སྣང་དགོན་ཁམས་འགྲེལ་ཤིང་སྤར་མའི་བྱུང་རིམ།

[ཟླ་ཚེས། 2018-06-17 11:11:36][རྩོམ་པ་པོ། འཚམས་ཤེས་བྱ་ཀུན་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

640.jpg

སྐུ་མཆོག་འཁྲུངས་དཀའ་ཨུད་འབར་ལྟ་བུ་ལ།། 

ཉིས་བརྒྱ་ལྔ་བཅུའི་ཟེའུ་འབྲུ་རབ་རྒྱས་ཏེ།།

གོས་སེར་འཛིན་པ་རབ་ཏུ་ཚིམ་མཛད་པ།། 

མཁས་མཆོག་དཔལ་ཆེན་སྐུ་ལ་ཕྱག་འཚལ་ལོ།།

    འདིར་གཡུང་དྲུང་གི་བོན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྐྱེས་བུ་ཆེན་པོ་རྨེའུ་མཁས་པ་དཔལ་ཆེན་ཞེས། བོད་མདོ་དབུས་ཁམས་གསུམ་དུ་མཚན་སྙན་གྱི་གྲགས་པ་རླུང་ལྟར་ཁྱབ་པའི་སྐྱེས་ཆེན་དམ་པ་དེ་ཉིད། གཡས་རུ་ཤངས་ཀྱི་གུར་ཞོག་ཏུ་རུས་ཆེན་ལྡོང་ལས་གྲོལ་བ། རྨེའུ་ངམ་ལེན་སྐྱོལ་པོས་མི་རབས་ཀྱི་དབུ་བཟུང་ནས་གདུང་རབས་བརྒྱད་པ་ཡབ་ལྷ་རི་གཉེན་པོ་དང་། ཡུམ་འབྲམ་ཟ་བསོད་མཚོ་གཉིས་ཀྱི་སྲས་སུ་༡༠༥༢འབྲུག་གི་ལོའི་དཔྱིད་ཟླ་ར་བའི་ཚེས་པ་བཅོ་ལྔའི་སྐར་མ་རྒྱལ་སྟོད་ཀྱི་ཐོ་རངས་ལ་སྐུ་འཁྲུངས། མཚན་ཡང་མཁས་པ་དཔལ་ཆེན་དུ་བཏགས་པ་སྟེ། མི་ལུས་བསམ་ལེགས་སྤྲུལ་བའི་སྲས་སུ་གཤེགས།། ཟླ་བ་རྒྱལ་མཚན་སྤྲུལ་བའི་ངོ་བོ་ཉིད།། སྲིད་རྒྱལ་ལུང་བསྟན་དཔལ་དུ་མཚན་ཡང་གསོལ།། སྐུ་མཆོག་མཚན་དཔེ་གཟི་བརྗིད་ལྡན་ལ་སྟོད།། ཅེས་པའོ།། མཁས་པ་དཔལ་ཆེན་པོའི་ཡབ་རྨེའུ་ལྷ་རི་གཉེན་པོ་དང་། སློབ་དཔོན་བྲུ་ཞི་གཉིས་དང་། རི་ཁྲོད་པ་ཆེན་པོ་དང་། ཀུན་བཟང་གནས་བརྟན་རིན་པོ་ཆེ། གཞན་རྐང་པོ་སྨྲ་བའི་སེང་གེ་ལ་སོགས་རང་གཞན་མཁས་གྲུབ་དུ་མའི་མདུན་ནས་གསུང་རབ་རྣམས་ལ་མཁས་པར་བློ་སྦྱངས་། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་རྩེར་སོན་ནས། སྐུ་གསུང་ཐུགས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པར་མཛད།

   གདུལ་བྱ་བུ་སློབ་ཀྱི་ཚོགས་ཡང་མང་དུ་འཕེལ་བ་ལས་ཁྱད་པར་དུ་འཕགས་པ། མཚན་ཉིད་ལ་མཁས་པ་སྤ་འོད་གསལ་དང་། ཞང་ཚུལ་ཁྲིམས་བློ་ལྡན། གསང་སྔགས་ལ་མཁས་པ་སེ་སྟོན་དང་། གཤེན་གསང་ཆེན། དབུ་ཚད་ལ་མཁས་པ་ཅོག་ལ་རིག་པ་སྨྲ་བ་དང་། དམྱལ་ཇོ་གཞོན། ཞུ་སྟོན་འོད་རྒྱལ། སྟོང་ཉིད་ཀྱི་དོན་རྟོགས་པ་མར་སྟོན་རྒྱལ། ལག་ལེན་ལ་མཁས་པ་རྩི་འོད་ཟེར་དང་། རྩི་སྟག་སྐྱེ་ལས་སོགས་རྨེའུ་སྨྲ་སེང་མཁས་གྲུབ་རིག་པ་འཛིན་པའི་ཚོགས་རྣམས་བྱུང་བའོ།། མཐར་འགྲོ་དོན་མ་རྫོགས་ཙམ་གྱི་དགུང་ལོ་ལྔ་བཅུ་རྩ་ལྔ་ ༡༡༠༦ ཁྱི་ལོའི་དབྱར་ཟླ་ར་བའི་ཚེས་བཅོ་ལྔའི་སྐྱ་རེངས་དུས་སུ་སྐུ་མྱ་ངན་ལས་འདས། བླ་མ་མཁས་པ་དཔལ་ཆེན་གྱི་གསུང་གི་བསྟན་པ་རྗེས་བཞག་ཐོས་པ་ཙམ་བཤད་ན། མདོ་ཕྱོགས་སུ་འབུམ་ལ་ཏི་ཀ་བཏབ་པ་དང་། ཐིག་ལེའི་འགྲེལ། ས་ལམ་གསལ་བའི་སྒྲོན་མ། མངོན་རྟོགས་རྒྱན། འདུལ་བ་སྟོད་ལུགས་ལ་འགྲེལ་བ་ཉི་འོད་རྒྱན། སྔགས་ཕྱི་རྒྱུད་དུ་རྣམ་དག་ལ་འགྲེལ་བ་ཆུ་བོ་རབ་འབྱམས། སྔགས་ནང་རྒྱུད་ལ་དབང་ཆེན་གྱི་འགྲེལ་བ་གསས་མཁར་སྡོང་བོ་རབ་དབྱེ། ཕུར་བའི་འགྲེལ་བ་མེ་རི་འབར་བ། སེམས་ཕྱོགས་ལ་གབ་པའི་འགྲེལ། སྤྱི་རྒྱུགས་ལ་མདོ་འདུས་ཀྱི་འགྲེལ་བ་ཉི་ཟེར་དྲ་བ། ཀློང་རྒྱས་ལ་འགྲེལ་བ་རིན་ཆེན་ཕྲེང་བ། མདོ་དང་མཛོད་ཀྱི་འགྲེལ་བ་ལས་སོགས་མང་པོར་མཛད་པར་གསུངས་སོ།།

   སྐབས་འདིར་དམིགས་བསལ་གྱིས་བཤད་འོས་པ་ནི་ཤེར་ཕྱིན་འབུམ་གྱི་རྣམ་བཞག་སྟོང་ཕྲག་བརྒྱ་བའི་བསྡུས་དོན། ཁམས་བརྒྱད་གཏན་ལ་ཕབ་པའི་བསྡུས་དོན་ས་གཅོད་ཀྱི་རྣམ་བཞག་དང་། ཁམས་ཆེན་པོ་བརྒྱད་ཀྱི་ཊཱིཀྐ། ཁམས་ཆེན་པོ་བརྒྱད་ལས་སྲིད་ཁམས་ཀྱི་འགྲེལ་བ། རྒྱུན་ཁམས་ཀྱི་འགྲེལ་བ། སྣང་ཁམས་ཀྱི་འགྲེལ་བ། སྟོང་ཁམས་ཀྱི་འགྲེལ་བ། སོ་སོའི་ཁམས་ཀྱི་འགྲེལ་བ། རིག་པའི་ཁམས་ཀྱི་འགྲེལ་བ། དབྱིངས་ཁམས་ཀྱི་འགྲེལ་བ། མཉམ་པའི་ཁམས་ཀྱི་འགྲེལ་བ་དང། མངོན་རྒྱན་བཅས་ད་ལྟའི་གསུང་རབ་དེ་དག་གི་མ་ཕྱི་ཇི་ལྟར་བྱུང་བ་བརྗོད་ཅེ་ན། ཕྱི་རབས་བསྟན་པའི་གཉེར་འཛིན་ཆེན་མོ་མཚན་བརྗོད་པར་དཀའ་བ་རྒྱ་འོབས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་གི་ཞལ་རྒྱུན་གཞིར་བཟུང་ནས་བཤད་པ་སྟེ། བླ་མས་གསུང་ལྟར་༡༩༥༨ ཡར་སྔོན་མཉམ་མེད་དངོས་བྱོན་སྣང་ཞིག་ནམ་མཁའ་བློ་གྲོས་ཀྱིས་བཀའ་བསྒོས་དམ་ལ་བཏགས་པའི་བཤད་སྒྲུབ་བསྟན་པའི་སྲུང་མ་བསྟན་སྐྱོང་དགེ་བསྙེན་ཆེན་པོ་ཁོང་། ལྷ་བ་གཡུང་དྲུང་རྒྱལ་མཚན་ལ་ལྷ་རང་བབ་བྱས་ནས། ཁམས་ཕྱོགས་སུ་དཔལ་གྱི་ཁམས་འགྲེལ་ཞེས་པའི་གཡུང་དྲུང་གི་བོན་རིན་པོ་ཆེ་འཇིག་ལ་ཉེ་བས་བདག་པོར་འགྲོ་དགོས་པས་ལུང་བསྟན། ཚ་བོ་བསྟན་པའི་རྒྱལ་མཚན་ནས་སྣང་དགོན་ཁྲི་བ་དང་མཁན་པོ་སོགས་ལས་སྣེ་མཐར་ཐུག་པ་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་ཚུལ་ཁྲིམས་བསྟན་འཛིན་སམ་ཡུལ་སྐད་ལ་ཁ་ཤུལ་རྩིས་པ་ཞེས་པའི་བཤེས་གཉེན་དམ་པ་དེ་ལ་ཁམས་ཕྱོགས་སུ་ཁམས་འགྲེལ་ཚོལ་དུ་འགྲོ་དགོས་པའི་བཀའ་གནང་། རྩིས་པ་བསྟན་འཛིན་གྱི་ཞལ་ནས་ང་སོང་ན་ལག་ཏུ་ཡོང་ངམ་ཞེས་ཞུ་བ་འབུལ་བ་ལ་བླ་མ་བསྟན་པའི་རྒྱལ་མཚན་གྱི་ཞལ་ནས། མདང་ངས་རྨི་ལམ་ལ་དགེ་རྒན་མ་ར་ཅན་ཞིག་གིས་ང་ལ་ཁམས་འགྲེལ་ཆ་ཚང་འབུལ་བ་རྨིས་སོང་ཞེས། གཟིམ་ཁང་གི་ཁ་འཁོར་ཕྱོགས། བཞུགས་གནས་གྱི་རྒྱབ་ཕྱོགས་ན་ཡིག་སྒམ་ཅིག་ཡོད་པ་དེའི་ནང་ན་ཡོད་ཚུལ། ཡི་གེའི་གླེགས་ཤིང་གླེགས་ཐག་ཐུམ་གདོང་དར་ཐིག་ཕྲེང་བར་ན་དཔེ་ཐམ་ཡོད་པ་སོགས་གསལ་བོར་གསུངས་ནས། སྤྱོན་དང་རྟེན་འབྲེལ་གྱི་གནད་ཡོད་པས་ཁྱེད་ཀྱི་ལག་ལ་ངེས་པར་དུ་ཡོང་ངེས་ཞེས་ལུང་བསྟན། དེ་ནས་རྩིས་པ་བསྟན་འཛིན་སྐུ་འཁོར་དང་བཅས་པ་ཡི་གེ་འཚོལ་བསྡུ་རུ་ཁམས་ཕྱོགས་སུ་གཤེགས། ཀུན་མཁྱེན་ཤར་རྫ་བའི་རི་ཁྲོད་དུ་ཕྱིན་ནས་དཔེ་རྙིང་མང་པོ་འཚོལ་བསྡུ་བྱེད་ཀྱང་ད་རུང་ཁམས་འགྲེལ་ལག་ཏུ་མ་འབྱོར། ཡར་རིམ་གྱིས་བྱོན་ནས་སྟག་ཞིག་སེང་གེ་ཉི་མའི་གདན་སར་ཕྱིན། དེ་ནས་སྟག་ཞིག་སེང་གེ་ཉི་མ་ལ་དཔལ་གྱི་ཁམས་འགྲེལ་ཨེ་ཡོད་ཅེས་ཞུ་བ་འབུལ་བ་ལ། བླ་མས་ཞལ་ནས་གསུང་རབ་དེ་དཔེ་དཀོན་ཡིན་ཚུལ་གྱི་རྣམ་བཞག་ལས་ཡོད་མེད་གསལ་བོར་ལན་མ་གནང་། རྗེས་སུ་ཡང་ཞུ་བ་འབུལ་བ་ལ་བླ་མ་ཡར་བཞེངས་ནས་རྒྱབ་ལོག་གི་ཡིག་སྒམ་སྒོ་ཕྱེ་ནས་ཡི་གེ་དུམ་པ་གཅིག་བླངས་ནས་འདི་ལ་གཟིགས་ཞེས་གསུངས་པ་ལ། རྩིས་པ་བསྟན་འཛིན་གྱིས་ཕྱག་ཏུ་བླངས་ནས་འདི་ལ་ལྟ་མི་དགོས་ཡིན་པར་ཐག་གིས་ཆོད་ཅེས་གསུངས་པ་ལ། བླ་མས་ཇི་ཡིན་ཞེས་དྲིས། དེ་ལ་སྔོན་ལྷ་བབ་པ་དང་ཚ་བོ་བསྟན་པའི་རྒྱལ་མཚན་གཉིས་ཀྱིས་ལུང་བསྟན་ཚུལ་རྒྱས་པར་གསུངས། ཡིག་ཐུམ་ཁ་མ་ཕྱེ་ཡང་ནང་ན་དཔེ་ཐམ་ཡོད་པ་སོགས་གསུངས་པ་དང་མཚུངས་པས་ན། སྟག་ཞིག་སེང་གེ་ཉི་མའི་སྤྱན་ཆབ་ཤོར་ནས་མཉམ་མེད་དངོས་བྱོན་ནམ་མཁའ་བློ་གྲོས་ཞེས་མཚན་བསྙན་ངས་གོ་མྱོངས་ལ། ཁོང་ལ་ཚ་བུ་དེ་འདྲ་ཡོད་པ་རང་རེ་ལ་དབང་དཀའ་གསུངས་། ད་གང་ལྟར་བསྟན་པའི་བདག་པོ་དང་འཕྲད་པ་ཡིན་པས་གནང་དགོས། ང་ལ་ཡང་གསུང་རབ་འདི་རྣམས་ཁྱིམ་རྙིང་བའི་མ་བུ་གཉིས་ནས་འབུལ་བ་ཡིན། གཞན་ལག་ཏུ་ཤོར་ནས་འཇིག་ལ་དོགས་པས་གསང་བ་བྱས་པ་ཡིན་ཟེར་ནས་ཁམས་འགྲེལ་མ་དཔེ་ཆ་ཚང་གནང་བར་གསུངས་སོ།།

   རྩིས་པ་བསྟན་འཛིན་གྱིས་བཀའ་དྲིན་ཡང་ཡང་ཞུས་ནས་བུ་ཡིག་ཕབ་རྗེས་སླར་འབུལ་བ་ཁས་བླངས། དེ་ནས་རྟ་དྲེལ་ལ་བཀལ་ནས་ཨ་མདོ་རྔ་གཡང་ཕྱུག་མོའི་རང་ཡུལ་ལ་ལོགས། སྣང་ཞིག་མ་དགོན་ནས་བྲིས་པ་མང་པོ་བསྟེན་ནས་ཡིག་དཀར་དང་ཡིག་ནག་གིས་མ་ཕྱི་ཕབ་པ་དང་། ལྷག་པར་དུ་དཔལ་གྱི་ཁམས་འགྲེལ་ཡིག་དཀར་གྱི་དཔེ་ཕྱི་བྲིས་ཏེ་ཤིང་སྤར་དུ་བཏབ་པ་ལ། སྣང་ཞིག་ཁམས་འགྲེལ་ཤིང་སྤར་མ་ཞེས་གྲགས་སོ།། དེ་ལ་ཞུ་དག་མཱ་རྩའི་ངེས་དོན་གྱིས་བྱེད་པར་གྲགས། ཕྱིས་སུ་ཁམས་འགྲེལ་གྱི་མ་དཔེ་ཕར་སྟག་ཞིག་སེང་གེ་ཉི་མ་ལ་སྤྲད། དེ་རྗེས་སུ་སྟག་ཞིག་སེང་གེ་ཉི་མའི་བཞུགས་ཤག་ལ་མེ་སྐྱོན་ཕོགས་ནས་ཁམས་འགྲེལ་མ་དཔེ་དེའི་སྐབས་སུ་འཇིག་པར་བཤད། སྣང་ཞིག་ཁམས་འགྲེལ་ཤིང་སྤར་མ་གྲུབ་ནས་དུས་ཡིན་རིང་པོར་མ་སོང་བར་མང་ཚོགས་བཅོས་བསྒྱུར་འགོ་བཟུང་ནས། སྐུ་གསུང་ཐུགས་གསུམ་གྱི་བསྟན་པ་རྣམས་རིམ་གྱིས་འཇིག དེའི་སྐབས་སུ་སྣང་དགོན་གྱི་ཤིང་སྤར་སྡུད་གྲྭ་ཚད་མ་ཕར་ཕྱིན་ཁམས་འགྲེལ་རྣམས། རྗེ་བཙུན་སྨྲ་བའི་སེང་གེ་དགེ་བཤེས་ནམ་མཁའ་ཚུལ་ཁྲིམས་ཀྱི་ཁུ་བོ་བཀྲ་གོ་ཞེས་པའི་གྲྭ་རྒན་ཞིག་ཡོད་པ་དེས། སྤར་ཁང་ནས་ཚུར་བླངས་ཏེ་རང་ཤག་ཏུ་སྦས་ནས་རྒྱ་འོབས་རིན་པོ་ཆེ་ལ། ས་གཞན་ལ་སྦས་དགོས་པའི་སྐད་གསང་བའི་ཚུལ་དུ་བསྐུལ། ཁོང་གི་གྲྭ་སློབ་ལ་སོགས་འགའ་ལ་སྐུལ་མ་བྱེད། དེ་ནས་ཤིང་སྤར་དེ་དག་དུམ་བུ་གསུམ་དུ་ཕྱེས་ནས་གཅིག་འཚམས་རིང་ལྕགས་ཀྱི་ཀ་ལོ་ཤེར་གོའི་དུད་ཚང་དུ་སྦས། གཅིག་ཆུ་ཁ་ཚེ་རིང་གི་ཁྱིམ་དུ་སྦས། གཅིག་གོང་མ་བུ་གོའི་ཁྱིམ་དུ་བླངས་ནས་སྦས། སྔ་མ་གཉིས་བསྟན་པ་ཕྱི་དར་སྐབས་སྤྱིན་བདག་གཉིས་ནས་རང་དགོན་ལ་འབུལ་བྱུང་། དུམ་བུ་ཕྱི་མ་བར་སྐབས་སུ་རྐྱེན་ངན་ཞིག་གི་དབང་གིས་སངས་རྒྱས་སྟོང་སྐུ་དང་སྤར་ཤིང་སོགས་རྟེན་སུམ་མང་པོ་གཞན་ལག་ཏུ་ཤོར།

   དེའི་སྐབས་སུ་གཞུང་ཁང་བྱེད་པའི་སྣང་ཞིག་མ་དགོན་དུ་བསྐྱལ། རྟགས་རྟེན་འབྲེལ་མ་བསྒྲིག་རང་འགྲིག་ཅེས་པ་ལྟར། རྒྱལ་ཁབ་ཀྱི་ལས་བྱེད་པ་རྣམས་ཀྱིས་ཡུལ་དེའི་གྲྭ་རྒན་རྣམས་ལ་དུང་འབུད་དུ་བཅུག་པ་དང་། སེར་འཕྲེང་བྱེད་དུ་བཅུག་ནས་སྐྱེལ་བ་ལ། ཡུལ་མི་སྐྱ་སེར་མང་པོ་དག་སྣང་ངང་གིས་སྐྱེས། དེ་རྗེས་རྔ་བ་རྫོང་གི་སྲིད་གཞུང་མཛོད་ཁང་ནང་དུ་མར་བླངས་པ་ལ། སྣང་དགོན་གྱི་སྦྱིན་བདག་ཆེན་མོ་ཐོག་མཐའ་བར་གསུམ་ཀུན་ལ་རྒྱབ་སྐྱོར་ཚད་མེད་གནང་བའི་དྲིན་ཆེན། སྐྱེས་བུ་དམ་པའི་ལུང་གིས་ཟིན་པས་ལྷ་བཟོ་དགེ་ལེགས་ཞེས་པའི་ཡུལ་དཔོན་ཞིག་ཡོད་པ་དེས། དོ་དམ་བྱས་ནས་༡༩༨༠ བར་དུ་ཆག་འཇིག་མ་བྱུང་། སླར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཉི་མ་བཞིན་ཤར་བ་ལ་དགོན་པ་རང་རང་གི་ཅ་ལག་རང་རང་ལ་སྦྱིན་ཅེས་སྲིད་གཞུང་ནས་ཆོག་མཆན་གནང་། སྦྱིན་བདག་དགེ་ལེགས་ནས་སྣང་དགོན་གྱི་སངས་རྒྱས་སྟོང་སྐུ་གསུང་རབ་སྤར་ཤིང་རྣམས་ལེན་དགོས་པའི་བརྡ་བྱུང་། རྒྱ་འོབས་རིན་པོ་ཆེའི་ཐུགས་དགོངས་འོག་ཁ་ཤུལ་རྩིས་པ་སོགས་བླ་གྲྭ་དུ་མས་རྟེན་སུམ་རྣམས་སྣང་ཞིག་དགོན་ཆེན་དུ་གདན་དྲངས་། སྣང་དགོན་སྤར་ཁང་ལེགས་པར་བཞེངས་ཏེ། རབ་གནས་དག་གཙང་བྱས་ནས་སྤར་ཁང་གི་སྒོ་ཕྱེས། བླ་གྲྭ་དུ་མས་རང་རང་ལ་དགོས་པའི་ཡི་གེ་རྣམས་སྤར། དེའི་སྐབས་སུ་ཁོ་བོའི་ཞང་པོ་དགེན་སྒྲུབ་ལུ་སྤར་ཁང་སྒོ་གཉེར་ལ་བཞག ཁོང་གིས་ཁམས་འགྲེལ་ཊཱིཀྐ་ས་གཅོད་བཅས་ཆ་ཚང་སྤར་ནས་ཡོངས་འཛིན་སྨྲ་བའི་སེང་གེ་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་ལ་འབུལ་དགོས་པ་གསུངས་། རྗེས་སུ་ཁོང་གཤེགས་སྐབས་དགེན་སྒྲུབ་ལུའི་དགེ་རྩ་རུ་དམིགས་ཏེ། ཁོང་གི་ཚ་བོ་སྐལ་པེ་དང་ངེད་གཉིས་ཀྱིས་སྨན་པ་ཚེ་ཏེ་བརྒྱུད་ནས་དཔོན་སློབ་རིན་པོ་ཆེ་ལ་འབུལ་ཐུབ་བྱུང་། དེ་ལ་བརྟེན་ནས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགོན་པ་ནས་གློག་འཕྲུལ་དུ་བསྒྲིགས་ནས་པར་བསྐྲུན་བྱེད་པ་ལ་སོགས་ཀྱིས་རྒྱལ་ཕྱི་ནང་ཀུན་ཏུ་ཁྱབ་པའོ།། ཨེ་མ་ངོ་མཚར་ཆེ་བའི་འགྲོ་དོན་རྒྱ་ཆེན་པོར་འཕེལ་བའི་དགེ་རྩ་དེ་དག། གསུང་རབ་ཀྱི་དོན་ལ་དཀའ་བ་བྱེད་པའི་དགེན་ཁ་ཤུལ་རྩིས་པ་དང་བཀྲ་གོ་སྒྲུབ་ལུ་གོང་མ་བུ་གོ་ཤེར་གོ་ཚེ་རིང་དགེ་ལེགས་ལས་སོགས་སེམས་ཅན་ཐམས་ཅད་ཀྱིས། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་ཐོབ་པའི་རྒྱུར་གྱུར་ཅིག། ཞེས་འཚམས་ཤེས་བྱ་ཀུན་གྲགས་ཀྱིས་རྒྱ་འོབས་རིན་པོ་ཆེའི་གསུང་རྒྱུན་གཞིར་བཟུང་ནས་བཤད་པ་མ་གཏོགས་ཆད་ལྷག་མེད་པ་མ་ཡིན་ནོ།། དགེའོ།། བཀྲ་ཤིས་སོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།