཀུན་བཏུས་ཀྱི་དཔེ་ཁུངས་དྲངས་སྐབས་སུ་མདོ་གཟེར་མིག་ལ་གཟེར་མིག་ཀྱི་མདོ་ཟེར་ནས་བྲིས་འདུག དེས་ན་ཁོང་གིས་ཀྱང་མདོ་གཟེར་མིག་དང་བྱུང་ཁུངས་མདོ་གཉིས་ཀར་གཟིགས་ཞིབ་མྱོང་ནས་མིང་མཚན་སོ་སོ་བཀོད་འདུག་པས་མདོ་གཟེར་མིག་དང་བྱུང་ཁུངས་མདོ་གཉིས་ཁ་ཁ་ཡིན་པ་ཤེས་ཐུབ།དེར་བརྟེན་ད་ལན་ང་ཚོས་དོ་སྣང་དགོས་པ་ནི། མདོ་གཟེར་མིག་དང་མདོ་འདུས་གཉིས་དེང་ཆར་དངོས་སུ་མཇལ་ཡུལ་ལ་ཡོད་ཀྱང་། བྱུང་ཁུངས་ཀྱི་མདོ་ནི་བསྟན་པ་ཕྱིར་དར་སྐབས་སུ་མཁས་མཆོག་སྒ་སྟོན་དང་སྤ་བསྟན་རྒྱལ་བཟང་པོ་རྣམ་གཉིས་ཀྱིས་མཇལ་མྱོང་ཡོད་ན་མ་གཏོགས། དེ་ཕྱིན་ད་བར་ཕལ་ཆེར་འཆད་ཉན་ཁྲོད་དུ་དར་ཁྱབ་བྱུང་མེད་པ་མ་ཟད། དུས་རབས་བཅོ་བརྒྱད་པ་ནས་བཟུང་མདོ་འདུས་འདི་བྱུང་ཁུངས་མདོ་ཡིན་པར་རློམས་ནས་བསྡད་ཡོད་བཟོ་འདུག དེང་དུས་བཀའ་འགྱུར་འབྲི་བཞེངས་དཔེ་བསྐྲུན་དང་། ཀློག་འདོན་སྐུར་བསྟི་བྱེད་མཁན་གང་གིས་ཀྱང་འདི་ཕྱོགས་དམིགས་སུ་བཀར་ནས་དོ་སྣང་བྱུང་མེད་པ་འདྲ།དེས་ན་ཕྲན་གྱིས་རྒྱལ་བའི་བཀའ་རིན་པོ་ཆེ་འཚོལ་བསྡུ་དང་ཐུགས་སྣང་གནང་མཁན་ལྷག་བསམ་ཅན་རྣམ་པ་གཙོས་རྒྱ་ཆེ་བའི་གཟིགས་པ་པོ་ཡོངས་ནས། སྟོན་པའི་མཛད་མདོ་རྒྱས་པ་དུས་གསུམ་སངས་རྒྱས་བྱུང་ཁུངས་ཀྱི་མདོ་ཞེས་པའི་བཀའ་རིན་པོ་ཆེ་དེ་དམིགས་བསལ་འཚོལ་བསྡུ་བྱེད་པར་སྐུལ་མ་ཡོང་རེས་རྩོམ་ཐུང་འདི་བྲིས་སྤེལ་བྱས་པ་ལགས་ན། དེ་དོན་བཞིན་མཁྱེན་ཡངས་ཚོས་དུམ་པ་དྲུག་ལ་ལེའུ་བཅོ་བརྒྱད་བདག་ཉིད་ཅན་གྱི་དུས་གསུམ་སྟོན་པའི་རྣམ་ཐར་རྒྱས་པ་《དུས་གསུམ་སངས་རྒྱས་བྱུང་ཁུངས་ཀྱི་མདོ།》ཕྱོགས་གང་སར་ནས་བཙལ་འཚོལ་བྱེད་པའི་འབོད་སྐུལ་ཚ་ནན་ཞུ་བ་དང་བཅས་སྤྱི་ལོ་ ༢༠༢༠ / ༡ / ༢༥ / དཔྱིད་གསར་དུས་ཆེན་ཉིན་པེ་ཅིང་མཐོ་རིམ་ནང་བསྟན་སློབ་གླིང་དུ་བྲིས།
དཔྱད་མཆན།
1 ཁོད་པོ་བློ་གྲོས་ཐོགས་མེད་ཀྱི་གཏེར་མ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་ནས་བསྐྲུན། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ་དེབ་ཕྲེང་གསུམ་པ་༣༢༢ ལས་གསལ།
2 གསུངས་པ་པོ་སྟོན་པ་གཤེན་རབ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་དེབ་༢༨ ལྡེབ་ངོས༢༧༧ ལས་གསལ།
3 གསུངས་པ་པོ་སྟོན་པ་གཤེན་རབ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་ནས་བསྐྲུན། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ་དེབ་གཉིས་པ་༦༣༡ལས་གསལ།
4 རྩོམ་པ་པོ་དྲན་པ་ནམ་མཁའ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་ནས་བསྐྲུན། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ་དེབ་ཕྲེང་གསུམ་པ་༩ལས་གསལ།
5 རྩོམ་པ་པོ་སྤ་བསྟན་རྒྱལ་བཟང་པོ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་ནས་བསྐྲུན། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ་དེབ་ཕྲེང་ལྔ་པ་ལྡེབ་ངོས་༢༡ལས་གསལ།
6 མཚན་ཆ་ཚང་། 《ཟབ་དང་རྒྱ་ཆེ་གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག་ཉི་མ་འབུམ་གྱི་འོད་ཟེར་ཞེས་བྱ་བ་བཞུགས། 》 རྩོམ་པ་པོ་ཀུན་གྲོལ་གྲགས་པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་བསྐྲུན། ལྡེབ་ངོས་༡༠༣ལས་གསལ།
7 མཚན་ཆ་ཚང་།《བཀའ་འགྱུར་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་བསྟན་པའི་མེ་རོ་སྤར་བའི་རླུང་གཡང་བོན་བོན་གྱི་པད་མོ་རྒྱས་བྱེད་ཉི་འོད་ཅེས་བྱ་བའི་དབུ་ཕྱོགས་བཞུགས་སོ། །》རྩོམ་པ་པོ་ཀུན་མཁྱེན་ཉི་མ་བསྟན་འཛིན། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་ནས་བསྐྲུན། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ་དེབ་ཕྲེང་ལྔ་པ་ལྡེབ་ངོས་༢༢༧ལས་གསལ།
8 རྩོམ་པ་པོ་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། ལྔ་རིག་བོན་གྱི་སྙིང་གཏེར་དེབ་དང་པོ།
9 གསུང་པ་པོ་སྟོན་པ་གཤེན་རབ། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ་པོད་གཉིས། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་ནས་བསྐྲུན། ཤོག་ངོས་༦༣༡ ལས།
10 རྩོམ་པ་པོ་འགྲོ་མགོན་བློ་རྒྱས་མཚན། སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས་དེབ་དགུ་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། ཤོག་ངོས་༡༥་ལས།