ལོ་སྔ་མའི་བྱ་བའི་གྲུབ་འབྲས་དང་འབྲེལ་ཏེ་ད་ལྟའི་འགན་འཁྲིའི་སྐོར་གླེང་བ།

[ཟླ་ཚེས། 2019-08-27 15:29:41][རྩོམ་པ་པོ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ལོ་སྔ་མའི་བྱ་བའི་གྲུབ་འབྲས་དང་འབྲེལ་ཏེ་ད་ལྟའི་འགན་འཁྲིའི་སྐོར་གླེང་བ།
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པའི་སྟེང་གི་གཏམ་བཤད་ཟིན་ཐོ།
ས་གནས། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཟིང་ཆུ་རྫོང་རིན་སྤུངས་དགོན།  དུས་ཚོད། ༢༠༡༩ ལོའི་ཟླ་ ༨ ཚེས་ ༢༢ ཉིན། 
རྩེ་ཞིག་ཚང་ཤེས་བསྟན་པའི་ཟླ་བ།
   ཤེས་རབ་ཀྱི་འོད་རླབས་འབར་ཞིང་། སྙིང་རྗེ་ཡིས་ཐུགས་རྒྱུད་ཕྱུག་པ། གཞན་ཕན་གྱི་ལྷག་བསམ་མཐོ་བའི་གཙོ་འཛིན་རྣམ་པ་དང་། སྐུ་མགྲོན་རྣམ་པ། རྒྱུན་ལས་ལས་འཛིན་རྣམ་པ། 
   བཀུར་འོས་བསྟན་འཛིན་སྐྱེས་ཆེན་རྣམ་པས་ཐུགས་ཁུར་རྒྱབ་སྐྱོར་ཚད་མེད་གནང་བའི་འོག་དང་། རྔ་བ་བོད་རིགས་རང་སྐྱོང་ཁུལ་ཟིང་ཆུ་རྫོང་རིན་སྤུངས་དགོན་པའི་འདུས་སྤྱི་དང་། དགོན་འདིའི་འབྲེལ་ཡོད་ཀྱི་རྒྱ་ཆེའི་དད་ལྡན་མང་ཚོགས་ཡོངས་ནས། བསྟན་དོན་དུ་སྦྱིན་བདག་གི་མཐུན་རྐྱེན་བླ་མེད་སྦྱར་བར་བརྟེན་ཏེ། བོན་བསྟན་ཤེས་རིག་འཕེལ་རྒྱས་ཀྱི་ལས་དོན་སྒྲུབ་སྟངས་ཐད་ལ། ང་ཚོས་ཕན་ཚུན་སྐུལ་སློང་དང་། བསམ་བློ་བརྗེ་རེས་ཡོང་བ་བྱས་ཁར།  ཀུན་གྱིས་ནུས་ཤུགས་མཉམ་འདོན་བྱེད་རྒྱུ་བརྗོད་གཞིར་བཟུང་བའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པ་ད་ལྟ་དངོས་སུ་འཚོགས་མགོ་བརྩམ་པ་རེད། དེ་བས། ངས་འདིར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ། བསྟན་དོན་ལ་ཤ་ཞེན་གྱི་གདུང་བ་ཟབ་ལ། ནང་ཁུལ་གྱི་མཐུན་ལམ་ལ་གཙིགས་འཛིན་མཐོང་ཆེན་བྱེད་ཅིང་། སྤྱི་དོན་གྱི་བྱ་བའི་ཁུར་ལྕི་ག་འདྲ་ཡིན་ཡང་ལྷག་བསམ་དྲོན་པོ་དང་། མཛད་བཟང་སྨ་མེད་ཀྱི་དཔུང་གིས་འདེགས་པར་བརྩོན་པའི་འདིར་ཕེབས་ཚོགས་ཞུགས་རྣམ་པ་ཡོངས་ལ། སྙིང་དབུས་ནས་གུས་བཀུར་དང་འཚམས་འདྲི་ཞུ་རྒྱུ་ཡིན་པ་མ་ཟད། ཟིང་ཆུ་རྫོང་རིན་སྤུངས་དགོན་པའི་རྒྱ་ཆེའི་དད་ལྡན་སེར་སྐྱ་མང་ཚོགས་ཡོངས་ནས་ཀྱང་། དད་འདུན་གྱི་གཏོང་ཕོད་དང་ལྷག་བསམ་རྣམ་དག་གིས་ཀུན་ནས་བསླངས་ཏེ། བོན་གྱི་སྡོངས་གྲོགས་བོན་གྱིས་བྱེད་པའི་མཚོན་རྟགས་སུ། མཉམ་འབྲེལ་ལྷན་ཚོགས་ཀྱི་ངོ་བོ་ལ་འདི་ལྟར་མཐོང་ཆེན་གྱིས་རིན་ཐང་ཡོད་པར་བྱས་པ་ལ། དམིགས་བསལ་གྱིས་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 
   དུས་རབས་ཀྱི་འགྲན་རྩོད་རྒོད་པའི་དེང་གི་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་ལྟར། བོན་འབངས་སྤྱིའི་བསྟན་དོན་གྱི་ལས་དབང་གི་སྐྱིད་སྡུག་གཅིག་པའི་བྱ་བཞག་ལ། ཐུགས་ཀྱི་ཟབ་ས་ནས་སེམས་ཤུགས་ཆེན་པོས་ལེགས་པར་དགོངས་ཏེ། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་གྲུབ་མཐའ་སོ་སོའི་བར་ལ། ཕན་ཚུན་རྒྱུས་ལོན་མཛའ་མཐུན་གྱི་འབྲེལ་བ་གོང་དུ་སྤེལ་བར་བརྩོན་ཞིང་། གནའ་རབས་བོད་ཀྱི་ཤེས་རིག་གི་ངོ་བོ་འདི་བཞིན་ཕྱོགས་ཡོངས་ནས་རྒྱུན་འཛིན་བྱེད་པར་ཆ་རྐྱེན་གྱི་རྩིག་རྨང་འདིང་བ་དང་། དེ་དོན་དར་སྤེལ་གང་ལེགས་ཡོང་བར་ཞབས་འདེགས་སྔར་ལས་ལྷག་པ་ཞུ་བའི་ཆེད་དུ། མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྒན་གཞོན་དང་དྲུང་ཡིག་རྒན་གཞོན། རྒྱུན་ལས་ལས་འཛིན་སོགས་ཚོགས་པའི་མི་སྣ་ཡོངས་ཀྱིས་བསྟན་དོན་འབའ་ཞིག་གཞི་ལ་བཞག་སྟེ། ལས་གྲོགས་ཕན་ཚུན་བར་ལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་སྒོ་ནས། ཁ་མིག་ཡར་ལྟ་དང་ནུས་པ་མཉམ་འདོན་བྱེད་པ་བརྒྱུད། ལོ་སྔ་མའི་ཚོགས་ཆེན་གྱི་དགོངས་དོན་གྲོས་ཆོད་ཁག་ཧུར་ཐག་གིས་ལག་བསྟར་ཅི་ནུས་བྱས་པ་དང་། ལྷག་པར་དུ། སྐྱབས་རྗེ་རྒྱལ་བ་གཤེན་སྲས་རིན་པོ་ཆེ་གཙོས་པའི་མཚན་འཛིན་ཚོགས་གཙོ་དང་། བློ་འདྲི་མི་སྣ་རྣམ་པས་གལ་ཆེའི་སློབ་སྟོན་གནང་བའི་མཛུབ་ཁྲིད་འོག་ཏུ། ཚོགས་པའི་མི་སྣ་སུ་ཡིན་ཡང་རང་སྟེང་གི་འགན་འཁྲི་ལ་སེམས་ཤུགས་ཀྱི་འདུ་ཤེས་མཐོ་རུ་བཏེགས་ཏེ། ལྷན་ཚོགས་ཀྱི་ལས་དོན་ཐད་ལ་ཞབས་ཞུའི་འབད་འབུངས་ལྷོད་མེད་བྱས་སྟབས། བོན་བསྟན་ཤེས་རིག་འཕེལ་རྒྱས་ཀྱི་མདུན་ལམ་ལ། དངོས་ཤུགས་བརྒྱུད་གསུམ་གང་རུང་ནས་གདུང་འདེགས་ཀྱི་ནུས་པ་ཐོན་པའི་སྟོབས་ཤུགས་མི་དམན་པ་ཞིག་བསྣན་དང་སྣོན་བཞིན་ཡོད་པ་མ་ཟད། ཕྱོགས་གཞན་ཞིག་གི་ཐད་ནས་བསམ་བློ་བཏང་ཚེ།  དེ་ནི་རང་ཅག་གི་མི་ཚེའི་བརྒྱུད་རིམ་སྐོར་གསེར་སྦྱངས་ཀྱི་རིན་ཐང་གི་ངོ་བོར་བཞེངས་པ་ལ་ལོ་རྒྱུས་ཀྱིས་ང་ཚོར་སྤྲད་པའི་གོ་སྐབས་རྩ་ཆེན་ཞིག་ཀྱང་ཡིན། རྣམ་པ་ཚོ།  གཤམ་དུ་བདག་གིས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་ལས་དོན་སྐོར་ལ། རང་སྟེང་གི་འགན་འཁྲི་དང་འབྲེལ་བའི་ཐོག་ནས་བསམ་འཆར་འགའ་ཞིག་གླེང་རྒྱུ་ཡིན་པས། འགྲིག་མིན་གྱི་ཐད་ལ་ལྷན་རྒྱས་ནས་སྐྱོན་བརྗོད་དང་ཡོ་བསྲང་གནང་རྒྱུ་བཀའ་དྲིན་ཆེ་ཞུ།
དོན་ཚན་དང་པོ། 
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྔར་སོང་ལོ་གཅིག་རིང་གི་ལས་ཀའི་གནས་བབ་ལ་ལྟ་བ།
༡ ལོ་སྔོན་མའི་གྲོས་ཆོད་ཁག་ལེགས་འགྲུབ་བྱུང་ཡོད་མེད་ཐད་ཀྱི་གནས་ཚུལ་གསལ་བཤད།
   ལྷན་རྒྱས་ནས་མཁྱེན་གསལ་ལྟར། སྤྱི་ལོ་ ༢༠༡༨ ལོའི་ཟླ་༩ ཚེས་ ༢༥ ཉིན། གཏན་ལ་ཕབ་པའི་འཆར་གཞི་ཁག་ལེགས་འགྲུབ་དང་བཅས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ། མདོ་སྨད་རྔ་ཡུལ་སྣང་ཞིག་དགོན་ཆེན་ནས་ཁ་དགེ་བཀྲ་ཤིས་ངང་མཇུག་སྒྲིལ་བ་ཡིན་ཞིང་། སྐབས་དེར་བསྡོམས་པས་གྲོས་ཆོད་སྣ་ཁ་བརྒྱད་གཏན་འབེབས་བྱས་ཡོད་པ་རེད། ཕྱི་ནང་གི་མཐུན་རྐྱེན་འཛོམས་མིན་གྱི་དབང་གིས། རྒྱ་ཆེའི་དད་ལྡན་མང་ཚོགས་ལ་བོན་གྱི་ངོ་བོ་མཚོན་ཐུབ་པའི་སྐེ་འདོགས་སམ་ལག་རྟགས་བཟོ་རྒྱུ་དང་། བཀའ་བརྟེན་གྱི་ལུང་རྒྱུན་སྤེལ་བའི་ལས་གཞི་མྱུར་སྒྲུབ་ཀྱི་འགན་འཛིན་ཚན་ཁག་འཛུགས་ཐབས་གནང་རྒྱུ་གཉིས་འཐུས་ཤོར་དུ་སོང་བ་ཕུད། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་ལས་གཞི་གཙོ་བོ་རྒྱལ་བའི་བཀའ་འགྱུར་གྱི་སྐོར་ལ་ཤུགས་སྣོན་པ་དང་། དེ་བཞིན་མཐའ་མཚམས་ས་ཁུལ་གྱི་བོན་སྡེ་རྣམས་ལ་གཟིགས་སྐྱོང་གནང་རྒྱུ། ཚོགས་འདུའི་སྒྲིག་ལམ་དོ་དམ་ཚགས་ཚུད་གནང་རྒྱུ། ཡིག་སྒྱུར་ཚོགས་འདུའི་སྐབས་མི་སྣ་གང་བྱུང་མི་ཡོང་བ་བཟོ་རྒྱུ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཡིག་རྙིང་འཚོལ་བསྡུ་ཚན་ཁག་ནང་བོད་ལྗོངས་སྦྲ་ཆེན་རྫོང་ནས་མི་སྣ་བསྐོ་བཞག་གནང་རྒྱུ། ལོ་བསྟུད་མར་བཀའ་འགྱུར་དག་འདོན་གནང་བར་འབད་རྒྱུ་བཅས་ཀྱི་གྲོས་ཆོད་ཁ་ཤས་རྩ་བའི་ཆ་ནས་ལམ་ལྷོངས་གང་འཚམ་བྱུང་ཡོད་ཅིང་། དོན་ཚན་རེ་གཉིས་ཀྱི་ཐད་ལ་མུ་མཐུད་དུ་ཧུར་བརྩོན་བྱེད་བཞིན་པའི་སྒང་ཡིན། དེ་ཡང་། དཔེར་ན། བཀའ་འགྱུར་དག་འདོན་གྱི་ཐད་ནས་ལོ་སྔོན་མར། ཀུན་མཁྱེན་ཤར་རྫ་བའི་གདན་ས་དང་། བོད་ལྗོངས་ནག་ཆུ་ས་གནས་གྱེར་བསྟན་གླིང་གཉིས་ནས། མ་བསྐུལ་དང་བླང་གིས་བཀའ་འགྱུར་དག་འདོན་གྱི་བཀའ་དྲིན་སྐྱོང་བའི་ཞལ་བཞེས་བསྩལ་བ་ཡིན་ལ། གང་ལྟར་ད་ལྟ་ལོ་རེ་ནས་ལོ་རེ་བཞིན། བཀའ་འགྱུར་འདོན་མཁན་གྱི་དགོན་སྡེ་མང་དུ་འཕེལ་བཞིན་ཡོད་པ་ལྷན་རྒྱས་ནས་མཁྱེན་གསལ་ལྟར་རེད། ཡིག་སྒྱུར་སྐབས་ཀྱི་ཚོགས་འདིའི་མི་སྣ་ཚད་བཀག་གནང་རྒྱུ་དང་། མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུའི་སྒྲིག་ལམ་དམ་འཛིན་བྱེད་རྒྱུ་ལྟ་བུར་མཚོན་ན་སྐབས་ཐོག་ལྟར་ཡུལ་དངོས་ནས་ཐག་གཅོད་མཛད་སླ་བའི་སྐོར་ཡིན་ཞིང་། མཐའ་མཚམས་ས་ཁུལ་གྱི་བོན་སྡེ་རྣམས་ལ་གཟིགས་སྐྱོང་གནང་རྒྱུའི་ཐད་ནས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་སྐུ་གཞོན་མཁན་པོ་རིག་འཛིན་དབང་རྒྱལ་མཆོག་དང་། དྲུང་ཡིག་པ་མཁན་པོ་ཚེ་རིང་ནོར་བུ་སོགས་ནས། སི་ཁྲོན་མཐའ་མཚམས་ས་ཁུལ་གྱི་བོན་སྡེ་ཁག་གི་བྱ་བའི་ཡུལ་དངོས་ལ་གཞིགས་ཏེ། མི་སྣ་མངགས་གཏོང་དང་མཐུན་ལམ་ཇེ་དམ་དུ་བཏང་བའི་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་ཡོད་ན་ཡང་། བྱ་བ་འདིའི་རིགས་ནི་གནད་དོན་གལ་ཆེན་ཡིན་པའི་ཁར། མདོ་དབུས་ཁམས་གསུམ་གྱི་ས་ཁྱོན་ཤིན་ཏུ་རྒྱ་ཆེན་པོར་སོང་སྟབས། རང་ཉིད་ཀྱི་ས་ཕྱོགས་དང་འབྲེལ་བའི་ཕྱོགས་སོ་སོ་ནས་ཚང་མས་ནུས་པ་འདོན་ཐུབ་ཚེ། གནས་ཚུལ་དེ་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་ངེས་ཡིན་པ་ལས། རྒྱང་རིང་ཕུགས་འདུན་གྱིས་ཕྱུག་པའི་ལས་འཆར་འདི་ཉིད་མི་རེ་གཉིས་ཤིག་གིས་ལས་སླ་བོར་འགྲུབ་པའི་བྱ་བ་ཞིག་གཏན་ནས་མིན། བཀའ་འགྱུར་མ་དཔེ་གཏན་འབེབས་སྒྲིག་ཞུའི་སྐོར་དམིགས་བསལ་གྱིས་ཚན་པ་རྗེས་མར་གླེང་ན་འཚམ་པར་འདོད་པ་བཅས་ཀྱིས། ལོ་སྔོན་མའི་གྲོས་ཆོད་ཁག་ལེགས་འགྲུབ་བྱུང་ཡོད་མེད་ཐད་ལ་གསལ་བཤད་མཛུབ་མོ་རི་སྟོན་ཙམ་བྱས་པ་ལས། དྲུང་ཆེ་ལགས་ཀྱི་དེ་དག་གི་གནས་ཚུལ་ཞིབ་ཕྲ་དོན་གནད་ཟུང་དུ་སྦྲེལ་ཏེ། ཚོགས་འདུ་ལ་ལོ་གཅིག་གི་བྱ་བའི་ལས་དོན་སྙན་ཞུ་འབུལ་རྒྱུ་ཡིན་པས། ངས་འདི་ནས་ཆུ་ཚོད་མང་པོ་འཕྲོ་བརླག་ཏུ་གཏོང་རྒྱུ་མིན།
༢ གོང་ཞུས་གྲོས་ཆོད་ཁག་ཕུད་འདས་པའི་ལོ་ངོ་གཅིག་གི་ནང་བསྒྲུབས་ཟིན་པའི་བྱ་བ་གཞན་དག་ཅི་འདྲ་ཡོད་དམ།
   གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ནི་བོན་བསྟན་ཤེས་རིག་གི་གནས་བབ་ལ། བོན་བསྟན་ཤེས་རིག་གི་གནས་བབ་ཀྱི་གཟུགས་དབྱིབས་བསྐྲུན་ཕྱིར་བཙུགས་པ་ཞིག་རེད། དེ་བས་ལྷན་ཚོགས་ཆེན་མོ་དབུ་བརྙེས་པ་བརྒྱུད་བོན་བསྟན་ཤེས་རིག་གི་གནས་བབ་མཐོར་འདེགས་ལ་ཟིལ་ཤུགས་ཀྱི་གཟི་བརྗིད་བསྣན་ཡོད། གནས་ཚུལ་འདི་ནི་བོན་གྱི་ལོ་རྒྱུས་འཕེལ་རིམ་ལ་བལྟོས་ཏེ་གླེང་ན། ཧ་ཅང་རྙེད་དཀའ་བའི་ཕྱི་ནང་གི་ཆ་རྐྱེན་ནུས་པ་དང་ལྡན་པ་ཞིག་ཏུ་མཐོང་ཐུབ་ཕྱིར། ང་ཚོའི་ཕྲག་ཐོག་ཏུ་བབས་པའི་འགན་འཁྲི་ནི་གཟི་བརྗིད་ཆེ་ལ་དཀའ་ཚེགས་ལྡན་པ་ཞིག་ཡིན་རུང་། རྡོ་ལག་བརྒྱུད་དང་། ཆུ་ལམ་ཞུགས་ཟེར་བའི་དཔེ་བཞིན། གོང་ཞུས་ལོ་སྔོན་མའི་གྲོས་ཆོད་ཁག་ཏུ་མ་ཐེ་བའི་འདས་པའི་ལོ་ངོ་གཅིག་གི་ནང་དུ། ལྷན་རྒྱས་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དགོངས་དོན་རང་འགུལ་གྱིས་དང་ལེན་བྱས་ཏེ། རང་གི་བགོས་ཐོབ་ཀྱི་ལས་གནས་ལ་ནན་ཏན་གྱིས་འགན་ཁུར་བ་དང་། ཕན་འབྲས་གཙིགས་སུ་བཟུང་བས་གྲུབ་འབྲས་ཀྱང་ཅི་ལ་གང་འཚམ་ཞིག་ཐོབ་ཡོད་པ་སྟེ། དཔེར་ན། གངས་ལྗོངས་བོན་དཔྱད་དེབ་རྩོམ་སྒྲིག་ཚོགས་པས། ཞང་ཞུང་ཤེས་རིག་ཞིབ་འཇུག་དེབ་ཕྲེང་གཉིས་པ་པར་བསྐྲུན་མཛད་ཅིང་། དེ་བཞིན་ཡིག་རྙིང་འཚོལ་བསྡུ་ཚན་ཁག་གིས་འཚོལ་བསྡུ་བྱས་པའི་གསུང་རབ་གླེགས་བམ་བརྒྱ་ཕྲག་ཁ་ཤས་ལས་བརྒལ་བ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་ནས་པར་སློག་བརྒྱབ་པ་མ་ཟད། མཉམ་འབྲེལ་ལྷན་ཚོགས་དང་ཧི་མ་ལ་ཡའི་བོན་དྲ་བ་གཙོ་སྒྲུབ་ཁང་གཉིས་མཉམ་འབྲེལ་གྱི་སྒོ་ནས་ཧི་བོན་དཔེ་མཛོད་ཁང་ཞེས་པའི་དྲ་ངོས་གསར་བ་ཞིག་བཟོ་བསྐྲུན་ལེགས་འགྲུབ་བྱུང་ཡོད་ལ། གཡུང་དྲུང་བོན་ཞི་བདེ་སྨོན་ལམ་ཆེན་མོའི་འགན་འཛིན་ཚན་ཁག་གིས་བསྟན་དོན་ལ་ཞབས་འདེགས་བླ་མེད་བསྐྱངས་དང་སྐྱོང་བཞིན་ཡོད་པ་ཀུན་གྱི་ཐུགས་ལ་མཁྱེན་གསལ་ལྟར་ཡིན། དེ་མཚུངས་ཚོགས་གཙོ་སྐུ་གཞོན་ཐར་བདེ་རིན་པོ་ཆེ་མཆོག་གིས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་སྐབས་གཉིས་པའི་ཚོགས་ཆེན་ཐེངས་གཉིས་པ་དང་། གཡས་རུ་འཆད་རྩོད་ཆེན་མོ་སྐབས་གཉིས་པའི་གནས་ཚུལ་ཁྱབ་སྤེལ་ལ་དགོངས་ནས་བོན་བསྟན་ཤེས་རིག་གི་སྤྱི་ཚོགས་ཀྱི་སྣང་ཚུལ་མཚོན་པ་སྟེ། ལོ་ངོ་ཁྲི་ཕྲག་གི་རྒྱུན་མཐུད་བོན་དབྱངས་ཞེས་པའི་བརྙན་གཟིགས་ལེགས་སྒྲིག་ཁྱབ་སྤེལ་གནང་བ་དང་། ༢༠༡༨ ལོའི་ཟླ་ ༡༢ པའི་ཚེས་ ༢༦ ཉིན་སྐྱབས་རྗེ་རྒྱལ་བ་གཤེན་སྲས་རིན་པོ་ཆེ་མཆོག་ཉིད། མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་དུ་གདན་ཞུས་མཛད་དེ། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་གཏན་འབེབས་སྒྲིག་ཞུ་དང་འབྲེལ་བའི་ལས་ཀའི་ཁྲོད་ཀྱི་དཀའ་ངལ་སྐོར་ཇི་ལྟར་ཐག་གཅོད་བྱེད་དགོས་ལུགས་བཅས་ལ། རིན་པོ་ཆེ་མཆོག་གི་སློབ་སྟོན་ལ་ཉན་ཏེ་རང་གི་བསམ་བློའི་ངོས་འཛིན་མཐོར་འདེགས་བཏང་བ་ཡིན། དེ་བཞིན་སྔར་ལོའི་སྤྱི་ཟླ་ ༡༢ ཚེས་ ༣༡ ཉིན་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་མཉམ་འབྲེལ་གྱིས་བཀའ་འགྱུར་མ་དཔེ་གཏན་འབེབས་སྒྲིག་ཞུ་དང་འབྲེལ་བའི་དཔྱད་གླེང་ཚོགས་འདུ་བསྡུས་ནས་བཀའ་འགྱུར་མ་དཔེ་གཏན་འབེབས་སྒྲིག་ཞུའི་ཆེད་མཁས་མི་སྣ་རྣམ་པས། གསལ་བཤད་གཅིག་ཤེས་ཀུན་གྲོལ་སྐོར་ལ་དྲི་བ་བཏོན་པར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་འགན་འཛིན་པ་རྒན་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་དང་། དྲུང་ཆེ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་རྣམ་པ་གཉིས་ནས་ཐེངས་འདིའི་དྲི་བ་ཁག་ལ་ཡུལ་དངོས་དང་འབྲེལ་བའི་སྒོ་ནས་ལན་བསྐྱོན་པ་ཡིན། ད་ལོའི་ཟླ་ ༣ ཚེས་ ༡༨ ནས་ ༢༣ ཉིན་ཏེ་དུས་ཡུན་ཉིན་དྲུག་གི་རིང་ལ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྒན་གཞོན་གཉིས་དང་། དྲུང་ཡིག་རྒན་གཞོན་གཉིས་བཅས་ཁྲིན་ཏུའུ་རུ་མཉམ་རུབ་ཀྱིས་འདུས་ཏེ། བཀའ་འགྱུར་པར་སྐྲུན་ལ་མཁོ་བའི་རྩོམ་ཡིག་བཀོད་སྒྲིག་གནང་ཕྱོགས་སྐོར་ལ་གྲོས་བསྡུར་དང་ལས་བགོས་བྱེད་པའི་བྱ་བ་གཉེར་ཞིང་། དེ་བཞིན་བོད་ཟླ་ ༥ ཚེས་ ༡༥ ཉིན་དྲུང་ཆེ་འགོ་བ་དགེ་བཤེས་མཆོག་ཆེད་ཕེབས་ཀྱིས། ལྷ་སར་འཛམ་གླིང་སྤྱི་བསང་གི་འགོ་འཛིན་གནང་པས་མཚོན། ང་ཚོ་སུ་ཡིན་ཡང་རང་གི་ནུས་པ་དང་བསྟུན་ཏེ། མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ཆེ་ཕྲ་ཅི་རིགས་ལ་ཚད་མཐོའི་མཐོང་ཆེན་དང་སྔར་བས་ཤུགས་སྣོན་བརྒྱབ་པ་ཡིན།
༣ ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་གཏན་འབེབས་སྒྲིག་ཞུ་ལས་ཀའི་སླེབས་ཚད་ཀྱི་གནས་སྟངས།
   ཀུན་གྱིས་མཁྱེན་གསལ་ལྟར་གཡུང་དྲུང་བོན་གྱི་བཀའ་འགྱུར་ནི། གཤེན་བསྟན་རིན་པོ་ཆེའི་ངོ་བོ་ཇི་བཞིན་སྟོན་པར་ཚབ་བྱེད་རང་བཞིན་ལྡན་པའི་རྩ་བའི་གཞུང་ལུགས་ཤིག་རེད། གཞུང་ལུགས་དེའི་རིག་པའི་ཚེ་སྲོག་གི་ངོ་བོ་སྐྱོན་མེད་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བ་ལ། གསུང་རབ་ཉར་ཚགས་དང་དག་སྒྲིག་གི་ཐད་ལ་འབད་བརྩོན་ལྷོད་མེད་བྱེད་དགོས་པ་ལོ་རྒྱུས་ཀྱིས་ང་ཚོ་ལ་བཏོན་པའི་བླང་བྱ་གལ་ཆེན་ཡིན་པ་ལྟར། སྐྱབས་རྗེ་མཁན་སློབ་གཤེན་གསུམ་གྱི་དགོངས་པ་གཅིག་གྱུར་ཡིན་པའི་བཀའ་སློབ་འོག རྒྱ་ཆེའི་བོན་དད་སེར་སྐྱ་མང་ཚོགས་ཀྱིས་འདོད་བློ་ལྟར་ཡུལ་དངོས་ཟུང་དུ་འབྲེལ་བ་བྱས་ཏེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བྱ་བའི་ཁྱོན་ཡོངས་ལ་བཀོད་སྒྲིག་བྱས་པ་བརྒྱུད། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་གཏན་འབེབས་སྒྲིག་ཞུའི་ལས་ཀ་དངོས་སུ་སྒྲུབ་མགོ་བརྩམས་པ་ཙམ་དུ་མ་ཟད། རླབས་ཆེ་བའི་བྱ་བཞག་འདིའི་ཆེད་དུ་བོན་གྱི་རྩ་ཆེན་མི་སྣ་མང་པོས་རྒྱུ་ཚེགས་ཤེས་འཇོན་གྱི་ནུས་ཤུགས་གང་ཡོད་བཏོན་དང་འདོན་བཞིན་ཡོད། དེ་ལ་མིག་སྔར་བསྡུ་སྒྲིག་བྱས་པའི་བཀའ་འགྱུར་གྱི་མ་དཔེ་ལ་གླེགས་བམ་བརྒྱ་དང་བརྒྱད་ཅུ་གྱ་དྲུག་ཡོད་པ་ལས། ༢༠༡༨ ལོའི་ཟླ ༨ ཚེས་ ༡༠ ཉིན་སྤེལ་བའི་གནས་ཚུལ་ལྟར་ན། དེ་སྔོན་མ་བུ་ཐོད་གཏུགས་སམ་ཞུ་དག་ཐེངས་དང་པོ་འགྲུབ་ཟིན་པའི་དཔེ་ཆ་ ༡༨༤ ཡོད་ལ། ད་དུང་མ་བུ་ཐོད་གཏུགས་མ་ཚར་བའི་དཔེ་ཆ་པོད་གཉིས་བྱུང་བ་ནི་པོད་ཀྱི་ཨང་རིམ་ལྟར་ན་པོད་ ༡༨༥ པ་དང་ ༡༨༦ པ་གཉིས་རེད། དཔེ་བསྡུར་རམ་ཞུ་དག་ཐེངས་གཉིས་པ་བྱས་ཟིན་པའི་དཔེ་ཆ ༡༦༢ དང་། དཔེ་བསྡུར་རམ་ཞུ་དག་ཐེངས་གཉིས་པ་མ་ཚར་བའི་པོད་ ༢༤ ལྷག་ཡོད། སྤྱིར་བཀའ་འགྱུར་གྱི་པོད་ཀྱི་ངོས་ནས་ལྟོས་ཚེ་བརྒྱ་ཆའི་གྱ་བདུན་དང་གྲངས་ཆུང་བདུན་ཙམ་གྱི་ལས་ཀ་ཚགས་སུ་ཆུད་ཡོད་པ་ཡིན་མོད། ད་དུང་སྒྲིག་ཞུ་བ་རྣམ་པས་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ལས་རིགས་གལ་ཆེན་འདི་ཉིད་འཐུས་ཤོར་དུ་མ་སོང་བར་དུས་ཚོད་དམ་འཛིན་བྱས་ཏེ།བྱ་ལས་དུས་ལས་མ་ཡོལ་བར་དཔེ་སྐྲུན་ཁང་ལ་སྤྲོད་རྒྱུ་བཀའ་དྲིན་སྙིང་ཁོང་རུས་པའི་གཏིང་ནས་ལན་བརྒྱར་ཞུས་པ་ཡིན།
དོན་ཚན་གཉིས་པ།
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མདུན་དུ་ལྷག་ཡོད་པའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་སྐོར།
༡ བཀའ་འགྱུར་སྒྲིག་རིམ་གྱིས་མཚོན་པའི་དཀར་ཆག་གཏན་འབེབས་ལ་ཆེད་མཁས་མི་སྣ་གཏན་འཁེལ་གནང་རྒྱུ།
   ས་ཕྱོགས་གང་དུ་བསྟན་པའི་དབུ་འཕང་མཐོ་བའི་གནས་དེ་ན་གསུང་རབ་ཀྱི་སྡེ་ཚན་དབྱེ་སྟངས་དང་། ཡི་གེ་སོགས་ཀྱང་ཤིན་ཏུ་དག་པ་འབྱུང་བ་ཡིན་ཞེས་པའི་སྡོམ་ཚིག་ལྟར། བཀའ་འགྱུར་མ་ཕྱི་སྒྲིག་སྟངས་ཀྱི་རིམ་པ་ལུང་དང་མཐུན་པའི་སྒོ་ནས་གཏན་ལ་འབེབས་དགོས་པ་སྨོས་མེད་ཡིན་ཞིང་། དེའི་གཞུང་ཚིག་གི་ནང་དོན་ལྟར་རིགས་དབྱེ་བ་དང་ལེ་ཚན་བགར་སྟངས་ཀྱི་ཐད་ལ་ཞིབ་ཆ་ཐོན་དགོས་པ་མ་ཟད། སྔོན་མའི་དཀར་ཆག་སྒྲིག་ཚུལ་གྱི་ལེགས་ཆ་རྣམས་འཛོམས་ཡོད་ཐོག་སྡེ་ཚན་སོ་སོའི་མིང་གི་ཐོ་ཡིག་གསལ་བོར་འཁོད་པའི་དཀར་ཆག་ཚད་ལྡན་བཟོ་རྒྱུ་བཅས་ནི། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་པར་སྐྲུན་ཐད་ཀྱི་དོན་གནད་འགངས་ཆེན་ཞིག་ཏུ་ཆགས་ཡོད་པ་སྟེ། དཔེར་ན། སྨོན་རྒྱལ་ལྷ་སྲས་ཀྱི་རྫོགས་ཆེན་ཡེ་ཁྲི་མཐའ་སེལ་ལ་མཚོན་ན། གླེགས་བམ་དེའི་ནང་དུ་འོག་ཀླུ་ཡུལ་དུ་བསྒྲགས་པའི་སྐོར་བཞུགས་མེད་ཐོག བར་མི་ཡུལ་དུ་བསྒྲགས་པ་དང་སྟེང་ལྷ་ཡུལ་དུ་བསྒྲགས་པའང་ཆ་མི་ཚང་བར་གྱུར་ཡོད་པས། ལེའུ་ཚན་ཆད་འདུག་པ་རྣམས་དཀར་ཆག་ནང་འགོད་དགོས་མིན་དང་། གཞན་པོད་ཁ་ཤས་སུ་པོད་དེ་ཉིད་དང་འབྲེལ་བ་མེད་པའི་ཚན་པ་རེ་གཉིས་མཐོང་རྒྱུ་འདུག་པ་སོགས་ནི། མར་ཕྲི་དགོས་མིན་སོགས་ཐག་གིས་ཆོད་དགོས་ལ། དེ་མཚུངས་དུམ་པ་སོ་སོའི་གོ་རིམ་སྒྲིག་སྟངས་ཐད་ནས་ཀྱང་རྙོག་འཛིང་ཞིབ་ཚེགས་ཆེ་ཞིང་། གལ་འགངས་དོན་སྙིང་ཆེ་བ་གཉིས་སྟག་སེང་ཁ་སྤྲོད་ལྟར་ཡོད་པའི་ལས་གཞི་འདིའི་རྩོམ་སྒྲིག་ལས་ཀའི་སྤུས་ཚད་དང་། ནང་དོན་གྱི་ཆ་སོགས་གང་ཐད་ལ་རང་གཞན་མཁས་བླུན་སུས་བལྟས་རུང་། ལུང་རིགས་གང་ཐད་ནས་གནོད་པ་མེད་པ་ཞིག་ཡོང་ཐུབ་ཀྱི་སླད་དུ། ལས་དོན་འདིའི་ཁུར་ཐེག་པས་མི་ཚད་ནུས་ཤུགས་འདོན་ངེས་ཡིན་མིན་གྱི་ཆ་ནས་བསམ་བློ་སྔོན་ལ་ཐིངས་པར་བྱས་ཏེ། ཨ་ཡོད་ནང་གི་ད་ཡོད། སྒོ་ངའི་ནང་གི་སེར་ཐིག་ཅེས་པ་ལྟར། མཁས་པའི་དཔུང་ཁག་གི་སྟོབས་ཤུགས་ལྡན་པའི་བཀའ་འགྱུར་དཀར་ཆག་གཏན་འབེབས་རྩོམ་སྒྲིག་འགོ་ཁྲིད་ཚན་ཁག་ཅིག་གཏན་འཁེལ་གནང་རྒྱུ་ནི། ལས་གཞི་འདི་ལ་འབྲས་བུ་བཟང་པོ་འབྱུང་བར་མེད་ཐབས་མེད་པའི་རྩ་བའི་ཆ་རྐྱེན་ནམ། འགན་འཁྲི་ལེགས་འགྲུབ་ཀྱི་ཁག་ཐེག་ཉག་གཅིག་ཏུ་ཆགས་ཡོད་པ་ལྟར་རེད།
དེ་ལ་བཀའ་འགྱུར་དཀར་ཆག་གཏན་འབེབས་རྩོམ་སྒྲིག་འགོ་ཁྲིད་ཚན་ཆུང་གི་མི་སྣ་བསྐོ་བཞག་ཐད་ནས། ཡོན་ཏན་གྱི་ཆ་རྐྱེན་བཟང་ཞིང་། རང་གི་ལས་གནས་ལ་འགན་འཁྲིའི་འདུ་ཤེས་མཐོ་བ་སྟེ། སྤྱི་དོན་འཕྲག་ལེན་གྱི་ཐུགས་སྟོབས་ཆེ་བའི་ཚོགས་གཞོན་ཞིག་གིས། ཐེངས་འདིའི་ཚན་གཙོའི་འགན་ཁུར་ན་འོས་ཤིང་འཚམ་པར་སྙམ་མོད། དེ་འདྲ་བྱས་ཚེ་འགྲིག་མིན་ཀྱི་ཐད་སོགས་ལ་ཚང་མས་གྲོས་བསྡུར་དང་ནུས་པ་མཉམ་འདོན་མཛད་རོགས་ཞུ་རྒྱུ་ཡིན། དེ་བཞིན་དོན་འདིར་མཁོ་བའི་མཁས་དབང་གདན་ཞུ་སོགས་ཀྱི་མཚན་ཐོ་ཡང་། ཅིས་ཀྱང་གཏན་ལ་འབེབས་དགོས་པའི་དོན་གནད་གལ་ཆེན་གྱི་སྐོར་ཡིན་ནོ། །
༢ མདོ་འབུམ་རྒྱུད་མཛོད་ཀྱི་རྣམ་བཤད་དང་ནང་དོན་གནད་བསྡུས། བཀའ་འགྱུར་ལས་གཞིའི་བརྒྱུད་རིམ། དཔྱད་རྩོམ་ཕྱོགས་སྒྲིག བཀའ་འགྱུར་དཀར་ཆག་བཅས་བཀའ་འགྱུར་པར་སྐྲུན་ལ་མཁོ་བའི་དཔེ་དེབ་རྩོམ་སྒྲིག་འགོ་ཁྲིད་ཚན་ཆུང་གཏན་འཁེལ་གནང་རྒྱུ། 
   བོན་བསྟན་ཤེས་རིག་རྒྱུད་འཛིན་དང་དེའི་མདུན་ལས་འཕེལ་རྒྱས་ཡོང་བའི་ཆེད་དུ། དེ་རིང་ངེད་ཅག་འདི་རུ་འཛོམས་ཏེ། སྤྱི་དོན་གྱི་བྱ་བཞག་འཕེལ་རྒྱལ་ཐད་ཕན་ཚུན་སྐུལ་འདེད་དང་བསམ་བློ་བརྗེ་རེས་བྱེད་ཅིང་། དོན་དེར་ནུས་པ་མཉམ་འདོན་གནང་རྒྱུ་བྱུང་བ་ནི་སྔོན་ལས་ཞིག་ཡིན་ངེས་པས། རང་རང་གི་མི་ཚེའི་བརྒྱུད་རིམ་ཁྲོད་བློ་སྤོབས་སྐྱེས་དགོས་པའི་དོན་བྱ་བཟང་པོ་ཞིག་ཏུ་ཆགས་ཡོད། འོན་ཏེ། རིན་ཐང་ཡོད་པའི་བྱ་བ་ཞིག་སྒྲུབ་རྒྱུ་ནི་ལས་སླ་མོ་ཞིག་མིན་ཡང་། ཞིབ་ཚགས་ཆེ་བའི་ཞུ་དག་གི་ལས་ཀའི་སྤུས་ཚད་ཕུད། གླེང་བཞིན་པའི་ལས་ཚན་འདི་ཉིད་མངོན་འགྱུར་བྱེད་རྒྱུ་ལྟོས་བཅས་ཀྱི་ཆ་ནས། ཧ་ཅང་དཀའ་མོ་ཞིག་ཡིན་མི་སྲིད་མོད། འདི་ལྟའི་དེབ་ཕྲེང་ཞིག་པར་སྐྲུན་བྱེད་པ་ལ་ཅིས་ཀྱང་ཁ་འབྲལ་ཐབས་མེད་པའི་ཆ་རྐྱེན་ཞིག་ནི། བཀའ་འགྱུར་པར་སྐྲུན་ལ་མཁོ་བའི་དཔེ་དེབ་རྩོམ་སྒྲིག་འགོ་ཁྲིད་ཚན་ཆུང་གཏན་འཁེལ་གནང་རྒྱུ་དེ་ཡིན་ངེས་པས། ད་རེས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུའི་སྟེང་། ལས་འཆར་འདི་ཉིད་ལག་ལེན་དུ་འདེབས་པ་ལ། ཤེས་འཇོན་ལྷག་གསུམ་གྱི་ཡོན་ཏན་ཡར་ལྡན་དུ་རྫོགས་ཡོད་པའི་རྩོམ་སྒྲིག་འགོ་ཁྲིད་ཚན་ཆུང་གི་མི་སྣ་གཙོ་གཞོན་སྐོར་ཐག་གཅོད་ཡོང་བའི་རེ་བ་ཞུ་རྒྱུ་ཡིན། དེ་ཡང་བཀའ་འགྱུར་པར་སྐྲུན་ལས་གཞིའི་ཟུར་བཏགས་དེབ་ཕྲེང་འདི་ལ་མཚོན་ན། བཀའ་འགྱུར་དཀར་ཆག་དང་། མདོ་འབུམ་རྒྱུད་མཛོད་ཀྱི་རྣམ་བཤད། གླེགས་བམ་སོ་སོའི་ནང་དོན་གནད་བསྡུས། བཀའ་འགྱུར་ལས་གཞི་བྱ་བའི་བརྒྱུད་རིམ། དཔྱད་རྩོམ་ཕྱོགས་བསྒྲིགས་བཅས་དེབ་ལྔ་ལྷག་ཡོད་འདུག་ཅིང་། ང་ཚོས་འབད་པ་ཆེན་པོས་འདི་འདྲ་ཞིག་བསྒྲུབ་བཞིན་པ་ནི་ཕྱོགས་སོ་སོའི་མཁས་པ་མང་པོའི་རེ་འདུན་ཡིན་པའི་ཁར། དེབ་ཕྲེང་འདི་ནི་བཀའ་འགྱུར་ལ་འཇུག་པའི་མཚམས་སྦྱོར་གྱི་ལྡེ་མིག་ལྟ་བུ་དང་། དུས་ཐོག་ཆར་བའི་དཔེ་བཞིན་ཞང་ཞུང་ཤེས་རིག་ཞིབ་འཇུག་གི་བྱ་བཞག་གཏིང་ཟབ་ཏུ་སྤེལ་བ་ལ། གཞུང་ལུགས་དང་དངོས་ཡོད་གནས་ཚུལ་ཟུང་དུ་འབྲེལ་བའི་མཐུན་རྐྱེན་གྱི་ལམ་ཁ་ཇེ་ཡངས་སུ་གཏོང་བའི་ཆེད་དུ་ཡིན། གོང་གི་དེབ་ཕྲེང་སོ་སོའི་ནང་དོན་ཕལ་ཆེར་མཁས་པ་མང་པོར་རྩོམ་སྐུལ་ཞུས་ཟིན་སྟབས། གསེར་སྦྱངས་ཁུ་བའི་དོ་ཟླར་ཆས་པའི་རྩོམ་རྣམས་དུས་ལྟར་འཕྲོད་རྩིས་ཀྱི་རེ་བ་རྒྱག་བཞིན་ཡོད།
༣ བཀའ་འགྱུར་གྱི་པོད་སོ་སོའི་ནང་གི་ལྷ་སྐུ་གཏེར་རྟགས་སོགས་རི་མོ་འབྲི་བཞེངས་འགན་ལེན་འགོ་ཁྲིད་ཚན་ཆུང་གཏན་འཁེལ་གནང་རྒྱུ།
    བཀའ་འགྱུར་པར་སྐྲུན་ཀྱི་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པ་ལ། ད་དུང་གལ་འགངས་ཆེ་བའི་ཆ་རྐྱེན་ཁ་ཤས་ཤིག་ཅིས་ཀྱང་འཛོམས་དགོས་པ་ནི། དཔེར་ན།བཀའ་འགྱུར་གྱི་པོད་སོ་སོའི་དབུ་བཞུགས་ལྷ་སྐུས་མཚོན་པའི་གཏེར་རྟགས་ཀྱི་རི་མོ་དང་། ཤོག་སེར་བུ་ཡིག་གི་སྐོར། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་མཚོན་དོན་རི་མོ་གཙོ་བོ་གང་ཡིན་ཐག་གཅོད་བྱེད་ཅིང་། མདོ་འབུམ་རྒྱུད་མཛོད་བཞི་ལ་ནང་གསེས་ཀྱི་དབྱེ་བ་འབྱེད་པའི་རི་མོའི་སྣང་བརྙན་དང་མི་འདྲ་བའི་གཤམ་ཐིག་སོ་སོར་དགོས་མིན་སོགས་ཏེ། མདོར་ན་བཀའ་འགྱུར་པར་སྐྲུན་དང་འབྲེལ་བའི་བར་བཅུག་ལྷ་སྐུ་དང་། གཏེར་རྟགས། གཏེར་ཡིག་སྐོར་འབྲི་བཞེངས་ལ་བཀོད་འདོམས་དང་དེ་དག་སྐོར་གྱི་རྒྱུ་ཆ་འཚོལ་སྒྲུབ་འགན་ལེན་བྱེད་པ་སྟེ། བཀའ་འགྱུར་པར་སྐྲུན་ལས་གཞིའི་བཟོ་རིག་རྩ་འཛིན་འགོ་ཁྲིད་ཚན་ཆུང་གཏན་འཁེལ་གནང་རྒྱུ་ཚོགས་འདུའི་ནང་དོན་གལ་ཆེན་གྱི་སྐོར་ཡིན་པས། གཤེན་བསྟན་སྲི་ཞུའི་ལས་དོན་འདི་ལ་ཚང་མས་མ་ཡོ་མ་འཆུག་མེད་པའི་ཆ་ནས། བཀའ་འགྱུར་པར་སྐྲུན་ལས་གཞིའི་བཟོ་རིག་རྩ་འཛིན་འགོ་ཁྲིད་ཚན་ཆུང་གཏན་འཁེལ་གནང་རོགས་ཞུ་རྒྱུ་ཡིན།
༤ བཀའ་འགྱུར་དཔེ་གཟུགས་ཇུས་འགོད་ཀྱིས་མཚོན་པའི་པར་སྐྲུན་ཡུལ་དངོས་ལས་གཉེར་འགན་འཛིན་འགོ་ཁྲིད་ཚན་ཆུང་གཏན་འཁེལ་གནང་རྒྱུ།
   གོང་སྨོས་གནས་ཚུལ་དེ་དག་ཕུད། བཀའ་འགྱུར་པར་སྐྲུན་ལས་གཞིའི་ཐད་ཀྱི་བྱ་བའི་དགོས་མཁོ་སྐོང་ཕྱིར། ད་དུང་ང་ཚོ་ཚང་མས་ཤུགས་ཆེན་བརྒྱབ་ཏེ། དོན་གནད་གཞན་ཞིག་ཐག་གཅོད་བྱེད་དགོས་པ་ནི། བཀའ་འགྱུར་དཔར་བཞེངས་འགན་འཛིན་འགོ་ཁྲིད་ཚན་ཆུང་གཏན་འཁེལ་གནང་རྒྱུ་དེ་རེད། ཚན་ཁག་འདིའི་ལས་གཞིའི་ཆ་ནས་བཀའ་འགྱུར་དཔེ་གཟུགས་ཀྱི་ཤོག་ལྷེ་རེ་རེའམ། ཚན་པ་སོ་སོའི་ཆ་རྣམས་གངས་ལ་ཉི་མ་ཤར་བ་ལྟར་གཙང་ཞིང་གྲ་དག་པའི་ཇུས་འགོད་ལེགས་པོ་བཟོ་བ་མ་ཟད། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་དཔེ་གཟུགས་ཅན་ནི་ཕྱི་ནང་གི་ཚད་བཀག་ཐད་ནས་ཆ་རྐྱེན་གྱི་སྤུས་ཚད་མཐོ་ཞིང་། རང་གཞན་སུས་མཐོང་ཡང་སེམས་ཀྱི་དང་པ་འདྲེན་ལ། རིན་ཐང་འབུར་ཐོན་གྱིས་ལེགས་ཆ་དུ་མས་བརྒྱན་པ་ཅན་དུ་དཔར་བཞེངས་གནང་བ་སྟེ། མདོར་ན། བཀའ་འགྱུར་དཔེ་གཟུགས་པར་སྐྲུན་ལ་མཁོ་བའི་ཇུས་འགོད་འགན་ལེན་དང་། དེ་མཚུངས་གླེགས་བམ་སོ་སོའི་གླེགས་ཤིང་དང་གླེགས་ཐུམ། གདོང་དར། གླེགས་ཐག་བཅས་ཚུད་པའི་བཀའ་འགྱུར་པར་སྐྲུན་ཡུལ་དངོས་ཀྱི་བྱ་བཞག་ཆེ་ཕྲ་ཅི་རིགས་ཁྱོན་ཡོངས་ནས་ཁུར་དུ་བཞེས་རྒྱུ་བཅས་ཡིན་ལ། ལས་ཀ་འདི་ནི་སྒྱུ་རྩལ་གྱི་མཛེས་དཔྱོད་ལ་ལྷན་སྐྱེས་ཀྱི་དགའ་བ་ཆེ་ཞིང་། ཅ་དངོས་ཀྱི་སྤུས་ཚད་ཐད་ཆ་རྐྱེན་ཅུང་མཐོ་བའི་ཤེས་ལྡན་མི་སྣ་སྐོར་ཞིག་གིས་བསྒྲུབ་ཚེ། རྒྱ་ཆེའི་བོན་དད་མང་ཚོགས་ཀྱིས་འདོད་བློ་ཁེངས་པ་ཞིག་ཅིས་ཀྱང་ཡོང་ངེས་རེད་སྙམ་མོ། །
༥ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གསུམ་པ་དེ་ས་གནས་གང་དུ་ཇི་ལྟར་འཚོགས་རྒྱུ་ཡིན་ལུགས་སྐོར་གཏན་འཁེལ་བཟོ་རྒྱུ།
 གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ནི་རྒྱ་ཆེའི་བོན་དགོན་ཡོངས་ཀྱིས་ཕྱར་གྲུ་མཉམ་འདེགས་བྱས་པའི་འབད་བརྩོན་འོག་དང་། མཉམ་འབྲེལ་ལྷན་ཚོགས་ཀྱིས་ཕྱོགས་ཡོངས་ནས་བཀོད་འདོམས་གནང་བའི་འོག་ཏུ། ལོ་ངོ་ལྔ་རེ་ནས་ཐེངས་རེ་འཚོགས་འཆར་ཡིན་ལ། གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གསུམ་པ་དེ་སྤྱི་ལོ་ ༢༠༢༣ ལོར་འཚོགས་རྒྱུར་འཁེལ་ཡོད་ཕྱིར། བསྟན་སྤྱིའི་ལས་དོན་འདི་ཉིད་རྗེས་སོར་ས་གནས་གང་ཞིག་ལ་འཚོགས་ཐུབ་མིན་ཐད་རབ་ཡིན་ན་ད་ལོ་ནས་ཐག་གཅོད་བྱེད་དགོས་ཕྱིར། ང་ཚོ་ཚང་མས་ཅི་ལྕོགས་གང་ནུས་ཀྱིས་ཤུགས་བརྒྱབ་སྟེ་དོན་དེར་འཆར་གཞི་ལེགས་པོ་ཞིག་འགོད་ཨེ་ཐུབ་བལྟ་དགོས་པ་ཡིན། དེ་ཡང་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་ཁག་གི་དགོངས་དོན་གྱི་དཀའ་གནད་སྐོར་ལ་སྔར་ལས་ལྷག་པའི་གསལ་ཁ་ཡོང་ཆེད།  ཚད་མ་རིག་པའི་རྩོད་སྤོང་ཤན་འབྱེད་ཀྱི་རིག་ལམ་དཔྱད་ཐབས་བེད་སྤྱད་དེ། སློབ་གཉེར་བ་རྣམས་ཀྱིས་ཕན་ཚུན་རིག་པའི་ཉམས་མྱོང་གསར་བ་སྤེལ་རེས་བྱེད་པ་ལ། གཡས་རུ་འཆད་རྩོད་ཆེན་མོའི་རྩོད་སྤོང་གི་སྟེགས་བུ་འདི་ཉིད་ཤིན་ཏུ་གལ་ཆེན་ཡིན་པ་མ་ཟད། དགོན་སྡེ་སོ་སོའི་སློབ་སྦྱོང་གི་སྣང་ཚུལ་ཇེ་ལེགས་སུ་འགྲོ་བར་དོན་འདིས་ཤུགས་རྐྱེན་དགའ་འོས་པ་ཞིག་ཐེབས་བཞིན་ཡོད་ཅིང་། དེ་བཞིན་དགོན་སྡེ་དང་དགོན་སྡེ་བར་གྱི་འགྲོ་འོང་གི་མཐུན་ལམ་གོང་འཕེལ་དུ་འགྲོ་བར་ཕན་ལ། མདོར་ན་གཡས་རུའི་འཆད་རྩོད་ཆེན་མོ་ནི་གཤེན་བསྟན་འཕྲིན་ལས་ཀྱི་ཟིལ་ཤུགས་དགུང་དུ་འདེགས་ཤིང་། ཞང་བོད་ཤེས་རིག་གི་མཛེས་རྒྱན་བླ་ན་མེད་པ་ཞིག་ཏུ་ཆགས་ཡོད་པ་ལྟར་ཡིན་ནོ། །
མཇུག་བསྡུ་བའི་སྐད་ཆ།
གཙོ་འཛིན་རྣམ་པ་དང་། སྐུ་མགྲོན་རྣམ་པ། རྒྱུན་ལས་ལས་འཛིན་རྣམ་པ། སྤྱི་ལོ་ ༢༠༠༩ ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དངོས་སུ་དབུ་བརྙེས་པ་བརྒྱུད། ད་ལྟའི་ཆར་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་ངོ་བཅུ་ཕྲག་ལྷག་ཙམ་ཕྱིན་ཡོད་པ་ལས། ང་ཚོ་ནི་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གཉིས་པའི་ལས་འཛིན་མི་སྣའི་སྐོར་རེད། མཉམ་འབྲེལ་ལྷན་ཚོགས་ཀྱིས་འདས་པའི་ལོ་ཟླ་དེ་དག་གི་ནང་དུ། བོན་བསྟན་སྤྱིའི་བྱ་བཞག་གི་གནས་བབ་ལ་ཞབས་ཞུའི་གཟིགས་རྟོགས་གང་ནུས་མཛད་ཡོད་པ་མ་ཟད། བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་སོ་སོའི་བར་གྱི་མཛའ་འབྲེལ་མཐུན་ལམ་གོང་དུ་སྤེལ་བའི་ཧུར་བརྩོན་རང་བཞིན་ལ། གླེང་རིན་ཡོད་པའི་སྐུལ་འདེད་ཀྱི་གྲུབ་འབྲས་མི་དམན་པ་ཞིག་བླང་ཡོད། བྱ་བའི་ལག་ལེན་ལ་ལོ་རྒྱུས་ཀྱིས་བདེན་དཔང་ཡོད་ཟེར་བ་ལྟར། རྙིང་མ་པ་དང་། དགེ་ལུགས་པ་སོགས་གྲུབ་མཐའ་གཞན་དག་གི་ཁྲོད་ནའང་། འོ་སྐོལ་བོན་པོ་ནང་ཁུལ་གྱི་མཐུན་ལམ་མཚོན་པའི་མཉམ་འབྲེལ་ལྷན་ཚོགས་ལ་ཡིད་སྨོན་དང་བསྔགས་བརྗོད་བྱེད་མཁན་འབོར་ཆེན་ཐོན་བཞིན་སྣང་ལ། དེས་ཀྱང་མཉམ་འབྲེལ་ལྷན་ཚོགས་བཙུགས་པ་དེ་ལོ་རྒྱུས་ཀྱི་བྱུང་བ་དང་འཚམས་ཤིང་། ཞང་ཞུང་ཤེས་རིག་རྒྱུད་འཛིན་ཐད་ལ་ཁ་གསབ་དང་རིག་གཞུང་གི་གླེང་སྟེགས་གལ་ཆེན་ཡིན་པའི་དོན་དངོས་མཚོན་པར་བྱས་ཡོད། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་གི་རིང་ལ་ལྷན་རྒྱས་ནས། རྙོག་འཛིང་ཆེ་བའི་འགལ་བ་སྣ་ཚོགས་ཀྱི་གནོན་ཤུགས་ལ་མགོ་མ་སྒུར་ཞིང་། སེམས་ལ་རང་དོན་གྱིས་ལྷད་མ་ཞུགས་པའི་ཁར། རྒྱུ་ཚེགས་སྙིང་སྟོབས་སུམ་སྒྲིལ་གྱི་སྒོ་ནས་གསེར་ལས་དཀོན་པའི་ཁོམ་མེད་ཀྱི་དུས་ཚོད་གང་མང་ཞིག འདི་ལྟར་གཡུང་དྲུང་བོན་གྱི་ཤེས་རིག་དང་ལོ་རྒྱུས་འཕེལ་རྒྱས་ལ་བསྟིམས་གནང་མཛད་པའི་ཐུགས་བརྩེའི་ཉེར་ལེན་འོག་ཏུ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དགོངས་དོན་ལྟར། གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོ་དང་། གཡུང་དྲུང་བོན་གྱི་གཞུང་བརྒྱའི་བགྲོ་གླེང་ཆེན་མོ། གཡུང་དྲུང་བོན་གྱི་ཞི་བདེ་སྨོན་ལམ་ཆེན་མོ།  བོན་གྱི་ཐ་སྙད་རྒྱ་ཡིག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས། ཞང་ཞུང་ཤེས་རིག་ཞིབ་འཇུག་འདོན་སྤེལ་བྱེད་པ། བོན་གྱི་ཡིག་རྙིང་འཚོལ་བསྡུ་ཚགས་ཚུད་མཛད་པ་སོགས་བསྟན་སྤྱིའི་ལས་དོན་ལ་ཤེད་མོང་གི་གསོན་ཤུགས་རྒྱས་པར་བྱས་ཡོད།
དེ་དང་ཆབས་གཅིག་ང་ཚོས་སེམས་ཤུགས་ཆེན་པོས་མཐོང་དགོས་པའི་དོན་གནད་ཞིག་ལ། འདས་མ་ད་གསུམ་གང་ཐད་ལ་བརྟག་དཔྱད་བྱས་ཀྱང་། བོན་བསྟན་འཕེལ་རྒྱས་ལོ་རྒྱུས་སྟེང་གཏན་ནས་བྱུང་མ་མྱོང་བའི་རྒྱལ་ཁབ་རིམ་པ་ཅན་གྱི་ཚད་གཞི་ལྡན་པའི་དོན་ཆེན་ཞིག་སྟེ།2018h008 རྟགས་ཅན་གྱི་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་བཅོས་བསྒྱུར་ལས་གཞི་དང་། རྒྱལ་ཁབ་དཔེ་སྐྲུན་མ་དངུལ་རོགས་སྐྱོར་གྱི་ལས་གཞི་སྟེ། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་གཏན་འབེབས་སྒྲིག་ཞུའི་བྱ་བ་འདི་ལྟར་སྐྱབས་རྗེ་མཁན་སློབ་གཤེན་གསུམ་གྱིས་རྒྱ་ཆེ་རྒྱང་རིང་གཟིགས་པའི་བཀའ་དགོངས་འཁྲུལ་མེད་འོག་ཏུ། རྒྱ་ཆེའི་བོན་དད་སེར་སྐྱ་མང་ཚོགས་ཀྱི་ཐུགས་འདུན་དང་འཚམས་པར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མིང་ཐོག་ནས། བོན་གྱི་མཁས་པ་བསྟན་ལ་ལྷག་བསམ་ཅན་རྣམ་པས་ཟབ་ཅིང་བརླིང་བར་སྒྲུབ་བཞིན་ཡོད་པ་ལ། རྒྱལ་ཁབ་དཔེ་སྐྲུན་རོགས་དངུལ་གྱི་ཚད་ཡོད་དུས་ཚོད་ནང་རླབས་ཆེ་བའི་ལས་གཞི་འདི་ངེས་པར་ལེགས་འགྲུབ་ཡོང་བ་བྱེད་དགོས་སྟབས། ད་ལྟ་གང་ལྟར་དུས་ཀྱིས་གཏུགས་འོང་བས་ལས་གཞི་ནར་འགྱངས་སུ་ཤོར་བའི་ཉེན་ཁ་རབ་ཏུ་ཆེ་བས་ན། བསྐལ་པ་བརྒྱ་ལ་དུས་ཚོད་གཅིག་ཅེས་པའི་དཔེ་ལྟར།  བོན་སྲིད་མཛད་བཟང་གི་དབུགས་རྒྱུན་རིང་དུ་བསྲིང་བར་ང་ཚོ་ཚང་མས་སྔར་བས་དད་སེམས་བརྟན་པོར་འཆང་ཞིང་། ཐབས་བརྒྱ་ཇུས་སྟོང་གིས་ནུས་པ་མཉམ་འདོན་བྱས་ཏེ་དོན་འདིར་བསྐལ་པའི་བར་གཞོམ་གཞིག་བྲལ་ལ། བསོད་ནམས་མཐའ་མེད་དུ་འཕེལ་བར་ཕྱག་རྗེས་འཇོག་པའི་རེ་བ་ཆེན་པོ་བཅངས་ཡོད།
རྣམ་པ་ཚོ། ད་རེས་དུས་ཚོད་ཧ་ཅང་དཀོན་པོ་ཡིན་སྟབས་ངས་འདི་ནས་དེ་ཙམ་གྱིས་མཚམས་འཇོག་ཞུ་རྒྱུ་ཡིན། མཇུག་མཐར། ཚོགས་འདུ་བདེ་ལེགས་ངང་མཇུག་སྒྲིལ་ཞིང་། མཉམ་འབྲེལ་ལྷན་ཚོགས་ཀྱི་རང་འགན་འཕེལ་རྒྱས་ཐད། ལས་འཆར་གྱི་གྲུབ་འབྲས་གཡུར་དུ་ཟ་བ་ཁ་ཤས་འཇོག་ཐུབ་པའི་སྨོན་འདུན་ཞུ་བ་དང་ཆབས་ཅིག་ལྷན་རྒྱས་ཀྱིས་གསན་པར་ཐུགས་རྗེ་ཆེ་ཞུ། ཁ་དྲོ། 
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།